ཞོགས་གཞོན་གྱི་སྙན་ངག་བདམས་བཀོད།
ད་ལྟ་གཞི་ནས་འགྱུར་འདུག
དྲན་པ་དེ་དུམ་བུ་གཉིས་སུ་གྱེས་པ་ནས
ཤི་མ་གསོན་གྱི་དུས་ཚོད་དེ་དག་ལ
འཚོ་བ་ནི་ཁ་དོག་མི་གསལ་བའི་བཤད་ཡམས་ཤིག་དང
ཉི་འོད་ཀྱིས་རུལ་གྱིན་པའི་ཕྱི་དྲོ་ཞིག་གི་གདུང་འབོད་རེད
ངས་མཐོང་མྱོང་བ་དེ
ད་ལྟ་གཞི་ནས་འགྱུར་འདུག་པ་ལྟར
ང་རང་མྱ་ངམ་ཐང་ཆེན་པོ་ཞིག་གི་ཁོག་ཏུ་བཅུག
ཁྱོད་ཀྱང་མྱ་ངམ་ཐང་ཆེན་པོ་དེའི་དཀྱིལ་ལ་ལོག
ཁོ་ཚོའི་ངོ་གདོང་ནི་ཤུན་པ་སྐམ་པོ་ཞིག་རེད
ཤོག་བུའི་ངོས་ཀྱི་ཚུགས་ཀ་དེ་ཚོས
སྐབས་འགར་ཡོད་པའམ་མེད་པ་བྱེད་ཅིང
གོག་མ་བགྲོད་ཀྱིས་རིགས་མཐུན་མང་བོ་ཞིག
མཐའ་མར་མེད་པ་ཁོ་ནར་བཏང
མཚན་བསྐྱལ་ཏེ་བཤད་པའི་ཁ་བརྡ་དེས
ངས་ཁོ་ཚོ་ཅི་ལྟ་བུ་ཞིག་ཡིན་པ་ཤེས་ཐབས་བྲལ
སང་ཉིན་ནས་བཟུང
ངས་རང་གི་མིག་ཟུང་བཙུམས་ནའང
དྲན་སྲིད་པ་ནི་མི་གཞན་ཞིག་ཡིན་པ་ཤེས་ཐུབ།
༢༠༡༥ལོའི་ཟླ༢པའི་ཚེས༡༥ཉིན་བྲིས།
མ་འོངས་པར་ཞུ་དགོས་པའི་ཕངས་སེམས།
སེམས་པའི་གཏིང་དུ་སྦས་པའི
མགོ་བོ་གཟིར་བྱེད་ཀྱི་འཕེལ་འགྲིབ་འདི་དག་གིས
ང་ཚོའི་སེམས་པ་མེ་རུ་བསྒྲོན
ཞིབ་ཏུ་བསམ་ན་དངོས་གནས་སྐྱོ་བ་ཞིག་རེད
ཡིག་འབྲུ་དེ་ཚོ
ད་ལྟ་གྲངས་ཀ་བཞི་ནས་གཉིས་སུ་གྱུར་ཚར
མ་འོངས་པར་གཅིག་ཀྱང་མེད་པའི་དུས་སུ
ང་ཚོས་རང་གི་མིག་གཉིས་བྲུས་ནས
ཅི་ཡང་མ་མཐོང་ཁུལ་བྱེད་ཐུབ་བམ
ང་ཚོའི་སྤང་ཐང་དུ
འབྲོག་པ་རྟ་བ་དེ་ཚོས
འཕྲུལ་འཁོར་གྱི་གྲོང་ཚོར་བསྙེགས་ནས
རྐང་བ་གཉིས་སར་སྤོ་མི་འདོད་པ་བྱེད་ཀྱིན་འདུག
མ་འོངས་པར་ཅིས་ཀྱང་བྱེད་ཆོག་པ་ཞིག་ནི
བདག་གཞན་གྱི་སུན་སྣང་མཐའ་དག
སྣོད་ཅིག་ཏུ་བླུགས་ཤིང
དེ་ཡི་ཕྱེད་ཀ་བཤས་ཁང་ཞིག་ཏུ་སྤྲད་ཆོག
འཆི་བཞིན་པའི་ཤ་ཁྲག་གི་ཕུང་བོ་དག་དང
འཆི་བཞིན་པའི་ཞོགས་པའི་ཟིལ་བ་དག
ཚང་མ་རྩྭ་བཞིན་གཡོ་བའི་དུས་སུ
ང་ཚོ་གསལ་བོ་ཞིག་ཡིན་མདོག་ཁ་བོས
གནས་གཞན་དུ་བགྲོད་དགོས་པ་ཡིན་ནམ
ནམ་ལངས་ཁར
སྐར་མ་ཁྲ་བོ་དག་རེ་རེ་བཞིན་ནུབ་པ་ལྟར
དགའ་སྐྱོ་ཉིས་འདྲེས་ཀྱི་སྐད་སྒྲའི་ནང་དུ
རླུང་བཞིན་རྒྱུགས་ནས་བུད་འགྲོ་བའི་མི་དག
མ་འོངས་པར་རླུང་བཞིན་གང་ལ་བརྒྱུག་དགོས།
༢༠༡༥ལོའི་ཟླ་༢པའི་ཚེས༧ཉིན་བྲིས།
ང་རང་གི་གཞོན་ནུ་མ་ཁྱོད།
མུན་ནག་དང་འོད་སྣང་གཉིས
གཏན་ནས་འདྲ་མཚུངས་མིན་པས
མུན་ནག་གི་ཞབས་ནས་ངས་ཁྱོད་བཙལ་མྱོང་ལ
འོད་སྣང་གི་གསེང་ནས་ངས་ཁྱོད་མཐོང་མྱོང
དེའི་ཕྱིར ཁྱོད་རང་གང་དུ་ཡོད་ནའང
ཚིག་དེ་བསྐྱར་བཟློས་བྱེད་པ་བཞིན
རྐང་མཐིལ་ནས་སྤྱི་གཙུག་གི་བར་དུ
རང་བཞིན་གྱི་འཕར་ལྡིང་གང་རུང་ཡང
དབང་མེད་དུ་མགྱོགས་པོར་ཕྱིན་འདུག
འདི་ནི་ཤིན་ཏུ་མཛེས་པ་དང
དེ་ནི་ཤིན་ཏུ་སྡུག་པའི་ཁྱད་པར་དེ
ད་ལྟ་རྩ་བ་ནས་མཐོང་ཐུབ་མི་འདུག་སྟེ
ང་རང་གཅིག་པུས་མུན་ནག་དང་འོད་སྣང་གི་ནང་དུ
ཁྱོད་ལས་ཅི་ཡང་དྲན་མི་འདོད་པའི་ཚུལ་གྱིས
ལུས་པོའི་ཕྱོགས་ཡོངས་གྲིམ་ལྷོད་རན་པ་ཞིག་གིས་བཏགས
དེ་ལས་མིག་ཟུང་ཁོ་ན་མཚན་མོའི་སྐར་ཚོགས་ལ་བསྲེས།
༢༠༡༥ལོའི་ཟླ་༣པའི་ཚེས༨ཉིན་བྲིས།
ཁྱོད་དང་འབྲེལ་ཡོད་ཀྱི་བརྩེ་བ།
གྱ་གྱུར་འཐེན་པའི་མི་ཚེ་འདི
ཧ་ཅང་ཆེན་པོ་ཞིག་ལ་དཔེ་བཞག་ན
ནམ་མཁའ་ཞིག་སྟེ མགོ་ཐོག་གི་ནམ་མཁའ་འདི་རུ
ཁྱོད་རང་མཚོན་བྱེད་ཀྱི་སྡུག་བསྔལ་དང་སེམས་ཁྲལ
བར་སྣང་དུ་རེ་བ་འདྲ་བའི་ལྡིང་སྐོར་བྱེད
དྲན་འཕྲུལ་གྱི་གཟེར་མ་དག་གིས་བཟོས་པའི་འཇིག་རྟེན་གྱིས་ཡིན་ནམ
ཁྱོད་ཀྱི་ངོ་གདོང་ནི་ཐམས་ཅད་ནང་ལ་ཤོར་བ་བཞིན
རང་གི་ཡོད་འོས་ཀྱི་སྐྱོ་ཡུས་དང་རྨི་ལམ
ཚེར་མའི་ཐག་པ་དག་གི་སྣེ་མོར་བཞག་འདུག་པས
ཁྱོད་ཀྱི་སྐྱོ་འཛུམ་ལྟ་བུའི་སྲང་ལམ་འདིར
ང་རང་གཅིག་པུས་མ་འོངས་པ་བཙལ་མྱོང་།
༢༠༡༥ལོའི་ཟླ་༢པའི་ཚེས་༣ཉིན་བྲིས།
ཨ་ཕར་ཕུལ་བ།
ཁྱོད་རང་ཁ་དོག་མི་གསལ་བའི་ཀོ་གྲུ་ཞིག་ལ་བསྡད
ར་བཟི་བའི་མཚན་མོ་མང་བོར
གླུ་སྐད་ཅིག་སྙིགས་སྣོད་དུ་ལྷུང་ནས་འཆི་ཁའི་མེ་ཏོག་ཏུ་སྤྲུལ
དེ་ཡང་ཁྱོད་ཀྱི་ཆང་ཕོར་ནང་ལྷུང
མིག་ལ་གཟན་པའི་མི་དག་གིས་ཆང་འཐུང་མི་ཤེས་ཟེར་དུས
བཙན་གྱིས་འཆི་རུ་འགྲོ་བའི་ནད་པ་དེ་སུ་ཡིན
ཨ་ཕ ཨ་ཕ
ཁྱོད་ནི་མཚོ་སྔོན་པོའི་ཆུ་ངོགས་ཀྱི་མི་ནུབ་པའི་བདག་གི་དེད་དཔོན་དེ་ཡིན
ཨ་ཕ ཁྱོད་ཀྱི་སེམས་སུ
མི་མང་བོ་ཞིག་གིས་གསོག་པོ་ཁོ་ན་ཡིན་པའི་བྱ་བ་བྱེད
བརྩེ་བ་བསྣོག ངོ་ཚ་ཡང་མེད་པའི་ཚང་མལ་བཟོས
༢༠༡༤ལོའི་ཟླ༡༢པའི་ཚེས་༢༤ཉིན།
གལ་ཏེ། གལ་ཏེ།
གལ་ཏེ་སྐྱོ་ངལ་གྱི་འཚོ་བ་འདི་མཇུག་བསྒྲིལ་ཚེ
ཁྱོད་ཀྱི་ལུས་སྟེང་དུ་བཙའ་ཆགས་པའི
འབག་བཙོག་གི་སྐྱེད་ཚལ་དང
སྡུག་པའི་ངོ་བོ་ཡོད་མི་སྲིད
གལ་ཏེ་ལང་ཚོའི་ཕྱེད་ཀ་ནུབ་པར་གྱུར་བའི
ཁྱོད་ཀྱི་མཐོང་ལམ་དུ
འཁོར་བའི་རྩིབས་མ་མང་བོ་འཁྲུལ་སྣང་གི་ནང་དུ་མངོན་ཚེ
བདག་གི་མིག་མདུན་དུ་ཅི་ཡང་ཡོད་མི་སྲིད
གལ་ཏེ་ཁྱོད་སེམས་ཀྱི་གྲང་རླུང་ལྡོམ་པོ་དག་གི་ངོས་སུ
ང་ནི་སྨྱོ་ཆུ་བཞུར་ཤུལ་གྱི་མྱ་ངམ་ཐང་དང
སྡིགས་སྒྲིབ་ཀྱི་ནག་ཉེས་ཕོག་པའི
འཆི་ཁའི་བརྩེ་བ་དེ་ཡིན་ན
ཁྱོད་ཀྱི་སྔས་སུ་བདག་གི་རྣམ་ཤེས་ཀྱི་ཡན་ལག་ཡོད་མི་སྲིད
གལ་ཏེ ང་ཚོ་མཁའ་དབྱིངས་འདི་ནས་ཤི་དགོས་ཚེ
ཤི་ཡང་ཆོག་པ་རེད།
༢༠༡༤ལོའི་༡༢པའི་ཚེས༡༥ཉིན་བྲིས།
བརྩེ་དུང་ལ་ཕུལ་བ།
འཆི་བའི་ལོགས་སུ
རི་མོ་བཞིན་གསལ་བ་ནི་བརྩེ་དུང་ཡིན
བརྩེ་དུང་ནི་རླུང་བུའི་བུ་ག་དང
བདེན་རྫུན་གྱི་ཅ་ལག་རེ་རེ་ཡིན
ཉམ་ཆག་གི་འཚོ་བ་རེ་རེ་ནི་མི་ཡིས་བྲིས་ཤིང
དྲན་པར་ལྷུང་བའི་སྐྱ་ཐིག་གི་གསེབ་ཏུ
བརྩེ་དུང་ནི་བང་རིམ་མང་བོས་བརྩིགས་པའི
སེམས་ཀྱི་ལང་ཚོ་ཞིག་རེད
མིག་ཆུའི་བཞད་གད་ཅིག་རེད
བདག་པོ་མེད་པའི་རླུང་གི་དྲ་བ་དེ་ལས
ཁ་ཅིག་ཡར་ལ་འཕུར་ཞིང
སྐོར་ཅིག་ཐུར་ལ་ལྷུང་འགྲོ་བས
རྒྱུ་མཚན་མེད་པ་ཞིག་གཏན་ནས་ཡིན་མི་སྲིད།
༢༠༡༤ལོའི་ཟླ༡༡པའི་ཚེས་༡༤ཉིན་བྲིས།
ཁེར་ཧྲེང་གི་མཚན་མོ།
ནམ་གུང་དཔེ་དེབ་དེའི་ནང་གི་ཡི་གེ་དག
ཡར་ལྡིང་མར་ལྡིང་བྱེད་པ་མཐོང་ལ
དེ་ཚོའི་གྲལ་གྱི་འོད་ཀྲིག་ཀྲིག་གི་ཚིག་རྐང་དེ
ཡར་མ་གཏོགས་མར་ལ་མི་མཆོངས་པ་ཡང་མཐོང་བས
འཆི་འཕག་གི་མཚན་ནུབ་དེའི་ཁ་གཏད་ནས
ངས་རང་ཉིད་ཀྱང་ཡར་མར་གང་རུང་ལ་གཡུགས
དཔེ་དེབ་ཧྲིར་བོར་བཀླགས་ཚར་ནའང
ནག་ཉེས་ཀྱི་གྲིབ་མ་ཁུར་བའི་མཚན་མོ་དེ
ཅི་ལྟར་བཙལ་ཡང་རྙེད་མ་སོང་བས
ངས་རང་གི་མིག་ཟུང་ལ་ཡང་ཡང་རེག
དེ་ནས་སྐྱོ་སྣང་མཚོན་པའི་གློག་སྒྲོན་དེ
མིག་མདུན་དུ་དུས་ལྟར་བཀར་མོད
ངས་གསལ་བོ་ཡིན་པའི་རྒྱུ་མཚན་ཁྱོན་ནས་ཤེས་མེད
མག་མོག་གི་རབ་ཁ་དེའང་མ་ཡིན་པའི
ཅི་ཞིག་ཁ་རོག་ཉོབ་པའི་དུས་དེ་ནས
ངས་མང་བོ་ཞིག་གི་འབྲི་འཕྲོ་སང་ཉིན་ལ་ཕུལ་ཡོད་ཅེས
ང་ཡི་གཡོ་ཟོལ་མེད་པའི་ནང་སེམས་དང་
དེའི་ཁེར་ཧྲེང་ལ་ཡང་ཡང་ཞུས།
2014/3/28མཚན་མོར།
བརྩེ་དུང་།
___མི་ཞིག་གི་མིག་ཆུའི་ནང་གི་ཉིན་ཐོ་བཀླགས་པ།
ཁྱོད་རང་ད་ལྟ་མཚན་མོའི་སྲང་ལམ་ཞིག་ཏུ་ཐོན་ཡོད
ལག་ཏུ་སྟ་གོན་གྱི་ཅ་ལག་ཅི་ཡང་བཟུང་མེད་ནའང
སྟོང་བསམ་གྱི་མཆུ་མ་སྣ་ཚོགས་ཁུར་ནས
ཨ་ལན་མེད་པའི་འཕྲིན་པ་སྟོང་གཅིག་བྲིས་ཚར
ལྕགས་ཟྭ་མང་བོས་སྒྲོག་པའི་མཚན་མོ་དེར
ཁྱོད་ཀྱིས་རང་གི་མཛའ་བོས་ཕྱེས་པའི་སྒེའུ་ཁང་དེ་མཐོང་ནས
སེམས་འཁྱག་པ་དེ་འོད་སྣང་ཁོ་ནས་གསོས
རྗེས་སུ་སེམས་ཐག་བཅད་ནས
ཐད་ཀར་མི་ཁའི་ཆོ་འཕྲུལ་གྱིི་གཙང་བོར་བརྒལ
མཚན་མོ་དེ་ནས་བཟུང
སྙིང་དབུས་ཀྱི་མུ་ཅོར་སྣ་ཚོགས་གྱང་ལ་བྲིས་ཤིང
རང་གི་མིག་ཆུ་དེ་རྡོ་ལ་བརྐོས
རྣོ་ལྕགས་ཀྱི་དམ་བཅའ་དེ
མཇུག་མཐར་འཁྱག་རོམ་གྱི་ནང་དུ་བཅུག
༢༠༡༤ལོའི་ཟླ༩བའི་ཚེས༢༠ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།