སྒོ་ཡོན་གྱི་ཉེ་བའི་སྙན་ངག་བཅོ་བརྒྱད།
མ་ཤི་བར་དུ་སྙན་ངག་འབྲི་ན་འབྲི།
འགྲོ་ན་རྟ་ཕོ་མི་དགོས་ཕེབས་ཤོག།
བསྡད་ན་རྩྭ་ཐང་མི་དགོས་བཞུགས་ཤོག།
ཨཱ་ལི་གཤོག་ཐོགས་ཅན་གྱི་རྒྱབ་ན།།
སྙན་ངག་ཟོ་བ་གང་རེ་འཁེལ་ན།།
ནམ་མཁའི་ཁྲི་ལ་མི་སྡོད་ཅི་སྡོད།།
ཉི་མའི་རལ་གྲི་མི་གཡུག་ཅི་གཡུག།
གཙང་པོའི་མེ་ཏོག་ཆར་དུ་སྙིལ་ལ།།
གནམ་གྱི་སྐ་རགས་ས་ལ་དཀྲིའོ།།
༡༤.༠༨.༠༡༤ལ།
ཀན།
སྐྲ་ལོ་ཕར་ལ་འཁྱིལ་དུས་ཟླ་བ་ཚེས།།
ཟླ་བའི་འཛུམ་མདངས་མཁུར་ཚོས་ངོས་ལ་འཕྲོ།།
བྲང་ཁའི་མཐའ་ལ་མྱོས་བུམ་རྩེད་མོར་རྒྱུ།།
འཇམ་མཉེན་ལག་ཟུང་པདྨའི་འདབ་མར་བྱིལ།།
སྐེད་པ་ཕྲ་མོར་སྦྲང་རྩིའི་དྲི་བསུང་འཐིལ།།
རྐང་ཆུང་ལྡེམ་ལྡེམ་ངང་མོའི་ཞབས་བྲོ་རྩེ།།
ཕྱིར་ལ་བལྟས་ཙམ་ཚུར་ལ་འཁོར་ཙམ་ཀན།།
༡༠.༠༨.༠༡༤ལ།
ནད་པ།
ང་ནི་གཤོག་པ་ཐང་ལ་འཐོར་བའི་རྨ་བྱ་དེ།།
མེ་ལོང་ནང་གི་མཛེས་པ་དྲན་ནས་སྤྲུག་སྤྲུག་བྱ།།
ཆར་བ་ཟིམ་ཟིམ་རླུང་བུ་སིམ་སིམ་ལུས་ལ་འཁོར།།
ཉི་རྩེ་ཡག་པོ་སྒྲོ་གུར་མཉེན་མོ་ས་ལ་བཀྲ།།
ཐིག་ལེ་འཐུ་ཞིང་མགྲིན་པ་གཟེངས་པའི་ཁ་སང་ནི།།
ང་རང་ཡིན་ལ་ང་རང་མིན་པ་སུ་ཡིས་རྟོགས།།
༡༡.༠༨.༠༡༤ལ།
སྒྱུ་མའི་དཔྱང་ཐག
རླུང་བུ་ཙམ་ཞིག་ཡོད་འདིས་ལོ་མ་གཡོ།།
ལོ་མ་ཙམ་ཞིག་འདར་བས་ལྗོན་པ་མཐོང་།།
ལྗོན་པའི་ཡལ་ག་རེ་རེའི་གཡས་གཡོན་ན།།
སྦྲང་བུ་གཤོག་ལྡན་རེ་རེ་མཚམས་ལ་བཞུགས།།
ཁྱོད་ནི་གཡུ་སྦྲང་བྱང་ཆུབ་བདེ་སྐྱིད་མིན།།
ཁྱོད་ནི་གསེར་སྦྲང་རིན་ཆེན་དོན་གྲུབ་མིན།།
སེམས་ཀྱི་གཙང་བོ་བརྒལ་བའི་ཡུལ་ཁམས་ན།།
སྲིད་པའི་ནམ་མཁའ་ཁོ་ནས་ཡང་ཡང་ཅེར།།
རྩྭ་ཐང་གོས་ཀྱིས་མི་གཡོག་སྔོ་ལྡེམ་མེ།།
ཉི་ཟེར་མཛུབ་མོས་མི་འཁྲིད་སེར་ལམ་མེ།།
ལྗོན་པ་གཅེར་བུར་སྣང་བའི་དུས་འབྱུང་ཚེ།།
འཇིག་རྟེན་གུད་དུ་བྱས་ཀྱང་རང་ལ་ཐུག།
༡༣.༠༩.༠༡༤ལ།
ཉི་མའི་གོ་ཆ།
ཁ་བ།།
ཁ་བ་ལེབ་ཆུང་ཕྱེད་ཙམ་ཞོལ་ལ།།
རི་མོ་ཁྲི་ཡི་མཛེས་པ་ཕུབ་ཡོད་ཤ་རུས་བསགས་ཡོད།།
གྲང་བའི་ཤ་ཁྲག་ས་ལ་འཐོར་འགྱུར་སྐྱོ་སུན་གདུང་བ་གང་ནས་འཚོལ།།
འདབས་ཀྱི་རྡོ་བ་མཐོང་བའི་མོད་ལ་གནམ་གྱི་གཞི་རྒྱ་དེ་ཡང་བརྗེད་མ་གྱུར།།
འཇིག་རྟེན་མདུན་རྒྱབ་འབྲེལ་དང་མ་འབྲེལ་ཁ་བའི་གདོང་པ་ཕྱི་ལ་ཇི་ལྟར་གསལ།།
མཆི་མ་འབྱུང་མིན་སྐྲ་རྩེ་ཙམ་པོ་རང་དང་གཞན་ལ་གཡོས་པ་མེད།།
རླུང་བུ་ཕར་འགྲོ་ཤུ་སྒྲ་ཚུར་འོང་འདབ་ཁ་འགུལ་བྱུང་།།
ཁ་བ་ཕྲན་བུར་མི་ཚེ་རགས་པ།།
ཁ་བ།།
༠༣.༡༡.༠༡༤ལ།
ཐེག་པ་སྔོན་པོ།
གཡས་ལ་གཡུང་དྲུང་འཁྱིལ་བའི་གཞལ་ཡས།།
མཁའ་ལ་ཆར་སྤྲིན་ཞོག་པའི་དེ་རིང་།།
བོན་ལྷ་ཉི་ཟླ་ཟུང་གིས་བསྐྱོར་བའི།།
དབྱིངས་ཀྱི་ཁྱེའུ་ཆུང་གནས་ལ་གཤེགས་པ།།
སྟོང་བའི་མཁའ་འགྲོའི་བརྡ་ཡིག་ཙམ་ཞིག།
རང་བྱུང་གསང་བའི་རྣམ་འགྱུར་ཙམ་ཞིག།
ཁྱེད་ནི་སུ་ཡི་ཐེག་པ་སྔོན་པོ།།
སྤྲོས་པའི་མཐའ་ལ་ཐེག་པ་གར་ཡོད།།
ཁྱེད་ནི་སུ་ཡི་མཆི་མའི་ལེའུ།།
འཁོར་བའི་སྒྲུང་ལ་མཐའ་མཚམས་ཨེ་གསལ།།
ཡི་གེ་ཕར་ཚུར་དགོད་པ་འདི་དག།
གཤེན་རབ་སྐུ་ཡི་ཐུགས་ལ་ཕོག་ན།།
༠༧.༡༠.༠༡༤ལ།
ཟླ་འོད་རྐུང་བའི་ཕུག་པ།
གནམ་གྱི་ལྕགས་རི་བརྒལ་པའི་སེམས་ཀྱི་ཟླ་འོད།།
ལས་ཀྱི་གཙང་པོར་འཕྲད་པའི་མཚན་མོའི་བཟི་ཡོམ།།
སྤྲིན་དང་སྐར་མས་བསྐོར་བའི་ནམ་མཁའི་ཕུག་པ།།
འཚོ་བའི་གཤོག་པ་རྐྱོང་བའི་རླུང་གི་སྒྲ་སྒྲོག།
ཚེ་སྲོག་ཆ་གཅིག་འགུལ་བའི་འཁོར་བའི་རྨི་ལམ།།
ཚོར་དང་མ་ཚོར་ཙམ་གྱིས་གར་དུ་གྲུབ་བོ།།
༢༧.༠༧.༠༡༤ལ།
རུས་པ།
ང་ཡི་རུས་པ་ས་ལ་མ་འཐོར།།
ས་མཐའི་རླུང་བུ་མདུན་ལ་ཆས་ཀྱི།།
རླུང་དང་རུས་པ་ཉེ་ཤག་ཁག་པོ།།
ཉི་འོད་ཁོ་ན་རུས་ལ་ཟུག་བྱུང་།།
ཕྱིར་འོང་ཙམ་གྱི་རྣམ་ཤེས་ཅི་ཆ།།
བྱེ་རླུང་བཞིན་དུ་ཕྱོགས་མཐར་ཡལ་འགྲོ།།
སྣང་བ་ཕྲ་མོ་རང་ལ་གཏད་ཀྱང་།།
རུས་པའི་མཛེས་པ་རང་ལ་མི་དབང་།།
༢༦.༠༧.༠༡༤ལ།
སྨན་ཁང་འདིའི་ནང་།
སྨན་ཁང་འདིའི་ནང་སྙན་ངག་ཅིག་ལྷུང་མེད་ཚོད།།
སྦུ་གུ་ཕྲ་མོར་བཞུར་བཞིན་པའི་སྨན་ཆུ་རིལ།།
སྒེའུ་ཁུང་ཕྱི་ནས་འཕུར་འོང་བའི་རླུང་ལྗང་གུ།
ལུས་སེམས་ཉོབ་པའི་ནད་པ་ཚོའི་ཟས་ལོངས་སྤྱོད།།
སྨན་ཁང་འདིའི་ནང་རྨི་ལམ་འགའ་མངོན་རྒྱུག་འདྲ།།
ལྷ་རྗེ་རེ་རེའི་རྒྱ་སྐད་དག་བོད་སྐད་ཐུག།
བོད་མི་མང་བོའི་ན་ཟུག་ལ་ཉིན་མཚན་ཤར།།
གཡུལ་ལ་ཆས་པའི་འབུ་སྲིན་ཚོས་ཕམ་ཁ་ཉོས།།
སྨན་ཁང་འདིའི་ནང་འདྲེ་སྲིན་ཚོས་གླུ་གཏོང་གྲབས།།
ཕོ་བ་བཙེམས་པའི་སྐྱེས་མ་འགས་ཨག་སྐད་འདོན།།
ཀླད་པ་དཀྲིས་པའི་བྱིས་པ་འགས་ཨ་མར་འབོད།།
ཕུང་བོའི་བཟོ་གྲྭར་མི་ནད་ཀྱི་དགྲ་གཉེན་འཐབ།།
སྨན་ཁང་འདིའི་ནང་དཀོན་མཆོག་གིས་རྒྱུགས་ལེན་སྐད།།
སྒོར་མོའི་ནུ་མ་བརྩེ་བ་དང་སྲོག་ལ་རེག།
ཕུ་ནུའི་མཛའ་བ་སོ་བར་དང་ཤ་ལ་སིམ།།
རྒྱུ་འབྲས་མཁན་པོ་གཅེར་བུ་ཅན་ཕར་ཚུར་འབྱོན།།
༠༨.༠༨.༠༡༤ལ།
བྱ་ར།
ལྕགས་ཐག་སྙིང་ལ་འཆར་བའི་ས་གཞིའི་གད་པ།།
འཇིགས་པ་སྔས་ལ་བཞུར་བའི་དཔའ་བོའི་རྔུལ་ཆུ།།
ལས་མཁན་ཉིན་གཤར་མཚན་གཤར་སྐར་མ་ཤར་ཤར།།
བཙོན་མའི་སྒོ་ཆུང་འདར་བའི་གླུ་དབྱངས་རིང་འཐེན།།
ལུས་སེམས་རྩེ་ལ་ཟུག་པའི་བྱ་ར་རང་འཕེན།།
འཚོ་བའི་ཡུ་བ་ཕྱར་བའི་ལག་པ་དྲོན་མོ།།
༡༠.༠༨.༠༡༤ལ།
གཏམ་རྒྱུད་ཀྱི་ཚུར་རོལ་ན།
གློ་བ་ཆུང་ཆུང་འདི་སུ་ཡི་ཡིན་ནམ་རྡོ་རྗེའི་ལམ་ནས་ཐལ་བར་དཀའ།།
རི་གྲོང་བརྒལ་མཚམས་ཀྱི་རྡོག་ཁྲེས་དེ་ཡང་ཕུགས་བསམ་ཙམ་གྱིས་འདེགས་པར་བཤད།།
སེམས་ཀྱི་ནམ་མཁའ་ལ་ཉི་ཟླ་སྐར་གསུམ་སྤོབས་པ་ཆེན་པོས་མར་ལ་དཔྱངས།།
ང་ཡི་ཕར་ནང་ན་ང་རང་ཡོད་ཅེས་པིར་ཆུང་ཐོགས་ཏེ་རང་ལ་བྲིས།།
རང་ཉིད་ནམ་མཁའ་དང་ས་གཞིའི་མཐའ་ལ་གཅིག་པུར་རྒྱང་དུ་བསྐྱོད་པ་ཡི།།
གནའ་བོའི་མཚོ་གྲུ་ལ་ཨུ་ཚུགས་གཏོང་བའི་མི་ཚེའི་རྦ་རླབས་སླར་ཡང་སྐྱོམ།།
༠༩.༠༨.༠༡༤ལ།
ཕུགས་བསམ།
མཚན་མོའི་ཨུ་ཁུང་མཛུབ་མོས་ཡར་ཡར་འབིག།
སྐར་མ་ཁྲ་ཁྲ་སེན་མོའི་རྩེ་ལ་རྒྱུ།།
ཟླ་འོད་འོག་ཏུ་སྤྲིན་པའི་ཞབས་རྗེས་ཡལ།།
གློག་སྒྲོན་སྣ་ཚོགས་ལམ་ཁའི་ཕར་ཚུར་འགྲེང་།།
རྩྭ་ཐུར་རེ་གཉིས་རང་རང་ས་ལ་གཟིམ།།
ཁང་བྱིའུ་གཅིག་པུས་རྒྱང་རིང་ཚང་མལ་སྙེག།
ནམ་ཞིག་སྐྱ་རེངས་བསླེབ་མིན་ཆ་མ་འཚལ།།
༡༣.༠༨.༠༡༤ལ།
འཆི་བའི་འཛུམ་མདངས།
མི་ཚེའི་སྦུབས་ལས་ཆུ་ཐིགས་རྡོག་གཅིག་འགྲིལ།།
དུས་ཚོད་བཞུར་བའི“ཐག”སྒྲ་མདུན་ལ་ཡལ།།
ཁྲག་རྩའི་ཀློང་ལ་འཚོ་བའི་བྲག་ཅ་འཁྱིལ།།
ཁབ་སྣེ་གཅིག་པུས་ཚེ་སྲོག་སླར་ཡང་བཙལ།།
ད་ནི་གསོན་པའི་སྙིང་ཆུང་འདར་ཡོམ་རྒྱག།
ནད་ཁྲིའི་འགྲམ་དུ་དབུགས་ཀྱི་རྒྱུ་བ་ཚོར།།
༡༥.༠༨.༠༡༤ལ།
ཡུལ་ལྗོངས།
གལ་ཏེ་འཇིག་རྟེན་ཁྱོད་རང་ཡིན་ན།།
ཁྱོད་ཀྱི་པང་གི་རི་བོང་དཀར་པོ།།
མགོ་བོ་ཀྲོང་ཀྲོང་ཁ་སྤུ་ཙོག་ཙོག།
འཛུམ་ཀོང་པདྨོ་མིག་ཟུང་ཁྲ་རིལ།།
ཚེ་ཡི་ལ་མོ་འཚོ་བའི་ལྷ་བཤོས།།
ཁྱོད་ནི་ང་ཡི་ཡུལ་ལྗོངས་གསར་བ།།
༡༧.༠༨.༠༡༤ལ།
མཐོ་སྒང་གི་མུ་ཏིག་ནག་པོ།
ལོ་ངོ་སྟོང་ཕྲག་མཚན་ཐུན་ཙམ་ལ་བཞུར།།
མེས་པོའི་རྣམ་ཤེས་སྐར་ཚོགས་ཀློང་ལ་འཚེར།།
སྤྲིན་དང་སྨུག་པ་མཛེས་པའི་རི་ལུང་ན།།
ཁྱོད་ཀྱི་རྫོགས་ལྡན་འབྲོང་ཁྱུའི་ལྷས་སུ་འཁོར།།
ཉི་ཟླ་འཇའ་རུ་ཟེགས་པའི་ཆར་ཟིམ་འོག།
སྒོ་དར་མཆི་མས་བརླན་པའི་རྒྱང་བཞུད་པ།།
རེ་བའི་གཤོག་པ་གནམ་སའི་མཐའ་ལ་བརྐྱངས།།
རང་བྱུང་དགའ་བ་ཡངས་པའི་ལྗོངས་ལ་འཁྱིལ།།
མཚོ་ཁའི་རྟ་ནོར་མེ་ལོང་ངོས་ལ་གཤར།།
སྦྲ་ཡོལ་གདོང་ལ་ཁ་བའི་འདབ་མ་འཛུམ།།
གངས་ཀྱི་རྨི་ལམ་སྐྱོང་བའི་མཐོ་སྒང་ན།།
གནའ་བོའི་དེབ་ཐེར་ཀློག་པའི་གཞིས་ཀ་དེ།
༠༤.༠༧.༠༡༤ལ།
གང་།
མཚན་མོའི་འཇའ་ཚོན་རུམ་ལ་འཁྱིལ།།
སྤྲིན་པའི་སྟེང་། སྐར་མའི་སྟེང་། རང་ཉིད་གཅིག་པུས་སྐོར་བྲོ་རྡུང་།།
ནམ་མཁའི་མཐའ་ཀླས་རྒྱབ་ལ་འཁོར།།
ལྗོན་པ་འགུལ། ལོ་མ་འཐོར། ཚེ་སྲོག་ཁོ་ན་འདར་ཡོམ་བྱེད།།
རི་དང་གཙང་བོའི་ཕ་རོལ་ན།།
ཡི་གེ་འཐུ། རྨི་ལམ་སྦས། འདས་པའི་མཆི་མ་རང་ལ་བཤོལ།།
ཁྱོད་ཉིད་མིན་པའི་ཁྱོད་ཉིད་འདི།།
སུ་ལ་མཁོ། སུ་ལ་མཁོ། རང་ཉིད་ལའང་མཁོ་བ་མིན།།
ཤོག་བུའི་སྒང་ལ་རྟ་ཁྱུ་ཞོགས།།
རྨིག་སྒྲ་གཡོ། སེམས་པ་སྟོར། འཚོ་བའི་གྲུ་ཆུང་རྒྱང་ལ་སྐྱོད།།
གངས་ཀྱི་སྨ་ར་བྱིལ་བྱིལ་གཏོང་།།
རྩྭ་ཐང་དྲན། རང་ཡང་དྲན། ཉི་མའི་སྒོ་གླེགས་ཐེངས་འགའ་བརྡུངས།།
ལམ་ཁའི་ཕྱེ་ལེབ་མདུན་ལ་འཕུར།།
ཁེར་རྐྱང་བོར། ཁེར་རྐྱང་བཙལ། རླུང་དང་སྒྲ་དབྱངས་རེས་སུ་བརྐོས།།
མིག་ཤེལ་ཕག་ན་རང་དབང་འདོན།།
ང་སུ་རེད། ང་སུ་རེད། མཛུབ་མོ་བཙུགས་ཏེ་ཁྱོད་ལ་འདྲི།།
༣༡.༠༥.༠༡༤ལ།
སྒྲ་གཅན་དང་གཟེབ་དྲའི་བར་གྱི་གླུ་བ།
—སྤུན་ཟླ་ཞོགས་དྲིལ་ལགས་ལ།
ནམ་མཁའི་ཕ་རོལ་བདས་པའི་འཇིག་རྟེན་ན།།
བསིལ་བསིལ་ཆས་པའི་སྐར་ཚོགས་ཡོད་དམ་ཅི།།
རླུང་བུ་འགྲམ་ལ་འཚབ་པའི་མཚན་ལྗོངས་སུ།
གངས་ཀྱི་རྣ་ཆ་ཁྱེར་བའི་ཐིག་ལེ་གཤར།།
འཇའ་ཚོན་དབྱངས་ཀྱིས་གདུང་བའི་དར་ཤམ་གཡོ།།
ང་ནི་གཙང་པོར་ལྷུང་བའི་ཟླ་འོད་ཙམ།།
རི་དང་སྤྲིན་པས་བལྡག་པའི་གྲུབ་མའོ།།
སྐྲ་ལོ་ཉི་མར་འཐེན་པའི་མེ་ལོང་ངོས།།
འཁོར་བ་ཕྱིར་ལ་འཁོར་བའི་སྣང་བ་འཐོར།།
ཚེ་སྲོག་དབྱིངས་ལ་འབྲི་བའི་ཐག་སྒྲ་རྨི།།
༡༣.༡༠.༠༡༣ལ།
མཚན་མོ་ཞིག་བརྒལ་བ།
གནམ་གྱི་རྐང་བ་ས་ལ་ཐོགས་པས།།
ས་གཞིའི་མཆིལ་མ་སྤྲིན་ལ་བསྡོངས་སོང་།།
ཉི་མའི་ལྗོན་པ་འགུལ་སྐྱོད་ཙམ་གྱིས།།
སྐར་མའི་ལོ་ཏོག་ཐང་ལ་རང་འགྲིལ།།
ཟླ་བ་གཅིག་པུ་མཁའ་ལ་གཡེང་ནས།།
ནམ་མཁའི་འགྱུར་བ་སེམས་ལ་སྣང་སོང་།།
ཟེར་འོད་ཕྲ་མོ་རང་ལ་གཏད་པས།།
རྒྱ་མཚོའི་རླབས་ལ་རྒོལ་བ་རྨིས་བྱུང་།།
བྱ་དང་བྱེའུ་ཁྱུའི་ཚོགས་ནི་འཕུར་བཞིན།།
འཁྲི་ཤིང་སྙི་མོ་ཚང་ལ་ཕབ་འོང་།།
རླུང་དང་གཙང་བོ་རྣམས་ཀྱང་བཞུར་ཏེ།།
ཕྱོགས་བཞིའི་ལམ་ལ་རེ་བས་སྙེག་འདུག།
ཟླ་བ་ཁོ་ནས་སྲིད་པ་བརྒལ་ནས།།
མཐའ་ཡས་བྱེ་ཐང་དུར་འཇུག་བྱེད་གྲབས།།
རི་དང་རྩྭ་ཐང་སྤོས་སུ་བསྒྲོན་ནས།།
རང་བྱུང་དགའ་བ་གར་དུ་ཟློ་འགྲོ།།
གཟུགས་དང་མཚན་མ་ལྡོག་སྟེ་འཁོར་བའི།།
འཚོ་བའི་མནར་གཅོད་སྙིང་ལ་བརྒྱབ་པ།།
ཆང་ཕོར་དམ་བུ་གང་གི་ཟོལ་གྱིས།།
མདུན་གྱི་ཡོད་ཚད་ཁྱུར་མིད་བཟོ་ན།།
རྨི་ལྟས་ཕར་ལ་འཁྲུལ་ན་གཡུག་གཡུག།
འགྱུར་བ་ཚུར་ལ་རེག་པས་འཁྱམ་འཁྱོམ།།
མཚན་ཞག་རེར་ཡང་འཐོར་ཞིག་ཁྲི་ཕྲག།
བདག་ནི་འཇིག་རྟེན་མེད་པའི་འཇིག་རྟེན།།
༢༡.༠༩.༠༡༣ལ་པེ་ཅིང་།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།