ཟོན་ཐར་རྒྱལ་ལ་གློག་བརྙན《དབུས་ལམ་གྱི་ཉི་མ》འི་སྐོར་ནས་བཅར་འདྲི་བྱས་པ།
འཚོ་བ་ལས་ད་གཟོད་རང་ཉིད་སྐྱོབ་ཐུབ།
ཟོན་ཐར་རྒྱལ་ལ་མཚོན་ན་གློག་བརྙན་ནི་སྤྱོད་པའི་སྒྱུ་རྩལ་ཅིག་ཡིན་ཏེ། ཁོའི་གློག་བརྙན་བརྩམས་ཆོས་ཐོག་མ༼དབུས་ལམ་ཀྱི་ཉི་མར༽ཐོག་མའི་སྟ་གོན་ནས་མཇུག་མཐའི་འགྲེམ་སྤེལ་བར་ཧ་ལམ་ལོ་ངོ་གསུམ་གྱི་དུས་ཚོད་སོང་ཞིང་། དེའི་རིང་ལ་ཁོས་གོ་ཐོས་ཙམ་གྱི་གཏམ་རྒྱུད་ཅིག་སྒྱུ་རྩལ་བརྩམས་ཆོས་ཀྱི་མཐོ་ཚད་དུ་བཏེགས་ནས། རང་ཉིད་ཀྱིས་གསར་བཞེངས་བྱས་པའི་མི་སྣར་ནང་སེམས་ཀྱི་ཐར་བ་ཐོབ་པར་བྱས་ཤིང་། ལྟ་མཁན་དག་གི་སེམས་ཀྱི་ཕྱི་ནང་ཡོངས་ལ་སྨྲ་བསམ་བརྗོད་འདས་ཀྱི་གཡོ་འགུལ་ཐེངས་ཤིག་བྱིན། དེ་བཞིན་ཁོ་རང་གི་མི་ཚེའི་སྒྱུ་རྩལ་གྱི་ལམ་བུ་ཡང་དཀྱོགས་མཚམས་གསར་བ་ཞིག་ལ་བསྙེག་པ་རེད།
གློག་བརྙན་ཕབ་བསྐྲུན་བྱེད་པ་ནི། གཏམ་རྒྱུད་ཅིག་བཤད་འདོད་པ་དེ་ཙམ་མོ།།
གསར་བུ་སྤུན་གཉིས་མཉམ་དུ་གྲོང་ཁྱེར་ལ་ཕྱིན་ནས་ཕྱིར་ལོག་པའི་ཨ་མ་བསུ་རུ་སོང་། ཕུ་བོས་འཕྲུལ་རྟ་བསྐོར་ཞིང་ཨ་མ་འཕོངས་སུ་བཟུང་ནས་སྔོན་དུ་འགྲོ་བ་དང་། ནུ་བོས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་བསྐོར་ནས་རྗེས་སུ་ཡོང་གིན་ཡོད་དེ། གློ་བུར་དུ་ཨ་མའི་སྐ་རགས་འཕྲུལ་རྟའི་འཁོར་ལོར་འཁྲིས་སོང་བས། འཕྲུལ་རྟ་དེ་མུར་ཐང་ལ་འགྱེལ་ཞིང་། ནུ་བོར་དངངས་འཚབ་སྐྱེས་ནས་འཁོར་སྒོག་གནོན་མ་ཐུབ་པར། འདྲུད་འཐེན་འཁོར་ལོ་ཨ་མའི་ལུས་སྟེང་དུ་འཁོར་སོང་།
འདི་ནི་ཟོན་ཐར་རྒྱལ་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་འཁྲིད་བྱས་པའི་གློག་བརྙན༼དབུས་ལམ་ཀྱི་ཉི་མ༽ཡི་ནང་གི་འཁྲབ་ཚན་ཞིག་རེད། གློག་བརྙན་དེར་གཏམ་རྒྱུད་འདི་འདྲ་ཞིག་བརྗོད་ཡོད་དེ། སྟབས་མ་ལེགས་པར་རང་གི་ཨ་མ་རྐྱེན་ལམ་དུ་བཏང་བའི་ཉི་མ་འགྱོད་བཤགས་དང་སྡིག་སྦྱངས་བྱེད་ཆེད་ཕ་ཡུལ་ནས་ལྷ་སར་གནས་མཇལ་དུ་ཆས། ལྷ་སར་འབྱོར་རྗེས་ཁོའི་གློ་སྙིང་གས་པ་ལྟ་བུའི་འགྱོད་སེམས་ཀྱི་ཟུག་རྔུ་དེ་སྔར་བཞིན་སངས་ཐབས་མ་བྱུང་བས། ཡུལ་ལ་ལོག་པའི་ལམ་བར་དུ་ཁོ་ད་དུང་སོམ་ཉིའི་ཀློང་དུ་ཚུད་ཅིང་གར་འགྲོ་གར་འདུག་གི་གཏོད་མེད་པར་གྱུར། སྐབས་དེར་རྒན་པོ་ཞིག་གིས་སྟེས་དབང་གིས་ཉི་མའི་གནས་ཚུལ་ཤེས་པས། ཉི་མར་སླར་ཡང་འཚོ་བར་ཡིད་ཆེས་སྐྱེད་དགོས་པའི་སེམས་གསོ་བགྱིས། མཇུག་མཐར་ཉི་མ་ཕྱིར་ཡུན་རིང་གྱེས་པའི་རང་གི་ཕ་ཡུལ་དུ་འབྱོར་དུས་ཕུ་བོ་དང་ཚ་མོ་གཉིས་ཀྱིས་སྡེ་འདབས་ཀྱི་ལམ་ཁ་དེར་ཁོ་ལ་བསྒུག་འདུག སྐབས་དེར་ཉི་མས་ཁ་རོག་གེར་ཨ་མའི་ཟུངས་ཁྲག་འཐིམས་པའི་ས་རྡུལ་དེ་དོན་རྐྱེན་བྱུང་སར་གཏོར་བ་རེད།
གློག་བརྙན་འདི་བརྒྱུད་ནས་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་ལ2011ལོར་ཁ་ན་ཊའི་ཝན་ཁུས་ཝུར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་གསར་ཐོན་འཁྲབ་ཁྲིད་པའི་སྟག་འབྲུག་བྱ་དགའ་ཐོབ་པ་དང་། ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཨང་གི་རྣམ་གྲངས་ཀྱི་ཆེད་དམིགས་གཟེང་བསྟོད་བྱ་དགའ་ཐོབ་པར་མ་ཟད། ལོ་ཁར་ནོ་སོགས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རྩེ་གྲ་ཁག་མང་པོར་ཚུད་དེ། བོད་ཀྱི་གློག་བརྙན་ལས་རིགས་པའི་མགྲིན་ཚབ་པ་ལྟ་བུར་གྱུར།
གློག་བརྙན་འདིར་རིག་གནས་ཀྱི་ཕྱོགས་རེས་དང་འུད་བརྗོད་ཀྱི་ངལ་བ་བསྟེན་མེད་པར། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོའི་ནང་སེམས་ཀྱི་འགལ་འདུ་རེ་རེ་རྣལ་དུ་ཕབ་ནས་བརྗོད་ཡོད། བརྙན་རིས་ཀྱི་རྒྱབ་ལྗོངས་གཙོ་བོ་ན་གོར་མོ་ནས་ལྷ་སའི་བར་གྱི་མྱ་ངམ་ཐང་ཡིན་ཞིང་། བྱེ་རླུང་དྲག་ཏུ་འཁྲིག་པའི་ཟླ་གསུམ་པའི་དུས་ཚོད་བེད་སྤྱད་དེ། སྟོང་སངས་དང་སུན་སྣང་སྐྱེད་པའི་ཁོར་ཡུག་དེ་འདྲ་ཞིག་ཏུ། ད་གཟོད་ཚེ་སྲོག་གི་ཕུན་ཚོགས་དང་ཆག་འཇིག་ལ་ཚུར་སྣང་བྱེད་དུ་བཅུག་པ་རེད། འཁྲབ་ཁྲིད་པ་ཁོ་རང་གིས་ཀྱང་། “ལོ་བཅུ་ཡི་རྗེས་སུ་ཡང་བལྟ་ཆོག”ཟེར་བ་ལྟར། དེ་ནི་མིག་ཆུ་དབང་མེད་འཐོར་བའི་ཚོར་བ་ཞིག་མིན་ཡང་། གཏན་དུ་བརྗེད་ཐབས་མེད་པའི་སེམས་ཀྱི་གཡོ་འགུལ་ཐེངས་ཤིག་ཅི་ལ་མིན། གློག་བརྙན་ཚོང་ལས་ཅན་དང་ཁྲོམ་ར་ཅན་དུ་འགྱུར་བཞིན་པའི་དེང་གི་དུས་འདིར། གློག་བརྙན་འདིར་ཁྲོམ་རར་བསྟུན་པའི་བརྗོད་དོན་ཅི་ཡང་འདྲེས་མེད་པས། དག་གཙང་ཟོལ་མེད་དང་ཕྱི་གསལ་ནང་གསལ་གྱི་བརྩམས་ཆོས་ཤིག་ཡིན་ཞིང་། འཁྲབ་ཁྲིད་པའི་གློག་བརྙན་བརྩམས་ཆོས་ཐོག་མ་ཡིན་པའི་ཆ་ནས། ཆེད་ལས་སྒྱུ་རྩལ་གྱི་ཟབ་ཚད་ཀྱང་མིག་མཐོང་ལག་ཟིན་དུ་སྣང་བས། སྤྱི་ཚོགས་འབྲེལ་ཡོད་ལས་རིགས་སོ་སོའི་མི་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་བསྔགས་ཚད་མེད་གནངས་པ་རེད།
ཟོན་ཐར་རྒྱལ་ལ་བཅར་འདྲི་བྱེད་དུས། ཁོས་རང་ཁྱིམ་དུ་འཁྲབ་གཞུང་ཞིག་འབྲི་བཞིན་འདུག་ཅིང་། བཅར་འདྲི་བྱེད་པའི་དུས་ཚོད་ངས་བཤད་པ་བཞིན་སྔ་དྲོའི་ཆུ་ཚོད་བཅུ་བའི་སྟེང་བཀོད་སྒྲིག་བྱས་པས། ངས་ཁོ་ལ་ཁ་པར་བཏང་བ་ཡིན།
ཁ་དན་ཞིག་གིས། བདག་གི་སྒྱུ་རྩལ་གྱི་ལམ་བུ་འདི་གྲུབ་པ་ཡིན།
ངེད་གཉིས་ཀྱིས་ཁོ་ཆུང་དུས་ཀྱི་སྐོར་ནས་ཁ་བརྡ་བྱས་པ་ཡིན། བྱིས་དུས་ཀྱི་ཟོན་ཐར་རྒྱལ་ནི་གྲོགས་པོ་ཆུང་ཆུང་དག་དང་འདྲིས་དཀའ་བར། རང་ཉིད་གཅིག་པུ་གཙང་འགྲམ་དུ་སོང་ནས་འདམ་གྱིས་བྱ་དངོས་སྣ་ཚོགས་བཟོས་ནས་རྩེད་རྒྱུར་དགའ་བ་ཞིག་ཡིན་འདུག་པས། གློག་བརྙན་དང་འབྲེལ་ཡོད་ཀྱི་སྣང་བརྙན་བཞེངས་བསྐྲུན་སྒྱུ་རྩལ་དེ་སྐབས་དེ་དུས་ནས་ཁོའི་བག་ཆགས་ཀྱི་ཟབ་སར་འབུས་མགོ་བརྩམས་ཟིན་པ་འདྲ། ཕ་རྒན་གྱིས་ཁོའི་སློབ་སྦྱོང་གི་ཕྱོགས་ལ་རེ་བ་ཤིན་ཏུ་ནན་མོ་འཛིན་ཟེར། ཡིན་ན་ཡང་ཁོའི་སྒྱུ་རྩལ་ལམ་བུའི་འཕེལ་རྒྱས་ཀྱི་གོམ་ཁ་མགྱོགས་པོ་དེ་གླེང་དུས། ཟོན་ཐར་རྒྱལ་དགོད་ཞོར་དུ“དེ་ནི་ཕལ་ཆེར་མི་རྒྱུད་ལ་འབྲེལ་བ་ཡོད་རྒྱུ་རེད”ཟེར།
བར་སྐབས་ཤིག་ལ་ཟོན་ཐར་རྒྱལ་དགེ་རྒན་གྱི་བྱ་བར་ཞུགས་མྱོང་ཞིང་། དེ་ནས་ཁོས་རང་སྦྱོང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཛེས་རྩལ་སྡེ་ཁག་ལ་རྒྱུགས་སྤྲད་ཅིང་། དེར་ལོ་གསུམ་ལ་སློབ་སྦྱོང་བྱས་རྗེས། ཡང་བསྐྱར་པེ་ཅིན་གློག་བརྙན་སློབ་གླིང་ལ་རྒྱུགས་སྤྲད་ནས་བརྙན་ལེན་ཕྱོགས་ལ་སློབ་གཉེར་བྱས། སྐབས་དེར་ཁོ་དང་མཉམ་དུ་པེ་ཅིན་དུ་འགྲོ་མཁན་གཞན་ཞིག་ནི་པདྨ་ཚེ་བརྟན་ཡིན་ཏེ། ཁོ་གཉིས་ཀྱིས་གྲོས་བྱས་ནས་གཅིག་གིས་འཁྲབ་གཞུང་དང་འཁྲབ་ཁྲིད་སྦྱངས་ཤིང་། གཅིག་གིས་བརྙན་ལེན་སྦྱངས་རྗེས། མ་འོངས་པར་མཉམ་དུ་གློག་བརྙན་གྱི་ལས་ལ་འཇུག་རྒྱུའི་ཁ་དན་བཅས་པས། ད་གཟོད་ཕྱིས་ཀྱི་བོད་རིགས་བརྗོད་བྱ་ཡིན་པའི་གློག་བརྙན་བརྩམས་ཆོས་ཕུལ་དུ་བྱུང་བ་དེ་རིགས་བྱུང་བ་ཡིན་འདུག གློག་བརྙན༼དབུས་ལམ་ཀྱི་ཉི་མ༽ནི་དངོས་ཡོད་གནས་ཚུལ་ཞིག་ལས་བརྩམས་པ་ཡིན་ཏེ། ཐེངས་ཤིག་ཟོན་ཐར་རྒྱལ་ཕ་ཡུལ་སོང་དུས། ཕུ་ནུ་གཉིས་ཀྱིས་སྟབས་མ་ལེགས་པར་རང་གི་ཨ་མ་རྐྱེན་ལམ་དུ་བརྫངས་པའི་གནས་ཚུལ་ཞིག་སྟེས་དབང་གིས་གོ་སོང་བས། དེ་ནས་བཟུང་དོན་དག་དེ་ཁོའི་སེམས་སུ་ཡལ་ཐབས་མེད་ཅིང་། ཨ་མ་རྐྱེན་ལམ་དུ་ཤོར་རྗེས་སྤུན་གཉིས་ཀྱིས་ཇི་ལྟར་མུ་མཐུད་དུ་འཚོ་བ་སྐྱེལ་བའི་ཕྱོགས་ལ་ཟོན་ཐར་རྒྱལ་གྱིས་ ཚོད་དཔག་དང་བསམ་གཞིག་གང་མང་བཏང་ཞིང་། ཚོད་དཔག་དེ་དག་རིམ་གྱིས་གནས་ལུགས་དང་མཐུན་ཞིང་དོན་དངོས་ལ་གཞོལ་བའི་ཚད་ཅིག་ལ་ཐོན་དུས། གློག་བརྙན་འདིའི་འཁྲབ་གཞུང་ཡང་ཕལ་ཆེར་གཞི་ནས་གྲུབ་ཟིན།
འཁྲབ་སྟོན་པ་འཚོལ་དུས། ཕ་རོལ་བོ་ཡིད་ཆེས་དཀའ་བར་གྱུར།
གློག་བརྙན་འདིའི་སྟ་གོན་ལ་ལོ་ངོ་གཉིས་ཀྱི་དུས་ཚོད་སོང་ཞིང་། མཇུག་མཐའི་སྒྲིག་སྦྱོར་ལ་ཟླ་བ་དགུ་ཡི་དུས་ཚོད་སྤྱད་ན་ཡང་། བརྙན་ལེན་པར་ཉིན་ཉེར་ལྔ་ཙམ་ལས་མ་སོང་། ཐོག་མར་འཁྲབ་འཁྲིད་པའི་ལས་ལ་འཇུག་མཁན་ཞིག་ལ་མཚོན་ན་འདི་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་སྲིད་ཀྱང་། གློག་བརྙན་ཧྲིལ་བོར་བལྟས་ཚེ་དེའི་ཐད་ཀྱི་དོགས་གཞི་ཡོད་ཚད་དེ་མུར་ཡལ་འགྲོ་སྟེ། ཐུན་མོང་མ་ཡིན་པའི་བརྙན་རིས་ཇུས་འགོད་དང་། དམ་ལྷོད་རན་པའི་གཏམ་རྒྱུད་ཀྱི་བྱུང་འཕེལ། འཁྲབ་ཚིག་ལ་བྱང་ཆ་ལྡན་ཞིང་ཚོར་བས་ཕྱུག་པ། རང་བྱུང་བཅོས་མིན་དུ་གྲུབ་པའི་འཁྲབ་སྟོན་སྒྱུ་རྩལ་སོགས་གང་ལ་བལྟས་ཀྱང་ཧ་ལས་པའི་སྣང་ཚུལ་ཞིག་རེད། བརྙན་ལེན་གྱི་རིམ་པ་གླེང་དུས་ཟོན་ཐར་རྒྱལ་ཡང་ཅུང་ལྷོད་ལ་བབས་ནས། “འཁྲབ་འཁྲིད་ཀྱི་ལས་ཀ་ནི་བརྙན་ལེན་ལས་དཀའ་ལས་རྒྱག་དགོས་པ་ཞིག་ཡིན་ཡང་། གློག་བརྙན་འདི་ཕབ་བསྐྲུན་བྱས་པར་དེ་འདྲའི་དཀའ་ལས་རྒྱག་དགོས་མ་སོང་། སྤྱིར་བཏང་དུ་ང་རང་གིས་ཆེས་སེམས་ཁུར་བྱེད་ས་ནི་འཁྲབ་སྟོན་པ་ཡིན་ཏེ། འཁྲབ་གཞུང་གསར་རྩོམ་བྱེད་དུས་ཀྱང་། སྔ་གཞུག་ཀུན་ཏུ་འདི་ལ་སེམས་ཁུར་བྱས་པ་ཡིན། དེ་ནས་འཁྲབ་སྟོན་པ་འཚོལ་དུ་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་སོང་སོང་བའི་ཐ་མར། སྟེས་དབང་གིས་སྡེ་བ་ཞིག་ལ་ཐོན་པ་དང་། ང་ཚོའི་རླངས་འཁོར་དེར་ཆག་སོང་བས། གང་བྱུང་དུ་སྡེ་འདབས་སུ་འགྲོ་བཞིན་པའི་སྐབས་སུ་གསར་བུ་ཆུང་ཆུང་དེ་ལ་འཕྲད་པ་ཡིན། སྐབས་དེར་བརྙན་ལེན་པས་ཀྱང་ཁོས་མི་སྣ་གཙོ་བོ་འཁྲབ་ཆོག་ཟེར། ཕལ་ཆེར་འདི་ཚང་མ་ལས་འཕྲོ་ཞིག་རེད།”
“ངས་ཁོ་འདེམས་དོན་ཡང་། ཁོའི་མིག་མདངས་ཧ་ཅང་ཟོལ་མེད་ཡིན་ཏེ། རྫུ་བག་གི་ཆ་ཅུང་ཙམ་ཡང་མི་འདུག ད་དུང་སོམ་ཉི་ཡི་ཉམས་ཤིག་ཤར་འདུག དེ་ནི་མི་སྣ་གཙོ་བོ་འདིར་དགོས་པ་ཞིག་རེད། གསར་བུ་དེ་ཡང་ཆུང་དུས་ནས་ཕྱུག་རྫི་བྱས་ནས་སློབ་གྲྭར་འགྲིམ་མ་མྱོང་བས། དེ་ཡང་ཅུང་སྟབས་ལེགས་པ་ཞིག་རེད། ང་གསར་བུ་ཆུང་ཆུང་དེ་ཚོའི་སྡེ་བར་སོང་ནས་ཁོ་འཁྲབ་སྟོན་པར་འདེམ་རྒྱུ་ཡིན་ཞེས་བཤད་པ་ན། ཁོ་ཚོའི་སྡེ་དཔོན་དང་མི་སུ་ཡང་ཡིད་མ་ཆེས་པར། ཐོག་མར་ང་མགོ་སྐོར་གཏོང་མཁན་ཞིག་རེད་འདོད་འདུག དེ་བས་ངས་སྔོན་ལ་སྒོར་འགའ་དེར་གཏའ་མར་བཞག་པ་ན། སྡེ་བའི་ནང་གི་མི་ཚང་མ་ཡ་མཚན་སྐྱེས་ཤིང་། ཟླ་གཅིག་འགོར་རྗེས་ད་གཟོད་ཅུང་ཡིད་ཆེས་པ་བྱུང་། ”
འདི་ནི་རྒྱུན་ལྡན་མ་ཡིན་པའི་སྤྱོད་ཚུལ་ཞིག་ཡིན་ན་ཡང་། ཟོན་ཐར་རྒྱལ་གྱི་གདམ་ཀ་དེ་ནི་ཡང་དག་པ་ཞིག་ཡིན་པ་དོན་དངོས་ཀྱིས་ར་སྤྲོད་བྱུང་འདུག་པ་སྟེ། ཡེ་ཤེས་བསམ་འགྲུབ༼མི་སྣ་གཙོ་བོ་འཁྲབ་མཁན༽ཀྱི་འཁྲབ་སྟོན་གྱིས་གློག་བརྙན་ཧྲིལ་བོར་མཛེས་པ་གཞན་ཞིག་བསྣན་འདུག་ཅིང་། སྔ་གཞུག་ཀུན་ཏུ་གཏམ་རྒྱུད་ཡོངས་ཀྱི་བརྩེ་དུང་གི་འགྱུར་བར་རམ་འདེགས་དང་ཚོད་འཛིན་བྱས་འདུག མགོ་བརྩམས་མ་ཐག་དེར། སྐྱི་གཡའ་བའི་དོན་རྐྱེན་དེ་འདྲ་ཞིག་བརྒྱུད་རྗེས་ཀྱི་མི་སྣ་དེའི་ཧོན་འཐོར་བའི་མིག་མདངས། མདངས་ཡལ་བའི་ངོ་གདོང་། དུས་ཚོད་ཀྱི་འཕེལ་འགྲོས་དང་བསྟུན་ནས། ཁོའི་མིག་མདངས་ལས་རིམ་གྱིས་ནང་སེམས་ཀྱི་ཞི་བ་རིགས་ཤིག་མངོན་ཡོང་བ། དེ་བཞིན་དུ་ཕྱིས་སུ། འགྲོ་རོགས་རྒན་པོ་དེ་ལ་ཁ་གྲགས་པ་དང་། གློག་བརྙན་མཇུག་རྫོགས་པའི་སྐབས་ཀྱི་ཁོའི་མིག་ཆུ་དང་འཛུམ་མདངས། ནང་སེམས་ཀྱི་འགལ་འདུ་དང་ཕྱི་རྣམ་པའི་འགྱུར་ལྡོག་དམ་དུ་འབྲེལ་བའི་གཏམ་རྒྱུད་ཀྱི་བྱུང་འཕེལ་དེ་ལས། འཁྲབ་འཁྲིད་པས་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་བརྟག་དཔྱད་ཤིན་ཏུ་ཟབ་མོ་ཞིག་བྱས་འདུག་པ་གསལ་བོར་རྟོགས་ཐུབ།
བརྩམས་ཆོས་ཐོག་མ་དེ། རང་གི་ཕ་དྲིན་ཅན་ལ་འབུལ།
གློག་བརྙན༼དབུས་ལམ་ཀྱི་ཉི་མ༽ཕབ་བསྐྲུན་མ་བྱས་གོང་ནས། ཟོན་ཐར་རྒྱལ་ནི་བོད་ཀྱི་གློག་བརྙན་ལས་རིགས་པའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་འདུག ཁོ་ཡུན་རིང་ཞིག་ལ་མཛེས་རྩལ་དང་བརྙན་ལེན་གྱི་ལས་ཀར་ཞུགས་པས་མང་པོ་ཞིག་གིས་ཁོ་རང་མ་ཤེས་པ་མ་གཏོགས། བོད་ཀྱི་བརྙན་ལེན་པ་ཞིག་གླེང་དགོས་ཚེ། ཀུན་གྱི་ཡིད་ལ་ཐོག་མར་དྲན་ཡོང་བ་ནི་ཟོན་ཐར་རྒྱལ་ལོས་ཡིན།
ཕུལ་དུ་བྱུང་བའི་འཁྲབ་འཁྲིད་པའི་མི་རབས་གསར་བ་འགའ་རེ་དང་འདྲ་བར། ཟོན་ཐར་རྒྱལ་གཞན་ལས་འབུར་དུ་ཐོན་ཐུབ་པ་ཡང་ཁོ་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་དཀའ་སྤྱད་སྡུག་རུས་ལ་རག་ལས་པ་རེད། ཁོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་གི་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཨ་ཕ་ནི་སློབ་ཆུང་གི་དགེ་རྒན་ཞིག་ཡིན་ལ། ཨ་མ་སློབ་གྲྭར་འགྲིམ་མྱོང་མེད། འཚོ་བའི་ཁྲོད་དུ་རིག་རྩལ་ལ་དགའ་བའི་ཕ་རྒན་གྱིས་ཁོའི་མི་ཚེར་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད་སྲིད་དེ། སྐབས་དེར་ཁོ་ཚང་གི་ཁྱིམ་དུ་དཔེ་ཆ་མང་པོ་མེད་ཅིང་། ཕ་རྒན་གྱིས་ནམ་རྒྱུན་ཆོས་དཔེ་ཞིག་ཕར་སློག་ཚུར་སློག་བྱེད་ཀྱིན། དེའི་ནང་གི་གཏམ་རྒྱུད་འགའ་རེ་ཟོན་ཐར་རྒྱལ་ལ་ཡང་བཤད་མྱོང་བས། ད་ལྟ་ཡང་སེམས་འགུལ་ཐེབས་པའི་གཏམ་རྒྱུད་རེ་གཉིས་ཁོའི་ཡིད་ལ་གསལ་བོར་དྲན་ཐུབ།
ཕ་རྒན་གྱི་སེམས་སུ་རིག་རྩལ་གྱི་ཕུགས་བསམ་ཞིག་ཉར་ཡོད་པས་ཡིན་སྲིད་དེ། ཁོང་གིས་ཟོན་ཐར་རྒྱལ་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་ཅིང་། ནམ་རྒྱུན་རྒྱ་ཡན་དུ་ཏོག་ཙམ་ཡང་མི་གཏོང་བས། ལོ་ན་ཆུང་བའི་ཟོན་ཐར་རྒྱལ་ཨ་ཕའི“གུ་དོག་པའི་སྒྲིག་ལམ”དེ་ལ“སུན་སྣང”སྐྱེ་བཞིན་སློབ་ཆུང་གི་དུས་འདའ་བར་བྱས་ཤིང་། ཁོ་རང་སློབ་འབྲིང་འགྲིམས་ནས་རང་ཁྱིམ་དང་ཕ་རྒན་ལ་བྲལ་རྗེས། ད་གཟོད“བཅིངས་འགྲོལ”ཐོབ་སོང་བའི་ཚོར་བ་ཞིག་སྐྱེས་ན་ཡང་། ལོ་ངོ་མང་པོའི་རྗེས་སུ་ཕྱིར་འདང་རྒྱག་དུས། ཟོན་ཐར་རྒྱལ་རང་གི་བསམ་མེད་ཀྱི་བྱ་སྤྱོད་དེ་དག་ལ་ནམ་རྒྱུན་ནོངས་འགྱོད་དྲག་པོ་སྐྱེས་ཡོང་ཟེར།
ཕ་རྒན་གྱིས་ཟོན་ཐར་རྒྱལ་གྱི་གཡུར་དུ་ཟ་བའི་བྱ་བཞག་རིག་མ་ཐུབ་པར་རིང་བོ་མ་སོང་བར་ནད་ཀྱིས་འདས་སོང་བས། ཁོ་རང་ནར་སོན་པའི་གོ་རིམ་ཁྲོད་རིམ་གྱིས་རྟོགས་ཤིང་དྲན་པའི་ཕ་བཟང་བོའི་དྲིན་ལན་དེ། བརྗོད་དུ་མེད་པའི་ནང་སེམས་ཀྱི་ན་ཟུག་ཏུ་གྱུར་སོང་། དེ་བས་གློག་བརྙན་དབུས་ལམ་གྱི་ཉི་མའི་ཁྲོད་ཀྱི་འཁྲབ་ཚིག་ཕལ་ཆེ་བ་ནི་རྒན་པོ་དེས་བཤད་པ་ཡིན་ལ། སྐད་ཆ་དེ་དག་ཀྱང་འཁྲབ་འཁྲིད་པ་ལོ་ན་ཆུང་དུས་རྟོགས་མ་ཐུབ་པའི་ཕ་བཟང་བོའི་སེམས་གཏམ་ཡིན་སྲིད།
རིན་ཆེན་སྒྲོལ་མས་རྒྱ་ཡིག་ནས་བསྒྱུར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།