ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་གསར་བ་ཁག་གཉིས།

ཅོ་ནེ་ཡུམ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-20

IMG_5051-1.JPG                                                         

                                                        འདས་མཆོད།

  ཞིང་ནང་གི་ལོ་ཏོག་བསྡུས་ནས་ཉིན་ཤས་འགོར་སོང་། མ་གཞི་སྡེ་དཔོན་གྱིས་གོ་སྐབས་དེ་དང་བསྟུན་ནས་རེ་ཞིག་ལ་ངལ་གསོ་བྱས་ན་ཆོག་མོད། ཁོར་མཚན་མོར་གཉིད་མི་ཡོང་བའི་ནད་ཅིག་བྱུང་ཡོད་པས། བསྟུན་མར་ཉིན་འགའ་འགོར་ཡང་ད་དུང་དེ་བཞིན་རེད། ཡིན་ནའང་།གཉིད་མི་ཡོང་ཟེར་ནས་འགན་ཁུར་དང་གཡོལ་ན་འོས་ཅི་ཡང་མེད་པས། ཁོས་ནད་ག་གེ་མོ་ཞིག་ཕོག་ཡོད་པར་ཁ་གཡར་སྟེ་སྡེ་དཔོན་གྱི་འགན་ཚང་མ་གནས་སྐབས་སུ་སྡེ་དཔོན་གཞོན་པར་སྤྲད་ནས་རང་ཉིད་ཀྱིས་ངལ་གསོ་འདོད་སྐྱེས།
  དོན་དངོས་སུ་སྡེ་དཔོན་གཉིད་མི་ཡོང་བའི་རྒྱུ་རྐྱེན་ནི། ཁོའི་མིག་ལམ་དུ་ཉིན་འདི་གར་ཕ་རྒན་འདས་པོའི་ཞལ་རས་ཡང་ཡང་དུ་ཤར་ཡོང་བ་དེ་ཡིན། ཕ་རྒན་འདས་པས་ཁོ་ལ་སྐྱོན་བརྗོད་མི་བྱེད་ལ་ཁོ་ལ་འདི་དགོས་དང་ཀན་དགོས་ཀྱང་མི་ཟེར་ཡང་། མིག་བཙུམས་མ་ཐག་ཕ་རྒན་འདས་པོའི་ཞལ་རས་གསོན་ཉམས་ལྡན་པའི་ངང་ཁོའི་མིག་ལམ་དུ་འཆར། གལ་ཏེ་མི་གཞན་ཞིག་གནས་ཚུལ་འདི་ལྟ་བུར་ཕྲད་ཚེ་སེམས་འགུལ་ཐེབས་ཏེ་ངུ་རྒྱུ་ཡོང་ནའང་ཐང་། ཡིན་ནའང་སྡེ་དཔོན་ལ་མཚོན་ན་ཕ་རྒན་འདས་པོའི་ཞལ་རས་མཐོང་ཡང་སྡུག་བསྔལ་གྱི་སྣང་བ་སྤུ་ཙམ་ཡང་མེད། རྒྱུ་མཚན་ནི་ཕ་རྒན་འཇིག་རྟེན་འདིར་བཞུགས་དུས་ཁོ་གཉིས་བར་ལ་འགལ་བ་ཞིག་བྱུང་མྱོང་། སྡེ་དཔོན་གྱིས་སྐབས་དེར་ཁོའི་ཕ་རྒན་ལ་ལག་པ་ཡང་མོས་ཕུད་རྒྱག་ཙམ་བྱས་པ་ན། ཕ་རྒན་ས་ལ་འགྱེལ་སོང་ཟེར། ཁོས་བཤད་པའི་སྐད་ཆའི་བདེན་རྫུན་ཤན་འབྱེད་དཀའ་རུང་། དེ་ནས་བཟུང་། ཁོའི་ཕ་རྒན་ཞ་བོར་གྱུར་ཟིན་པ་བདེན་ཁོ་ཐག་རེད། ཁོས་ཀྱང་ཕ་རྒན་ལ་གཅར་བའི་མིང་ངན་འཁུར་བ་ནས་བཟུང་། ད་ལྟའི་བར་དུ་སྡེ་བ་འདིའི་སྡེ་དཔོན་ཟེར་ན་མི་ཤེས་མཁན་ཡོད་ཀྱང་། ཕ་རྒན་ལ་གཅར་མཁན་ཟེར་ན་མི་ཤེས་མཁན་ཉུང་ཉུང་རེད།
  སྡེ་དཔོན་དགོང་མོ་གཉིད་མི་ཡོང་ཡང། ཉིན་དཀར་ཕག་ལྟར་སྔུར་བ་ལྡིར་ལྡིར་དུ་འཐེན་བཞིན་གཉིད་འགྲོ་བས། ཁོའི་ཆུང་མས་ཉིན་རེ་བཞིན་ཁོ་ཇེ་སྐེམ་ཇེ་སྡུག་ལ་འགྲོ་བཞིན་པ་མཐོང་སྟེ། སེམས་ཀྱིས་མ་བཟོད་པར་“དོན་དམ་པར་ཁྱོད་ལ་ཅི་བྱུང་བ་རེད། གཞན་གྱིས་བཤད་ན།”ཞེས་ཚིག་རྔ་སྐྱོང་མ་ཐུབ།
  “ཁ་རོག གཞན་གྱིས་ཅི་བཤད་ལ་ཉན་རྒྱུ་ཡོད་དམ།”
  “དེ་ན་ཁྱོད་ཀྱིས་ཤོད་དང་། ཁྱོད་ལ་ཅི་མ་འགྲིག་པ་རེད།”
  “འདྲེ་མོ་ཁྱོད་ཀྱིས་ཅི་ཤེས་།”
  སྡེ་དཔོན་ན་བཞིན་པ་གོ་བས། ཁོར་ཁམས་འདྲི་ལ་ཡོང་མཁན་ཡང་མི་ཉུང་བ་ཞིག་ཡོད་ཀྱང་། ཁོས་དེ་དག་ལ་སྣེ་ལེན་ཁྱོན་ནས་མི་བྱེད། ཡིན་ནའང་གཟེབ་ཏུ་བཅུག་པའི་བྱིའུ་ཆུང་བཞིན་རང་གིས་རང་གཅུན་གྱི་སྦྱོར་བ་ཁོ་ན་བཤམས་ན།དེ་ནི་ཐབས་སྡུག་གི་ལས་ཤིག་ཡིན་པས། ཉིན་ཞིག་གི་མཚན་མོར། སྡེ་དཔོན་ནི་རང་སྐྱོན་ཁས་ལེན་པའི་རྐུན་མ་ཞིག་དང་འདྲ་བར་རྐང་འཇབ་ལག་འཇབ་ཀྱིས་སྡེ་མགོའི་སྨན་པ་ཚུལ་ཁྲིམས་ཚང་དུ་ཕྱིན། སྨན་པ་ཚུལ་ཁྲིམས་ནི་སྔོན་ཆད་སྨན་པ་གྲྭ་ཚང་གི་གྲྭ་བ་ཞིག་ཡིན་ཡང་། དུས་ལོག་བྱུང་ན་མི་ལ་གྱོད་ཡ་མེད་ཟེར་བ་ནང་བཞིན་རིག་གསར་སྐབས་སྐྱ་སར་འབབ་དགོས་བྱུང་བས། ད་ལྟ་འཁོར་བའི་འདམ་དུ་ཟུག་ཡོད་ཀྱང་། འཚོ་བ་རོལ་སྟངས་དང་འགྲོ་འདུག་གི་ཆ་ནས་དགེ་འདུན་པ་རྣལ་མ་ཞིག་དང་འདྲ་བར་། ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཆོས་འདོན་པ་དང་ཆོ་ག་རིམ་གྲོ་སོགས་རྒྱུན་ཆད་ཀྱིན་མེད། ཁོས་སྡེ་དཔོན་གྱི་འུ་ཐུག་གི་ངང་ཚུལ་མཐོང་མ་ཐག“ཧ་ཧ་ཧ་་་་ནམ་རྒྱུན་ལུས་ཕུང་ཁྱི་འདོགས་སྤྱད་ཀྱི་ཕུར་བ་ལས་སྲ་མོད། དེ་རིང་གྲང་ངར་ཕོག་པའི་བ་ལང་ཞིག་དང་འདྲ་བ་ཅི་མ་རུང་བ་ཡིན”ཅེས་ལག་པས་མིག་ཤེལ་ཡར་འདེད་བཞིན་ཀུ་རེ་བྱས།
  “ཉིན་མ་འདི་དག་ལ་་་་་ང་་་་།”ནམ་རྒྱུན་མགོ་འཕང་མཐོ་ཞིང་ལུས་པོ་ཀྲོང་ངེར་འགྲོ་བའི་སྡེ་དཔོན་གྱིས་དོ་དགོང་གཉའ་སྒུར་ཞིང་ལུས་པོ་ཞུམ་ཞུམ་བྱས་ཏེ་ཚ་ཐབ་ཀྱི་སྣེ་མོ་དེ་རུ་ཙོག་པ་དང་།ཉིན་འདི་དག་ལ་ཁོ་གཉིད་མི་ཡོང་བའི་སྐོར་དམར་རྗེན་དུ་བཤད། ཡིན་ནའང་ཁོས་ཨ་ཕ་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཚང་མ་གསང་ཅི་ཐུབ་བྱས་ཟིན་པས། དེ་ནི་གྲོ་ཡི་ས་བོན་བཏབ་སྟེ་ནས་ཀྱི་འབྲས་བུ་ལ་རེ་བ་བཞིན་ཁྱད་མཚར་བ་ཞིག་རེད། སྨན་པ་ཚུལ་ཁྲིམས་ཀྱིས་མིག་ཟུང་བཙུམས་ནས་སྡེ་དཔོན་གྱི་རྩ་ལ་བརྟག་བཞིན་མཚམས་རེར་མགོ་བོ་འཕྲེད་དུ་གཡུག་པ་དང་། ལན་རེར་མགོ་བོ་ལྕོག་ལྕོག་ཏུ་ལྡེམ་བཞིན་“བལྟས་ཡོང་ན་ཁྱོད་ཀྱི་ནད་གཞི་འདི་དེ་འདྲ་སླ་མོ་ཞིག་མ་རེད།གང་ལྟར་ངས་ཁྱོད་ལ་སྨན་ཞིག་སྟེར།”ཟེར་ཤོར་མིག་ཟུང་རིག་རིག་གིས་ཁོར་བལྟས་ནས་བསྡད་སོང་།
“སྨན་པ་གྲྭ་ཚང་གི་གྲྭ་བ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་མདུན་ནས་ཉམས་མྱོང་ལེན་བཞིན་ཡོད་པས། ཁྱོད་ནི་རང་ག་བའི་སྨན་པ་ཞིག་ག་ལ་ཡིན།”སྡེ་དཔོན་གྱིས་ཁ་ཡག་ངོ་དགའི་གཏམ་གྱིས་དེ་ལྟར་བཤད་པ་དང་། ཡང“ཆུང་དུས་ངའི་ཨ་ཕས་རྒྱུན་དུ་ང་ཁྱོད་ཀྱི་སར་སྨན་ལེན་དུ་མངགས་མྱོང་ཞིང་། ཁོས་སྨན་པ་ཚུལ་ཁྲིམས་ལ་སངས་རྒྱད་སྨན་བླ་ལྟ་བུའི་བྱིན་རླབས་ཐོབ་ཡོད་པས་། སྨན་བཅོས་བྱས་ན་མི་དྲག་པའི་ནད་པ་ཡོད་མི་སྲིད་ཅེས་བརྗོད་མྱོང་།ད་རེབ་ངའི་ནད་གཞི་ཆུང་ཆུང་འདི་ཁྱོད་ལ་མཚོན་ན་ཤིག་གི་སྟེང་ལ་སྟ་རེ་ལོས་ཡིན།”ཅེས་ཟེར་ནས་བསྟོད་པའི་མཐེ་བོང་བསྒྲེངས།
  “ཁྱོད་ཀྱི་་ཕ་རྒན་་་་།”སྨན་པ་ཚུལ་ཁྲིམས་ཀྱིས་ཅི་ཞིག་བཤད་རྩིས་བྱས་རུང་།གློ་བུར་དུ་ཁ་བསྒྱུར་ནས“ཨེ།ད་ང་ལོ་ལོན་སོང་། ལག་པ་རིང་རུང་ཕུ་རུང་ཐུང་འདུག”ཅེས་ཟེར་བཞིན་རང་གིས་རང་ལ་འཁང་ར་ཙམ་བྱས།
  དེ་རིང་ཉིན་གུང་གི་ཚ་གདུག་ཤིན་ཏུ་ཆེ་བས། སྡེ་བ་འདི་ནི་ཐབ་ཀའི་ནང་གི་བུད་ཤིང་ཞིག་དང་འདྲ་བར་འབར་ལ་ཉེ། སྡེ་དཔོན་ཁང་བ་ཆུང་ཆུང་དེའི་སྒེའུ་ཁུང་འགྲམ་གྱི་ཚ་ཐབ་སྟེང་དུ་ཤི་ཉལ་རོ་ཉལ་ངང་མཆིས་ལ། རྔུལ་ཆུ་ཡི་ལུས་པོ་བརྫིས་པའི་དྲི་ངན་ཞིག་དང་སྣར་གཟན་པའི་སྨན་དྲི་བཙན་པོ་ཞིག་ཀྱང་ཁང་བ་ཟུར་མའི་ནང་འཐུལ་བཞིན་ཡོད་པས། སྒེའུ་ཁུང་ཕྱི་རོལ་ཀྱི་ཁྱམས་ན་སྙེ་མ་སྐམ་བཞིན་པའི་སྡེ་དཔོན་གྱི་ཆུང་མས་ལག་པས་ཁ་སྣར་བཅད་ནས་“ཉིན་འགའ་ལ་སྨན་འཐུང་ཡང་ད་དུང་དྲག་སྐྱེད་མ་བྱུང་བས། འདི་ལྟར་སོང་ན་ཁྱོད་ནད་གདོན་ལས་མ་ཐར་གོང་།ང་ཚོ་དྲི་ངན་གྱིས་དབུགས་འགག་རྒྱུ་རེད།”ཟེར་བར། སྡེ་དཔོན་གྱིས་ཅི་ཡང་མི་ཟེར་རུང་། གློ་བུར་ཕྱེད་ཙམ་ཕྱེས་བའི་སྒེའུ་ཁུང་དེ་ཁྲོག་གེར་བརྒྱབ་ནས་མ་དགའ་བའི་རྣམ་འགྱུར་དང་སུན་སྣང་གི་ཟོལ་བསྟན། སྡེ་དཔོན་གྱི་ཆུང་མས་རང་གི་ཁྱོ་ཀའི་ཨུ་ཚུགས་ཀྱི་གཤིས་ཀ་དེ་གསལ་བོ་ཤེས་པས། མོས“ཁྱོད་འདི་ལྟར་སྡོད་པ་ལས།ཨ་ལགས་ཚང་གི་མདུན་དུ་ཕྱག་མོ་ཞིག་གཟིགས་ཏུ་ཕྱིན་ན་མི་བཟང་ངམ།”ཞེས་སེམས་ཁུར་བྱས།
  གློ་བུར་དུ་གར་ཡོང་མི་ཤེས་བའི་སྦྲང་མ་འགའ་ཞིག་དར་དིར་གྱིས་འུར་སྒྲ་སྒྲོག་བཞིན་སྡེ་དཔོན་གྱི་ཆུང་མའི་མགོ་ནས་ཕར་ལྡང་ཚུར་ལྡིང་བྱས་པས། མོས་ལག་པ་སྟོང་གཡུག་བྱས་ནས་སྦྲང་མ་དག་བདའ་བཞིན་འདུག མི་འགྱང་བར་རེ་ཞིག་དབེན་འཇགས་སུ་གྱུར་བའི་ཁང་བ་ཟུར་མའི་ནང་ནས་གསལ་ལ་མི་གསལ་བའི་སྒྲ་ཞིག་གྲགས་བྱུང་། དེ་ནི་སྦྲང་མའི་འུར་སྒྲ་མ་ཡིན་པར་སྡེ་དཔོན་གྱིས་རྟ་མགྲིན་གྱི་གཟུངས་སྔགས་འདོན་བཞིན་པའི་སྐད་རེད།
  ཕྱི་ཉིན་ནམ་ཟླ་ཧ་ཅང་བཟང་བས།གསེར་མདོག་གི་ཉི་འོད་སྡེ་བའི་མདུན་རིའི་རྩེ་རུ་སེར་ལམ་མེར་ཕོག་ཡོད།དུ་བ་སྔོ་ལིང་ལིང་འཕྱུར་བའི་སྡེ་བ་ནི་མགོ་ལ་མགོ་དཀྲི་དཀྲིས་པའི་བུ་མོ་ཞིག་དང་འདྲ། ཡིན་ནའང་སྡེ་དཔོན་ཁོ་ལམ་ལ་ཆས་དུས་ཉི་འོད་ཀྱིས་དར་གོས་ཤིག་དང་འདྲ་བར་སྡེ་བ་ཧྲིལ་བོ་ཁེབས་འདུག སྡེ་མི་རྣམས་ཀྱིས་རང་རང་གི་སྒོ་ཕྱུགས་རྣམས་སྡེ་བའི་གཡོན་ཕྱོགས་ཀྱི་ལུང་བའི་ནང་དུ་འདེད་བཞིན་མཆི། རྒྱབ་ན་སླེ་བོ་ཁུར་བའི་བྱིས་པ་འགས་ལམ་དཀྱིལ་དུ་ལྕི་བ་དང་རྟ་ལུད་སོགས་འཕྲོག་རེས་རྒྱག་བཞིན་འཐུ་བར་བྱེད།
  སྡེ་དཔོན་ལ་ཡུལ་ཚོ་སྲིད་གཞུང་གིས་འཕྲུལ་རྟ་ཞིག་བྱིན་ཡོད་མོད། དེ་རིང་དགོན་པའི་ནང་དུ་ཨ་ལགས་ལ་མཇལ་དུ་འགྲོ་དགོས་བས་། ཁོ་རྐང་ཐང་ལ་འགྲོ་མགོ་བརྩམས། དགོན་པར་འགྲོ་ཁར་མཆོད་ཁང་ནང་དུ་མཆོད་མེ་བསྒྲོན་པ་དང་ཕྱག་གསུམ་འཚལ་རྗེས་སྒོར་བུད། ཁོ་ལྷས་རའི་ནང་གི་རྡོ་གཅལ་བརྒྱུད་ནས་འགྲོ་དུས། ཁོག་སྨད་དྲུད་ཡོད་པའི་ཕག་མ་རྨས་མ་དེས་ཁོའི་ལམ་བཀག་བྱུང་། ཕག་མའི་རྨ་ཁ་བཙེམས་ཡོད་ཀྱང་རྨ་ཁ་མ་སོས་པར་བརྟེན་། སྦྲང་ནག་གི་ཚོགས་འདུས་ཏེ་དར་དིར་ངང་འཕུར་བཞིན་འདུག སྡེ་དཔོན་གྱིས་སྐྱུག་མེར་བའི་ངང་ཚུལ་འདི་མཐོང་འཕྲལ“ལྟས་ངན་འདི་ད་དུང་ཤི་མེད་པ་ཅི་རེད།”ཟེར་བ་དང་། དེ་ནས་ཕག་མའི་མཐའ་བསྐོར་ནས་འགྲོ་རྩིས་བྱས། ཡིན་ནའང་ཁོས་གོམ་པ་གང་ལ་སྤོས་ན་ཕག་མ་དེ་ལ་ནུར་ཡོང་བས། སྡེ་དཔོན་འཚིག་པ་གཏིང་ནས་ཟོས་ཏེ་ཕག་མར་རྡོག་ཐོས་བཞུས་པ་ལ། ཕག་མས་རྣར་གཟན་བའི་སྒྲ་ཞིག་ཕྱུང་སྟེ། སྡེ་བའི་སྲང་ལམ་གྱི་འབེན་འཇགས་ཡོང་སུ་དཀྲོགས་པ་དང་། སྲང་ལམ་ན་རྒྱུ་བའི་མི་རེ་གཉིས་ཀྱིས་ཀྱང་འགྲོ་འཚམས་བཞག་སྟེ་ཁོ་ཚང་གི་ལྷས་རའི་ནང་དུ་བལྟས་བྱུང་།
  སྡེ་དཔོན་གྱི་ཆུང་མས“ད་ལྟ་ཕག་མ་ལ་རྡོག་ཐོས་བཞུས་བས་ཅི་ལ་ཕན། ཕག་མ་འདིས་ངེད་ཚང་ལ་ཕག་ཕྲུག་ག་ཙམ་བཙས་པ་ཁྱེད་ཀྱིས་ཨེ་ཤེས།”ཟེར་བས། སྡེ་དཔོན་ཁོང་ཁྲོ་ལངས་སྟེ“བརྟག་དཔྱད་སྔོན་ལ་བྱས་ན་མཁས་པ་དང་།འགྱོད་པ་རྗེས་སུ་སྐྱེས་ན་བླུན་པོ་ཡིན་ཟེར་བ་ལྟར་།ཁྱོད་ཀྱིས་ཕག་མར་བདག་མ་བྱས་པར་ཞིང་ནང་དུ་བཏང་ནས་ལོ་ཏོག་ཟ་རུ་འཇུག་རྐྱང་བྱེད། ད་འགྱོད་པ་སྐྱེས་ཀྱང་སྙིང་བོ་ཅི་ཡོད།དེ་ལས་བཤས་བཏང་ན་ལོ་གསར་ལ་ཤ་ཡང་ཉོ་མི་དགོས།”ཞེས་སྨྲས་མ་ཐག་སྒོའི་ཕྱི་རོལ་ཏུ་བུད་སོང་། སྡེ་དཔོན་གྱི་ཆུང་མས་ཁོའི་རྒྱབ་ལ་བལྟས་ནས“མི་ནུས་མེད་དག་གིས་ད་གཟོད་དུད་འགྲོ་ལ་ཐུབ་ཚོད་གཏོང་ངེས། གང་ལྟར་ཀྱང་ཞིང་ནང་དུ་ཤོར་པ་ནི་ངེད་ཚང་གི་ཕག་མ་གཅིག་པུ་མ་ཡིན། ཁྱོད་ལ་ནུས་བ་ཡོད་ན་གཞན་གྱིས་བ་གླང་ཞིག་གམ་ར་མ་ཞིག་སོད་ལ་ཤོག་དང་ །”ཞེས་ཟེར་བཞིན་ཁོའི་གཞུག་ལ་སྡང་མིག་ཅིག་བགྲད་སོང་།
  དེ་རིང་ནི་དུས་ཆེན་ཞིག་མིན་རུང་ཨ་ལགས་ཚང་གི་ནང་ཆེན་སྒོ་ཁར་མཇལ་ཏུ་ཡོང་མཁན་ཕྲེང་བསྒྲིགས་འདུག སྡེ་དཔོན་ཡང་ལྡབ་བེ་ལྡིབ་བེའི་ངང་ཕྲེང་བསྟར་དེའི་སྣེ་མོར་བསྒྲིགས་སོང་། ཨ་ལགས་ཚང་གི་སྐུ་མདུན་པས་ཁོ་མཐོང་མ་ཐག“ཨ་རོགས་སྡེ་དཔོན་ཁྱོད་ཡང་བུད་ཡོང་ངམ་། ཐད་ཀར་ནང་དུ་མི་འགྲོ་བར་ཕྲེང་བསྒྲིགས་ནས་ཅི་བྱ་”ཞེས་ཟེར་བར། སྡེ་དཔོན་གྱི་ངོ་ལ་འཛུམ་ཞིག་ལངས་ནས་གུས་ཉམས་ཀྱིས“དེ་རིང་སྒེར་དོན་དུ་ཡོང་པ་ཡིན་པས་། ཐད་ཀར་དུ་ནང་དུ་འགྲོ་ག་ལ་རུང་།”ཞེས་ལན་ལྡོན། སྐུ་མདུན་པས“སྡེ་དཔོན་ཆེན་མོ་ཁྱོད་ལ་སྒེར་དོན་ཞིག་གང་ན་ཡོད། ངེད་གཉིས་མཉམ་དུ་ནང་ལ་འགྲོ”ཞེས་ཟེར་བཞིན་ཨུ་ཚུགས་བྱས་པས། སྡེ་དཔོན་གྱིས་སྔ་གཞུག་གི་མཇལ་བ་རྣམས་གྱིས་གདོང་ན་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་བཞིན་སྒུག་ཡོད་པ་མཐོང་མ་ཐག་དོགས་མི་བདེ་བའི་སྒོ་ནས“ང་བ་བྲེལ་བ་མེད།ངས་ད་རུང་ཅུང་ཟད་སྒུག་ཆོག”ཅེས་ཟེར་བ་ལ་། སྐུ་མདུན་པས“ཏག་ཏག་ཨ་ལག་ཚང་གི་ཁྱོད་བཙལ་བཞིན་ཡོད།འགྲོ”ཞེས་ཟེར་བས་ན། སྡེ་དཔོན་ཡང་སྐུ་མདུན་པའི་རྗེས་འབྲངས་ནས་ནང་དུ་འཛུལ་སོང་།
  གཟིམ་ཁང་གི་བར་ཁྱམས་ན་སྨྱུག་མའི་རྐུབ་སྟེགས་ཤིག་བཞག་ཡོད་པའི་སྟེང་དུ། སྐུ་ཤ་ཧ་ཅང་རྒྱགས་པའི་ཨ་ལགས་ཚང་གསེར་སྐུ་ཞིག་དང་འདྲ་བར་བཞུགས་ཡོད་པ་ལ། ལོ་ན་དྲུག་ཅུ་ཡས་མས་ཀྱི་རྒན་རྒོན་གཉིས་ཨ་ལགས་ཚང་གི་མདུན་དུ་བཅར་ནས་མཇལ་བཞིན་འདུག ཨ་མ་རྒན་མོར་མཇལ་ཁ་ཐོབ་མ་ཐག་དད་པའི་སྟོབས་ཀྱིས་ཡིད་འགུལ་ཐེབས་སྟེ་ལུས་པོ་རང་བདག་མེད་པར་སར་འགྱེལ་སོང་བ་དང་། འགྲམ་གྱིས་རྒད་པོས་དེ་མ་ཐག་ཡར་སློང་བསམས་ཀྱང་ཤེད་ཤུགས་ཀྱིས་མ་ལྕོགས་པས་ངོ་ཚ་ནས་མོར་གཅར་རྡུང་བྱས། ཨ་ལགས་ཚང་གིས་བྱིས་པ་བསམ་མེད་གཉིས་དང་ཀུན་ནས་མཚུངས་བའི་རྒན་རྒོན་དེ་གཉིས་ཀྱི་བྱ་སྤྱོད་མཐོང་མ་ཐག་གད་མོ་དགོད་བཞིན་མིག་ནས་མཆི་མ་ཤོར།
  སྐུ་མདུན་པས་སྡེ་དཔོན་ཁྲིད་ནས་ཡོང་བ་མཐོང་མ་ཐག ད་གཟོད་ཁོང་གི་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་བཞིན་“སྡེ་དཔོན་།སྐུ་ཁམས་བདེ་ལགས་སམ།”ཞེས་ཟེར་བས་ན། སྡེ་དཔོན་གྱིས་ཨ་ལགས་ཚང་གིས་ང་ཡོང་དོན་མཁྱེན་ཡོད་སྙམ་ཡང་། ཨ་ལག་ཚང་གིས་དེ་ལས་ལྡོག་ཏེ་དགོན་པའི་ཚོགས་ཆེན་འདུ་ཁང་གསར་བཞེང་ལ་ལྷ་སྡེ་རེ་རེ་ནས་ཤིང་ཆ་འདྲེན་དགོས་བའི་སྐོར་སོགས་གསུངས་བྱུང་།
  ཁོང་གིས“འཇིག་རྟེན་གཏམ་དཔེར་སྲོག་མ་གཅོད་ཟེར་མཁན་ཨ་ལགས་རེད།ཤ་ཁྱེར་ཤོག་ཟེར་མཁན་ཡང་ཨ་ལགས་རེད་ཟེར་སྲོལ་ཡོད་མོད། ཚོགས་ཆེན་འདུ་ཁང་གསར་བཞེངས་མི་བྱ་ཐབས་མེད་ཡིན་པས། ད་ཁྱོད་ཚོ་སྡུག་ལ་མི་གཏོད་རང་གཏོད་རེད།”ཅེས་གསུང་གི་མགོ་བསླངས་སོང་།
  “ལགས་སོ།”སྡེ་དཔོན་གྱི་སྙིང་ནི་ལུ་གུ་ལྟར་དྲག་ཏུ་ལྡིང་བཞིན་ཡོད་ལ།ཨ་ལག་ཚང་གི་མདུན་དུ་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་སྟེ་སྒུར་ནས་བསྡད་འདུག
  མཐུད་ནས་ཁོང་གིས“ཁྱོད་ཚོའི་གཡང་སྡེའི་ནགས་ཚལ་སྟུག་ལ་ཤིང་གི་སྤུས་ཀ་བཟང་བས། ཚོགས་ཆེན་འདུ་ཁང་གི་ཤིང་ཆ་ཁྱོད་ཚོས་ཞལ་འདེབས་བྱ་དགོས་རྒྱུ་རེད། གལ་ཏེ་རྫོང་ནགས་ལས་ཅུས་ཀྱིས་ཡི་གེ་མི་སྟེར་ན་།ང་སོང་ནས་ཐབས་བཀོད་འཐེན་ཆོག” ཅེས་ཞུ་བ་དང་བཀའ་ངག་འདྲེས་མའི་གསུང་ཞིག་ཀྱང་གནང་བྱུང།
  “ལགས་སོ།”སྡེ་དཔོན་གྱི་སྐྲ་འདབས་ནས་རྔུལ་ནག་གི་ཐིགས་པ་འགའ་མཁུར་ཚོས་བརྒྱུད་ནས་མ་ནེའི་མགོར་བཞུར་བྱུང་ལ།དེ་ནས་མདུན་གྱི་རྡོ་གཅལ་སྟེང་ཟགས་སོང་།
  ཨ་ལགས་ཚང་གིས་ཁོང་གི་ཐུགས་འདུན་དེ་གལ་བོ་ཆེ་ལ་ནན་ཏན་གྱིས་ཡང་ཡང་བསྒོས་རྗེས།ཡང་སྡེ་དཔོན་ལ་ཁ་བརྡ་བྱེད་འདོད་ཀྱིས“ཡ།ཡང་དང་ཡང་དུ་ལགས་སོ་ཟེར་མི་དགོས། ཉེ་ལམ་སྡེ་བའི་ནང་དུ་གསར་འགྱུར་འདྲ་ཡོད་དམ།”ཞེས་དྲིས་བྱུང་བ་ལ། སྐུ་མདུན་པས་ཨ་ལགས་ཚང་ལ་ད་རུང་སྒོ་ཁ་ན་མཇལ་བ་མང་བོ་འདུག་ཅེས་དྲན་སྐུལ་བྱས་སོང་བར། ཁོང་གིས་ད་གཟོད“ཡ།དེས་ན་ཁྱོད་ཕྱིར་སོང་ཞིག”ཅེས་གསུང་གི་དབུགས་དབྱུང་བ་དང་། སྡེ་དཔོན་ནི་ཆད་པ་འཁུར་བའི་ཉེས་ཅན་ཞིག་གིས་འགྱོད་བཤགས་བྱེད་པ་ལྟར“ལགས་སོ། ཡིན་ནའང་ང་ལ་ཞུ་རྒྱུ་ཞིག་འདུག”ཅེས་ཐོད་པ་ཁོང་གིས་ཞབས་ལ་གཏུགས་ནས་། ཉིན་འདི་དག་གི་རིང་ལ་ཁོར་གཉིད་མི་ཡོང་བའི་རྒྱུ་དང་རྐྱེན་ཚང་མ་ཞུས་སོང་། སྤྱིར་ཨ་ལགས་ཤིག་ཡིན་ན་ཚེ་འདིའི་མགོན་སྐྱབས་དང་ཕྱི་མའི་དེད་དཔོན་ཡིན་པས་། སེམས་ཅན་གྱི་བདེ་སྡུག་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གསལ་དགོས་པ་ཞིག་ཡིན་ནའང་། འདི་འདྲའི་གནས་ཚུལ་ཐོག་དང་པོ་ཐོས་བས། ཐུགས་དམ་ལ་རེ་ཞིག་བཞུགས་པ་དང་། དེ་ནས་གདོང་ན་གསང་བ་ལྐོག་གྱུར་གྱིས་ཉམས་ཞིག་མངོན་ནས་སྐུ་མདུན་པ་ལ་མིག་བརྡ་ཞིག་བཏང་སོང་བར། སྐུ་མདུན་པ་ནི་དེ་མ་ཐག་ར་སྐོར་ནང་གི་ཁམ་བུའི་སྡོང་བོའི་ཕག་ལ་བུད་སོང་།
  ཨ་ལགས་ཚང་གིས་འགྲམ་གྱི་འཐེན་སྒམ་ནང་ནས་ཤོག་བུ་ཞིག་བླངས་སྟེ་ལྕགས་སྨྱུག་གིས་བྱ་འཕུར་བ་ལྟ་བའི་འཁྱུག་ཡིག་འགའ་བྲིས་སོང་། ཁོང་གིས་གློ་བུར་སྡེ་དཔོན་གྱིས་ཡིག་ངོ་མི་ཆོད་པ་དྲན་པས། འབྲི་མཚམས་བཞག་སྟེ་ཕྱག་མཛུབ་བར་ནས་ཤོག་བུ་མར་ཟན་བཞིན་དུ་རིལ་རིལ་བྱས། མཐུད་ནས་སྐེ་སྲིངས་ཏེ་སྡེ་དཔོན་གྱི་རྣ་རྩར་ཅི་ཞིག་གསུངས་མ་ཐག སྡེ་དཔོན་གྱི་ཁ་ནས“ཨ།”ཟེར་བཞིན་གདོང་ལ་མཚར་སྣང་དང་འཇིགས་སྣང་འདྲེས་མའི་ཉམས་ཞིག་མངོན། ཨ་ལགས་ཚང་གིས་“སྐྱོན་ཆེན་པོ་མེད་པས།ལྷག་བསམ་རྣམ་དག་གིས་དཀར་པོའི་ལས་ལ་འབད་ན།ཉེས་དམིགས་དང་སྡིག་སྒྲིབ་འདག་ངེས་ཡིན།”ཅེས་གསུངས་བྱུང་། སྡེ་དཔོན་གྱིས“ལགས་སོ། ལགས་སོ།”ཟེར་བཞིན་ཨ་ལགས་ཀྱི་མདུན་ཐད་དུ་ཕྱག་གསུམ་འཚལ་རྗེས་ནང་ཆེན་ལས་སྒོ་ཕྱིར་བུད།
དགོང་ཕྱི་དྲོའི་ཉི་མ་ནུབ་ནས་དུས་ཡུན་ཅུང་ཙམ་འགོར་བ་ན། སྡེ་བ་ཧྲིལ་བོ་མུན་ནག་གི་ཡོལ་བས་ཡོངས་སུ་བཀབ་བྱུང་ལ། ཁྱིམ་ཚང་རེ་རེའི་དཀར་ཁུང་དང་སྒེའུ་ཁུང་དུ་གློག་འོད་རབ་རིབ་ཅིག་འཕྲོ་རུང་། སྡེ་པ་ཧྲིལ་བོ་དབེན་འཇགས་སུ་གནས་པ་དང་། མཚམས་རེར་ཁྱིའི་འབ་སྐད་རེ་ཆད་མ་མཐུད་དང་གསལ་ལ་མི་གསལ་བའི་ངང་དུ་གྲགས་འོང་།
  སྡེ་བའི་རྒྱབ་རིའི་ཟུར་དུ་གཤིན་པོ་ལ་རྗེས་དྲན་དང་བསྔོ་བ་བྱེད་ཕྱིར་བཙུགས་ཡོད་པའི་དར་ལྕོག་དེ་དག་རླུང་གི་རྒྱུ་བ་དང་བསྟུན་ནས་ལྷབ་ལྷུབ་ཏུ་འུར་སྒྲ་སྒྲོག་པས། མི་ལ་འཇིགས་ཡེར་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་ཡོང་། སྡེ་དཔོན་ཚང་གི་ཕ་རྒན་མཐོ་རིས་པོ་སྐུ་གཤེགས་དུས། དེ་རུ་དར་ལྕོག་ཅིག་བཙུགས་ཟིན་མོད། དེ་ནི་ལོ་མང་པོ་ཞིག་གི་སྔོན་དུ་བཙུགས་པ་ཡིན་པས།དར་ལྕོག་དེ་ད་ལྟ་སྔར་བཞིན་ཡོད་པའམ་འགྱེལ་ཡོད་པ་སྡེ་དཔོན་གྱིས་ཀྱང་མི་ཤེས། གལ་ཏེ་སྔར་བཞིན་ཡོད་ཀྱང་དར་ཤིང་སྟེང་གི་རས་རླུང་གིས་ཟགས་ཡོད་ཤག་རེད། སྡེ་དཔོན་གི་སེམས་སུ་ཅི་དྲན་འདི་དྲན་མེད་པར་མ་ཎི་ཁང་གི་སྒོ་ཁ་བརྒྱུད་ནས་ཁྱིམ་ལ་འགྲོ་དུས། མ་ཎི་ཁང་གི་སྒོ་ཁ་རུ་མི་སྐོར་ཞིག་མཉམ་དུ་རུབ་རུབ་བྱས་ནས་ལག་ཁྱེར་ཁ་པར་རྩེ་བཞིན་འདུག ཁོ་ཚོ་ནི་དབྱར་གནང་བྱིན་ཏེ་ཕྱིར་ལོག་པའི་སྡེ་བ་འདིའི་སློབ་གྲྭ་ཆེན་པོའི་སློབ་མ་དག་རེད། སྐབས་འདིར་མཚར་སྣང་ཆེ་བའི་ཞིང་ལས་པ་འགའ་རེ་ཡང་ཁོ་ཚོའི་ནང་དུ་རུབ་ཡོད། ཁ་པར་གྱི་འོད་མདངས་གསར་བུ་དེ་དག་གི་ངོ་ལ་ཕོག་ཡོད་པས་།གསར་བུ་དེ་དག་གི་རྣམ་ཤེས་འཕྲུལ་ཆས་དེས་ཁྱེར་འདུག ནམ་རྒྱུན་ཡིན་ན་སྡེ་དཔོན་གྱིས་ཁ་ནས“ཨ་རོག་་་་་་་་།”ཟེར་བཞིན་གསར་བུ་ཞིག་གི་རྒྱབ་ནས་འཐམས་ཏེ་སྐྲག་སློང་སྲིད་ཀྱང་། དོ་ནུབ་དེ་འདྲའི་སེམས་ཁམས་ཡེ་ནས་མེད་པས་ཐད་ཀར་ཁྱིམ་དུ་ཕྱིན་སོང་། གསར་བུ་དེ་དག་ཀྱང་ལག་ཁྱེར་ཁ་པར་རྩེ་བར་སེམས་གཡེངས་པས་སྡེ་དཔོན་ཁོ་ཚོའི་འགྲམ་ནས་སོང་བ་ཡང་ཚོར་མ་བྱུང་།
  སྡེ་དཔོན་ཁྱིམ་གྱི་སྒོ་ཁར་བསླེབས་དུས། ཕྱི་སྒོ་གཏན་ཡོད་པས་ལག་ཟུང་གིས་ཤེད་ཀྱིས་གཏད་དེ་སྒོ་ཕྱེ་བ་ན།ཁང་བ་ནང་མའི་སྒེའུ་ཁུང་ནས་གློག་འོད་མདུན་གྱི་རྡོ་གཅལ་སྟེང་ལ་འཕྲོས་ཡོད་ཅིང་།མིག་ལམ་གྱི་ཡོད་ཚད་དཀར་གསལ་ལེར་སོང་།ཆུང་མས“ཁྱོད་ལ་ཁ་པར་མང་བོ་བཏང་ཡང་མི་ལེན་དོན་ཅི་ཡིན།ང་ཚོས་ཁྱོད་ལ་སེམས་ཁུར་བྱེད་བཞིན་པ་མི་ཤེས་སམ།”ཞེས་འཁང་ར་བྱེད་བཞིན་ཁང་བ་ནང་མ་ལས་སྒོར་ཡོང་སྟེ་ཁོ་ནང་དུ་ཁྲིད་སོང་།གློ་བུར་དུ་ཁང་བ་ནང་མ་ལས་སྡེ་དཔོན་གྱི་ཨ་མའི་ལུ་སྒྲ་གྲགས་བྱུང་བས། ཆུང་མས“ཨ་མ་ཡང་སེམས་མི་བདེ་བར་ང་ལ་ཡང་ཡང་འདྲི་བཞིན་ཡོད།”ཟེར་བ་དང་།རུམ་ནས་ནོ་ཅི་ཡང་རྟགས་ཅན་གྱི་ལག་ཁྱེར་ཁ་པར་རྙིང་བ་ཞིག་བཟུང་སྟེ་ཁོ་ལ་བསྟན།སྡེ་དཔོན་གྱིས་“ང་དོན་དག་ཅི་ཞིག་ཡོད་དམ། ཁྱོད་ཀྱིས་དོན་མེད་དུ་ཁ་པར་བཏང་ན་སྒོར་མོ་བརླགས་པ་མ་རེད་དམ།”ཟེར་བཞིན་ཕྱིར་སྒོར་འབུད་རྩིས་བྱས།ནང་སྒོའི་ཁར་བསླེབས་མ་ཐག་སྡེ་དཔོན་ཁ་ཕྱིར་འཁོར་ནས་“ཕག་མ་གང་དུ་ཡོད།”ཞེས་དྲིས་བྱུང་བར།ཆུང་མས་“ཕག་མ་ཕག་ཚང་ནང་དུ་ལོས་ཡོད།”ཅེས་ལན་བཏབ་སོང་།
  ཡུལ་འདིར་རང་གི་རྒྱུ་སྟོབས་ངོམ་ཕྱིར་མ་ཁང་དུ་འབྲུ་རིགས་དང་མར་དོ་བརྩིགས་པའི་གོམས་སྲོལ་ཞིག་ཡོད་མོད། ཡིན་ན་ཡང་སྡེ་དཔོན་ཚང་གི་མ་ཁང་དུ་བརྙན་འཕྲིན་རྙིང་བ་ཞིག་དང་ཕག་གི་ལྟོ་ཆས་བླུག་པའི་འགྱིག་ཁུག་འགའ་ཞིག་མ་གཏོགས་ཅི་ཡང་རིག་རྒྱུ་མེད།ཁྱིམ་ཚང་འདི་ཕར་བལྟས་ན་ཕྱུག་རྒྱུ་མེད་ཀྱང་།ཁང་བའི་ནང་ཚང་མ་ཤུག་ཤིང་གི་བཅད་ཡོད་ལ།གློག་སྒྲོན་གྱི་འོད་ཀྱིས་ཁང་བའི་ཕྱོགས་བཞིའི་ལྡེབས་ངོས་གསལ་བར་བྱས་ཡོད་པ་ལ་བལྟས་ཚེ།ཁང་བ་འདི་ཕུབ་ནས་ཡུན་རིང་ཞིག་འགོར་མེད་པ་རྟོགས་ཐུབ།ཁང་བའི་ཕུག་ན་མཆོད་ཁང་ཆུང་ཆུང་ཞིག་འདུག་ལ།མཆོད་ཁང་གཡོན་ཕྱོགས་ཀྱི་ལྡེབས་ངོས་སུ་ཡུལ་ཚོ་སྲིད་གཞུང་གིས་ཁོ་ལ་གནང་བའི་བྱ་དགའི་དཔང་རྟགས་ཤིག་སྦྱར་ཡོད་དེ།དཔང་རྟགས་སྟེང་གི་རྒྱ་ཡིག་དག་ནི་གཡས་འགྱིང་གཡོན་ལོག་བྱས་ཡོད་ཀྱང་།སྡེ་དཔོན་གྱི་མིང་ནི་གསལ་བོར་མཐོང་ཐུབ།
  དེ་ཡང་ཁྱིམ་ཚང་འདིར་མཚོན་ན་མཆོད་ཁང་མདུན་གྱི་མཐིལ་ཤིང་སྟེང་ན་འདམ་དུ་ཟུག་འདྲའི་རྗེས་ཤུལ་རིང་བོ་གཉིས་ཡོད་དེ།དེ་ནི་ཁོའི་ཨ་མས་ནམ་རྒྱུན་བརྐྱངས་ཕྱག་འཚལ་བའི་ཤུལ་ཡིན་ལ།ཡང་མཆོད་ཁང་གཡས་ཕྱོགས་ཀྱི་ཀ་བའི་སྟེང་དུ་མ་ཎི་འཁོར་ལོ་རྙིང་བ་ཞིག་བཀལ་འདུག གོ་ཐོས་ལྟར་ན་དེ་ནི་ཁོའི་ཕ་རྒན་འདས་བོ་ལྷ་སར་མཇལ་སྐོར་དུ་ཕྱིན་དུས།ལྷ་སའི་བར་སྐོར་ནས་ཉོས་ཡོང་བ་ཡིན་ཟེར།ད་ལྟ་ཁོ་ཚང་ལ་རིན་ཐང་བྲལ་བའི་ཁྱིམ་ནོར་ཞིག་ཡོད་པའང་མ་ཎི་འཁོར་ལོ་འདི་ཡིན་པ་ཐེ་ཚོམ་མེད། །སྡེ་དཔོན་གྱི་ཨ་མར་ཁོམ་སྐབས་རེ་ཡོད་ཚེ་ཚ་ཐབ་སྟེང་མིག་ཟུང་བཙུམས་ཏེ་མ་ཎི་འཁོར་ལོ་སྐོར་བར་བྱེད།
  སྡེ་དཔོན་ཐབ་ཀའི་འགྲམ་དུ་ཙོག་པུར་བསྡད་དེ་ལག་པ་མེར་སྲོ་བཞིན་ཇ་ཡུན་ཙམ་འགོར་རུང་།མོས་ཁ་མུར་མུར་གྱིས་མ་ཎི་འདོན་པ་མ་གཏོགས་སྡེ་དཔོན་ལ་ཁ་ཡ་མི་བྱེད། མ་ཎི་འཁོར་ལོའི་ཙག་སྒྲ་དང་ཐབ་ཀའི་ནང་གི་མེ་སྟག་མཆེད་པའི་སྒྲ་ཡོང་སུ་འདྲེས་པ་ན།དོ་མི་མཉམ་པའི་འགྱུར་ཁུགས་ཤིག་ཏུ་གྱུར་ལ།འགྱུར་ཁུགས་དེས་ཁྱིམ་ཚང་འདི་ལ་སྔ་ན་མེད་པའི་གསོན་ཤུགས་ཤིག་སྦྱིན་ཡོང་།
  སྡེ་དཔོན་གྱི་ཨ་མའི་མགྲིན་པ་རུ་གློ་བུར་གར་ཡོང་མི་ཤེས་པའི་ལུད་པ་ཞིག་འཚང་ཡོང་བས།མོའི་ལུས་པོ་གཞུ་ལྟར་གུག་ཅིང་། ལུ་སྒྲ་ཡིས་ཁང་བའི་ནང་གི་གདངས་མི་མཉམ་པའི་འགྱུར་ཁུགས་སྟེ་ཡོང་སུ་དཀྲོགས།མོ་རང་ལོ་ན་དྲུག་ཅུ་ཙམ་མ་གཏོགས་སོན་མེད་ཀྱང་།རང་གི་སྐྱ་ཡ་འཇིག་རྟེན་མི་ཡུལ་དང་བྲལ་ནས་ལོ་ཤས་འགོར་སོང་། མོ་ལ་མཚོན་ན་དེ་ནི་མནར་གཅོད་ཆེ་ཤོས་ཤིག་ཡིན་པས་།ལུས་ཀྱི་འབྱུང་བཞི་འཁྲུགས་ལ་དབང་བོ་ལྔ་ཡི་ནུས་པ་ཡང་ཤོར་པར་བྱས་ཡོད།
  ཡུད་ཙམ་གྱི་རྗེས་སུ།མོས་རབ་རིབ་ཀྱི་མིག་གི་འབྱེད་འཛུམ་དང་ལྟ་ཕྱོགས་ཤིག་ལས།ཐབ་ཀའི་ནང་གི་མེ་འོད་དམར་ལམ་ལམ་ངང་ནས་བུ་ཡི་ངོ་ལ་ཕོག་པ་མཐོང་།བུ་ཡི་ངོ་ནི་སྔར་བཞིན་ཤ་སྐེམ་རུས་སྐེམ་དུ་སྣང་ཡང་གསོན་ཉམས་དོད་པོར་ཡོད་པས་མོའི་ཡིད་ཅུང་བདེ་ལ་བབས་ཤིང་།ཚ་ཐབ་སྟེང་ནས་སྐེ་ཚུར་བསྲིངས་ཏེ“ཨ་ལགས་ཚང་ལ་མཇལ་ཨེ་ཐུབ།”ཅེས་དྲིས་བྱུང་།
  “མཇལ་ཐུབ་སོང་།”སྡེ་དཔོན་གྱིས་སྐད་མགོ་ཅུང་ཟད་མཐོར་བཏེགས་ནས་ལན་ལྡོན།
  “ཅི་ཟེར་བྱུང་།”སྡེ་དཔོན་གྱི་ཨ་མས་མ་ཐོས་པ་འདྲ།
  “མཇལ་ཐུབ་སོང་ཟེར།”སྡེ་དཔོན་གྱི་ཆུང་མས་མོའི་རྣ་ལམ་ལ་གཏད་ནས་སྡེ་དཔོན་གྱི་སྐད་ཆ་དེ་བསྐྱར་ཟློས་ཤིག་བྱས།
  “ཨ་ལགས་ཚང་གིས་ཅི་གསུངས་པ་རེད”།སྡེ་དཔོན་གྱི་ཨ་མས་དེ་ལྟར་འདྲི་བཞིན་ཕྱག་ཟུང་བྲང་ཁར་སྦྱར།
  “བཅའ་བ་རིམ་གྲོ་རེ་བསྒྲུབ་ན་སྐྱོན་མེད་གསུངས་བྱུང་།”སྡེ་དཔོན་གྱིས་བག་ལྷོད་པོའི་ངང་ལན་བཏབ།
  “ད་མ་དྲག་ན་ཅི་བྱེད་དགོས་ཨང་།ང་ལས་ངན་མ་འདི་་་་་་”མོས་སྡེ་དཔོན་གྱི་སྐད་ཆར་གོ་ལོག་ཐེབས་སོང་།སྡེ་དཔོན་ཅུང་ཟད་ཨ་ཐང་ཆད་པའི་ངང་གདོང་ལ་སུན་སྣང་གི་ཉམས་ཤིག་མངོན་ལ། དེ་འཕྲལ་ཐབ་འགྲམ་ནས་ལངས་ཏེ་ཁང་བ་ཟུར་མའི་ནང་དུ་ངལ་གསོ་རུ་ཕྱིན་སོང་། སྡེ་དཔོན་གྱི་ཆུང་མས་ཁྱོ་གར་ཇ་དཀར་ཡོལ་གང་བླུགས་སོང་རུང་།ཁོས་ཧུབ་གང་ཡང་མ་འཐུངས་པས།རླངས་པ་འཐུལ་བའི་དཀར་ཡོལ་ནི་བྲེལ་སྣང་མེད་པའི་མགྲོན་པོ་ཞིག་དང་འདྲ་བར་ཐབ་ཀའི་འགྲམ་དེར་ཁུ་སིམ་མེར་ལུས་ཡོད།
  དོ་ནུབ་སྡེ་དཔོན་གྱིས་དགོང་ཟས་མ་ཟོས་བར་སྔ་མོ་ནས་ཉལ་སོང་།ཨ་ལགས་ཚང་ལ་མཇལ་བའི་རྐྱེན་ཡིན་ནམ་།ཡང་ན་རང་ལུས་ཀྱི་ འགྱུར་བ་གང་ཞིག་ཡིན་པ་མི་ཤེས་མོད། ཁོ་ཉལ་མ་ཐག་ཡུན་རིང་ཞིག་ལ་གཉིད་མ་ཡོང་།ཡིན་ནའང་མཚན་གུང་སྔུར་བ་ལྡིར་ལྡིར་དུ་འཐེན་བཞིན་རྨི་ལམ་གྱི་ཞིང་ཁམས་ཉུལ་ཐུབ་སོང་།རྣར་གཟན་པའི་སྔུར་སྒྲ་དེ་ནི་སྡེ་དཔོན་གྱི་ཆུང་མར་མཚོན་ན་གཉིད་གཅོག་པའི་རྒྱུ་གཙོ་བོ་ཞིག་ཡིན་ཡང་།ཉིན་མང་པོའི་རིང་མ་ཐོས་པའི་སྔུར་སྒྲ་དེ་དོ་ནུབ་ཡང་བསྐྱར་མོའི་ཐོས་འཛིན་གྱི་བུ་གར་བརྒྱུད་ནས་ཡོང་དུས།དེ་ནི་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་དང་གཉིས་སུ་མེད་པས།མོའི་ཡིད་ལ་འདས་པའི་དུས་གྱི་དོན་མང་པོ་ཞིག་ཆུ་ཡི་རླབས་གཉེར་བཞིན་དུ་གཅིག་འཕྲོར་གཅིག་མཐུད་ནས་ཤར་ཡོང་།
  ཕྱི་ཉིན་སྡེ་དཔོན་གཉིད་ལས་སད་དུས།ཉིན་མའི་གུང་ལ་བསླེབས་ཡོད་པ་དང་།ཁོས་མལ་ས་རུ་རབ་རིབ་ཀྱི་མིག་ཟུང་འབྱེད་འཛུམ་བྱེད་བཞིན་མགོ་བོ་ཡར་བཀྱགས་དུས།རྣ་ལམ་དུ་གྲི་ཆུང་རྡོར་བའི་སག་སྒྲ་ཞིག་ཐོས་པས་ཁོའི་ཡིད་ལ་མཚར་སྣང་ཞིག་སྐྱེས་རུང་།ད་དུང་གཉིད་ལས་སད་ཡག་ཅིག་མིན་པས་མགོ་རུམ་དུ་བཅུག་སྟེ་མུ་མཐུད་དུ་ཉལ།གློ་བུར་དུ་ཕག་གི་ཙི་སྒྲ་ཞིག་གྲགས་པས།གཉིད་ལས་ཡོངས་སུ་སད་འཕྲལ་ལྭ་བ་སྟབས་བདེ་ཞིག་གྱོན་ནས་ཁྱམས་ར་ཡོང་དུས།ལྷས་ར་རུ་དུ་བ་ལང་ལོང་འཕྱུར་ཞིང་། སྒྱེད་པུ་ཞིག་གི་སྟེང་ཟངས་ཀྱི་སླ་ང་ཆེན་པོ་ཞིག་བཙུགས་ནས་ཆུ་བསྐོལ་བཞིན་འདུག་ལ།ཡང་ཕོ་གསར་སྟག་འདྲ་བ་འགས་ཕུ་ཐུང་དཔུང་བའི་བར་ བརྗེས་ནས་ཕག་མ་འཛིན་གྲབས་བྱེད་བཞིན་མཆི།
  ཕག་མས་ཙི་སྒྲ་སྒྲོག་བཞིན་ཡར་ནུར་མར་ནུར་བྱེད་བཞིན་པའི་སྒང་ལ།ཕག་རའི་ནང་གི་ཕག་ཕྲུག་སྐོར་ཞིག་བརྒྱུགས་ཡོང་ནས་ཕག་མོའི་མཐར་བསྐོར་བྱུང་།ད་དུང་ཕག་ཕྲུག་དེ་དག་གིས་མགོ་གཡུག་གཡུག་གིས་འུར་རྒྱབ་སྟེ་ཕག་མའི་མཐའ་རུ་བསྐོར་ཅིང་སྲུང་སྐྱོབ་ཀྱི་ཚུལ་བསྟན་པ་ན།སྡེ་དཔོན་གྱི་ཡིད་ལ་སྔར་མེད་པའི་གདུང་བ་ཆེན་པོ་ཞིག་སྐྱེས། དེ་ནས་ཁོས་ཕག་མ་འཛིན་མཁན་གྱི་ཕོ་སར་དེ་དག་གི་སྔུན་བཀག་པ་མ་ཟད།ཕག་མའི་སུག་པར་འཇུས་ཡོད་པའི་ཕོ་གསར་ཞིག་ལ་འགྲམ་ལྩག་ཅིག་ཀྱང་གཞུས་སོང་བས། ཕོ་སར་དེ་དག་ཅི་བྱེད་འདི་བྱེད་མེད་པར་ཁ་གདངས་ཞིང་མིག་བགྲད་དེ་ལུས།སྡེ་དཔོན་གྱི་ཆུང་མས“ཕག་མ་མྱུར་དུ་མ་བསད་ན་།རྗེས་སུ་ཤ་ཡང་བཟའ་ཐུབ་རྒྱུ་མ་རེད་ཟེར་མཁན་ཁྱོད་མིན་ནམ།”ཞེས་ཟེར་བར།སྡེ་དཔོན་གྱི་ལན་ཅི་ཡང་མ་བཏབ་ཀྱང་ལག་གཉིས་ཀྱིས་ཁུ་ཚུར་བཅངས་ནས་མི་འདོད་པའི་རྣམ་འགྱུར་བསྟན་བྱུང་། ཆུང་མས“དེ་རིང་ཁོ་དངོས་གནས་སྨྱོས་འདུག”ཟེར་བཞིན་ཁྱིམ་དུ་བརྒྱུགས་སོང་ནས་དུ་བ་བག་ཆ་འགའ་ཁྱེར་ཡོང་ནས་ཕོ་སར་དེ་དག་ལ་སྟེར་བཞིན་དགོངས་དག་ཞུས།
  ཉིན་འདི་གར་གནམ་གཤིས་ཤིན་ཏུ་བཟང་བས་།སྡེ་མི་རྣམས་ཀྱིས་རང་རང་གི་ཁང་བའི་ཀླད་དང་ར་སྐོར་ནང་ན་སྙེ་མ་རྡུང་བཞིན་ཡོད།སྡེ་བའི་འདབས་ནས་ཡུལ་ཚོ་སྲིད་གཞུང་གི་ཕྱོགས་སུ་འཐེན་ཡོད་པའི་ལམ་ནང་དུ།སྡེ་དཔོན་གྱིས་ཤིང་རྟ་འཁོར་ལོ་ཞིག་དེད་ནས་འགྲོ་བཞིན་མཆི།ད་ལྟའི་དུས་འདིར་ཞིང་གྲོང་དུ་མི་ཚང་མས་རྐང་གསུམ་འཁོར་ལོ་དང་འཕྲུལ་རྟར་ཞོན་བཞིན་ཡོད་པས།ཤིང་རྟ་འཁོར་ལོ་འདེད་མཁན་ཞིག་རྙེད་དཀའ། ཡིན་ནའང་ཁོས་གང་ནས་བཙལ་ཡོང་པ་མི་ཤེས་མོད་།གང་ལྟར་ཤིང་རྟ་འཁོར་ལོ་ཞིག་དེད་ནས་ཡུལ་ཚོ་སྲིད་གཞུང་གི་ཕྱོགས་སུ་འགྲོ་བཞིན་འདུག མཚམས་རེར་འགྲམ་ལོགས་ནས་འཕྲུལ་རྟའམ་ཡང་ན་རླངས་འཁོར་ཞིག་ཤར་རེར་ཕྱིན་པ་ན། ས་རྡུལ་གྱིས་སྡེ་དཔོན་དང་ཁོས་འདེད་པའི་ཤིང་རྟ་འཁོར་ལོ་གཉིས་ཀ་བཏུམས་འགྲོ།
  སྡེ་དཔོན་ནི་གཟུགས་རིང་རྒྱུ་མེད་ལ།གདོང་བ་ནི་སྨུག་ཅིང་ནག་ལ་རྟའི་གདོང་བ་ལྟར་རིང་བས། གལ་ཏེ་མ་ནེ་མགོ་རུ་ཐ་ཐོར་དུ་སྐྱེས་བའི་རྨ་ར་དེ་མེད་ཚེ།སྐྱེས་ཕོ་རབ་ཅིག་གི་གཟི་ཉམས་གཏན་ནས་མེད། ཁོས་རྒྱུ་སྤུས་ཞན་པའི་ཚི་ལེན་དཀར་བོ་ཞིག་གྱོན་ཡོད་ལ།ཚི་ལེན་གྱི་ཕུ་སྣེ་དཔུང་བའི་བར་དུ་བརྫེས་ཤིང་།ཤ་རྗེན་གྱི་དཔུང་བ་ཕྱིར་མངོན་པས་བསམ་གཟས་ནས་ཤེད་ཤུགས་དང་དཔལ་སྟོབས་ངོམ་པའི་ཟོལ་ཞིག་འདུག སྐབས་རེར་རླུང་གཡུགས་ཏེ་ཚི་ལེན་གྱི་མར་སྣེ་ཡར་འགྱོག་དུས་སྐེད་གྱི་ལག་ཁྱེར་ཁ་པར་གྱི་ཤུབས་ནག་པོ་དེ་ཕྱིར་མངོན་འོངས། འདི་ནི་འདས་ཟིན་པའི་འགྲོ་ལུགས་ཤིག་ཡིན་རུང་།ཁོས་ད་དུང་འགྲོ་ལུགས་འདི་མཁྲེགས་བཟུང་བྱས་ནས་ཡོད།
  སྡེ་དཔོན་གྱིས་ཤིང་རྟ་དེད་ནས་དུས་ཚོད་གཅིག་ལྷག་སོང་བ་ན།ཁོ་ད་གཟོད་ཡུལ་ཚོའི་ཕྱུགས་སྨན་ཁང་གི་སྒོ་ཁ་བསླེབས།ཡིན་ཡང་ཕྱུགས་སྨན་ཁང་གི་སྒོ་ཟྭ་བརྒྱབ་ཡོད་པས།ཁོས་རེ་བ་མེད་པ་ཤེས་ཀྱང་ལྕགས་སྒོའི་སྟེང་ཁུ་ཚུར་གྱིས་ཐེངས་འགའ་གཞུས།སྡེ་དཔོན་ཉི་མ་གསུམ་ལ་བསྟུད་མ་ཡོང་རུང་།ཡུལ་ཚོའི་ཕྱུགས་སྨན་ཁང་གི་སྒོ་སྔར་བཞིན་བརྒྱབ་འདུག་པས་།ད་ནི་ཐབས་ཟད་དེ་ཁོས་ཤིང་རྟ་འཁོར་ལོའི་ཁ་ཕྱོགས་ཡུལ་ཚོའི་མི་དམངས་སྨན་ཁང་གི་སྒོ་ཁར་མི་བསྒྱུར་ཀ་མེད་བྱུང་།
  ཡུལ་ཚོའི་སྨན་ཁང་ནི་ཕྱོགས་བཞི་གྱང་མཁར་གྱིས་སྐོར་ཡོད་ཅིང་། མདུན་གྱི་ལྕགས་སྒོའི་ནང་ནས་ཡར་འཛུལ་དུས་ར་སྐོར་ཕུག་ཏུ་སོ་ཕག་གི་ཁང་བ་ཞིག་ཕུབ་ཡོད་ལ།གཡས་གཡོན་གཉིས་ནའང་དེ་དང་འདྲ་བའི་སོ་ཕག་གི་ཁང་བ་གཉིས་ཕུབ་འདུག ར་སྐོར་གྱི་ལྷས་སུ་མེ་ཏོག་སྣ་ཚོགས་ཐགས་སུ་བཀྲ་བའི་ལྡུམ་ར་ཞིག་ཡོད་པ་དང་།དབུགས་ཆད་ལ་ཉེ་བའི་དབེན་འཇགས་ཀྱི་ར་སྐོར་ནང་དུ་ཐང་ཆད་པའི་ཉི་མའི་འོད་མ་གཏོགས་མིའི་གྲིབ་གཟུགས་ཙམ་ཡང་རིག་རྒྱུ་མ་བྱུང་།གལ་ཏེ་ལྡུམ་རའི་འགྲམ་གྱི་བདེ་ཐང་ཤེས་བྱ་ཡི་དྲིལ་སྒྲོག་སྒོ་སམ་དེའང་མེད་ན།གནས་དེ་ནི་ཁྱིམ་ཚང་ཞིག་གི་སྒོ་རའི་ནང་དུ་བསླེབས་པ་དང་ཀུན་ནས་མཚུངས། སྡེ་དཔོན་གྱིས་ལྷས་རའི་ནང་དུ་མིག་རིག་རིག་གིས་ཕར་ལྟ་ཚུར་ལྟ་མང་དུ་བྱས་ཀྱང་མི་མ་དགོས།མི་ཡི་གྲིབ་མ་ཞིག་ཀྱང་མཐོང་རྒྱུ་མ་བྱུང་།
  ཁོས“ཨ་ཁུ་སྨན་པ། ཨ་ཁུ་སྨན་པ།”ཞེས་ཐེངས་མང་བོར་བོས་པ་ལ།གློ་བར་དུ་ཁང་མིག་ཅིག་གི་སྒོ་ཁྲོག་གེར་ཕྱེ་སོང་།ཡིན་ནའང་སྒོ་ལ་ཡོང་མཁན་ཅི་ཡང་མེད་པར་བརྟེན།ཁོ་ཁང་མིག་དེའི་སྒོ་ཁར་སོང་ནས་ནང་ལ་ལན་གཅིག་བལྟས་ཚེ།སྐྲ་སིལ་བུར་བྱས་འདུག་པའི་སྨན་པ་ཞིག་གིས་མ་དགའ་བའི་ཉམས་འགྱུར་དང་བཅས“དོན་དག་ཅི་ཡོད།”ཅེས་དྲིས་བྱུང་།སྡེ་དཔོན་གྱིས“ནད་ལ་བརྟག་དུ་ཡོང་བ་ཡིན།”ཅེས་སྨྲས་པར། སྨན་པས་འཐད་ལ་མི་འཐད་ཀྱིས་ངང་ནས“ནད་པ་གང་དུ་ཡོད།”ཡོད་ཅེས་དྲིས་བྱུང།སྡེ་དཔོན་གྱིས་སྨན་པ་དེ་སྒོ་ཁའི་ཤིང་རྟ་འཁོར་ལོའི་འགྲམ་དུ་ཁྲིད་ཅིང་།ཤིང་རྟ་འཁོར་ལོའི་ནང་གི་ཕག་མ་དེ་བསྟན་ནས“འདི་རེད།”ཞེས་ཟེར་བར་།སྨན་པ་འཚིག་པ་གཏིང་ནས་ཟ་བཞིན“ང་ཚོས་མི་ཡི་ནད་ལ་ལྟ་བ་མ་གཏོགས་།དུད་འགྲོའི་ནད་ལ་ལྟ་ཡི་མེད།”ཟེར་པར།སྡེ་དཔོན་གྱིས་དེ་མ་ཐག“མ་གཞི་ཕྱུགས་སྨན་ཁང་ལ་བལྟ་རུ་ཡོང་བ་ཡིན། ཉིན་མ་གསུམ་ཡོང་རུང་སྒོ་བརྒྱབ་འདུག་པས།ཐབས་མེད་པར་འདི་རུ་ཡོང་བ་ཡིན།”ཅེས་བཤད་པ་ན། སྨན་པས་མཐོང་ཆུང་དང་ཟུར་ཟ་འདྲེས་མར“སྐྱབས་མགོན།འདི་ནི་ཐོག་དང་པོར་དུག་འགྲོའི་ནད་ལ་བརྟག་པ་དང་ཕྲད་པ་ཡིན་པས།ཅི་འདྲའི་དགོད་བྲོ་བ་ལ་ཨང་།”ཟེར།སྡེ་དཔོན་གྱིས“དེས་ན་ཁྱོད་ཀྱང་རང་ག་བའི་མི་དང་མི་འདྲ་བས་ཁྱོད་ཀྱིས་ཐེངས་ཤིག་བལྟས་ན།ང་ནི་ངལ་བ་འབྲས་མེད་དུ་ཡོང་བ་མིན་པས་།དཀའ་ལས་ཐེངས་ཤིག་རྒྱག་རོགས།”ཞེས་ཞུ་བ་བྱས་སོང་བར། སྨན་པས་འཐད་ལ་མི་འཐད་ངང་ཕག་མའི་རྨ་ཁར་བལྟས་རྗེས“རེ་བ་མི་འདུག སྔ་མོ་ནས་བཤས་ན་མ་གཏོགས་།དབྱར་དུས་ཤི་སོང་ན་རིམས་ནད་འདྲའང་འགོ་སྲིད།”ཅེས་ཟེར་བཞིན་བྱི་བ་ཚང་དུ་འཛུལ་བ་ལྟར་ཁང་མིག་དེའི་ནང་དུ་ཕྱིན་སོང་།
  སྡེ་དཔོན་གྱིས་ནམ་རྒྱུན་དུ་བ་མི་འཐེན་རུང་།མི་གཞན་དང་འབྲེལ་བ་བྱེད་དུས་དུ་བ་རྐང་ཞིག་བྱིན་ཚེ། དགོས་མེད་ཀྱི་ཁ་བརྡ་བྱེད་པ་ལས་དེ་བཟང་བར་སེམས་པས། ནམ་རྒྱུན་དུ་བ་བག་ཆ་ཞིག་སྟོད་ཐུང་གི་ཁུག་མའི་ནང་བཅུག་ཡོད།དེ་རིང་ཁོའི་སེམས་ཁམས་མི་སྐྱིད་པས་དུ་བ་རྐང་གཅིག་ལ་མེ་བསྒྲོན།དུ་བ་ནི་ད་ལྟའི་སེམས་ཁམས་དང་འདྲ་བས་ཁོའི་མིག་ལམ་ན་གཟུགས་འདྲ་མིན་གྱི་ཟློས་གར་སྒྱུར་བཞིན་ཡོད། སྡེ་དཔོན་གྱིས་དུ་རྐང་གཅིག་འཐེན་རྗེས།ཤིང་རྟ་འཁོར་ལོ་དེད་ནས་ཡུལ་ཚོའི་སྲང་ལམ་དུ་ཕྱིན།སྲང་ལམ་འདི་གྲོང་ཁྱེར་གྱི་སྲང་ལམ་དང་བསྡུར་ན་དེ་འདྲའི་གཙང་མ་དང་འདུ་འཛི་ཆེ་བ་ཞིག་མིན་རུང་། གྲོང་རྡལ་འདིའི་མི་རྣམས་གྱི་སེམས་སུ་གྲོང་ཁྱེང་ཆེན་པོ་ཞིག་གི་སྣང་བ་བཟུང་ཡོད།དེ་རིང་སྲང་ལམ་དུ་མི་ཚོགས་མང་པོ་མེད་ལ།སྲང་ལམ་འགྲམ་གཉིས་ཀྱི་ཚོང་ཁང་ཚང་མའི་སྒོའང་ཕྱེ་ཡོད་དེ།ཚོང་ཁང་ཞིག་ནས་གླུ་བ་ཤེར་བསྟན་གྱིས་བླངས་བའི་《མཐུན་སྒྲིལ་བྱོས》ཟེར་བའི་གླུ་དེ་གྲགས་ཀྱང་། སྲང་ལམ་གྱི་ཁུ་སིམ་པའི་རྣམ་པ་ད་དུང་བསྒྱུར་ཐུབ་མེད།
  སྐེ་ན་བྱུ་རའི་སྐེ་རྒྱན་བཏགས་པའི་བུད་མེད་ཅིག་གིས་ལག་ཏུ་ཀ་ཏོ་ར་ཞིག་ཐོགས་ཏེ། སྒོ་ཕྱིར་བུད་ནས་ཀ་ཏོ་རའི་ནང་གི་ཆུ་ཚོང་ཁང་གི་མདུན་གྱི་སྲང་ལམ་དུ་གཏོར་པས།སྲང་ལམ་དུ་དབྱིབས་ཟླ་གོར་དང་འདྲ་བའི་རི་མོ་ཞིག་གྲུབ་ལ། དེ་མ་ཐག་ལང་ལོང་དུ་འཚུབ་པའི་ས་རྡུལ་རྣམས་རེ་ཞིག་ལ་འཇགས་པར་བྱས་སོང་། བུད་མེད་དེ་སྒོ་ཁ་རུ་ལངས་ཏེ་མིག་རིག་རིག་གིས་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་ཚོང་ཁང་ནང་དུ་ཕྱིར་འཛུལ་ལ།ཡུད་ཙམ་ནས་སྒོ་ཁར་ཐོན་ཏེ་སྐྱུག་མེར་བའི་ཁ་ལུད་སེར་པོ་ཞིག་རྒྱ་ལམ་ནང་དུ་ཅལ་སེར་འཕང་པ་ལ།གར་ཡོང་མི་ཤིས་བའི་སྦྲང་ནག་འགའ་ཁ་ལུད་དེའི་སྟེང་དུ་འཕུར་ལྡིང་གི་གར་ལ་རྩེན་བྱུང་།
  ཕག་མས་སྡེ་དཔོན་གྱི་ཅི་ཞིག་དྲན་བཞིན་ཡོད་པ་མི་ཤེས་བས།ཤིང་རྟ་འཁོར་ལོའི་ནང་འཕག་ཚག་བརྒྱབ་བྱུང་།ཚུལ་དེ་ལམ་འགྲོ་བ་འགའ་ཞིག་གི་མཐོང་མ་ཐག་མཚར་སྣང་གི་མིག་ཞག་འཕེན་བཞིན་བགྲོ་གླེང་སྣ་ཚོགས་བྱེད།སྡེ་དཔོན་ཁོང་ཁྲོ་ལངས་བཞིན“བལྟ་རྒྱུ་ཅི་ཡོད་།ཕག་མ་རིག་མ་མྱོང་ངམ།”ཞེས་ཟེར་བ་ལ།ལམ་འགྲོ་བ་དེ་དག་དོགས་མི་བདེ་བའི་ངང་རང་རང་སར་གྱེས་སོང་། ཕག་མར་མཚོན་ན་སྐབས་འདིར་གཟེར་ཐོག་ལ་མེ་བཙའ་ཞིག་ཡོད་པ་ནི་ལྟོ་ཆས་ཡིན། སྡེ་དཔོན་གྱིས་ཚོང་ཁང་ནས་ཟས་སྣ་སྐོར་ཞིག་ཉོས་ཏེ་ཕག་མ་ལ་བྱིན་པས།དེ་མ་ཐག་ཕག་མ་ནི་མི་རྒན་བསམ་ཤེས་ཤིག་དང་མཚུངས་པར་ཁ་རོག་གེར་བསྡད་སོང་།
  ཉིན་ཤས་ཀྱི་རྗེས་སུ།ཡང་སྡེ་དཔོན་གྱིས་ཤིང་རྟ་འཁོར་ལོ་དེད་ནས་ལམ་ལ་ཆས།ཡུལ་འདིའི་དགོན་པ་ནི་ཡུལ་ཚོའི་གྲོང་རྡལ་དང་འདྲེས་ཡོད་པས།དགོན་པའི་སྐོར་ལམ་ནི་རྒྱ་ཆེ་རྒྱུ་མེད་ཀྱང་ཆོས་དང་སྲིད་ཀྱི་འཇིག་རྟེན་འདི་གཉིས་འོས་ཞིང་འཚམ་པའི་སྒོ་ནས་སོ་སོར་བཀར་ཡོད། སྡེ་དཔོན་གྱིས་ཤིང་རྟ་འཁོར་ལོ་དེད་དེ་དགོན་མཐའ་ཡི་སྐོར་ལམ་དུ་ཞུགས། སྐོར་ལམ་ནང་མཇལ་སྐོར་བ་དག་གཅིག་རྗེས་གཅིག་གིས་མི་ཆོད་པ་ལྟར་བྲེལ་འཚུབ་གྱི་འགྲོ་བཞིན་ཡོད་པས།ལ་ལས་མཚར་སྣང་གི་མིག་ཞགས་རེ་རེ་འཕེན་པར་བྱེད།ཞྭ་མོ་ངང་མཆུ་མ་་གྱོན་པའི་མཇལ་བ་ཞིག་གིས་འགྲོ་མཚམས་བཞག་སྟེ“ཤིང་རྟ་འཁོར་ལོའི་ནང་དུ་དྲུད་པ་དེ་ཅི་ཡིན།”ཅེས་དྲིས་བྱུང་།
  “ཁྱོད་ཀྱིས་བལྟས་ན་་་་་་།”སྡེ་དཔོན་གྱི་གདོང་ལ་ འཛུམ་ཞིག་ལངས།
  “འདི་ནི་་་་་་་འདི་ཅི་རེད།”མགོ་ཡི་སྐྲ་མཐོ་གང་མཚམས་ནས་དུམ་བུར་བཅད་པའི་རྒན་མོ་ཞིག་གིས་སྐེ་སྲིངས་ཏེ་ཉན་པས་།ཤིང་རྟའི་ནང་གི་སྒྲ་ནི་རྒྱུན་ལྡན་ཞིག་མ་ཡིན་པ་ཤེས།
  “ཧ་ཧ་་་་་་།” སྡེ་དཔོན་གད་མོ་ཞིག་བགད་པ་ལས་ལན་ཅི་ཡང་མ་བཏབ།
  “འགྲོ་འདུག་སྟབས་མི་བདེ་བའི་ལོ་ལོན་ཞིག་ཡིན་ནམ།ཡིན་ཡང་འགྱིག་ཤོག་གིས་འགེབས་དགོས་དོན་མེད།”ཀོ་བའི་སྟོད་ཐུང་གྱོན་པའི་སྐྱེས་བ་ཞིག་གིས་དེ་ལྟར་ཟེར་བཞིན་གདོང་ལ་ཐེ་ཚོམ་གྱི་ཉམས་ཤིག་ཤར།
  དགོན་མཐའི་སྐོར་ལམ་ནི་ཅུང་ཟད་དོག་ཀྱང་།སྡེ་དཔོན་གྱི་རྗེས་ནས་མཇལ་སྐོར་བ་མི་ཉུང་བ་ཞིག་གིས་འཚང་ཁ་དང་འུར་ཟིང་བྱེད་བཞིན་མཆི།སྡེ་དཔོན་གྱིས་མདུན་གྱི་ཤིང་རྟ་ལ་རྣམ་རིག་གཏད་ཡོད་པ་ལས།མཇལ་སྐོར་བ་རྣམས་ཀྱི་དྲི་བ་དང་གླེང་མོ་ལ་ཁ་ཡ་དེ་འདྲ་བྱས་མ་སོང་།ཤིང་རྟ་འཁོར་ལོ་དེད་ནས་དགོན་པའི་ལྟག་རྒྱབ་ཀྱི་སྨན་པ་གྲྭ་ཚང་གི་ཟུར་དུ་བསླེབས་མ་ཐག འཐོར་རླུང་ཞིག་གཡུགས་ནས་ཤིང་རྟའི་ནང་གི་ཆུ་ཤོག་གི་སྣེ་མོ་ཡར་བཀྱགས་པས།ད་གཟོད་མཇལ་སྐོར་བ་རྣམས་ཀྱིས་ཤིང་རྟ་འཁོར་ལོའི་ནང་དུ་ཕག་མ་ཞིག་དྲུད་ཡོད་པ་ཤེས་ཏེ། ལ་ལས་མགོ་བོ་འཕྲེད་དུ་གཡུག་ཅིང་ལ་ལ་ཁ་གདངས་ནས་ཏབ་ཅིག་ལུས་སོང་།
  “དུད་འགྲོ་ཞིག་དྲུད་ནས་སྐོར་རར་འགྲོ་བར་ཐོག་དང་པོ་མཐོང་བ་ཡིན།”
  “འདི་ནི་ཕག་མ་ལས་ཅན་ཞིག་རེད།”
  “ཅི་འདྲའི་དྲི་ངན་ཞིག་འཐུལ་ཡོང་།སྐོར་ལམ་དུ་ཕག་མ་ཞིག་འདྲུད་རྒྱུ་ཡིད་ལ་ཇི་ལྟར་དྲན་པ་ཡིན་ནམ།”
  “དེ་ནི་རང་གི་ཕ་མ་དངོས་མིན་པས། ཕག་མ་ཞིག་དྲུད་ནས་སྐོར་བར་འགྲོ་བར་ངོ་མ་ཡ་མཚན་རེད།”
  སྡེ་དཔོན་གྱིས་དེ་ལྟར་ཤིང་རྟ་འཁོར་ལོ་དེད་དེ་ཡང་དང་ཡང་དུ་སྐོར་བར་སོང་གཤིས།མཇལ་སྐོར་བའི་ནང་དུ་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མཁན་ཡོད་པར་གྱུར།ཡིན་ན་ཡང་།ཕག་མའི་མི་འབྲས་དང་བཟའ་ཚུལ།ཉལ་སྟངས་ཚང་མ་བསྟན་གཤིག་ཚ་བོ་དང་སྙིང་རྗེ་བོ་ཞིག་རང་ཡིན་པས་ཀུན་པོ་དགོད་ཀ་ཤོར། ཕག་མ་དེ་ནམ་རྒྱུན་ཤིང་རྟ་རུ་བདེ་བར་བསྡད་ནས་སྡེ་དཔོན་དང་མཉམ་དུ་སྐོར་བར་འགྲོ་བས།མཇལ་བ་ལ་ལས་ཕག་མར་སྙིང་རྗེ་ནས་རང་གི་རུམ་གྱི་བྲོ་འང་སྟེར་བར་བྱེད།དེ་ལྟར་དུས་ཡུན་ངེས་ཅན་ཞིག་འགོར་བ་ན།སྡེ་དཔོན་དང་སྡེ་དཔོན་ཚང་གི་ཕག་མ་ནི་སྐོར་ལམ་དུ་ཆེས་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་ཆེས་ཡིད་དབང་འགུགས་པའི་གསར་འགྱུར་ཞིག་དང་གཏམ་རྒྱུད་ཅིག་ཏུ་གྱུར།
  བརྙན་འཕྲིན་དང་ལག་ཁྱེར་ཁ་པར་སོགས་དེང་རབས་ཀྱི་ཡོ་བྱད་མང་བོ་རི་གྲོང་ལའང་དར་ཁྱབ་བས།མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་འཚོ་བ་ལ་འཕོ་འགྱུར་ཆེན་པོ་བྱུང་།ཡིན་ནའང་གོས་ཆེན་པོའི་ཐུ་སྣེར་ལྷན་པ་བརྒྱབ་འདྲའི་རི་ཁུལ་གྱི་སྡེ་བ་ཆུང་ཆུང་འདི་རུ།གནམ་ས་བསྒུལ་བའི་དོན་དག་ཆེན་པོ་ཞིག་འབྱུང་མི་ཐུབ་པ་ཐག་གིས་ཆོད། སྟོན་གྱི་ལོ་ཏོག་བསྡུས་མ་ཐག་དགུན་ཟླ་རིང་མོ་བྲེལ་མྱུར་གྱིས་བསླེབས་བྱུང་།དུས་ཚིགས་དེའི་ནང་ངལ་གསོ་བའི་སྡེ་མི་རྣམས་ལ་མཚོན་ན།སྡེ་བའི་ནང་དུ་བྱ་བ་ཅི་ཞིག་བྱུང་ན་དེ་ནི་གསར་འགྱུར་ཆེན་མོ་ཞིག་ཡིན།
  ཉིན་མ་ཁ་ཤས་འགོར་བའི་མཚན་མོ་ཞིག་ལ་།གློ་བུར་དུ་ཁ་བ་བུ་ཡུག་འཚུབ་ཅིང་རླུང་ཆེན་གཡུགས་ནས་སྡེ་བའི་མ་ཎི་ཁང་གི་རྒྱ་ཕིབས་རླུང་གིས་བཀོག་སོང་། འདི་ནི་རྟེན་འབྲེལ་ལོག་ཅིང་ལྟས་ངན་བསྟན་པའི་བྱ་བ་ཞིག་ཡིན་པས་སྡེ་མི་ཀུན་གྱིས་རིམས་ནད་ལ་འཛེམ་པ་བཞིན་བྱུར་ངན་ཞིག་རང་གི་མགོར་མི་ཡོང་བའི་རེ་བ་བྱེད་བཞིན་ཡོད།མ་ཎི་ཁང་གི་རྒྱབ་ཕིབས་རླུང་གིས་བཀོག་པའི་ཕྱི་ཉིན།སྡེ་དཔོན་ཚང་གི་ར་སྐོར་དུ་བཀྲ་མི་ཤིས་བའི་དོན་རྐྱེན་ཞིག་བྱུང་སོང་བས།སྡེ་མི་རྣམས་ཀྱིས་དེ་ལ་གླེང་མོ་སྣ་ཚོགས་བྱེད་བཞིན་འདུག ཁོ་ཚོས་སྡེ་དཔོན་ཚང་དུ་གསང་བ་ལྐོག་གྱུར་དང་བློ་ཡུལ་ལས་འདས་བའི་དོན་དག་ཅིག་བྱུང་ཡོད་པ་ཚོད་དཔག་བྱས།ཡིན་ནའང་།སྡེ་དཔོན་ཚང་དུ་ཕག་མ་དེ་ཤི་བ་མ་གཏོགས་དོན་དག་གཞན་པ་ཅི་ཡང་མ་བྱུང་བས།ཁོ་ཚོའི་ཚོད་དཔག ་དེ་རྩ་བ་ཉིད་ནས་འཆུགས་སོང་།
  ཕག་མ་དེ་ཤི་མ་ཐག སྡེ་དཔོན་གྱིས་ཕག་མའི་རོ་དེ་རས་ཁུག་དཀར་བོ་ཞིག་གི་ནང་དུ་བཅུག་ནས་མཆོད་ཁང་གི་འདབས་སུ་བཞག་པས། སྡེ་དཔོན་གྱི་ཆུང་མས་རིག་མ་ཐག་མི་དགའ་བའི་རྣམ་འགྱུར་གྱིས“ཕག་མ་དེ་ངེད་ཚང་ལ་དྲིན་ཆེ་རུང་།ཕག་མའི་རོ་མཆོད་ཁང་འདབས་སུ་འཇོག་པའི་ལུགས་སྲོལ་ཞིག་གང་ན་ཡོད།”ཅེས་འཁང་ར་བྱས་སོང་།
  “ཁྱོད་བུད་མེད་ཞིག་གིས་ཅི་ཤེས།”
  “ཁྱོད་ཀྱིས་ཕག་མ་རྨས་མ་དགོན་པའི་མཐའ་ནས་སྐོར་བར་ཁྲིད་དུས་ཀུན་གྱིས་འཕྱ་དམོད་ཅི་འདྲ་ཞིག་བྱས་སོང་།ད་རུང་ཡང་བསམ་ཤེས་ཀྱིན་མེད་དམ།”
  “ངའི་དམིགས་ཡུལ་གསལ་བོ་ཡིན།”
  “ཨ་མས་ཁྱོད་ཀྱི་བྱ་སྤྱོད་འདི་བཟོད་མི་ཐུབ་པར་ད་ལྟ་ནུ་མོ་ཚང་དུ་བུད་སོང་བས།ད་དུང་ཕྱིར་མི་ཡོང་བར་འདུག ད་ཁྱོད་ཀྱི་བྱ་བ་འདི་མཚམས་འཇོག་རན་རེད།”
  “ཨེ།ཨ་མའི་བྱ་འདི་་་་་་”
  སྡེ་དཔོན་གྱིས་ཨ་མས་ཁོའི་བུ་ཡི་ལུགས་སྲོལ་དང་མི་མཐུན་པའི་བྱ་སྤྱོད་འདི་དག་ཐོས་མ་ཐག་སེམས་པ་སྡུག་གིས་ཁེངས།སྔོན་ཆད་རང་གི་ཁྱོ་ག་མཐོ་རིས་དང་བུ་གཉིས་མ་འཆམ་པའི་འདས་དོན་མང་བོ་ཞིག་ཀྱང་ཡིད་ལ་དྲན་བྱུང་།མཐོ་རིས་པོ་འདས་ཁར།ཁོས་ཁྱིམ་གྱི་རྒྱུ་དངོས་འགངས་ཆེན་ཚང་མ་བུ་མོ་ལ་བྱིན་པས།བུ་ཡིས་མི་འདོད་པའི་རྣམ་འགྱུར་སྟོན་ཞིང་ཕ་རྒན་གྱི་འདས་ཆོད་ལ་ཁ་ཡ་མ་བྱས་པ་དང་། ཕ་རྒན་གྱི་ཕུང་བོ་དུར་ཁྲོད་ལ་བསྐྱལ་དུས་ཡང་།བུ་ཡི་གྲིབ་གཟུགས་ཙམ་ཡང་ཀུན་གྱི་མིག་ལམ་དུ་མ་བྱུང་།བུ་ཡི་ཕ་རྒན་ལ་གཅར་བ་ནི་ཆེས་ལས་འབྲས་མེད་པའི་བྱ་བ་ཞིག་ཡིན་ཡང་།ཕ་རྒན་གྱི་ཕུང་བོ་དུར་འཇུག་བྱ་རུ་མ་ཡོང་བ་ནི་ཀུན་གྱི་འཕྱ་དམོད་ཀྱི་ཡུལ་དུ་གྱུར།བུ་མོས་ཟས་གོས་ཀྱི་སྣེ་ལེན་རྒྱ་ཆེར་བྱས་ཀྱང་།ཨ་མའི་ཁོག་གི་སྡུག་བསྔལ་རི་རབ་ལས་ལྕི།མོའི་སྐྱ་མདོག་གི་ངོ་ན་གཉེར་མ་ཇེ་མང་ནས་ཇེ་མང་དུ་སོང་། བུ་མོས་ཨ་མ་གཏད་ནས“ཨ་མ། སྡེ་མི་ཚང་མས་ཕུ་བོའི་མིག་ལམ་ན་ཕ་རྒན་མཐོ་རིས་དེ་ཕག་མ་ཞིག་དང་མི་དོ་ཞེས་བཤད་བཞིན་ཡོད།”ཞེས་སློབ་གསོ་བྱས།
  “གཞན་གྱིས་བཤད་བཤད་པ་ལ་ཉན་རྒྱུ་མེད།ངན་ལངས་མ་ཁྱོད།ཨ་ཕ་འདས་ཁར་རྒྱུ་དངོས་ཚང་མ་རང་ལ་དགོས་ཟེར་ནས་སྒེར་འཛིན་མ་བྱས་ན།་ཁྱོད་ཀྱིས་ཕུ་བོ་ད་ལྟ་འདི་འདྲ་ཞིག་ཏུ་ག་ལ་འགྱུར།”
  “ཨ་མ།ཁྱོད་ཀྱིས་ངན་ཁག་ངའི་མགོ་ལ་མ་འགེལ། ང་ཅི་འདྲ་ངན་ཡང་ཨ་ཕར་གཅར་མི་སྲིད། ”
  “སུ་ནོར་བ་དང་སུ་འཆུགས་ཡོད་པ་ངའི་ཁོག་ན་གཤིན་རྗེས་རྒྱ་མ་ལྟར་གསལ་ནས་ཡོད། ”
  “ཕུ་བོ་ཁྱིམ་ཚང་ལས་སྒོར་བུད་པས།ད་གཟོད་ང་ལ་མག་པ་བཙལ་བ་མ་ཡིན་ནམ།ང་ནི་ཁྱིམ་འདི་ཡིས་གཞི་འཛིན་མཁན་ཡིན་པས།རྒྱུ་དངོས་དེ་དག་སུ་ལ་འབབ་པ་གསལ་བོ་མ་རེད་དམ།”
  “སྨྱོན་མ།ཁྱོད་ཀྱིས་ད་ལྟ་ང་ཤི་སོང་ན་འདོད་ཡོད་དམ།”
  “ཨ་མ་།ཁྱོད་ནམ་ཡང་ཁོའི་ཕྱོགས་སུ་ལངས་འགྲོ་ཡང་།ཁྱོད་འདའ་ཁར་ཁོས་བདག་བྱེད་མིན་སུས་ཤེས།”
  “ཁྱེད་ཚང་ནས་ཉིན་རེ་གཉིས་ལའང་སྡོད་དུ་འཇུག་མི་འདོད་ན།”
  “མིན། མིན།”
  “ང་ངའི་བུ་ཡི་ཁྱིམ་དུ་འགྲོ་རྒྱུ། ”
  “ཨ་མ། ཁྱེད་ཀྱིས་དེ་འདྲ་བཤད་མི་རུང་།རེམ་མ་སྡོད་ལ་ཤོག”ཨ་མ་ཁོང་ཁོ་ལངས་ཏེ་ལུས་པོ་འདར་སིག་རྒྱག་བཞིན་ཚ་ཐབ་ནས་བབས་ཏེ་འགྲོ་རྩིས་བྱས་པས། བུ་མོས་མོའི་སྔུན་བཀག་སྟེ་འགྲོ་རུ་མ་བཅུག
  ཉིན་འདི་དག་རིང་ལ།སྡེ་མི་ཀུན་གྱིས་མ་ཎི་ཁང་གི་རྒྱབ་ཕིབས་བསྐྱར་བཟོ་བྱེད་བཞིན་ཡོད་པས།སྡེ་དཔོན་ཚང་གི་ཕག་མའི་སྐོར་ལ་དོ་སྣང་བྱེད་མཁན་མ་བྱུང་།ཡིན་ནའང་ཁོས་ཕག་མའི་རོ་མཆོད་ཁང་གི་འདབས་སུ་བཞག་པའི་གསང་བ་ཕྱིར་ལ་ཤོར་ཏེ།སྡེ་བའི་ནང་དུ་གླེང་ཕྱོགས་ཆེན་པོ་བྱུང་།མ་གཞི་དེ་ནི་ས་གནས་དེའི་ཡུལ་སྲོལ་གོམས་གཤིས་དང་མི་མཐུན་པས།སྡེ་མི་ཀུན་གྱིས་དང་ལེན་བྱེད་ཐབས་མེད་པར་གྱུར།ཡིན་ནའང་།སྡེ་དཔོན་གྱིས་འགྱོད་བཤགས་བྱ་རྒྱུ་ཕར་ཞོག ཁོས་ཕག་མའི་རོ་དུར་སར་བསྐྱལ་ནས་བེམ་རོ་བྱ་གཏོར་བྱ་རྒྱུ་ཡིན་ཟེར་བས།ཚང་མས་སྡེ་དཔོན་སྨྱོས་འདུག་ཟེར་བ་དང་།ཁོ་ལ་ངོ་རྒོལ་བྱེད་མཁན་མང་དུ་བྱུང་ལ།ལ་ལས་ཅི་ལས་འདི་ལས་མེད་པའི་མི་འདི་སྡེ་བའི་ནང་ནས་མཐའ་སྐྲོད་གཏོང་དགོས་ཞེས་ཟེར་ནས་འཇིགས་སྐུལ་ཡང་གཏོང་བར་བྱེད།
  སྐབས་དེར་སྡེ་བའི་ནང་གི་ལོ་ལོན་འགའ་ཁོ་ལ་ཁ་ཏ་བྱེད་དུ་ཡོང་། དེའི་ཁྲོད་ཀྱི་སྨ་ར་དཀར་བོ་ཅན་གྱི་རྒད་པོ་ཞིག་གིས“སྡེ་དཔོན་ལགས།ཕག་ཤ་ནི་མི་གཙང་བའི་ཟས་ཡིན་པས།དུར་ཁྲོད་ཕར་ཞོག་དགོན་པའི་ལྷ་ཁང་ཆོས་ཁང་།ཐ་ན་ཁྱིམ་གྱི་མཆོད་ཁང་ནང་དུའང་ཕག་ཤ་ལ་འཛེམ་མཁན་མ་གཏོགས་མེད།”ཅེས་གནས་ལུགས་བགྲང་ནས་སྨྲས།
  དེར་སྡེ་དཔོན་གྱིས“དགོངས་པ་མ་ཚོམ།གང་ལྟར་ད་ལྟ་ངས་ཐག་གཅོད་བྱས་ཟིན་པས།ཁྱོད་ཚོས་རྒྱབ་སྐྱོར་གནང་རོགས།”ཞེས་ཨུ་ཚུགས་བྱས་སོང་།
  “ང་ཚོའི་སྡེ་བའི་སྡེ་དཔོན་སྔོན་མ་བཀྲ་ཤིས་རྡོ་རྗེ་ཡིས་གཏེར་ཁ་བརྐོས་པ་དང་།ཟླ་བ་ཚེ་རིང་གིས་ཤིང་སྡོང་བཅད་དེ་བཙོངས་པས།ལྷ་ཀླུ་གཉན་གསུམ་གྱི་ཐུགས་དཀྲུགས་པ་ལོས་ཡིན། ཁོ་ཚོ་རེ་རེ་བཞིན་ཐབས་རྡུགས་སྒོས་ང་ཚོ་དང་གཏན་དུ་ཁ་བྲལ་བ་རེད། དེ་རིང་ཁྱོད་ཀྱིས་ཀྱང་ཕག་རོ་དུར་ས་བསྐྱལ་རྒྱུ་ཡིན་ཟེར་ན།་ཁྱོད་ལ་འབྲས་བུ་ཡག་པོ་ཞིག་འབྱུང་མི་ཐུབ་པ་ཁོ་ཐག་ཡིན། ”
  “ངའི་བསམ་པ་རྣམ་དག་ཡིན་པས།ཉེས་བ་ཅི་ཡང་ཡོད་མི་སྲིད།”
  “སྡེ་དཔོན་ལགས། ཁྱེད་ཀྱིས་ཨ་ཕ་ནི་ངའི་གྲོགས་པོ་བཟང་པོ་ཞིག་མིན་ཡང་།ང་ཚོ་ཚང་མ་མི་རབས་གཅིག་གི་མི་ཡིན་པས།ང་ཚོར་ཁྱོད་ལ་ཁ་ཏ་བྱེད་པའི་ཐོབ་ཐང་ཡོད་ལ་འགན་འཁུར་ཡང་ཡོད།ངས་ཁྱོད་ལ་ཡང་བསྐྱང་གསལ་འདེབས་ཐེངས་ཤིག་བྱེད།ང་ཚོའི་དུར་ས་འདི་ནི་ཨ་ལགས་ཚང་གི་སྐུ་གོང་མས་ས་བཙལ་བ་ཡིན་པས།འདི་འདྲའི་བྱིན་རླབས་ཆེ་ཞིང་ས་བཙན་བའི་དུར་ཁྲོད་བཟང་བོ་ཞིག་སྟོད་སྨད་ཀུན་དུ་ཡོད་པ་མ་རེད། ཕག་སོགས་དུད་འགྲོ་ཕར་ཞོག ལས་ངན་སྡུག་སྒྲིབ་ཅན་གྱིས་མི་ལའང་བྱ་འཁོར་བ་མིན། ”
  “ཡ་ཡ། བྱ་འཁོར་མིན་ང་ཚོས་ལྟད་མོ་བལྟས་ཆོག”
  “གནའ་མི་བོད་ཀྱི་གཏན་དཔེར།གྲོག་མ་འགྲོ་འདུག་མང་ན་རྐང་ལག་ཐང་ཆུར་འབྱར་ཟེར་བ་ལྟར།འདི་ནི་བྱིས་པས་རྡོ་ཆས་སྒྲིག་པ་ལྟ་བུའི་རྩེད་མོ་མ་རེད།སེམས་ཆུང་བྱས་ན་བཟང་།གནད་ཀྱི་དོན་པོ་ནི་བྱ་གཏོར་བྱེད་པ་ནི་རང་གའི་དུར་འཇུག་བྱས་པ་དང་མི་མཚུངས་བས།དེ་ལ་བཅལ་བ་རིམ་གྲོ་དང་ཆོ་ག་འདྲ་མིན་མང་པོ་སྤེལ་དགོས་པ་རེད།ཁྱོད་ཀྱིས་འདི་ལྟར་གང་འདོད་བྱས་ན་ས་བདག་ལ་གནོད་སྲིད། ”
  “ཆོ་ག་ནི་རྣམ་པ་ཙམ་ཡིན་པས།ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་།”
  ལོ་ལོན་དེ་དག་གིས་སྡེ་དཔོན་ལ་ཁ་ཏ་སློབ་གསོ་མང་དུ་བྱས་ཀྱང་། བོང་བུའི་རྣ་བར་ཆོས་བཤད་པ་ལྟར་སྡེ་དཔོན་གྱི་རྣ་བར་རྩ་བ་ནས་མ་སོང་། ཁོ་ཚོ་ཐབས་ཟད་འུ་ཐུག་ངང་ཕྱིར་མི་ལྡོག་ཐབས་མེད་དུ་གྱུར།
  སྡེ་དཔོན་གྱིས་སྡེ་བའི་ལོ་ལོན་ཚོའི་མདུན་དུ་བཅའ་བ་རིམ་གྲོ་དང་ཆོ་ག་འདྲ་མིན་སྤེལ་བ་ནི་རྣམ་པ་ཙམ་ཡིན་པས་མེད་ཀྱང་རུང་ཟེར་ཡང་།ཁོས་ལྐོག་ཏུ་དགོན་པའི་ནང་གི་དགེ་སློང་དང་ཤ་ཚ་ཉེ་རིང་མང་བོ་ཞིག་བོས་ཏེ་བཅའ་བ་རིམ་གྲོ་དང་ཆོ་ག་འདྲ་མིན་སྤེལ་བའི་སྟ་གོན་བྱས་མོད།དོན་དུ་ཁོ་རོགས་རམ་དུ་ཡོང་ཕོད་མཁན་མི་གཅིག་ཀྱང་མ་བྱུང་།
དུར་ཁྲོད་ཀྱི་ཕྱོགས་སུ་བསྲིངས་བའི་ལན་ཕྲན་དེ་ནི་ཀྱག་ཀྱོག་དང་ཁུགས་པ་མང་ལ།ལམ་ཕྲན་ལོགས་གཉིས་ཀྱི་རྩི་ཤིང་སྣ་ཚོགས་ནི་ཐང་ཆད་པའི་མི་རྒན་རེ་དང་འདྲ་བར་གཅིག་གིས་གཅིག་ལ་ཁེན་ནས་ཡོད།སྡེ་དཔོན་གྱིས་ཕག་མའི་རོ་སྒྱེ་མོ་ཞིག་གི་ནང་དུ་བཅུག་ནས་དུར་རྡོའི་འགྲམ་དུ་བསླེབས་དུས།ཅི་ཡིན་ཆ་མི་འཚལ་བའི་རླུང་དམར་འུར་འུར་དུ་ལྡིང་ནས་ཤུག་པ་དང་ཚེར་སྡོང་གི་ཡལ་ག་དག་ནི་ཞབས་བྲོ་འཁྲབ་པ་ལྟར་གཡོ་བར་བྱེད།
  དུར་ཁྲོད་ནི་སྡེ་བའི་མདུན་རིའི་འགྲམ་གྱི་ལུང་ཤུར་ཞིག་གི་ནང་དུ་ཡོད།ནམ་རྒྱུན་སྡེ་བ་གོང་འོག་ནས་གཤིན་པོ་དུར་ལ་བསྐྱལ་དུས་།སྡེ་མི་ཚོས་མདུན་རིའི་རྩེ་ན་གཤོད་འགྱུར་བྱེད་པའི་ཐང་དཀར་རྒོད་པོ་མཐོང་དུས།འཕྲུལ་སྣང་ལྟ་བུའི་མི་ཚེ་ནི་འཇའ་ཤར་བ་བཞིན་དུ་སྐད་ཅིག་ཉིད་ལ་མེད་འགྲོ་བར་སྣང་བས།གཤིན་པོའི་ཆེད་དུ་ཁ་ནས་མ་ཎི་ཡིག་དྲུག་རེ་འདོན་སྲིད།ཡིན་ནའང་དེ་རིང་ཚང་མས་སྡེ་དཔོན་གྱིས་ཨུ་ཚུགས་བྱེད་པ་མ་གཏོགས།གནམ་ནས་བྱ་ཚོགས་ཞིག་འཁོར་བ་རྩ་བ་ཉིད་ནས་ཡིད་མི་ཆེས་པས།གལ་ཏེ་ལ་ལས་མགོ་བོ་བཀྱགས་ནས་མདུན་རེའི་རྩེ་རུ་བལྟས་ཡོད་ཀྱང་།དེ་ནི་ཁོའི་རྩིང་སྤྱོད་དེ་ལ་འཕྱ་དམོད་དང་ཁྱད་གསོད་བྱེད་པ་ཁོ་ནའི་ཆེད་དུའོ།།
  ཉིན་དེར། དུས་ཚོད་ཕྱེད་ཀ་ཙམ་འགོར་མ་ཐག་མདུན་རིའི་རི་རྩེ་ནས་ཐང་དཀར་ཞིག་མིག་ལམ་དུ་མངོན་ཡོང་ལ། ཡུན་གྱིས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་།ཐང་དཀར་དེ་དག་དུར་ཁྲོད་དུ་བབས་ཏེ་ཕག་རོ་དེ་སྐད་ཅིག་ཉིད་ལ་ཟོས་ཚར་སོང་། ཕྱི་ཉིན།སྡེ་བའི་རྒྱབ་རིའི་ཟུར་གྱི་རལ་ཧྲུལ་དུ་གྱུར་བའི་དཀར་དམར་སེར་གསུམ་གྱི་དར་ལྕོག་དེ་དག་གི་ཁྲོད་ན་དར་ལྕོག་གསར་བ་ཞིག་བསླངས་ཡོད་ལ། རླུང་གི་རྒྱུ་བ་དང་བསྟུན་ནས་དར་ལྕོག་དེ་ཡིས་ལྷབ་ལྷུབ་ཀྱི་སྒྲ་བར་མེད་དུ་སྒྲོག་པ་ནི་གཤིན་པོ་མ་བརྗེད་ཟེར་བ་དང་གཉིས་སུ་མི་འདུག དེ་ནས་བཟུང་ཕག་མ་དེ་ནི་སྡེ་དཔོན་ཚང་གི་ཕ་རྒན་མཐོ་རིས་པོའི་རྣམ་ཤེས་རེད་ཟེར་བའི་བཤད་ཚུལ་ཞིག་ཀྱང་སྡེ་བའི་ནང་དུ་ཁྱབ་སོང་།

IMG_3173.JPG

                                                          གཟན་ཤམ་གྱོན་པའི་གཡག་རྭ།

             1

  ཉིན་དེའི་ཞོགས་པར་སྤྲའི་ཕྱི་རོལ་དུ་ཁ་བ་འབབ་བཞིན་པས།ང་སློག་རྙིང་ཞིག་གི་ནང་འཛུལ་ནས་ཉལ་རུང་།རུས་ལ་ཟུག་པའི་གྲང་ངར་ནི་སྡེར་མོ་ཅན་གྱི་གཅན་གཟན་ཞིག་དང་འདྲ་བར་སྦྲའི་སྒོ་ཚུབ་ཀྱི་སྲུབས་ནས་འཚང་བྱུང་བས། ངའི་ལུས་ཧྲིལ་བོར་རང་དབང་མེད་པར་འདར་སིག་ཞིག་བརྒྱབ།ངས་ཡང་ཡང་ཞུ་བ་བྱས་མཐར།ད་གཟོད་མལ་ལས་ལངས་གྲབས་བྱེད་པའི་ཨ་ཅེ་ཆུང་བ་ནི་ངའི་རུམ་དུ་འཛུལ་ནས་ང་ལ་ཉལ་རོགས་བྱས།ཡིན་ནའང་མོའི་ལུས་པོ་ནི་སྦྲུལ་འཁྱིལ་བ་བཞིན་སྒོང་སྒོང་བྱས་ནས་བསྐུམས་ཡོད་པས།ང་ལ་རྩུབ་རག་གི་ཚོར་བ་ཞིག་སྟེར་རུང་།མོའི་ཤ་དྲོད་མ་ཡལ་བའི་ལུས་ཀྱི་ལྡེམ་མྱུར་ནི་ངའི་རུམ་ནས་རྦ་རླབས་བཞིན་འཁྱོམས་པས།མལ་སའི་ནང་དྲོད་ཅིག་འཁྱིལ་བྱུང་།
  གློ་བུར་དུ་ཁ་བའི་འདབ་མས་བགོས་པའི་སྦྲའི་སྒོ་ཡོལ་ཧག་གེར་ཕྱེས་བས།ངེད་མིང་སྲིང་གཉིས་ཀྱིས་མགོ་ཡར་བཀྱགས་ནས་བལྟས་བ་ན།ཨ་མ་ནི་རླུང་ནག་འཚུབ་མ་ཞིག་དང་འདྲ་བར་མལ་སའི་ཕྱོགས་སུ་བརྒྱུགས་ཡོང་སྟེ་སྐད་ཅིག་དེ་ཉིད་ལ་མོས་རི་བོང་གླག་གིས་བཟུང་བ་ལྟར་ཨ་ཅེ་ཆུང་བ་ངའི་རུམ་ནས་དྲུད་སོང་།ངས་མགོ་བོ་སློག་པའི་ནང་དུ་བཅུག་ནས་ཡུན་རིང་ཞིག་ལ་གཞའ་བ་ལས་ཕྱི་རུ་བལྟ་མ་ཕོད།
  “འདྲེ་ཕྲུག་མ།ཁྱོད་འདི་ལྟར་ཉལ་ནས་བསྡད་ན།རྗེས་སུ་གནས་ལ་ཅི་ལྟར་འགྲོའམ།”
  “དོན་གྲུབ་ཀྱིས་ང་ཉལ་རོགས་སུ་བོས་པ་རེད།”
  “དོན་གྲུབ་གྲྭ་བ་བྱེད་རན་ཡོད།ཁྱོད་ཀྱིས་ཁོ་ལ་ཉེས་བ་འགེལ་ཆོག་གམ།”
  “ཨ་མ།ང་རེམ་མ་ཡར་ལངས་ཡོང་།”
  ང་མུན་ནག་གི་སློག་པའི་ནང་དུ་སྦས་ཀྱང་།ཡ་ཆུང་ཁོག་གི་སྙིང་ནི་ལུ་གུ་ལྡིང་ལྡིང་བྱེད་འོངས།སློག་པའི་མཆན་འོག་ན་ཁུང་བུ་ཞིག་ཡོད་པས།ངས་ཁུང་བ་དེ་ལས་ཕྱི་རུ་བལྟས་དུས།ཨ་མས་རྒྱུན་ཐག་གནམ་ལ་ཕྱར་ནས་ཨ་ཅེ་ཆུང་བའི་རྐུབ་ལ་ཡང་ཡང་དུ་བྲབས་པ་དང་།མོའི་དཀར་ཤ་རྒྱས་བའི་རྐུབ་ལ་སྔོ་ཤུར་གྱི་རི་མོ་འཐེན་སོང་།
ཨ་ཅེ་ཆུང་བ་ནི་ལོ་བཅུ་གཅིག་ཙམ་མ་གཏོགས་མིན་ཡང་།ཨ་མས་ནམ་རྒྱུན་མོ་ལ་སྡིགས་མོ་དང་རྡུང་རྡེག་བྱས་དོན་ཅི་ཡིན་ནམ།འཁང་ར་དང་འགྱོད་སྣང་འདྲེས་མའི་སེམས་འགྱུ་ཞིག་ངའི་ཡིད་སེམས་ནས་མེ་ཕུང་བཞིན་འབར་བྱུང་།ངས་མགོ་ཡི་ཕྱེད་ཀ་སློག་པའི་ཕྱིར་རུ་ཕུད་ནས་བལྟས་དུས།གཅེར་བུ་ལུས་བའི་ཨ་ཅེ་ཆུང་བས་བརྟོལ་ལྤག་གིས་བཟོས་བའི་སློག་རྙིང་དེ་གྱོན་ནས་སྐ་རགས་འཆིང་བཞིན་པའི་སྐབས།ཨ་མས་མོའི་སྐྲ་ཡི་ལན་བུ་ནས་འཇུས་ཏེ་སྒོར་དྲུད་སོང་།
  ཨ་ཅེ་ཆུང་བ་ངུ་ཤུམ་བྱེད་པའི་སྒྲ་དེ་ཡུན་རིང་ཞིག་ལ་ངའི་རྣ་ལམ་དུ་ཟུག་པས།ང་ལ་ཡང་འགྲམ་ལྕག་ཚ་བོ་ཞིག་གི་ཆད་པ་བཅད་པ་ལྟར།ང་ཡིད་མུག་མུག་གི་ངང་གན་རྐྱལ་དུ་ཉལ་རུང་།རང་གི་གཉོམ་ཆུང་ནུས་མེད་ཀྱི་གཤིས་ཀ་ལ་ཡིད་ཕམ་ཞིང་ཁོ་ཆད་པའི་སྣང་བ་བྱུང་།སྐབས་དེར་གློ་བུར་དུ་ངའི་ཡིད་ལ་ངའི་ཕུ་བོ་ཆུང་བ་དྲན་བྱུང་ལ།གལ་སྲིད་དེ་རིང་ངའི་འགྲམ་དུ་ཕུ་བོ་ཆུང་བ་ཡོད་ཚེ།ཁོ་ལོགས་སུ་བསྡད་ནས་ལྟད་མོ་མི་བལྟ་ཁོ་ཐག་ཡིན་བསམས་བྱུང་།
  ལོ་ཤས་སྔོན་དུ།ཡུལ་ཚོ་སྲིད་གཞུང་གིས་ཁྱིམ་ཚང་རེ་རེས་ནས་བྱིས་པ་ཞིག་སློབ་གྲྭར་མ་མངགས་ན་དངུལ་ཆད་གཅོད་བཞིན་པས།ཕུ་བོ་ཆུང་བ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ལ་འགྲོ་བཞིན་ཡོད།ཕུ་བོ་ཆུང་བ་སློབ་གྲྭ་སོང་རྗེས་ང་ནི་གྲོགས་མེད་ཁེར་རྐྱང་དུ་ལུས་པས།ནམ་རྒྱུན་ཁོ་དང་ལྷན་དུ་རྩེས་པའི་ཉིན་ཞག་དེ་དག་དྲན་ཡོང་།ངའི་ཨ་མས་ཀྱང་ཕུ་བོ་ཆེ་བར་ཆུང་མ་ཐེངས་གཉིས་བླངས་ཀྱང་ཕྱིར་བྲོས་ཟིན།གནད་ཀྱི་དོན་པོ་ནི་བུ་མོ་དེ་གཉིས་ལན་རུང་།རང་གི་བུ་ལ་ཡང་སྐྱོན་མེད་པ་ཞིག་གཏན་ནས་མིན།ཕུ་བོ་ཆུང་བ་གནས་སྐབས་སློབ་གྲྭར་འགྲོ་བཞིན་ཡོད་ཀྱང་།དོན་དངོས་དུ་ཆད་པ་མི་འཁུར་བའི་ཆེད་དུ་མ་གཏོགས།ཁོ་རང་ནི་ངེད་ཚང་གི་མ་འོངས་པའི་འཁོར་འཛིན་དུ་བརྗོད་ཡོད་པས།ནམ་ཞར་ཕུ་བོ་ཆུང་བ་རྒྱ་ལས་ཤོར་བའི་རི་དྭགས་བཞིན་སློབ་གྲྭ་མ་གྲོལ་གོང་ནས་ཕྱུགས་རར་སླེབས་ཡོང་ལ།ཡང་སློབ་གྲྭ་མ་འཚོགས་གོང་ནས་ཕྱུགས་ར་ནས་བྲོས་འགྲོ
  ཕུ་བོ་ཆུང་བ་སློབ་གྲྭར་སོང་མེད་པའི་སྔོན་དུ།ནམ་རྒྱུན་ང་ཁོའི་རུམ་དུ་ཉལ་བཞིན་ཡོད། ཁོ་ནི་བསྟན་གཤིག་ཚ་བོ་ཞིག་ཡིན་པས།ནམ་རྒྱུན་མལ་སའི་ནང་ནས་ང་ལ་མ་རབས་སྣ་ཚོགས་བཅོས་མྱོང་། སྐབར་རེ་ཁོས་སློག་པ་ངའི་མགོ་ལ་བཏུམས་པར་བྱེད་པ་དང་།རྐང་གཡུག་ལག་གཡུག་ཅི་ལྟར་བྱས་ཀྱང་དབུགས་ཆད་ལ་ཁད་བར་དུ་མི་གཏོང་།སྐབས་རེ་ཁོས་ང་ལ་རྡོག་ཐོས་གཞུས་ནས་སློག་པའི་ཐུ་སྣེར་དེད་རྗེས།སློག་པ་མགོ་ལ་བཀབ་ནས་འདུག་པས།ངས་མཐེ་བོ་གཉིས་བསྟན་ནས་ཞུ་བ་ཡང་ཡང་མ་བྱས་ཚེ་ཁོས་ང་ཉལ་དུ་མི་འཇུག མཚམས་རེར་ངས་སྐད་བརྒྱབ་སྟེ་ཨ་མར་ཞུ་གཏུགས་བྱས་ཀྱང་།ཁོས་སློག་པའི་ཐུ་སྣེ་ངའི་ཁ་ནང་བརྫངས་ཏེ་སྐད་ཆ་ཤོད་དུ་མི་འཇུག སྐབས་རེར་སྦྲའི་ཕྱི་ནས་ཨ་མས་ང་ངུ་བཞིན་པ་ཐོས་ཏེ།རྒྱུན་ཐག་ཅིག་བཟུང་ནས་ཕུ་བོ་ཆུང་བར་བྲབས་ཀྱང་།ཁོ་ནི་སྤྲེའུ་ཕྲུག་ཞིག་དང་འདྲ་བར་ཚ་ཐབ་སྟེང་དུ་ཡར་ལྡིང་མར་ལྡིང་བྱས་པས།ཨ་མ་ལའང་ཐབས་ཟད་ནས་ཕྱིར་བུད་འགྲོ།
  ཡིན་ནའང་།ཐེངས་ཤིག་ངའི་ཕུ་བོ་ཆུང་བ་བསྟན་བཤིག་ཚད་ལས་བརྒལ་དྲགས་ཏེ།ཨ་ཁུ་སྟོན་པ་ཇོ་མོའི་དགོན་དུ་ཕྱིན་པའི་གཏམ་རྒྱུད་འཁྲབ་པ་ཡིན་ཟེར་ནས།རྩིད་སྐུད་ཕྲ་མོ་ཞིག་གིས་ངའི་ཕོ་མཚན་ལ་མདུད་པ་བརྒྱབ་ཅིང་སྣེ་མོ་འཕོངས་ཚོས་ནས་ལྟག་རྒྱབ་ཏུ་དྲངས་ཏེ་མཇིང་བར་བཏགས་པ་དང་།ཇོ་མོར་བརྫིས་བ་ཨེ་འདྲ་བལྟ་ཟེར་ནས་ཁོ་རྐན་རྐྱལ་དུ་ལོག་ཏེ་ང་ཁོའི་སྟེང་ནས་ཡར་ལྡིང་མར་ལྡིང་བྱེད་དུ་བཅུག སྟབས་མ་ལེགས་པར་མདུད་པ་དམ་དྲགས་ཏེ་ངའི་ཕོ་མཚན་ལ་རྨ་བཟོས་པས།ཨ་མས་ཕུ་བོ་ཆུང་བ་ལ་གཅར་རྡུང་བྱེད་པའི་སྐལ་ཨ་ཕར་བྱིན་པ་དང་།ཨ་ཕ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་སྟེ།ཕུ་བོ་ཆུང་བ་ལ་གཅར་རྡུང་ཡིད་ཀྱིས་མི་བཟོད་པ་ཞིག་བྱས་མཐར།ཨེན་ཙམ་མིན་ན་ཁོ་དབང་བོ་ཤོར་ནས་བརྒྱལ་ལ་ཁད་བྱས་སོང་།
  དུས་ཡུན་ཅི་ཙམ་འགོར་བ་མ་ཤེས་རུང་།མ་ཉེས་ཁ་གཡོག་ཏུ་གྱུར་བའི་ཁོང་ཁྲོ་དང་བྲེད་ཤ་ལངས་བའི་བསམ་ཚུལ་ཞིག་གིས་ངས་ལུས་ན་བཀབ་པའི་སློག་རྙིང་ལ་རྡོག་ཐོས་བརྒྱབས་པས།ཁོབ་ཤིག་ཤིག་གི་སློག་རྙིང་འཐད་པ་ཡོད་མེད་ཀྱིས་ངང་ནས་ཚ་ཐབ་སྟེང་ནས་སར་ལྷུང་།དེ་མ་ཐག་ང་རང་གི་ལུས་ཧྲིལ་བོ་སྒོག་སྤག་བཤུས་པ་ལྟར་གཅེར་བུར་གྱུར་རུང་འཁྱགས་སྣང་ཅི་ཡང་ཡང་མེད་པས།ང་འདི་ལྟར་ཀན་རྒྱལ་དུ་ལོག་ནས་ཡུད་ཙམ་འགོར།
  མཚམས་ཤིག་ལ།གློ་བུར་དུ་སྤྲའི་སྒོ་ཡོལ་གྱི་ཕྱེད་ཀ་ཧུ་རེ་ཕྱེས་བས། ངས་ཐོད་པ་ལ་མདུད་པ་ཞིག་བརྒྱབ་ནས་མགོ་ཡར་བཀྱགས་ཏེ་བལྟས་ཚེ།ཕུ་བོ་ཆེ་བའི་གདོང་ན་རྔུལ་ནག་གི་ཐིགས་པ་འཛར་བཞིན་གསོ་སྒྱེ་ཞིག་འཁུར་ཏེ་སྦྲའི་སྒོ་སྲུབས་ནས་ནང་དུ་ཡོང་།ཁོའི་རྗེས་སུ་ཨ་མས་ཀྱང་དབུགས་འཚང་བཞིན་སྦྲ་ནང་དུ་འཛུལ་བྱུང་།སྦྲ་ནང་དུ་ཡུང་མ་བླུགས་པའི་སྒྱེ་འགའ་གཡས་འགྱེལ་གཡོན་ལོག་བྱས་ཡོད་གཤིས།ཕུ་བོ་ཆེ་བས་ཡར་ལྟ་མར་ལྟ་བྱས་ཀྱང་རྒྱབ་ཀྱི་གསོ་སྒྱེ་ཕོག་སའི་གནས་ཤིག་མ་རྙེད།གསོ་སྒྱེ་ནི་ཐང་ཆད་པའི་མི་རྒན་ཞིག་དང་མཚུངས་བར་ལྡིག་སྒྲ་དང་བཅས་སར་འཕངས་སོང་།དེ་ནས་ཕུ་བོ་ཆེ་བ་དང་ཨ་མ་གཉིས་ཡང་བསྐྱར་འཚུབ་ཆ་ཉིལ་ལེར་སྦྲའི་ཕྱི་རུ་བུད་སོང་བས།ཁོ་གཉིས་ཀྱི་ཤུལ་ན་ཁ་བའི་འདབ་མ་ནི་ཞོ་གསར་ལྟར་ག་ས་གར་སྤུངས་ཡོད།
  མོ་འགྲོ་ཁར་ང་གཅེར་བུར་ཉལ་ཡོད་པ་མཐོང་པས།ཁ་ཕྱིར་འཁོར་ནས་“དེ་རིང་གནམ་ཟླ་འཁྱགས་པས། མྱུར་དུ་ཡར་ལོངས་ལ་སློག་པ་ཁོན།འཆམ་པ་ཕོག་རྒྱུ་རེད།”ཅེས་ཟེར་བ་དང་།གོམས་ལོབས་ལྟར་སྦྲའི་ཀ་རའི་སྟེང་དུ་བཀལ་ཡོད་པའི་ཀོ་ཁུག་དེའི་ནང་ནས་ཤ་སྐམ་རྡོག་ཅིག་ངའི་སྔས་འགྲམ་དུ་གཡུགས་བྱུང་།དེ་ནས་མོས་སྦྲའི་ཕྱི་རོལ་ནས་སྒོར་ཡོལ་དམ་པོ་སུམ་རྗེས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རྒྱང་བསྐྱེད་སོང་།
  སྦྲའི་ནང་དུ་དབུགས་རྒྱུན་ཆད་པ་ལྟར་ལྷིང་འཇགས་སུ་གྱུར་།ང་རང་འདི་འདྲའི་ལྷང་འཇགས་ལ་སྔར་ནས་ཆ་རྒྱུས་ཡོད་ཀྱང་།དེ་རིང་གི་ལྷིང་འཇགས་འདིའི་ནང་དུ་རྒྱུན་ལྡན་མ་ཡིན་པའི་མཁའ་དབུགས་ཤིག་གིས་ཡོངས་སུ་ཁྱབ་ཡོད་པས།ངས་མཚར་སྣང་གི་མིག་ཟུང་རང་དབང་མེད་པར་གསོ་སྒྱེའི་ཕྱོགས་སུ་བསྐོར།གསོ་སྒྱེ་འདིའི་ནང་དུ་ཅི་ཞིག་བཅུག་ཡོད་དམ། ཡུང་མ་ཡིན་ནམ།ཡུང་མ་ནི་རགས་ཅིང་ཆུང་ལ་དབྱིབས་ནི་སྒོར་མོ་ཡིན་པས་འདི་འདྲའི་འབར་འབུར་མང་དོན་ཅི་ཡིན་ནམ། དེ་ན་ཨོང་སྐམ་ཡིན་ནམ།ཨོང་སྐམ་ཡིན་ཡང་སྒྱེ་ཁུག་ནང་དུ་བླུགས་ནས་སྦྲའི་ནང་དུ་འཇོག་དགོས་དོན་མི་འདུག གང་ལྟར་ངས་ཅི་ལྟར་འདང་བརྒྱབ་ཀྱང་། གསོ་སྒྱེའི་ནང་དུ་བཅུག་པ་དེ་ཅི་ཞིག་ཡིན་པ་གཏན་ནས་ཤེས་མ་བྱུང་།
  ལྐོག་གྱུར་གྱི་གསོ་སྒྱེའི་ཐད་ང་ལ་འགོག་ཏུ་མེད་པའི་མཚར་སྣང་ཆེན་པོ་ཡོད་རུང་།ལུས་ཀྱི་འབུ་ཕྲ་ཁྲི་སྟོང་གིས་དེད་པའི་ཟ་རྔམ་གྱིས་ངའི་མཚར་སྣང་ལ་ཁ་ལོ་ཡོངས་སུ་བསྒྱུར།ནམ་རྒྱུན་ངས་ཁྲ་གླག་བཞིན་ཨ་མས་ཀ་རའི་སྟེང་ན་བཀལ་ཡོད་པའི་ཤ་སྐམ་གྱི་ཕྱོགས་ལ་རྐུན་ལག་བསྲིངས་བ་ཡིན་མོད་།ཡིད་ཕངས་ཞིག་ལ།ཨ་མས་ཀོ་ཁུག་ཐེད་པོ་དེ་ཀ་རའི་མཐོ་སར་བཀལ་བས།ངས་རྐུན་ལག་ཅི་ལྟར་བསྲིངས་ཀྱང་ཟིན་ཐབས་བྲལ།དེ་བས་ང་བྱ་ཚང་ནང་གི་བྱེའུ་ཆུང་དམར་འབྱར་དེ་དག་དང་འདྲ་བར་ཨ་མས་ཤ་སྐམ་སྟེར་བར་ངང་སྒུག་བྱེད་པ་ལས་ཐབས་གཞན་མེད་དོ།
  ངས་ཤ་སྐམ་གྱི་ཕྱེད་ཀ་ཟོས་ཚར་རུང་ལྟོ་བ་ད་དུང་འགྲང་མ་བྱུང་།ཡིན་ནའང་དེ་རིང་ཨ་མས་ང་ལ་བྱིན་པའི་ཤ་སྐམ་ནི་དུས་རྒྱུན་ལས་ཅུང་ཆེ་བས། ངས་སློག་པའི་ནང་ནས་མགོ་བོ་ཡར་བཏེགས་ནས“ཨ་ཅེ།ཤ་སྐམ་བཟའ་འདོད་དམ།”ཞེས་སྐད་བརྒྱབ་པ་ན།སྦྲའི་ཕྱི་རོལ་འཇམ་ཐིང་ངེར་ཡོད་པ་ལས་ཨ་ལན་སྟེར་མཁན་ཅི་ཡང་མེད།མཚམས་ཤིག་ལ།སྦྲའི་རྒྱབ་ཕྱོགས་ནས་ཁྱི་རྒན་འབ་བྱུང་ལ།ཆད་མ་མཐུད་ཀྱི་འབ་སྒྲ་ནི་ཅི་ཞིག་ལ་མྱ་ངན་བྱེད་པ་ལྟར་སྐྱོ་གདུང་གིས་ཁེངས་ཡོད་པས།ང་རང་སུན་པོ་བྱུང་བས།ཨ་ཅེ་ཆུང་བ་བོས་བར་འགྱོད་པ་སྐྱེས་བྱུང་།
  ངས་སློག་པའི་ནང་ནས་ཤ་སྐམ་ཟོས་ཀྱང་།ཁྱིའི་འབ་སྐད་གཉོམ་པོ་དེ་དང་བསྡོངས་ནས།ཡུན་གྱིས་རྨི་ལམ་གྱི་ཞིང་ཁམས་ཉུག་སོང་།རྨི་ལམ་དུ།ཨ་ཅེ་ཆུང་བ་ལྷས་ར་ན་ཡོད་ཅིང་མོས་ང་ལ་“ཁྱོད་ཀྱིས་ང་གཅར་རྡུང་བྱེད་དུ་བཅུག་པས།ངས་ཁྱོད་རང་དགར་མི་བསྐྱུར་ཁོ་ཐག་ཡིན།”ཅེས་ཟེར་བ་དང་།ངས་སློག་པ་གྱོན་ནས་ཁ་བའི་འདབ་མ་ལྷབ་ལྷུབ་དུ་འབབ་པའི་སྦྲའི་ཕྱི་རོལ་དུ་ཡོང་དུས།ཨ་ཅེ་ཆུང་བས་ལྷས་ར་ན་བཞོན་མ་འཇོ་བཞིན་ཡོད་ལ།ཁ་བའི་མེ་ཏོག་གིས་བརྒྱན་པའི་ལན་བུ་གཉིས་མོའི་ཕྲག་སྟེང་དུ་འཕྱང་ཞིང་།མིག་མཐའ་ཡི་མིག་ཆུ་ད་རུང་ཕྱིས་མེད་པ་དང་།མོའི་ངོ་མདངས་རྦད་དེ་ཤོར་འདུག ངས་“ཨ་ཅེ་ཆུང་བ།བཟའ་མི་ཚང་མ་གང་དུ་བུད་སོང་།”ཞེས་དྲིས།
  “ཁྱོད་ཀྱིས་མ་མཐོང་ངམ།”ཨ་ཅེ་ཆུང་བས་ཐོད་པ་མཛོ་མོའི་གསུས་པར་གླན་ནས་དེ་སྐད་ཟེར།
  “ཅི་ཞིག”ངས་ཐེ་ཚོམ་གྱིས་དྲིས།
  “ཨ་མ་དང་ཕུ་བོས་ཁུར་ཡོང་བའི་གསོ་སྒྱེ་དེ།”ཨ་ཅེ་ཆུང་བས་མཆུ་ཡིས་སྦྲའི་ཕྱོགས་དེ་བསྟན་བྱུང་།
  “མཐོང་བྱུང་།དེའི་ནང་དུ་ཅི་ཞིག་ཡོད་དམ།”ངས་མཚར་སྣང་གིས་དྲིས།
  “ཁྱོད་ཀྱིས་ཁ་ཕྱེ་དང་མི་ཤེས་སམ།”ཨ་ཅེ་ཆུང་བས་ནན་ཏན་གྱིས་ལན་བཏབ་བྱུང་།
  ལྷས་རའི་ནང་གི་ཁ་བའི་འདབ་མ་མུ་མཐུད་དུ་འཕུར་ལྡིང་གི་གར་ལ་རྩེན་པ་དང་།ད་སོ་མ་ལངས་བའི་ཕྱུགས་རྣམས་འགུལ་ན་འདོད་མི་འདོད་ངང་ཡོད་དེ།་རྒྱབ་ཀྱི་ཁ་བ་འབོལ་གདན་དང་འདྲ་བ་དག་རིམ་གྱིས་ཞུ་བཞིན་མཆི།ང་ནི་ཁ་བའི་འདབ་མ་ཞིག་དང་འདྲ་བར་ལན་རེར་བར་སྣང་ཁམས་སུ་འཕུར་བ་དང་ལན་རེར་སར་ལྷུང་བས།གལ་ཏེ་ཨ་ཅེ་ཆུང་བས་བཞོན་མ་འཇོ་བའི་སྒྲ་སྣ་ལམ་དུ་གྲགས་པ་མིན་ན།ང་སྔ་མོ་ནས་ཆུ་ཐིགས་ཤིག་གམ་མཁའ་དབུགས་སུ་གྱུར་ནས་འཇིག་རྟེན་མི་ཡུལ་འདི་དང་བྲལ་ཟིན་པ་ཁོ་ཐག་རེད།ཨ་ཅེ་ཆུང་བ་བཞོན་མའི་འོག་ནས་ཡར་ལངས་ཏེ།ང་ལ་ལྐོག་གྱུར་གྱི་མིག་བརྡ་ཞིག་བསྟན་བྱུང་བས།ངའི་མིག་གིས་ལྟ་ཕྱོགས་ཤིག་ལ།ཨ་ཅེས་བཞོས་ཡོད་པ་ནི་འོ་མ་མ་ཡིན་པར་ཁྲག་ཡིན་པས།མོའི་བཞོ་ཟོའུ་ཡི་ཁ་ཡང་ཁྲག་གིས་དམར་པོར་བསྒྱུར་འདུག།དེ་མ་ཐག་འཇིགས་ཡེར་བའི་སྣང་བ་ཞིག་ངའི་རྐང་བའི་མཐུལ་ནས་སྤྱི་གཙུག་བར་དུ་བརྒྱུགས།ངས་ལྷས་ར་ནས་གཡས་ལྟ་གཡོན་ལྟ་བྱེད་དུས།ལྷས་རའི་ནང་གི་གནག་ཕྱུགས་ལ་ལའི་རྐང་བ་བཅད་ཡོད་པ་དང་།ལ་ལའི་རྔ་མ་བཅད་པ།ལ་ལའི་མིག་འབྲས་ཕྱིར་བཏོན་འདུག་པས།དམྱལ་བའི་ཡུལ་དུ་བསླེབས་པ་ལྟར་མིག་ལམ་གྱི་ཡོད་ཚད་བལྟར་མི་བཟོད་པའི་ཚོད་དུ་གྱུར།ངེད་ཚང་གི་མིང་ལ་དོན་གྲུབ་ཟེར་བའི་གཡག་ཚེ་ཐར་ངའི་ཕྱོགས་སུ་ངུར་ནས་བརྒྱུགས་ཡོང་རུང་།ཁོའི་མགོ་ཡི་རྭ་ཆག་ཅིང་མིག་ཟུང་ལས་ཁྲག་བཞུར་བཞིན་འདུག་པས། ང་སྐྲག་ནས་“ཨ་ཅེ། དོན་གྲུབ་གྱི་རྭ་ཆག་ཡོད།”ཅེས་ཟེར་བཞིན་ངུ་ཤུམ་བྱས།
  བལྟས་བལྟས་རིག་རིག་ལ་ཨ་ཅེ་ཆུང་བ་ཡི་མགོ་ལ་རྭ་སྐྱེས་ཤིང་འཕོངས་སུ་རྔ་མ་ཞིག་སྐྱེས་པ་དང་།རྐང་ལག་སུག་བཞིར་གྱུར།མོས་ང་རྒྱབ་ལ་ཁུར་ནས་རླུང་ནག་འཚུབ་མ་ཞིག་དང་འདྲ་བར་ནགས་ཚལ་སྟུག་པོ་ཞིག་བརྒྱུད་ནས།མཐར་གྲོག་རོང་ཞིག་ཏུ་བསླེབས།གྲོག་རོང་གི་ནང་ཀུན་ཏུ་གཟན་ཤམ་གྱོན་པའི་གཡག་རྭ་མང་བོ་ཞིག་འཚང་ཁ་རྒྱག་གིན་ཡོད་ལ།གཡག་རྭ་དེ་དག་མཚམས་རེར་དེའུ་འབུར་ཞིག་དང་འདྲ་བར་ཕྱོགས་གཅིག་ཏུ་འདུས་ཡོད་པ་དང་།མཚམས་རེ་སྐར་མདའ་རེ་དང་འདྲ་བར་རང་སར་ཆད་འགྲོ གློ་བུར་དུ་གཡག་རྭ་ཞིག་གིས་ངའི་ཁ་ལ་བསྣུན་པས།ངའི་ཁ་ནང་ནས་ཁྲག་དམར་བར་མེད་འཛར་བྱུང་བ་དང་།ངས“ཨ་ཅེ།ངའི་ཁ་རུ་ཁྲག་བཞུར་གྱིན་ཡོད།”ཅེས་སྐད་ངན་ཤོར།
  ང་སྐྲག་སྔངས་ཤིག་གིས་གཉིད་ལས་སད་དུ་བཅུག་ཅིང་ལག་པས་ཁ་ལ་རེག་དུས་།ཁ་ནང་དུ་ད་དུང་ཤ་སྐམ་ཅུང་ཟད་ལུས་ཡོད་ལ།ཁ་ཆུ་ཡིས་སྔས་མགོ་ཡང་བརླན་པར་བྱས་འདུག།ངས་མགོ་བོ་ཡར་བཏེགས་ཏེ་སྦྲའི་ནང་དུ་བལྟས་པ་ན།མིག་ལམ་གྱི་དངོས་པོ་ཡོད་དོ་ཅོག་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད། སྦྲའི་ཕུགས་སུ་སྟག་པ་འགའ་འཕྲེད་དུ་བཞག་པའི་སྟེང་ན་སྣོད་ཆས་འགའ་བརྩིགས་ཡོད་ལ།ལྕགས་རྩི་དམར་བོ་བྱུགས་པའི་ཤིང་སྒམ་སྟེང་ཤོག་སྒམ་གྱིས་བཟོས་བའི་མཆོད་ཁང་ཆུང་ངུ་དེ་རུ།ད་དུང་མཆོད་མེ་དམར་ལྷབ་ལྷུབ་འབར་བཞིན་འདུག ཐབ་ཀའི་འགྲམ་ན་དཀར་གཡོལ་འགའ་ཡོད་པ་ཆང་གིས་བཟི་བ་ལྟར་གཡས་འགྱིལ་གཡོན་ལོག་གིས་འདུག་ལ།གོ་ཁའི་ཆབ་ལྟོ་དང་བཞོ་ཟེའུ་འགའ་བོས་གཟུགས་རིང་ཐུང་འགྲན་པ་ལྟར་རང་རང་ས་རུ་ལངས་ནས་ཡོད། ཆ་མི་འགྲིག་པའི་ལྷམ་དེ་དག་ཚ་ཐབ་ཀྱི་སྔས་ཤིང་འོག་ན་འཚང་ཁ་རྒྱག་པ་ལྟར་མཆིས།

             2

  ཉིན་གསུམ་གྱི་རྗེས་ནི་གནམ་གང་རེད།མ་གཞི་དེ་རིང་ཞོགས་པར་ངའི་ཨ་ཕ་དགུན་སར་སོང་ནས་ལོ་གསར་གྱི་ཅ་ལག་འགའ་ལེན་རྩིས་ཡོད་མོད།ཡིན་ནའང་དོ་ཆའི་སྟེང་གི་ཏ་ལེན་དེ་ད་དུང་དེ་གར་ཡོད་པ་མཐོང་བས།ངས་ཨ་ཕ་ད་རུང་སོང་མེད་པ་ཤེས་སོང་།གོ་ཐོས་ལྟར་ན་ལོ་ལྔ་དྲུག་ཙམ་ཡིན་དུས།ཏ་ལེན་ནང་དུ་ཤིང་ཏོག་སོགས་བཅུག་ནས་ཕྱུགས་རར་ལོ་གསར་ཅ་ལག་སྐྱེལ་དུས།ངས་ང་ཕྱུགས་རར་ལོ་སར་དུ་འགྲོ་རྒྱུ་ཡིན་ཟེར་ནས་ངུས་པས།བཟའ་མི་ཚོས་ཉིན་མ་འགའ་འགོར་རྗེས་ཤིང་ཏོག་བཟའ་ཆོག་པ་རེད་ཅེས་བརྗོད་ཀྱང་ངས་མི་ཉན་ཟེར།
ང་ལ་མཚོན་ན་ལོ་སར་སྐབས་ཀྱི་ཟས་རིགས་དག་ལ་ཟ་འདོད་ཀྱི་རེ་བ་ཆེན་པོ་ཡོད།ཨ་ཕ་ལོ་སར་ཅ་ལག་ལེན་དུ་མ་སོང་བར་གཞིགས་ན།དེ་ནི་ལྐོག་གྱུར་གྱི་གསོ་སྒྱེ་འདི་དང་འབྲེལ་བ་ངེས་ཅན་ཡོད་འདོད་བྱུང་།ངས་མི་འདོད་པའམ་འཁང་རའི་ཚུལ་གྱིས་ལྐོག་གྱུར་གྱི་གསོ་སྒྱེ་དེ་ལ་ཡང་བསྐྱར་ཐེངས་གཅིག་བལྟས་བས་ན།གསོ་སྒྱེ་དེ་ནི་ངལ་གསོ་བའི་ལམ་འགྲོ་བ་ཞིག་དང་འདྲ་བར་སོས་དལ་ངང་ཡུང་མའི་སྒྱེ་ཁུག་བར་དུ་གསལ་ལེར་བདོག
  ཡིན་ནའང་དེའི་ནང་དུ་ཅི་ཞིག་ཡོད་པ་ད་དུང་གསལ་བོ་མི་ཤེས་པས།ཉེར་སར་བཅར་ནས་ལག་ཉོབ་ཅིག་བྱས་ཚེ་གསོ་སྒྱེའི་ནང་དུ་ཆབ་རོམ་དུ་གྱུར་བའི་དངོས་པོ་མཁྲེག་པོ་ཞིག་ཡོད་པ་ཚོར་བྱུང་།དེ་ནས་གསོ་སྒྱེ་ཡི་ཁ་ཕྱེ་སྟེ་བལྟ་འདོད་ཅིག་སྐྱེས་རུང་།ཞོགས་པར་ཨ་མས་ཨ་ཅེ་ཆུང་བ་གཅར་བ་དྲན་པས་ལུས་ལ་སྔངས་འདར་ཞིག་བརྒྱབ།
  ད་སོ་མའི་རྨི་ལམ་དེ་ཁྱད་མཚར་ལ་དགོད་བྲོ་བ་ཞིག་ཡིན་ཡང་།རྨི་ལམ་ནང་གི་གཟུགས་བརྙན་དེ་དག་ཤིན་ཏུ་གསོན་ཉམས་དོད་པ་ཞིག་ཡིན་པས།མིག་ཟུང་བཙུམས་ཡོད་ཀྱང་དྲན་པའི་ཡོལ་ངོས་སུ་རྨི་ལམ་དེ་གསལ་ལྷང་ངེར་འཆར་ཡོང་།ངའི་ཡིད་ལ་རྨི་ལམ་ནང་དོན་གྲུབ་ཀྱི་རྭ་ཅོ་མེད་སོང་བས་དེ་ནི་ཅི་མ་ཉན་པ་རེད་ཨང་སྙམ་བྱུང་།
  དོན་འགྲུབ་དང་ངེད་གཉིས་ན་ཟླ་ཡིན།འགན་གཙང་ལེན་བྱས་པའི་ལོ་དེར།དོན་འགྲུབ་ནི་ཡ་རུ་ཞིག་ཡིན་ལ་ངེད་ཚང་ལ་ཐོབ།ངས་ཁོ་མཐོང་མ་ཐག“ཧི་ཧི་ཧི”་ཟེར་བཞིན་བགད་པས།ཨ་མས་“གླེན་ཕྲུག་དགོད་རྒྱུ་ཅི་ཡོད་”ཟེར་བས།ངས་ཡ་རུ་དེར་མཛུབ་མོ་བཙུགས་ནས་ང་ལ་བགོས་བ་རེད་ཅེས་བརྗོད་མ་ཤེས་བར་“ཀན་ང་རེད།”ཅེས་བཤད་པས།ཨ་མས།“གླེན་ཕྲུག དེ་ནི་ཁྱོད་མ་རེད།ཡ་རུ་རེད།”ཅེས་རྩེད་མཚར་བྱས་མྱོང་ཟེར།ཨ་མས་དེ་ལྟར་རྩེད་མཚར་བྱས་ཀྱང་།དུས་དེ་ན་བཟུང་ངེད་གཉིས་ཀྱི་བར་ལ་གསང་བའི་འབྲེལ་བ་ཞིག་ཆགས་ཟིན་པས།བཟའ་མི་ཚོས་ཡ་རུའི་མིང་ལ་ཡང་དོན་གྲུབ་ཞེས་ཟེར་བས།ངེད་གཉིས་ཀྱི་མིང་ཡང་གཅིག་ཏུ་གྱུར།
  ཐག ཐག ཐག——
  སྦྲའི་ཁ་ཚུབ་ནང་གི་ཁ་བ་ཞུ་ནས་ཆུ་ཐིགས་སུ་གྱུར་པ་དང་།ཆུ་ཐིགས་ཐབ་མདོ་རུ་བྲུས་པའི་མེ་རོའི་སྟེང་ལ་ཟགས་པས་ན།ཐོག་མ་སྒྲ་ནི་དལ་ཞིང་སྙན་འགྱུར་ལྡན་པ་ཞིག་ཡིན་ཡང་།ཆུ་ཐིགས་ཇེ་མང་དུ་སོང་བ་དང་བསྟུན་ནས།སྒྲ་ཇེ་མགྱོགས་སུ་ཕྱིན་པ་དང་འགྱུར་ཁུགས་ཀྱང་དོ་མི་མཉམ་པ་ཞིག་རུ་གྱུར།
  ངས་སློག་པ་མགོ་ལ་བཏུམས་ནས་ཉལ་ཡང་།གཉིད་ལྡོག་མི་ཐུབ་པར་མ་ཟད།ཡལ་ཟིན་པའི་རྨི་ལམ་དེ་ཡང་རྙེད་མ་ཐུབ།ང་སེམས་འཚབ་པ་དང་ཕོ་བ་ལྟོགས་པ་ལ།ཡང་གར་ཡོང་མི་ཤེས་བའི་སྔངས་སྐྲག་དང་ཁོང་ཁྲོ་ཞིག་གིས་ཡང་བསྐྱར་སློག་རྙིང་དེ་ལ་རྡོང་ཐོས་གཞུས་པས་ན།རྐང་བའི་མཛུབ་མོ་སློག་པའི་མཆན་འོག་གི་ཁུང་བུ་དེའི་ནང་ཤོར་པས།སློག་པའི་སྟེང་ངའི་མགོ་བོ་ལས་ཀྱང་ཆེ་བའི་ཁུང་བུ་ཞིག་བརྟོལ་སོང་།
  དེ་མ་ཐག་ཨ་ཕའི་སྟོབས་ཀྱིས་ཕྱུག་ཅིང་རྩ་མདུད་བརྒྱབ་པའི་ཁུ་ཚུར་དྲན་བྱུང་ལ།སྐྲག་ནས་མིག་ཟུང་ཡང་འབྱེད་འཛུམ་བྱེད་མི་ཕོད་པར་ཡུད་ཙམ་ལུས།མ་གཞི་ང་ནི་ངེད་ཚང་གི་འབྱུང་འགྱུར་གྱི་གྲྭ་བ་བྱེད་མཁན་གཅིག་པུ་ཡིན་པས།ཆུང་དུས་ནས་ཨ་ཕས་ང་ལ་གུ་ཡངས་གཏོང་བར་བྱེད་ཀྱང་།ལོ་ཞིག་མཆོད་ཁང་ནང་ནས་མཆོད་རྫས་ཤིག་བརྐུས་ནས་ཟོས་པས།ཁོས་ངའི་མགོ་ལ་ལག་ཏུ་གང་ཡོང་གིས་བརྒྱབ་པས་རྨ་ཤུལ་བཟོས་ཤིང་།རྨ་ཤུལ་དེ་ད་དུང་ལུས་ཏེ་དབྱར་དུས་ཆར་བ་འབབ་སྐབས་རྨ་ཁ་ནས་ན་ཟུག་ལྡང་བར་བྱེད།
  ད་ནི་ཨ་ཕ་མ་ཡོང་བའི་གོང་ལ་སློག་པ་བཙེམ་རྒྱུ་ལས་ཐབས་མེད་པས།ང་ནི་ལྟོ་བཙལ་བཞིན་པའི་ཨབ་བྲ་ཞིག་དང་འདྲ་བར་དོ་ཆ་དང་ཉལ་སའི་ནང་ནས་ཨ་མའི་བཟོ་ཁུག་བཙལ་བཙལ་པས།མཐར་སྒྱེ་ཁུག་གི་བར་ནས་རྙེད་བྱུང་ཡང་།བཟོ་ཁུག་ནང་དུ་ཁབ་དང་རས་སྐུད་འགའ་མ་གཏོགས་མེད་པས།ངས་སྦྲའི་སྒོ་ཚུབ་ཀྱི་ཆ་རུའི་བར་ན་རྩིད་སྐུད་འགའ་བཏགས་ཡོད་པ་དྲན་པ་དང་།ཆ་རུའི་བར་གྱི་རྩིད་སྐུད་འགའ་བླངས་ནས་སློག་པའི་ཁུང་བུ་དེ་འཚེམ་ཁུལ་བྱས།
  སློག་པའི་སྟེང་གི་དྲུབས་ནི་ར་བཟི་བའི་མི་ཞིག་ཁ་བའི་ཁྲོད་སོང་བའི་རྐང་རྗེས་ལྟར་ཁྱར་ཁྱོར་ཞིག་ཡིན་ཡང་།ཁུང་བུ་ཡོངས་སུ་བསུབས་ཡོད་པ་རེད།ངས་མགོ་སློག་པའི་ནང་དུ་བཅུག་ནས་སྲུབས་ཀ་ཡོད་མེད་ལ་བལྟས་དུས།མ་བསམས་ས་ནས་ཁབ་ལེན་རྒྱུ་བརྗེད་དེ་ཁབ་རྩེས་མཇིང་བར་གཙགས་པས་ཁྲག་གི་ཆུ་མིག་བརྡོལ།མལ་སའི་ནང་ཁྲག་བཞུར་ན་རྣམ་རྟོག་མི་སྐྱེ་རང་སྐྱེས་ཡིན་པས།ངས་སློག་ཆུང་གཡང་ཤམ་བྱས་ནས་རྨས་ཕོག་པའི་ཤེའུ་ཞིག་དང་འདྲ་བར་གོ་ཁའི་ཡུང་མའི་སྒྱེ་ཁུག་སྟེང་དུ་བསྡད།
  གསོ་སྒྱེ་དེའི་ནང་གི་འཁྱག་རོམ་དུ་གྱུར་བ་དེ་ཡུན་གྱིས་ཞུ་ནས་ཁྲག་ཐིགས་ཡུང་མའི་སྒྱེ་མོའི་སྟེང་ལ་ཟེགས་པས།ད་ནི་ངའི་ལུས་ཀྱི་ཁྲག་དང་གསོ་སྒྱེའི་ནང་གི་ཁྲག་ཐིགས་ཡོངས་སུ་འདྲེས་བ་གྱུར་པ་ན།ངའི་ཡིད་ལ་འཇིགས་སྐྲག་ཅིག་སྐྱེས་ཤིང་གཅིན་གཏོང་འདོད་ཅིག་ཀྱང་སྐྱེས་ཏེ།སྦྲའི་སྒོ་ཡོལ་ཕྱེ་ནས་ཕྱི་རུ་མི་འགྲོ་ཀ་མེད་བྱུང་།
  ད་ལྟ་སྦྲའི་ཕྱི་རོལ་གྱི་ཁ་བ་འབབས་མཚམས་བཞག་ཟིན།ཡིན་ནའང་གནམ་ས་གཉིས་ནི་དཀར་བོང་བོང་གི་འཇིག་རྟེན་ཞིག་ཏུ་གྱུར་ཡོད་པས།གནམ་ནི་གང་ཡིན་པ་དང་ས་ནི་གང་ཡིན་པ།རི་ནི་གང་ཡིན་པ་དང་ལྗོན་པ་ནི་གང་ཡིན་པ་སོ་སོར་འབྱེད་མི་ཐུབ།འདྲེན་བྱེད་ཀྱི་ཡུལ་དུ་མངོན་པའི་དངོས་བོ་ཚང་མ་དཀར་བོའི་ཆོས་སུ་གྲུབ་པས།འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་དང་ཀུན་ནས་མཚུངས།།ངས་ཡང་ཤམ་བྱས་པའི་སློག་ཆུང་གི་ཐུ་སྣེ་ཡར་བཀྱགས་ནས།ལུས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ཏེ་གཅིན་པ་བཏང་རུང་།གཅིན་ཐིགས་ཙམ་ཡང་སར་འབབ་རྒྱུ་མེད་པས།ཁ་ནས་ཤུ་སྒྲ་འདེབས་བཞིན་ཡང་དང་བསྐྱར་དུ་བཙིར་ཅི་ཐུབ་བྱས་པས་ན།ད་གཟོད་དོན་ལྔ་སྣོད་དྲུག་གང་རུང་ཞིག་ནས་ཚ་ལམ་ལམ་གྱི་ཚོར་བའི་རྦ་རླབས་ཤིག་དང་ལྷན་དུ།འདོམས་ནས་མ་རྨོས་ལོ་ཏོག་གི་ཁུ་བ་ལྟར་སེར་བའི་གཅིན་པ་ཤག་སེར་ཤོར་སོང་ལ།གཅིན་པ་མདུན་གྱི་ཁ་བའི་ནང་དུ་བཏང་མ་ཐག་ནག་མེར་སེར་གྱུར་སོང་བ་དང་བསྟུན།བཅིངས་བ་ལས་གྲོལ་བའི་ཚོར་སྣང་ཞིག་གིས་ལུས་ཡོངས་བདེ་སྣང་གིས་ཁྱབ་པར་བྱས།
  ངས་ཁ་གདངས་ནས་“ཀི”ཞིག་བཏབ་ཀྱང་།ཁ་འགུལ་བ་མ་གཏོགས།སྒྲ་ཅུང་ཟད་ཡང་ཕྱི་རུ་མ་ཐོན།ངས་རང་ཉིད་རྨི་ལམ་སྒྱུ་མའི་ཞིང་ཁམས་སུ་ཉུག་བཞིན་ཡོད་དམ་སྙམ་ནས་ཁ་ཕྱིར་འཁོར་ཏེ་བལྟས་པ་ན། ངེད་ཚང་གི་རྒྱབ་རིའི་ལུང་ཤུར་དང་མདུན་རིའི་རི་སྒང་ཚང་མ་རེ་རེ་བཞིན་མིག་ལམ་དུ་འཆར་ཡོང་ལ།མདུན་རིའི་རི་སྒང་གི་ཤུག་སྡོང་གསེབ་ན་ཁ་བའི་ལྭ་བའི་བགོས་པའི་ནོར་ཁྱུ་དལ་གྱིས་འགུལ་བཞིན་པ་མཐོང་། ངས་ལྷས་ར་ནས་སྐོར་བ་ཐེངས་འགའ་བརྒྱབས་རུང་། ལྷས་རའི་ནང་དུ་ཕྱུགས་ཀྱིས་ལྕེ་བ་བཏང་བའི་སེར་ཞག་གི་འབུར་འབུར་རེ་མ་གཏོགས། ངའི་ཨ་ཕ་དང་ཨ་མ།ཕུ་བོ་ཆེ་བ་དང་ཨ་ཅེ་ཆུང་བ་སོགས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག
  ངས་དོན་དག་ཅི་ཞིག་བྱུང་ཡོད་པ་མ་ཤེས་བས།ལྷས་རའི་གཡོན་གྱི་དེའུ་འབུར་གྱི་མགོར་འཛེགས་ནས་བལྟས་བ་ན།དེའུ་འབུར་འོག་ནས་ལུང་བའི་ནང་དུ་འཐེན་ཡོད་པའི་ལམ་ཕྲན་དེའི་ནང་དུ་མི་ཡི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་རུང་།ཁ་བའི་ནང་དུ་རྐང་རྗེས་མང་བོ་ཞིག་འཐེན་ཡོད་པས།ངས་ལམ་ཕྲན་དེའི་ནང་ནས་སུ་ཞིག་མཐོང་འདོད་དེ་སྐེ་བསྲིངས་བ་ན།མི་ཡི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག མཚམས་འདིར་སྦྲའི་ལོགས་ནས་ཁྱི་རྒན་གྱིས་ངའི་ཕྱོགས་སུ་འབ་བྱུང་བས།དེ་ནི་ང་ལ་ཁྱོད་ཀྱིས་རང་ཉིད་གཅིག་པུ་རེད་མ་འདོད།ཁྱི་རྒན་ང་ཡང་ཁྱོད་ཀྱི་རོགས་སུ་ཡོད་ཟེར་བ་དང་གཉིས་སུ་མེད་ཀྱང་།ངས་མཇིང་བ་རུ་ཁྲག་བཞུར་བ་དེ་ཆབ་རོམ་དུ་གྱུར་བ་ཚོར་བས།ད་དུང་མུ་མཐུད་དུ་འདི་རུ་བསྒུགས་ནས་བསྡད་ན།ངེད་ཚང་གི་ནང་མི་ཡོང་དུས་ང་རང་ཆབ་རོམ་གྱི་མི་ཞིག་ཏུ་འགྱུར་ཉེན་ཆེ་སྙམ་ནས།གོམ་པའི་འདེགས་འཇོག་ཕྱིར་སྦྲ་ནང་དུ་བསྒྱུར།

            3

  ང་ཕྱིར་སློག་པའི་ནང་དུ་ཉལ་བས།ལུས་སེམས་གཉིས་ལ་དྲོད་སྣང་ཞིག་རྒྱས་མགོ་བརྩམས།ལུས་ཀྱི་དབང་རྩ་སླར་སོས་བྱུང་བ་དང་སྦྲགས་ནས་ཕོ་བ་ལྟོགས་ཏེ་རྒྱུ་མའང་ཚ་བཞིན་པ་གཞི་ནས་ཚོར།ཤ་སྐམ་གྱི་ཀོ་ཁུག་ནི་ཀ་རའི་མཐོ་སར་བཏགས་ཡོད་པས།ངས་སྦྲའི་ནང་ཕར་སློག་ཚུར་སློག་བྱས་ཏེ་བཟའ་རྒྱུ་བཙལ།བཟའ་རྒྱུ་ཅི་ཡང་མ་རྙེད་ཀྱང་དོ་ཆའི་གསེབ་ཅིག་ནས་ཁུག་མ་ཞིག་རྙེད།དེའི་ནང་དུ་གཟན་གཤམ་དང་སྟོད་འགག་སོགས་གྲྭ་ཆས་ཆ་ཚང་ཞིག་བཞག་ཡོད་པ་མཐོང་བྱུང་།
  ངས་ཆུང་དུས་ནས་རང་ཉིད་གྲྭ་བ་བྱ་དགོས་བ་ཤེས་ཡོད་པས།ལུས་ལ་གྲྭ་ཆས་གྱོན་པའི་གྲྭ་བ་མཐོང་ན་ཡིད་ནས་དུངས་བ་ཞིག་སྐྱེས་འོངས།ལོ་རེ་བཞིན་རུ་དབྱར་མཚེར་ལ་སྤོ་དུས།བྱིས་པ་མང་པོ་དང་ལྷན་དུ་རྩེ་བའི་གོ་སྐབས་ཡོད་པ་དང་།ངས་སྐབས་དེར་ལག་ཏུ་དབྱུག་པ་ཞིག་བཟུང་ནས་དགེ་བསྐོས་ཀྱི་ཟོལ་བསྟན་པས།རྩེད་རོགས་ཚོས་ཀྱང་ངས་ཅི་བཤད་དང་ལེན་བྱེད་ངེས།
ངས་གྲྭ་ཆས་བླངས་ཏེ་ལག་པས་ཕུར་ཕུར་བྱས་བཞིན་ཡང་དང་བསྐྱར་དུ་བལྟས།མཐར་གྲྭ་ཆས་ལུས་ལ་བགོས་ནས་ཚ་ཐབ་སྟེང་དུ་དགེ་བསྐོས་དང་ཁྱིམ་མཚེས་ཚང་གི་གྲྭ་རྒན་གྱོང་བོ་ཤེས་རབ་སོགས་ཀྱི་ལད་མོ་བྱས་པས།གྲྭ་ཆས་ཀྱི་གཟི་བྱིན་ལས་རང་ཉིད་ཀྱི་སྦོབས་པ་ཡང་ཇེ་ཆེར་ཕྱིན།ངས་མཆོད་ཁང་ནང་ནས་སེར་ཤ་ཆགས་པའི་ཁ་ཏོན་གྱི་དཔེ་ཆ་དེ་བླངས་ཤིང་ལུས་དཀྱིལ་དྲུང་དུ་བསྡད་ནས་མགོ་བོ་ཡོ་བཞིན་ཁ་ཏོན་འདོན།གར་ཡོང་མི་ཤེས་བའི་ཨབ་བྲ་ཞིག་གིས་ཚ་ཐབ་དང་ཐབ་ཀའི་བར་གྱི་སྒྱེད་ཤིང་སྟེང་ནས་མགོ་སིག་སིག་བྱེད་བཞིན་ང་ལ་ཅེར་ཡོད།ངའི་ལག་པའི་ནང་དུ་ཟ་ཕྲུག་ཞིག་ལངས་ཏེ།ལག་པ་གཡས་པ་ཤེད་ཀྱིས་བསྲིངས་ནས་འཛིན་ཐབས་ཤིག་བྱས་པ་ན།ཨབ་བྲ་སྒྱེད་ཤིང་གི་ཕ་སྣེར་ལྡིང་སྟེ་ངར་བལྟས་ཡོད་ལ།ཁ་མུར་མུར་བྱས་པ་འི་ཚུལ་ལ་བལྟས་ན“ཨ་ཕོ་ཁྱོད་རྩལ་ལ་མཁས་བ་མིན་ནམ།ང་འཛིན་དུ་ཤོག་ཡ།”ཟེར་བ་དང་གཉིས་སུ་མ་མཆིས།ངས་རང་ཉིད་གྲྭ་བ་ལ་ཞིག་ལ་བརྫིས་ཡོད་པ་དྲན་པས།མིག་ཟུང་བཙུམས་ནས་མ་རིག་ཁུལ་གྱིས་ཁ་ཏོན་འདོན་པའི་ཟོལ་བསྟན་ནས་བསྡད།
  ཡུད་ཙམ་འགོར་བ་ན།ང་ཐང་ཆད་དེ་ཅི་ལྟར་གཉིད་སོང་བ་ཡང་མ་ཤེས།རྨི་ལམ་ཁྲོད་དུ་ངེད་ཚང་གི་རུ་ནི་དབྱར་སའི་རི་སྒང་གི་ཁིས་ཀ་ཞིག་ན་ཡོད་ཅིང་།ངས་མགོ་བོ་སྦྲའི་སྒོ་ཚུབ་ནས་བསྲིངས་ཏེ་མིག་ཅེར་རེ་མདུན་ཕྱོགས་སུ་བལྟས་ནས་ཧད་ཡོད།གསེར་མདོག་གི་ཉི་འོད་ལས་རི་ལ་རྩེ་མེད་པ་དང་།སྡོང་ལ་འབྱིབས་མེད་པ།ཆུ་ལ་སྒྲ་མེད་པ་སོགས་མིག་ལམ་གྱི་འཇིག་རྟེན་ནི་གོང་བ་དང་ཐུ་སྣེ་མེད་པའི་ལྗང་མདོག་གི་ལྭ་རིང་ཞིག་དང་མཚུངས།གོ་ཟློག་པའི་སྣང་ཚུལ་འདི་ཡིས་ངའི་དབུགས་ཀྱི་རྒྱུ་བ་འགག་རུང་།འཚེར་སྣང་གིས་མི་བཟོད་པའི་གླགས་དེར་ངས་རིའི་འདབས་རོལ་ནས་ནག་ཐིག་ཅིག་འགུལ་བཞིན་པ་མཐོང་བྱུང་། ང་དེ་མ་ཐག་རྦབ་རྡོ་འགྲིལ་བ་བཞིན་རི་འདབས་སུ་ནག་ཐིག་ཅིག་འགུལ་སར་བརྒྱུགས་པ་ན།ཨ་ཕས་གུས་གུས་ཞུམ་ཞུམ་གྱིས་དོན་གྲུབ་ཀྱི་རྣ་ཐག་གིས་བཟུང་ནས་ཁྲིད་ཡོང་ལ།གོམ་གསུམ་སྤོས་མཚམས་ནས་ཕྱིར་མིག་གིས་ཐེངས་རེ་ལྟ་བཞིན་འདུག་པས།ཁོས་ཤ་རྒྱགས་པའི་གྲྭ་རྒན་ཤེས་རབ་དོན་གྲུབ་ཀྱི་རྒྱབ་ནས་ལྷུང་མི་འགྲོ་བར་སེམས་ཁུར་བྱེད་བཞིན་པ་དང་གཉིས་སུ་མེད།
  ལོ་ཤས་སྔོན་ངེད་ཚང་གི་ཁུ་བོ་སྐུ་གཤེགས་པ་ནས་བཟུང་།ལོ་རེའི་དབྱར་ཁ་ངེད་ཚང་དུ་ཁྱིམ་མཚེས་ཚང་གི་གྲྭ་རྒན་གྱོང་བོ་ཨ་ཁུ་ཤེས་རབ་གདན་དྲངས་ནས་བཅའ་བ་རིམ་གྲོ་སྒྲུབ་སྲོལ་ཡོད་པས།འདི་ནི་ངས་ལོ་ཧྲིལ་བོར་རེ་ལྟོས་བཅིང་ས་གཅིག་པུ་ཡིན།རྒྱུ་མཚན་ནི་སྐབས་འདིར་ང་ཨ་ཁུ་ཤེས་རབ་ཀྱི་མདུན་འདུག་པ་བྱེད་ཆོག་པས།ནམ་རྒྱུན་ཁ་ལ་མི་རག་པའི་ཤིང་ཏོག་དང་གྲོག་མ་འབྲས་སིལ་སོགས་ལོངས་སྤྱོད་ཆོག་པ་མ་ཟད། ཕ་མ་གཉིས་གཙོས་བའི་ནང་མི་ཚོས་ངའི་མདུན་དུ་ཕྱག་འཚལ་དུས།གཟི་བརྗིད་དང་ཡང་ན་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་ངའི་ལུས་ཀྱི་བ་སྤུ་གཡོས་ཤིང་ནང་སེམས་ནི་གཤོག་པ་ཐོགས་པའི་བྱ་རྒོད་བཞིན་འཕུར་ཞིང་ལྡིང་བ་བྱེད།
  ང་རླུང་ནག་འཚུབ་མ་བཞིན་དུ་ཨ་ཕ་དང་ཨ་ཁུ་ཤེས་རབ་གཉིས་ཀྱི་གམ་དུ་བརྒྱུགས་ཀྱང་།ཁོ་གཉིས་ཀྱིས་ང་ལ་མིག་ཟུར་ཞིག་གིས་ཀྱང་མ་བལྟས་པས།ང་ཡི་མུག་སྟེ་ཁ་ནས་ཨ་ཕ་དང་ཨ་ཁུ་ཤེས་རབ་གཉིས་ལ་ཡང་ཡང་བོས།ཡིན་ནའང་ཁོ་གཉིས་ཀྱིས་མ་མཐོང་བ་ལྟར་ཡེ་ནས་ཁ་ཡ་མི་བྱེད།དེ་ལས་ཕ་རིའི་བྲག་བར་ནས་ཨ་ཕ་དང་ཨ་ཁུ་ཤེས་རབ་ཟེར་བའི་བྲག་ཆ་ཡང་ཡང་དུ་གྲགས་ཡོང་།གློ་བུར་ཨ་ཕ་མཐོང་རྒྱུ་མེད་པར་གྱུར་ལ།དེ་ནས་ཨ་ཁུ་ཤེས་རབ་ཀྱང་རིག་རྒྱུ་མེད་པར་གྱུར།ཡིན་ནའང་ཨ་ཁུ་ཤེས་རབ་ཀྱི་གྲྭ་ཆས་ཚང་མ་དོན་གྲུབ་ཀྱི་རྒྱབ་ན་འགུལ་ཞིང་སྐྱོད་བཞིན་ཡོད་ལ།ངས་ཨ་ཁུ་ཤེས་རབ་ཀྱི་སྨད་གཡོགས་ལ་འཇུས་བས་ན།སྨད་གཡོགས་ཀྱང་གར་སོར་ཆ་མེད་དུ་གྱུར།སྟོད་འགག་གི་སྣེ་མོར་འཇུས་བས་སྟོད་འགག་ཀྱང་གར་སོང་ཆ་མེད་དུ་ཡལ།དེ་ནས་ངས་ཁོའི་རླུང་གིས་སྐྱོད་པའི་གཟན་ཤམ་ལ་འཇུས་པར།གཟན་ཤམ་ཡང་བར་སྣང་ཁམས་སུ་བཏེགས་སོང་།ངས་སྒྱུ་མ་མཁན་གྱིས་སྒྱུ་འཕྲུལ་བ་ལྟ་བུའི་སྣང་ཚུལ་འདི་མཐོང་མ་ཐག་ཅི་དྲན་འདི་དྲན་མེད་པར་དོན་གྲུབ་ཀྱི་རྔ་མར་འཇུས་པས། དོན་གྲུབ་ཡང་གར་སོར་ཆ་མེད་དུ་གྱུར་ལ།ཁོའི་མགོ་ཡི་རྭ་གཅིག་པུ་ལྷག་ཡོད།ངས་ལག་པ་བསྲིངས་ནས་གཡག་རྭ་ཨེ་ཟིན་ལ་བལྟས་ཚེ།གཡག་རྭས་ལྡིང་སྐོར་ཞིག་བྱས་རྗེས་བར་སྣང་ཁམས་སུ་ཡལ་སོང་བ་རྨིས་བྱུང་།
  སྐབས་དེར་ནམ་རྒྱུན་གཟན་ཤམ་གྱོན་པའི་གཡག་རྭ་ཞིག་ངའི་རྨི་ལམ་དུ་རྨི་བར་བྱེད་ཅིང་།ངས་འདི་ནི་རྨི་ལམ་ཡིན་པ་ལས་ངེས་བ་ཡོད་པ་མ་རེད་འདོད་དེ།དཔུང་བར་སོ་བཏབ་ནས་ཉམས་ཚོད་ཅིག་ལེན་དགོས་འདོད་ཀྱང་།ལུས་པོ་ནི་ཚོར་བ་བྲལ་བའི་བེམ་རོ་ཞིག་དང་འདྲ་བར་ཤེད་ཤུགས་གཏན་ནས་བཀོལ་མི་ཐུབ།ཡིན་ནའང་ངའི་འཕག་འཚག་གིས་གཟན་ཤམ་གྱོན་པའི་གཡག་རྭར་ཕོག་ཐུག་ཐེབས་པ་བཞིན།གཡག་རྭས་ང་ག་ས་གང་དུ་བདས་བྱུང་བས།ངས་ཁ་ནས་“ཨ་མ།”ཟེར་བཞིན་ཡར་འབྲོ་མར་འབྲོ་བྱས།
  “ང་ཨ་མ་མིན།ཨ་ཅེ་ཡིན།”
  སྐད་སྒྲ་དེ་ཡིས་ང་འཇིགས་ཡེར་བའི་རྨི་ལམ་དེ་ལས་སད་དུ་བཅུག་སོང་།རྔུལ་ཆུས་བརླན་པའི་མགོ་བོ་ཡར་བཏེགས་ཏེ་བལྟས་པ་ན།ཐབ་ཀའི་ནང་དུ་མེ་ལྕེ་ཚག་སྒྲ་དང་བཅས་འབར་བཞིན་ཡོད་ལ།རླངས་པ་ཐུ་ལུ་ལུ་བྱེད་པའི་སླ་ང་ནས་ཤ་དྲི་ཞིམ་པོ་ཞིག་སྣ་ལམ་དུ་འཛུལ་ཡོང་།ཨ་ཅེ་ཆུང་བས་ཐབ་ཀའི་འགྲམ་ནས་མགོ་ཡར་བཏེགས་ཏེ་“ཁྱོད་ཀྱིས་གྲྭ་ཆས་གྱོན་ཡོད་པ་ཅི་ཡིན་ནམ།”ཞེས་ཟེར་བཞིན་སེམས་ཁུར་གྱི་རྣམ་འགྱུར་བསྟན་བྱུང་།
  “ངས་ཀོ་སྒམ་ནང་ནས་བསློགས་པ་ཡིན།”ངས་ཨ་ཅེ་རིག་མ་ཐག་བྲེད་ཤ་ལངས་བའི་སེམས་ཅུང་ཟད་ལྷོད་དུ་བབས་ཀྱང་།སྐད་ད་དུང་འདར་བཞིན་མཆི།
  “ཁྱོད་ད་དུང་གྲྭ་བ་བྱས་མེད་པས།དོན་མེད་དུ་གྲྭ་ལྭ་གྱོན་ན་ཨ་ཕས་ཁྱོད་ཀྱི་པགས་པ་བཤུ་ངེས།”ཨ་ཅེ་ཆུང་བས་དེ་སྐད་བརྗོད་རྗེས།མ་རྨོས་ལོ་ཏོག་གི་ཁུ་བ་བླུགས་པའི་དཀར་ཡོལ་སྒྱེད་ཤིང་སྟེང་ལ་ཁྲོག་གེར་བཞག་པ་ན།དཀར་ཡོལ་ནི་གར་མ་ཞིག་དང་འདྲ་བར་ཡ་ཡོ་འགའ་བྱས་ཀྱང་སར་ལྷུང་མ་སོང་།
  “ཨུན།”ང་ཉལ་ས་ནས་ཡར་ལངས་ཏེ་གྲྭ་ཆས་ལྟེབ་ཁུལ་བྱེད་བཞིན་བསྡད་ཀྱང་།མིག་ཟུང་ནི་རི་དྭགས་རྔོན་མཁན་གྱི་ཤ་ཁྱི་ཞིག་དང་འདྲ་བར་རིག་རིག་གིས་སྦྲ་ནང་དུ་ཉུལ་ཞིབ་བྱས།
  “ཁྱོད་བྲེལ་བ་ལངས་ནས་ཅི་བྱེད།ལོ་སར་རྗེས་ཀྱི་གཅིག་པའི་སྨོན་ལམ་སྐབས་སུ་གྲྭ་བ་མི་བྱེད་ཐབས་མེད་ཡིན།”ཨ་ཅེ་ཆུང་བས་ཁྱི་རྐོང་ནང་དུ་མ་རྨོས་ལོ་ཏོག་གི་ཕྱེ་ཁུ་ལྡུག་བཞིན་དེ་ལྟར་བརྗོད་ལ།དེ་ནི་ཁྱི་ལྟོ་ལ་ལྡུད་ན་ཚོ་བཅུད་མང་ཆེ་སོང་འདོད་པ་ལྟར།དེམ་ནང་གི་ཆུ་ཁོལ་ཁྱི་ལྟོའི་ནང་བླུག་ཞོར“དེ་དུས་ཁྱོད་ཀྱིས་ཨ་ཁུ་ཤེས་རབ་ལ་ང་ནམ་ཞིག་གྲྭ་པ་བྱ་ཐུབ་པ་ཡིན་ཅེས་ཀྱང་འདྲི་མི་དགོས།”ཟེར།
  “ཤ་གང་ན་ཡོད་དམ།”ངས་མིག་རིག་རིག་གིས་དྲི་མ་སྣོམ་བཞིན་དེ་ལྟར་དྲིས།
  “ཤ་མེད་ཀི།ངས་མདང་ནུབ་ཨ་མས་བཙོས་བའི་རུས་ཁུ་ཡི་ནང་དུ་མ་རྨོས་ལོ་ཏོག་ཕྱེ་ཁུ་བསྐོལ་བ་ཡིན།”ཨ་ཅེ་ཆུང་བས་འགྲེལ་བཤད་ཀྱི་ཚུལ་དུ་དེ་ལྟར་བརྗོད།
  “ཀན་ན་ཡོད་པ་མིན་ནམ།”ངས་སྡིག་མཛུབ་ཀྱིས་ཀ་རིའི་སྟེང་གི་ཀོ་ཁུག་སྟོན་བཞིན་གདོང་ལ་པྲ་ཚག་གི་རྣམ་འགྱུར་མངོན་པར་བྱས།
  “ཡང་ཁྱོད་ཀྱིས་ང་ལ་མ་ཉེས་ཁ་གཡོགས་ཕོག་ཏུ་འཇུག་རྒྱུ་ཡིན་ནམ།”ཨ་ཅེ་ཆུང་བས་དེ་སྐད་སྨྲས་མ་ཐག སྐམས་ཀྱི་སྒལ་རུས་ཤིག་ངའི་མདུན་དུ་གཡུགས་བྱུང་།ངས་སྒལ་རུས་དེ་ཨ་མས་ཐེངས་འགའ་ལ་བཙོས་བ་མཐོང་མྱོང་ལ།སྒལ་རུས་དེའི་སྟེང་ཤ་མཛེར་ཞིག་ཀྱང་མེད་པ་ཤེས་མོད།སྣ་སྒོར་བླངས་ནས་ཡང་ཡང་དུ་དྲི་ལ་སྣོམ་པར་བྱས།
ངས་སྒྱེད་ཤིང་སྟེང་གི་མ་རྨོས་ལོ་ཏོག་གི་ཁུ་བ་བླུགས་ཡོད་པའི་དཀར་ཡོལ་དེ་མི་འདོད་པའི་ཚུལ་གྱིས་བླངས་ཀྱང་།ཁ་རུ་ཐོན་མ་ཐག་ཧུབ་ཐེངས་འགའ་ཡིས་འཐུངས་ཚར་ལ།ཁ་འགྲམ་དུ་མ་རྨོས་ལོ་ཏོག་གི་འབྲུ་རྡོག་འགའ་ཡང་འབྱར་འདུག ངས་དཀར་ཡོལ་སྟོང་བ་དེས་སྒྱེད་ཤིང་སྟེང་ལ་རྡེག་ཞོར་ད་དུང་མཁོ་བའི་བརྡ་བསྟན།ཨ་ཅེ་ཆུང་བས་བྲང་གི་རྒྱུ་སྤུས་ཞན་པའི་པང་ཁེབས་ལེན་ཞོར་དུ“རང་གིས་བླུགས།ང་འགྲོ་དགོས།”ཟེར
  ངས“ཨ་ཅེ།ཁྱོད་གང་དུ་འགྲོ་རྒྱུ་ཡིན་ནམ།བཟའ་མི་ཀུན་པོ་གང་དུ་བུད་སོང་ངམ།”ཞེས་དྲིས།
  “ཀན་ལ་ལྟོས།”ཨ་ཅེས་ཆུང་བས་མཆུ་ཏོས་ལྐོག་གྱུར་གྱི་གསོ་སྒྱེ་དེ་བསྟན་པ་དང་།དེ་ནས་སྦྲའི་ཕྱི་རོལ་དུ་ཁྱི་ལྟོ་ལྡུད་པར་བུད་སོང་།མོས་ཁྱི་ལྟོ་ཁྱི་རྒན་གྱི་འགྲམ་དུ་བཞག་མ་ཐག ཡང་“ཁྱོད་ཀྱིས་རང་ཁྱིམ་ཡང་སྲུང་མ་ཐུབ་པས།ལྟོགས་ནས་ཤི་སོང་རུང་སྡུག་གྱོང་རེད།”ཟེར་བ་དང་།དེ་ནས་སྦྲའི་སྒོ་ཁར་ཡོང་ནས་ང་ལ“དོན་གྲུབ།རེམ་མ་གྲྭ་ཆས་ཕུད་ནས་སྔར་གནས་སུ་ཕྱིར་འཇོག་  རོགས།”ཞེས་ཟེར་བཞིན་སྦྲའི་སྒོ་ཡོལ་དམ་པོར་བསྡམས་ཤིང་།ཁ་བའི་གཞི་རུ་ཧྲག་སྒྲ་གྲགས་ཞོར་གང་ཞིག་ལ་བུད་སོང་།

            4

  ཐབ་ཀའི་ནང་གི་མེ་འབར་པའི་སྒྲ་ནི་ཡུན་གྱིས་ཇེ་གཉོམ་དུ་ཕྱིན་པ་དང་།མཐར་ཡོངས་སུ་འཇགས་སོང་།ངས་རྣ་བ་བླགས་ནས་ཨ་ཅེ་ཆུང་བའི་གོམ་སྒྲར་ཉན་པ་ན།གོམ་སྒྲ་རྒྱང་རིང་དུ་ཡལ་བ་དང་བསྟུན།ཁེར་རྐྱང་གི་སྣང་བ་ཞིག་ཀྱང་ངའི་ཡིད་ངོར་བཙན་གྱིས་འཛུལ་ཞིང་། དེ་ནས་ངའི་སྣང་ངོར་སྦྲ་ནང་གི་ཅ་དངོས་སྟེང་འདྲེ་གདོན་ཞིག་འཁོར་བ་དང་འདྲ་བས།ངས་མི་ཟུང་ལྐོག་གྱུར་གྱི་གསོ་སྒྱེ་དེའི་སྟེང་ལ་ཕྱོགས།གསོ་སྒྱེ་དེ་ནི་བེམ་པོ་ཞིག་དང་མཚུངས་བར་ཡུང་མའི་སྒྱེ་ཁུག་བར་ན་ཡོད་ཅིང་།གསོ་སྒྱེའི་ནང་གི་ཁྲག་བར་མེད་དུ་གོ་འདབས་སུ་བཞུར་འདུག་པས།ང་ལ་སྐྱུར་མེར་ཞིག་ཀྱང་ལངས་སོང་།
  རྨི་ལམ་ནི་འཇིགས་སློང་བ་ཞིག་ཡིན་རུང་།དེ་ནི་འཕྲུལ་སྣང་གི་རང་བཞིན་དུ་ཟད་པས།རྨི་ལམ་ལས་སད་དུས་ཡོད་ཚད་འཇིག་པ་ཆོས་ཉིད་རེད།ངས་ཡང་བསྐྱར་རྨི་ལམ་ཞིག་འཚོལ་འདོད་ཀྱིས་མགོ་བོ་སྔས་འབོལ་སྟེང་བཞག་ནས་ཉལ་ཁུལ་བྱས་ཀྱང་།གཉིད་མ་དགོས་གཉིད་ལྕོགས་ཤིག་རྒྱག་མ་ཐུབ་པས།ངས་སློག་ཆུང་གྱོན་ནས་ཡང་བསྐྱར་སྦྲའི་ཕྱི་རུ་སོང་།
  སྦྲའི་ཕྱི་རུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་བཞིན་ཡོད་ལ།གནམ་ས་གཉིས་ཀའང་ཡུག་གཅིག་ཏུ་འདྲེས་འདུག ནམ་རྒྱུན་ཀྱ་ཀྱུར་སྒྲོག་པའི་བྱེའུ་དེ་དག་ཀྱང་གར་སོང་ཆ་མེད་དུ་གྱུར་པ་དང་།སྦྲའི་སྒོ་ནས་ར་སྐོར་བར་དུ་གོམ་པ་འགའ་མ་གཏོགས་མེད་ནའང་།ར་སྐོར་གྱི་ནང་སྐྱ་མོག་མོག་ཏུ་སྣང་།
  ངེད་ཚང་གི་དགུན་མཚེར་ནི་ཁ་ལྷོ་ལ་འཁོར་བའི་ཉི་ཁུགས་ཀྱི་ལུང་བ་ཆུང་ཆུང་ཞིག་གི་མདོ་རུ་ཡོད་ལ།སྦྲའི་མདུན་གྱི་ཐང་ཁུགས་ན་ལྷས་ར་ཡོད་པ་དང་།ལྷས་རའི་མཐར་རུ་ཀ་བ་དང་དྲལ་བུས་ར་བ་བསྐོར་ཡོད།ར་སྐོར་གྱི་མཐར་རུ་གསོམ་སྡོང་དང་ཤུག་པ་སོགས་རྩི་ཤིང་སྣ་ཚོགས་ཀྱིས་བསྐོར་འདུག་པས།ཕ་གའི་ལམ་ཆེན་ནང་གི་ལམ་འགྲོ་བ་ཚོས་ཀྱང་ངེད་ཚང་གི་སྦྲ་དང་ལྷས་ར་མཐོང་མི་ཐུབ།ལུང་ཤུར་གྱི་ཕུ་ནས་འབབ་པའི་ཆུ་ཕྲན་ཞིག་གིས་ལྷས་རའི་ར་སྐོར་དེ་དུམ་བུ་གཉིས་དུ་བགོས་ལ།འཁྱག་དར་གྱིས་བསྡམས་པའི་ཆུ་ཕྲན་ཁར་ཁ་བ་བབས་ཟིན་པས།ནམ་རྒྱུན་ངས་ཁྱིམ་ནས་ལྩགས་ཁེམ་དང་འོ་ཟེའུ་ཡི་ཞབས་སོགས་ཁྱེར་ནས་དར་ཤུད་སྟེག་པ་ཡིན།ཨ་ཅེ་ཆེ་བ་གནས་ལ་འགྲོ་དུས་སློག་རྙིང་ཞིག་ཡོད་པ་ཨ་མས་ང་ལ་རྐང་སྣམ་དུ་བཟོ་བཅོས་བྱས་ཤིང་།སྲ་ཞིང་མཁྲེགས་པའི་རྐང་སྣམ་དེ་རིང་དྲགས་པས་ངའི་བྲང་ཁའི་བར་དུ་བསླེབས་པས།ས་འདྲུད་རྡོ་འདྲུད་བྱས་ཀྱང་ཨ་མས་ལྷན་པའི་ཁར་ལྷན་པ་བརྩེགས་པ་རེད།དེ་ནི་ང་ཡིས་དར་ཤུད་སྟེག་ཆེད་འཚེམ་པ་དང་གཉིས་སུ་མེད།ཨ་མས་ང་ལ་ནམ་ཞིག་ཁྱོད་ཀྱི་ཨོང་ཤར་དར་ལ་འབྱར་ཏེ་ལྷས་རའི་ནང་གི་ཕྱུགས་དང་མཉམ་དུ་ཉལ་དགོས་རྒྱུ་རེད་ཟེར་ནས་སྐྲག་ཀྱང་སློང་བར་བྱེད།
  ངས་ཤིང་ཁང་གི་སྒོ་ཁ་ཡོད་པའི་ཕྱགས་མ་ཞིག་ཁྱེར་ནས་འཁྱག་རོམ་གྱིས་བསྡམས་པའི་ཆུ་ཕྲན་སྟེང་གི་ཁ་བ་ཕྱགས་པ་དང་།དེ་ནས་ཕྱགས་མའི་སྟེང་བསྡད་ནས་དར་ཤུད་སྟེག ཉིན་ཞག་གཅིག་གི་རིང་དུ་ཁ་བ་བབས་པས་སྔར་ལྟར་དར་ཤུད་སྟེག་ཀྱང་།ཐེངས་གཉིས་གསུམ་ཙམ་ལ་ཤུད་རྗེས།དུམ་བུར་བཅད་པའི་སྡོང་དུམ་ནགས་ལམ་དུ་ཞུགས་པ་ལྟར་ལྷས་མགོ་ནས་ལྷབ་འདབས་བར་དུ་ཐོགས་མེད་ངང་ཤུད་འགྲོ།
  ངས་དར་ཤུད་ཐེངས་མང་སྟེག་པས་ལུས་པོ་ཐང་ཆད་ཅིང་།ར་སྐོར་ཕྱིར་ལ་སོང་ནས་ཕྱི་ས་ཞིག་གཏོང་གྲབས་བྱེད་དུས།ར་སྐོར་གྱི་དྲལ་བུ་ཞིག་སར་ལྷུང་ཡོང་པ་ཚོར།དེ་ནི་རང་བཞིན་གྱིས་ལྷུང་བ་དང་མི་འདྲ་བས།ལྟ་ཡག་ཅིག་བྱས་ཚེ་དྲལ་བུའི་སྟེང་གྲི་ཡིས་བསྣུན་པའི་རྗེས་ཤུལ་ཞིག་ཡོད་པ་མཐོང་།ང་ཐེ་ཚོམ་གྱི་དྲ་བར་ཚུད་ཡོད་དུས་།གློ་བུར་གར་ཡོང་མི་ཤེས་པའི་བྱ་ཁྲ་ཞིག་ངའི་མགོ་ཐོག་ནས་ལྡིང་སྐོར་འགའ་བྱས་ཏེ།གཞུ་ལས་ཤོར་བའི་མདའ་མོ་བཞིན་ལྷས་རའི་འགྲམ་གྱི་ཁ་བའི་འདབ་མས་བཏུམས་པའི་སྤང་ཁུགས་སུ་འཕུར་སོང་།ངས་མྱུར་དུ་མགོ་བོ་ཡར་བཀྱགས་ནས་བལྟས་དུས།བྱ་ཁྲའི་སྡེར་མོའི་བར་ན་ཨེབ་བྲ་ཞིག་གིས་རྐང་གཡུག་ལག་གཡུག་བྱེད་བཞིན་ཡོད།ངས་སྣང་ཚུལ་དེ་མཐོང་མ་ཐག ད་གཟོད་ཅི་ཞིག་བྱུང་སོང་བ་ཧ་གོ་བས། རྒྱུག་ཐེངས་གཅིག་གིས་སྦྲའི་ནང་དུ་ཕྱིན་ཏེ་གསོ་སྒྱེའི་ཁ་ཕྱེ་བ་ན།དེའི་ནང་དུ་ནོར་ཞིག་གི་སུག་བཞི་དང་ནང་ཁྲོལ།མགོ་སོགས་ཡོད་ཅིང་།རེ་རེ་བཞིན་ཕྱིར་ཕྱུང་སྟེ་བལྟས་ཚེ།མ་གཞི་དེ་ནི་ངེད་ཚང་གི་དོན་གྲུབ་ཡིན་འདུག
  ངས་དོན་གྲུབ་ཀྱི་མགོ་བོ་ཡར་བཀྱགས་ནས་དེའི་མིག་དང་།རྣ།ཁ་དང་རྭ་ཅོ་སོགས་ལ་ཞིབ་ལྟ་ཞིག་བྱས་པར།འདས་ཟིན་པའི་བྱ་བ་མང་པོ་ཞིག་ངའི་ཡིད་ལ་འདུ་འགོད་བྱས་བྱུང་བས།གང་ནི་དོན་དངོས་དང་གང་ནི་འཕྲུལ་སྣང་ཡིན་པ་ཤན་འབྱེད་བྱ་མི་ཐུབ་པའི་ཚོད་དུ་གྱུར།ཡིན་ནའང་རྭ་ཅོའི་སྟེང་ཐག་པའི་ཤུལ་ཞིག་སྣང་བར་མཐོང་སྟེ།ངའི་མིག་མཐའ་ནས་མཆི་མ་རྡོག་པོ་ཞིག་སར་ལྷུང་།
བཞེས་ནང་ལོ་ཨ་ཕས་བཟའ་ཚང་ལ་གསང་ནས་དོན་གྲུབ་ཀ་ཅུའི་ཚོང་བ་ཞིག་ལ་བཙོངས་པས།ངའི་མེས་མོས“ཁྱོད་ཀྱིས་ངའི་ཚ་བོའི་བླ་ཟོག་བཙོངས་པས།ཁོ་ལ་བགེགས་དང་བར་ཆད་རེ་བྱུང་ན་ངས་ཁྱོད་རང་དགར་མི་བསྐྱུར།”ཞེས་ཟེར་བཞིན་ཉིན་ཞག་མང་པོར་ཨ་ཕར་ཁ་མ་བསྲེས།ཉིན་ཤས་འགོར་མ་ཐག ང་ལ་བཅའ་བ་རིམ་གྲོ་དང་སྨན་གང་གིས་ཀྱང་བཟློག་མི་ཐུབ་པའི་ནད་ཅིག་བྱུང་བས།མེས་མོའི་གཏམ་དེ་ལུང་བསྟན་ལྟ་བུར་གྱུར།མཐར་ཐབས་མེད་པར་སྒོ་ལུང་སྟེང་ལ་ཤུག་པ་སྦྱར་ནས་འགྲུལ་པར་འཛེམས།བསམ་ཡུལ་ལས་འདས་བ་ཞིག་ལ།གནད་འགག་གི་སྐབས་འདིར།   དོན་གྲུབ་ཀྱིས་རྭ་བར་ནས་རྒྱུན་ཐག་ཞིག་དྲུད་ནས་ཕྱིར་བུད་ཡོང་།དེ་ནས་བཟུང་ངའི་ནད་ཀྱང་སངས་དྲག་ཏུ་གྱུར་སོང་།སྡེ་མི་ལ་ལ་ཡིད་མི་ཆེས་པར་ཆེད་དུ་བལྟ་རུའང་ཡོང་།མདོར་ན་ང་དང་དོན་གྲུབ་ཀྱི་གསང་བའི་འབྲེལ་བ་འདི་ནི་གཅོད་ཐབས་ཁྱོན་ནས་མེད་པས། དེ་ནས་བཟུང་བཟའ་ཚང་གང་བོས་ཁ་འཆམ་གྲོས་འགྲིག་སྒོས་དོན་གྲུབ་ཚེ་ཐར་དུ་བཏང་།
  ཁ་བ་འབབས་མཚམས་ཆད་ནས་རེ་ཞིག་འགོར།གནམ་ས་གཉིས་གཡུགས་གཅིག་ཏུ་གྱུར་བས།ནམ་ཚོད་ག་དུས་ཡིན་པ་གསལ་བོ་མི་ཤེས་ཀྱང་།རི་ལུང་ཀུན་ཏུ་མུན་ནག་གི་སེང་རས་ཞིག་བཀབ་དང་འགེབས་བཞིན་ཡོད་པ་དང་འདྲ་བར་ས་ཡང་རུབ་ལ་ཉེ། མཛོ་མོ་ཤ་ངན་དང་།རྟོལ་བུ་འགའ་སྦྲའི་སྒོ་ཁར་ཡོང་ནས་ངུར་བྱུང་།ནམ་རྒྱུན་ཡང་སྐབས་དེར་ཚོར་ཡུང་སྐམ་གྱི་ཁུ་བ་ལྡུད་བཞིན་ཡོད་པས།ངས་ཐབ་ཀའི་ནང་མེ་འབུད་དགོས་པར་འདོད་དེ་ཡར་ལངས་རྩིས་བྱས་ཀྱང་།དར་ཤུད་སྟེག་ནས་ཐང་ཆད་པ་ལོས་ཡིན།འགོག་མི་ཐུབ་པའི་གཉིད་ལྕོགས་ཤིག་གིས་ང་ཡང་བསྐྱར་རྨི་ལམ་གྱི་ཞིང་ཁམས་སུ་དྲངས་སོང་།
  རྨི་ལམ་ནང་དུ་ང་རང་གུ་དོག་པའི་འགང་འཕྲང་ཞིག་ཏུ་འགྲོ་བཞིན་ཡོད་ལ།ལམ་འགྲམ་གཉིས་སུ་སྨག་སྟུག་པོས་ཁེབས་འདུག གཟན་གཤམ་གྱོན་པའི་གཡག་རྭ་དེ་ཡང་ངའི་རྨི་ལམ་དུ་མངོན་བྱུང་།དེ་ཡིས་དྲག་པོའི་སྦྱོར་བ་ཅི་ཡང་མ་བཤམས་ཀྱང་།ང་སྣ་ལོ་བཏུལ་བའི་གཡག་གསར་ཞིག་དང་འདྲ་བར་མདུན་ནས་མདུན་དུ་ཁྲིད་སོང་།ང་དེའི་རྗེས་འབྲངས་ནས་སོང་སོང་བར་མཚམས་ཤིག་གཡག་རྭའི་སྟེང་གི་གཟན་གཤམ་སར་ལྷུང་རུང་གཡག་རྭ་མུ་མཐུད་དུ་འགྲོ་བཞིན་མཆི།ཅི་ཙམ་མདུན་དུ་སོང་བ་དང་བསྟུན་ནས་གཡག་རྭ་དེ་ཡང་ཆེ་རུ་གྱུར།བར་ཞིག་གཡག་རྭ་དེ་རི་རབ་ལྟ་བུར་གྱུར་པས།ངས་མགོ་ཡར་བཏེགས་ནས་མ་བལྟས་ན་མཐོང་མི་ཐུབ།
  ང་ནག་འཐོམ་མེའི་བྲག་ཁུང་ཞིག་གི་སྒོ་ཁར་བསླེབས་སོང་།གློ་བུར་དུ་གཡག་རྭ་ངའི་སྟེང་ལ་འགྱེལ་བས། མ་གཞི་ནས་ཐང་ཆད་འདུག་པའི་ང་ཤ་ཉོག་རུས་ཉོག་ཏུ་བཏང་མི་འགྲོ་ཨང་སྙམ་པའི་དོགས་པ་ཞིག་གིས་ཡིད་ལ་སྔར་མེད་པའི་འཇིགས་སྣང་ཞིག་སྐྱེས།སྟབས་ལེགས་པ་ཞིག་ལ་བྲག་ཁུང་དེའི་ནང་དུ་མེ་སྒྲོན་ཡོད་ལ།མེ་ཡི་མཐའ་རུ་ངའི་ཨ་ཕ་དང་ཨ་མ།་ཕུ་བོ་ཆེ་བ་དང་ཨ་ཅེ་ཆུང་བ་སོགས་རུབ་འདུག ངས་སྐད་བརྒྱབ་ནས་བོས་ཀྱང་ཁོ་ཚོས་ང་ལ་ཁ་ཡ་མི་བྱེད།
  བྲག་ཁུང་དེའི་མཐོ་ས་ཞིག་ན་སྣུམ་སྒྲོན་ཞིག་བཀར་ཡོད་པས།ཕྱེ་མ་ལེབ་ཅིག་མེ་ལ་ལྕེབས་ཀིན་ཡོད་ཀྱང་།ཁོ་ཚོས་དེར་གཏན་ནས་དོ་སྣང་མི་བྱེད།ཕུ་བོ་ཆེ་བ་དང་ཨ་ཅེ་ཆུང་བ་གཉིས་རང་རང་སར་ཁ་རོག་གེར་བསྡད་ཡོད་ཅིང་།ཨ་ཕ་དང་ཨ་མ་གཉིས་དེ་ལས་ལྡོག་ཏེ་ཅི་ཞིག་ལབ་བཞིན་མཆི་ལ།བར་རེ་ཁ་འཛིང་བྱེད་པའི་ཟོལ་ཞིག་ཀྱང་མངོན་ཡོང་།ངས་ད་ནི་དོན་གྲུབ་རྐུན་མས་བརྐུས་ཟིན་པ་ངེས་ཅན་ཡིན་པས།ཁོ་གཉིས་ཀྱིས་དེའི་སྐོར་ཁ་བརྡ་བྱེད་པ་ལོས་ཡིན་སྙམ་མོད།རྣ་བ་བླགས་ནས་ཉན་ཚེ་ཁོ་གཉིས་ཀྱིས་དོན་དག་གཞན་ཞིག་གླེང་གིན་ཡོད།
  “ད་ཁ་རོག་སྡོད།གང་ལྟར་ཁོས་དམ་ཚིག་གི་སྡོམ་པ་བླངས་ཟིན།སྡོམ་པ་ཕྱིར་ལེན་ས་མི་འགྲོ”ཨ་ཕས་དེ་ལྟར་ཟེར་བཞིན་གོམས་ལོབས་ལྟར་སྣ་སྤུ་འབལ་བཞིན་འདུག།
  “ངེད་ཚང་གི་ཨ་ཞང་ཆུང་བའི་བུ་མོ་སྒྲོལ་མ་ནི་གཟུགས་བཟོ་ལྟ་དང་ཁ་སྐྱེ་འབྲས་གང་ཐད་ནས་ཀྱང་འགྲན་ཟླ་མེད། ངོ་མ་ཕངས་པ་ལ་ཨང་།”ཨ་མས་མགོ་བོ་ནང་དུ་གུག་ནས་དེ་ལྟར་ཟེར།
  “འུ་ཐུག་ན་ཁྱི་རྒན་གྱང་ལས་མཆོང་ཟེར་བ་མ་གོའམ།འདི་ནི་ཁྱོད་ཀྱིས་ཨུ་ཚུགས་བྱས་པའི་འབྲས་བུ་རེད།ཁོ་ད་དུང་བྱིས་པ་ཞིག་ག་ལ་ཡིན།རང་ལ་དགའ་ས་དང་མཐུན་ས་ཞིག་ལོས་ཡོད།ཐོག་མ་ནས་འདོད་ཐོག་ལ་བཞག་ཡོད་ཚེ།དགོན་པའི་ནང་དུ་འབྲོ་སྲིད་དམ།”ཨ་ཕའི་གདོང་གི་རྣམ་འགྱུར་གཟབ་ནན་དུ་གྱུར།
  “བུ་དང་བུ་མོ་འགའི་ནང་དུ།ཁོ་པྲ་ཚེགས་ཆེ་རུང་ལག་ལས་ཀའི་ཐད་ནས་འགྲན་ཡ་ཡོད་མི་སྲིད།འཁོར་འཛིན་ཟེར་བ་དེ་ལྟར་ཡིན་དགོས།ད་ཅི་བྱ།”ཨ་མས་བཤད་ཀྱིན་བཤད་ཀྱིན་མིག་ནས་མཆུ་མ་ཕྲུམ་ཕྲུམ་དུ་བཞུར་བྱུང་།
  ཕྱེ་མ་ལེབ་དེ་སྣུམ་སྒྲོན་གྱི་མེ་རུ་ལྕེབས་ཤིང་།མེ་ཡིས་བསྲེགས་པ་དང་བསྟུན་ནས་སྣུམ་སྒྲོན་གྱི་མེ་ཡང་གཟིམས་སོང་།དེའི་ཚེ་གཡག་རྭ་དེ་ཡང་གར་སོང་ཆ་མེད་དུ་གྱུར་པར་བརྟེན།ང་བཅིངས་པ་ལས་གྲོལ་པ་ལྟར་མགོ་བོ་ཡར་བཏེགས་ཚེ།ཨ་ཕ་དང་ཨ་མ།ཕུ་བོ་ཆེ་བ།ཨ་ཅེ་ཆུང་བ་སོགས་ཐབ་ཀའི་འགྲམ་དུ་རུབ་ཡོད་པ་མཐོང་ལ།ང་ཡང་ངེད་ཚང་གི་ཚ་ཐབ་དུ་ཉལ་ཡོད་པ་གཞི་ནས་ཚོར།ཚ་ཐབ་སྟེང་སྨག་རུམ་གྱིས་ཁེབས་ཡོད་པས།ངས་སློག་པ་གཡང་ཤམ་བྱས་ཏེ་ཚུར་ནུར་ནས་སྒྱེད་ཤིང་ལ་ཁེན།ངས་སྨིག་མའི་མཚམས་ནས་ཐེ་ཚོམ་གྱི་མདུད་པ་ཞིག་བརྒྱབ་སྟེ་མིག་ཟུང་ཆེ་རུ་བགྲད་ནས་ཁོ་ཚོར་བལྟས་པ་ན།ཁོ་ཚོས་ང་མཐོང་མ་ཐག་མིག་གིས་ཧུར་རེར་བལྟས་ཡོད །
  “དོན་གྲུབ། ཁྱོད་གཉིད་ལས་སད་བྱུང་ངམ།ལྟོགས་ཡོད་དམ།”ཨ་མས་མིག་མཐའ་ཡི་མཆི་མ་འབྱིད་བཞིན་ང་ལ་སྔར་ནས་བརྫིས་ཟིན་པའི་རྩམ་རྡོག་ཞིག་བྱིན་བྱུང་།
  “དེ་ན་ང་་་་་་།”ངས་ཐེ་ཚོམ་དང་འཁང་ར་ཡིས་དེ་སྐད་དྲིས་སོང་སྟེ།སྐད་གི་ནང་དུ་ངུ་སྐད་ཅུང་ཟད་འདྲེས་འདུག།
  “ཕུ་བོ་ཆུང་བ་གྲྭ་བ་བྱས་ཟིན་པས།ཁྱོད་ཁོའི་ཚབ་དུ་སློབ་གྲྭར་མ་སོང་ན།ལོ་རེ་བཞིན་སྲིད་གཞུང་གིས་ཆད་པ་ནན་མོ་གཅད་ངེས།”ཨ་ཕའི་གདོང་ལ་གཟབ་ནན་དང་བློ་ཐག་རྦད་ཆོད་ཀྱི་ཉམས་ཞིག་མངོན་ཡོད།
  “ང་སློབ་གྲྭར་མི་འགྲོ །”ང་ཅི་བསམ་འདི་བསམ་མེད་པར་དེ་ལྟར་ལབ།
  “ཁ་རོག ཨ་ཕའི་ཁ་ལ་ཉན་དགོས།”ཨ་མས་ཨ་ཕའི་གདོང་ལ་བལྟ་ཞོར་མིག་མཐའི་མཆི་མ་ཕྱིས།
  སྦྲའི་ནང་གི་སྨག་རུམ་ནི་ཆུའི་རྦ་རླབས་ཤིག་དང་འདྲ་བར་སྦྲ་ནང་གི་ག་ས་གང་དུ་ཁྱབ་པས།སྒེའུ་ཁུང་ནང་འཕྲོས་པའི་ཟླ་འོད་དང་ཀ་རའི་སྟེང་བཀལ་བའི་སྣུམ་སྒྲོན་གྱི་འོད་མདངས་སོགས་བཅོམས་ཟིན་ཀྱང་། སྦྲའི་ཕུག་ན་བརྩེགས་པའི་གོ་ཆ་དང་ཚ་ཐབ་འགྲམ་གྱི་ལྕགས་རྩི་དམར་པོ་བྱུགས་པའི་ཤིང་སྒམ། ཐབ་ཀའི་འགྲམ་གྱི་དཀར་ཡོལ། གོ་ཁའི་ཆབ་ལྟོ་དང་བཞོ་ཟེའུ། ཆ་མི་འགྲིག་པའི་ལྷམ་རལ་འགའ་སོགས་ཉིན་དཀར་བཞིན་ཚང་མ་གསལ་བོ་མཐོང་ཐུབ་ལ།ད་ནི་གསང་བ་ཅི་ཡང་མེད་པར་གསོ་སྒྱེ་དེ་ཡང་ཕྱི་གསལ་ནང་གསལ་དུ་གྱུར་ཡོད་པས། དོན་དམ་པ་ཉིན་མཚན་ལ་དབྱེ་བ་མེད་པ་དང་།ཡང་ན་ངས་དཀར་ནག་གི་དབྱེ་བ་འབྱེད་མ་ཤེས་པ་གང་ཡིན་ཧ་གོ་མ་བྱུང་།
  གང་ལྟར་སྦྲའི་ནང་དབུགས་ཆད་པ་ལྟར་འཇམ་ཐིང་ཐིང་དུ་གྱུར་པས།ལན་རེར་ཐབ་ཀའི་ནང་ནས་གྲགས་པའི་མེ་སྟག་གི་ཚག་སྒྲ་ནི་བྱིས་པ་གཅེས་ལངས་ཤིག་གིས་དོན་མེད་དུ་འུར་རྒྱག་པ་དང་འདྲ་ཡང་།དེས་སྦྲ་ནང་གི་སྤྱིའི་དབེན་འཇགས་ལ་གཏོར་བརླག་ཁྱོན་ནས་གཏོང་ཐུབ་ཀྱིན་མེད།མཚམས་འདིར་ཐབ་ཀའི་ནང་དམར་ལམ་ལམ་འབར་བའི་མེ་འོད་ཨ་ཕ་དང་ཨ་མ།ཕུ་བོ་ཆེ་བ་དང་ཨ་ཅེ་ཆུང་བ་སོགས་ཀྱི་གདོང་ལ་ཕོག་པས།ངའི་ཡིད་ལ་ཁོ་ཚོའི་གདོང་གི་དམར་མདངས་ནི་ལོ་སར་སྐབས་སུ་ཟ་བའི་ཤིང་ཏོག་ཚ་ལི་མར་འཕྲུལ་བ་དང་།དེས་ངའི་ཡིད་རང་དབང་མེད་པར་བཀུགས་སོང་།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅོ་ནེ་ཡུམ་ཚེ་རིང་གི་བརྩམས་སྒྲུང་གསར་བ་ཁག་གཉིས།

2015-01-20 ཅོ་ནེ་ཡུམ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།