ཐོ་ཡོར་གྱི་སྙན་ངག་བདམས་བཀོད།
སྙིང་ཁམས་འཁྲུགས་པའི་གླུ།
རི་མོའི་སྟེང་གི་སྐར་མའི་སླེ་བོ་ནས།།
སྐྱེ་འཆི་གར་ལ་བསྲེས་པའི་འགྲོ་བ་དེས།།
ཚེ་རབས་བརྒྱ་ཡི་རྨི་ལམ་སྨག་ལ་སྦྱར།།
དྲན་པའི་ཁུད་དུ་སྐྱོ་བའི་ཆང་ཞིག་བསྙལ།།
མདང་ནུབ་རི་བོ་འགུལ་ཞིང་སྙིང་ཁམས་འཁྲུགས།།
སྨུག་པའི་གནས་མལ་སྲེད་པས་རླུང་ལ་བསྐུར།།
སྣང་བ་འདི་ཡང་དར་གྱི་ཕོན་པོ་བཞིན།།
འདི་ཕྱིའི་མེ་འོབས་ནང་ནས་མཆོང་ལྡིང་བྱེད།
དོ་ཞག་ཆུ་ཁ་ཞིག་ནས་གླུ་ཞིག་བླངས།།
སྤྲིན་པའི་རྒྱབ་ལ་སྒོ་དང་སྒེའུ་ཁུང་བཟོས།།
དབྱངས་ཡིག་ཡོད་ཚད་དེ་ནས་པུར་དུ་བཏབ།།
ཆུ་ཁ་དེ་ནས་སེམས་ངོ་འཕྲོད་ཙམ་བྱས།།
མདང་ནུབ་མཚན་རྒྱབ་སེམས་རྩ་རབ་ཏུ་འཁྱགས།
རླུང་བུ་མ་ལྡང་དར་དཀར་མ་ཆགས་མོད།།
བས་མཐའ་འདི་ནས་འཁྲུལ་བའི་རྒྱ་མཚོར་བྱིང་།།
དུས་ཚོད་འདི་ལ་སྨྲེང་བའི་འཁྱགས་རོམ་ཆགས།།
ཡུན་རིང་ཞིག་ལ་སེམས་ལ་ལྷན་པ་བརྒྱབ།།
བྱེ་མའི་ཐང་ནས་མིག་ཆུ་འདར་སིག་སིག།
ད་ནི་ཉི་ནུབ་མེད་པའི་གནས་ཤིག་ཏུ།།
རྣམ་ཤེས་སྟེང་ལ་སྒྲུང་ཞིག་ཁྲག་གིས་འབྲི།
མདང་ནུབ་སྨག་ནས་འཇིགས་སྐྲག་དང་བཅས་སད།།
མིག་ལྕིབས་འོག་ནས་གྲིབ་མས་གྲིབ་མ་ཁྲིད།།
ལ་དང་ལུང་ནས་མིག་འབྲས་ལང་ལོང་འཚུབ།།
ལམ་གྱི་ཕྱི་ནང་སྣང་བའི་གཙང་བོས་བཅད།།
2015.2.21
སྨུག་པའི་གླེགས་བམ།
འཁོར་བའི་མཐའ་ནི་བྱེ་ཐང་ཞིག །
མི་རྣམས་སྤྲུལ་བའི་མེ་ཏོག་སྐྱེས།།
སོམ་ཉི་སྐྱེས་པའི་གློ་རྡེག་ཏུ།།
ཆུ་ཡིས་བྱས་པའི་པདྨོ་དེ།།
རྨ་བྱས་ཟློས་གར་འཁྲབ་པ་ཡང་།།
སྨུག་པའི་སྲིབ་ཀྱི་སྐྱེད་ཚལ་ཞིག །
མཛེས་པའི་ཨ་ལོང་ཁྲི་མ་འབུམ།།
སྒྲིབ་པའི་ཡོལ་བ་ཡང་མོ་དེ།།
གཟུགས་ནི་མེད་ཀྱང་ཚོར་བ་ལྕི།།
མེ་ལོང་ཆག་པའི་ཉི་ནུབ་ཏུ།།
རྣག་གིས་བཟུང་བའི་ལམ་ཆེན་དེ།།
མིག་གི་རྒྱལ་མོའི་བག་ལ་ཞ།།
རྡུལ་ཕྲན་རེ་རེའི་རྩེ་མོ་ནི།།
རལ་གྲི་ལོ་མའི་ནགས་ཚལ་ཞིག །
སྐྱོ་བ་དུམ་གཅིག་ནུབ་ལ་འཕགས།།
2015.2.24
མི་ཞིག
མི་ཞིག་སྟོང་བའི་ཕག་ནས་ཡུན་རིང་འདར།།
ལན་བུའི་སྡོམ་རྒྱ་ཞིག་ཏུ་སྙན་ངག་བྲིས།།
ལམ་འགྲམ་འཐོར་བའི་སྙིང་དབྱིབས་ལོ་མ་དེ།།
སེམས་ཀྱི་ཕྱི་དང་ནང་དུ་འཕྱན་པར་བྱེད།།
མི་ཞིག་སྐྱོ་བའི་གྲུ་ཆུང་ཞིག་ཏུ་བསྡད།།
མིག་ཟུང་བཙུམས་ཤིང་ལག་པ་ཕྱོགས་སུ་བསྐྱངས།།
སྣང་བའི་མཚོ་མཐའ་ཞིག་ཏུ་དགུན་ཁ་སྐྱེས།།
རྣམ་ཤེས་ཟིལ་བ་རླབས་ཀྱིས་གང་ལ་འཁྱེར།།
མི་ཞིག་སེམས་པ་གདུངས་ནས་ཡུན་རིང་ངུས།།
བྱམས་པའི་འཛུམ་མདངས་གསེབ་ནས་རྒ་བར་གྱུར།།
ཚེ་ཡི་ཆུ་ཐིགས་རེ་རེ་དེ་ལ་གཏོར།།
མེ་ཏོག་གསེབ་ནས་ཁྲག་གི་ལོ་མ་འཐོར།།
མི་ཞིག་སྲང་གི་གཞས་པ་ཞིག་ཏུ་གྱུར།།
སྨྲེང་བའི་གཞས་ཤིག་ཉིན་དང་མཚན་དུ་འཐེན།།
ཉན་མཁན་མེད་པའི་མཚན་མོའི་མུན་ནག་ཏུ།།
སེམས་པ་སྦྲིད་པའི་གདངས་ལ་འཆི་བར་བྱེད།།
མི་ཞིག་ནད་ཀྱིས་ཟིན་ནས་སྨྲ་བ་འགགས།
སྙིང་གཏམ་ཆད་པའི་རྗེས་ཤུལ་བྱེ་ཐང་གྱུར།།
གཉེན་དང་བུད་མེད་མང་བའི་འཁོར་བ་ནས།།
སེམས་པ་གྲང་ནས་བརྩེ་བ་དབྱིངས་སུ་ཟགས།།
མི་ཞིག་གཡང་གཟར་ཕྱོགས་སུ་བསྒོམས་ལ་ཞུགས།།
བྱིའུ་རྨས་མ་འདི་ལ་ཅི་ཞིག་བྱས།།
ཆར་ཞོད་ཆེ་བའི་མཚན་མོའི་སྒེའུ་ཁུང་དུ།།
ཚེ་འདིའི་མིག་ཆུའི་སྐར་མ་རྩི་བར་བྱེད།།
༢༠༡༥ལོའི་ཟླ༡༢བའི་ཚེས་༢༦ཉིན་བྲིས།
གཞས་དེ་ཧ་ཅང་རིང་།
སྲང་གི་མི་དག་མཚོ་མོའི་ངོས་སུ་ཞུ།།
དབྱར་གྱི་ཁ་ཆེམས་སྤྲིན་པའི་རྒྱབ་ཏུ་བཞུར།།
མཛེས་མའི་རྣ་རྒྱན་འདྲ་བའི་སྐར་འགས།།
འུ་ཅག་རྨས་པའི་ནམ་མཁའ་འཇིག་པར་བྱེད།།
ལམ་གྱི་མདོ་རུ་དབྱངས་ཤིག་འཆི་ལ་ཉེ།།
དབྱངས་དེའི་ཉི་འོད་གསལ་བའི་སྡུག་བསྔལ་མྱོང་།།
སྟོན་ཁའི་སྡོང་ལོ་འཛར་བའི་གར་མ་ལགས།།
རྨ་ཁའི་ལོ་མ་མིག་ཆུའི་བསྲེག་རོགས་ཀྱེ།།
ས་སྲོད་འཁྱག་པར་ལམ་གྱི་ཆབ་རོམ་ཆགས།།
ང་ཡང་སུ་ཡིན་སྲང་འདིར་ཅིའི་ཕྱིར་འོང་།།
མུན་པའི་རྒྱབ་ཏུ་བྱེའུ་ག་ཙམ་འཕུར།།
ལན་བུའི་གསེབ་ཏུ་འཁོར་བ་ཇི་ལྟར་འབྲི།།
ང་ནི་ཁེར་རྐྱང་སྐྱོ་བའི་ཉི་ནུབ་ཡིན།།
ང་ནི་ཁེར་རྐྱང་མཚན་མོའི་འཆི་འཕོ་ཡིན།།
སྤྲིན་པ་བསེད་ནས་སྤྲིན་པའི་སྡུག་བསྔལ་བཙལ།།
ཆུ་བོར་བྱིང་བའི་རྨི་ལམ་ཚ་བ་ལ།།
མེ་ལོང་སྟོང་བར་ཤར་བའི་གྲིབ་མ་དེས།།
ནད་ཁང་ནང་གི་སྐྱེ་དངོས་སྐྱུང་བར་བྱེད།།
བཞུར་ལམ་རང་མོའི་ཆར་བའི་ཚིག་རོ་དག།
ཡིད་ལ་ཉལ་བའི་སྡུག་པའི་མཚམས་སྤྲིན་ཡིན།།
༢༠༡༤ལོའི་ཟླ་༩བའི་ཚེས་༡༨ཉིན་བྲིས།།
ཉི་མའི་མགྲོན་པོ།
ཉི་མའི་འོད་ཅིག་གྱང་ངོས་གསེང་ནས་ཟགས།།
ང་ཡི་རྨི་ལམ་སྔས་མགོར་ཁ་བ་བབས།།
ཉི་མའི་གར་ལ་འཁྱུགས་པའི་ལྷ་མོ་ཞིག།
རྒྱུ་མའི་སོལ་གདུབ་བསིལ་བཞིན་མཆོང་ནས་ཡོང་།།
ང་ཡི་ཁང་ཆུང་འདོད་པའི་གར་སྟེགས་སམ།།
ཏིང་འཛིན་རོལ་མོ་རྟོག་པས་དཀྲོལ་ཙམ་གྱིས།།
ལྷ་མོ་གང་དེ་ཉི་མའི་ཁྲུས་ལ་ཞུགས།།
ལམ་གྱི་རྡུལ་རྣམས་མེ་ལོང་ངོས་སུ་འཕགས།།
ངོས་ཀྱི་དེ་ལ་ཆང་གི་ཆབ་ཅིག་བྲན།།
ཞོགས་པའི་ཕོར་བ་འདྲུད་པའི་སྐྱ་མི་ཞིག།
འོད་ཀྱི་རྟ་ལ་ཞོན་ནས་ཚུར་ལ་འོང་།།
ང་ཡི་ཁང་ཆུང་བདུད་རྩིམ་ཁམ་གང་ངམ།།
འདོད་ཡོན་མར་ཁུའི་དྲི་ལ་སྣོམ་ཙམ་གྱིས།།
སྐྱ་མི་གང་དེ་ཉི་མའི་ཀློང་དུ་གཤེགས།།
སྤྲིན་དང་སྨིག་རྒྱུ་བསྐུངས་བའི་རྐང་ལམ་ནས།།
ང་ཡི་ལྷམ་མགོར་ཉལ་ཐའི་ཟིལ་བ་ཆགས།།
དབུ་སྙུངས་བཞེས་པའི་དབྱངས་གསལ་ནད་པ་ཞིག།
མ་གྱུར་སེམས་ཅན་ཟེར་ནས་འོང་གིན་དགའ།།
ང་ཡི་ཁང་ཆུང་དབྱངས་ཀྱི་མཆོད་སྟེགས་སམ།།
རྐང་གི་ལོ་མར་ཁ་དོག་དོད་ཙམ་གྱིས།།
ཉི་མའི་ཟེར་དུ་སྐད་ཅིག་ཡལ་བར་གྱུར།།
༢༠༡༤ལོའི་ཟླ༡༠བའི་ཚེས༨ཉིན་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།