ཁ་བ་སྙིང་ལྕགས་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།༡

རོང་བོ་དགེ་འདུན་ལྷུན་གྲུབ་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-06-30

707bc4ebjw1etjmbppuabj20dc0hstam.jpg
༼  རི་མོ་འདི་དྲ་ལམ་གྱི་རི་མོ་བ་ཞིག་གིས་ཆེད་དུ་ཁོང་ལ་རྗེས་དྲན་དུ་བྲིས་པའོ ༽ ཡོང་ཁུངས། @嘎德528

                ཤུགས་ཀྱིས་དྲན་པའི་འདས་པོ།

  རོང་བོ་དགེ་འདུན་ལྷུན་གྲུབ།

ཀྱེ་ཧུད་མྱ་ངན་རླུང་བུ་ཡིས།།
ཕྱོགས་སུ་གཏོར་བའི་ཁ་བ་ནི།།
གངས་རིའི་ལྗོངས་སུ་འཕུར་བའི་ཚེ།།
སྡུག་བསྔལ་རྒྱ་མཚོའི་རླབས་ལ་འགྲན།།
བསམ་མི་ཁྱབ་པའི་ལས་ཀྱི་ཚུལ།།
སྨིན་པའི་དུས་ལ་གཡོ་མེད་ཅིང་།།
ཕན་ཚུན་བྲལ་བའི་གདུང་ཡུས་ཀྱིས།།
མིག་ལ་མཆི་མའི་ཆར་བ་ཕབ།།
དུས་མཐའི་མེ་ཡིས་བསྲེགས་པ་ཡི།།
ས་ཡི་བཅུད་དང་ནང་གི་བཅུད།།
ཐལ་བར་བྱེད་ལ་ཉེ་བའི་སྐབས།།
ཁྱེད་ཉིད་གློ་བུར་བཞུད་དོན་ཅི།།
ཀྱེ་ཧོ་འཕགས་པ་མིག་མི་འཛུམ།།
སྤྱན་རས་གཟིགས་མགོན་དེ་ཡི་དྲུང་།།
ཚེ་ཡི་འདུ་བྱེད་བཏང་བ་ཁྱེད།།
མྱུར་དུ་མཇལ་བའི་སྨོན་ལམ་འདེབས།།
ཁྱེད་ཉིད་འདི་ནས་སོང་མ་ཐག།
ཞེན་པའི་ལས་འཕྲོ་མ་བཅངས་པར།།
དཀར་པོའི་ལམ་དུ་གདོང་གཏོད་ལ།།
འོད་དཔག་མེད་པའི་ཞིང་དུ་སོང་།།
ཡུལ་གྱི་ཕ་མ་ཉེ་དུའི་ཚོགས།།
ཞུམ་དང་སྐྱོ་བའི་ཚུལ་མཐོང་ཡང་།།
དེ་ལ་སྒྱུ་མའི་བློ་ཞོག་ལ།།
ཡི་གེ་དྲུག་མ་སྙིང་ལ་ཆོངས།།
རྣམ་པར་རྟོག་པ་འཁྲུལ་བའི་ངོར།།
ཞི་ཁྲོའི་ལྷ་ཚོགས་ཅི་འཆར་ཡང་།།
དེ་ལ་འཇིགས་པ་མ་སྐྱེས་པར།།
སྟོང་བ་ཉིད་དུ་སྒོམ་པར་གྱིས།།
ཁྱེད་ལུས་བྱ་སྤུ་གཡོ་བ་བཞིན།།
གར་སྡོད་དབང་དུ་འདུ་དཀའ་ཚེ།།
གངས་རིའི་མགོན་པོ་སྤྱན་རས་གཟིགས།།
སྙིང་རྗེའི་ཤུགས་ཀྱིས་ཕེབས་པར་ངེས།།
ཀྱེ་མ་གྲོགས་ཁྱེད་གློ་བུར་དུ།།
འདི་ལྟར་ཆས་པའི་གཏམ་ཐོས་ཚེ།།
ངེད་ཅག་རྣམས་ཀྱི་སྨོན་ལམ་སྟོབས།།
ཐར་བའི་རྟེན་དུ་འགྱུར་བར་ཤོག།

             གཅེས་ཕྲུག་སྙིང་ལྕགས།

                                 རོང་བོ་གངས་དཀར།

གཅེས་ཕྲུག ཕར་ལ་མ་འགྲོ།
འདམ་རྫབ་དང་མེ་ནུར་ལ་སེམས་ཆུང་བྱོས།
འཇམ་འཇམ་འདྲ་བའི། ཡིད་དུ་འོང་བའི།
རྩྭ་ཕུང་དེའི་ཕག་ན། མཆེ་བ་འདྲ་བའི།
ལྕགས་རྙི་འདྲ་བའི། ཅེ་སྤྱང་གི་ཁ་གདངས་ཏེ་ཡོད།

གཅེས་ཕྲུག འདི་སྣང་ཡོད་ཚད།
ཨ་མའི་པང་ནས་གཅེས་ལང་སྟེག་པ་དང་ག་ལ་མཚུངས།
བདེ་བདེ་འདྲ་བའི། ཕ་གི་ནི་དམྱལ་བ་རེད།
དེའི་ཁྱིམ་མཚེས་ནི་སྡུག་བསྔལ་རེད།
དེའི་གྲལ་རྔ་ན་ཁེར་རྐྱང་ཡོད།

གཅེས་ཕྲུག ཁྱོད་ཀྱི་མིག་ལམ་ན་ག་རེ་ཤར་ཡོད།
གངས་ཅན་བོད་ཡུལ་དང་རྩ་བའི་བླ་མ་ཤར་ཡོད་དམ།
བྱིས་སྒྲུང་དང་གྲོགས་པོ་གྲོགས་མོ་ཤར་ཡོད་དམ།
རྡེའུ་དཀར་ནག་དང་སྔོ་བསངས་ཀྱི་ནམ་མཁའ་ཤར་ཡོད་དམ།
ཡང་ན། མཐོ་སྒང་གི་བཞོ་ཟེའུ་འདྲ་བའི་མཚོ་སྔོན་པོ་ཤར་ཡོད་ངེས།

གཅེས་ཕྲུག ཉི་མ་ཤར་སོང་།
དཔེ་ཁུག་ནང་གི་སྙན་ངག་དེ་ཚོ་ཐོན་དང་།
ཨན་ཐོའུ་ཧྲིན་གྱི་བྱིས་སྒྲུང་དེ་ཚོར་ཁྱད་ཆོས་ག་རེ་འདུག

གཅེས་ཕྲུག ང་ལ་འཛུམ་མདངས་སྟོན་ཅིག
གཅེས་ཕྲུག ང་ལ་འཛུམ་མདངས་སྟོན་ཅིག
                    2015.6.27

                ག་ལེར་ཕེབས་རོགས།

                               --- གྲོགས་ཁ་བ་སྙིང་ལྕགས་ལ།

                                     དགེ་ཆོས།

རྩྭ་ལོའི་ཁུད་ན་མེ་ཏོག་གི་དྲི་ངད་ཡོད་དམ
ནགས་ལོའི་གསེབ་ན་སྔོ་ལྗང་གི་བསུང་ཞིམ་ཡོད་དམ
ཆུ་བོའི་གཏིང་གི་རྡེའུ་ལ་རྡོ་དྲེག་ཡོད་དམ
ཡང་ན དུས་ཚིགས་འདི་དབྱར་ཁ་རེད་དམ

ཁུ་བྱུག་ཟེར་བ་ཇི་ལྟར་གྲག་ཀྱང་སྐད་ངག་ལ་ཨག་སྐད་འདྲེས་འདུག
སྔོ་རྩྭ་རབ་ཏུ་རྒྱས་ཀྱང་སྒོ་ཕྱུགས་ཀྱིས་དབྱར་དུས་གོམས་པར་མི་འདུག
ད་ལོ་ནི་དབྱར་ཁ་སྟེ ད་ལོ་ནི་དགུན་ཁའོ

མཚོ་ཁར་འགྲོ་དུས མཚོ་མཐའ་ན་མེ་ཏོག་ཡོད་དམ
མཚོ་འགྲམ་དུ་ཚུར་ཡོང་དུས མཚོ་མཐའ་ན་ཅི་ཞིག་ཡོད

ག་ལེར་འགྲོ་དུས
གསེར་ཉའི་གཤོག་རྩལ་ལ་གསོན་ཤུགས་རྒྱས་སམ
                   ༢༠༡༥.༠༦.༢༧.ཉིན།

              ཕ་སའི་ཆེད་དུ། སྙིང་ལྕགས་འདྲ་བ་ཞིག་དགོས།

                                    གཡུ་ཆུང་།

  ཁ་བ་སྙིང་ལྕགས་ལགས་གློ་བུར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་པོད་ཕྲན་སྒང་ནས་མཐོང་། དེའི་མུར་སྐད་འཕྲིན་སྒང་ནས་ཀྱང་དེ་འབྲེལ་གྱི་གནས་ཚུལ་ཐོན་མོད། གློ་བུར་དུ་འདས་གྲོངས་སུ་ཕྱིན་དོན་ཤེས་མཁན་མི་འདུག ཕྱོགས་ཡར་མར་ལ་དྲིས་ནས་ཅུང་འགོར་རྗེས། པོད་ཕྲན་སྒང་དུ་མཚོ་སྔོན་པོའི་ཉ་བདའ་དག་བདས་ནས་སྟབས་མ་ལེགས་པར་མཚོ་ནང་དུ་ལྷུང་སྟེ་གྲོངས་པ་རེད་ཟེར། ཁོ་བོའི་སེམས་པ་ལྗིད་ཏིག་གེར་གྱུར། ཁོའི་རྩོམ་དང་སྤྱི་ཚོགས་ཀྱི་གནད་དོན་ལ་ངོས་ཟིན་ཡག་རབས་ཤིག་འདུག་པའི་སྐོར་གཞན་དུ་བྲིས་འདུག་པས་རེ་ཞིག་བཞག ད་རེས་ཁོའི་འདས་རྐྱེན་སྐོར་ནས་གླེང་འདོད་ཅུང་ཟད་བྱུང་།
  གལ་ཏེ། ང་རང་སྙིང་ལྕགས་ལགས་ཡིན་ན། ངས་ཁོ་ནང་བཞིན་ཉ་བ་དེ་ཚོ་བདའ་སྲིད་དམ། ལོ་འགའི་སྔོན་ནས་མཚོ་སྔོན་པོའི་ཉ་སྲུང་མཁན་དང་ཉ་བཤོར་མཁན་བར་གྱི་གཏམ་རྒྱུད་མང་པོ་གོ་མྱོང་། ཉ་བ་རྣམས་ཉེན་རྟོག་པར་བརྫུས་ནས་ཉ་རྒྱ་བཀྲམ་ཏེ་ཉ་རྣམས་ཕྲེང་ཐག་བརྒྱུན་པ་བཞིན་བྱས་ཤིང་། འབྲོག་པ་ཚོས་ཉ་དེ་དག་རེ་རེ་བཞིན་ལེན་པའི་བརྙན་ཡང་མཐོང་། ཁོ་བོས་ཞིབ་ཏུ་བསམས་མྱོང་སྟེ། དེ་ནི་ནང་བའི་རྗེས་འཇུག་པ་སྐོར་ཅིག་གིས། ཡང་ན། བྱམས་སྙིང་རྗེ་ཅན་གྱི་བོད་མི་སྐོར་ཅིག་ལ་སྙིང་རྗེ་སྐྱེས་ནས་ཆུ་ནང་གི་སྲོག་ཆགས་ཉ་འཆི་བ་ལས་སྐྱོབ་པ་ཙམ་ཡེ་ནས་མིན་པར། རང་གི་ཕ་ས་མ་ཡུལ་དུ་གཞན་གྱིས་ཅི་འདོད་འདོད་བྱེད་མི་ཆོག་ཟེར་བའི་སྦྱོར་བ་ཞིག་རེད། དེ་ནི་འགྲུལ་བ་ཡིན་ཟེར་བ་སྐོར་ཞིག་ཁྱིམ་དུ་ཡོང་ནས་ཅ་ལག་ཁྱེར་བ་དང་འདྲ་སྟེ། ཁྱིམ་དུ་ཡོང་ཆོག་ཀྱང་། ཅ་ལག་འཁྱེར་མི་ཆོག་ཟེར་བ་ཡིན། དེ་བས་མི་སུས་ཀྱང་ཁོ་ནང་བཞིན་བྱེད་འོས་པ་ཞིག་རེད།
  ཁོ་བོའི་ཕ་ཡུལ་དུ་ལོ་བཅུའི་སྔོན་ནས་གསེར་རྐོ་བཞིན་ཡོད། དེ་ནི་གསེར་རྐོ་མཁན་ཚོ་དང་ས་གནས་ཀྱི་སྲིད་གཞུང་ཁྱི་སྤྱང་ངན་འབྲེལ་བྱས་ཏེ། འབྲོག་པ་བློ་མེད་རྣམས་དབང་ཅན་དཔོན་དང་གཡོ་ཅན་ཚོང་བའི་ཇུས་འོག་ཏུ་ཚུད་པ་ཞིག་རེད། ཡིན་ནའང་། ལོ་འགའི་སྔོན་ལ་དེ་སྔའི་གན་རྒྱའི་དུས་ལ་ཐོན་པས། གན་རྒྱ་གསར་བ་འཇོག་པར་མི་མང་མ་འཐད་པ་རེད། དེ་དུས་ཡང་བསྐྱར་ཁྱི་དང་སྤྱང་གཉིས་ཆ་བྱས་ནས་གཡོ་འཁྲབ། འཇིགས་བསྐྱེད། བསླུ་ཐབས་འཐེན། ཐ་ན་མགོ་ལ་སེ་མདའ་ལྷུང་བའི་མི་རྒན་འགའ་བཙོན་དུའང་རེ་ཞིག་བཟུང་མོད། སྙིང་ལྕགས་ལྟ་བུའི་སྐྱ་སེར་བློ་ཁོག་ཅན་མང་པོའི་དཔུང་རྡང་མ་འཐོར་བར་བཀག་པས་འགོག་ཐུབ་སོང་། གཞན་ལུང་པ་རེ་འགར་ཁྱི་སྤྱང་གཉིས་མ་ཟད། སྤྲུལ་གཟུགས་ཅན་གྱི་ཝ་ཡང་ནང་དུ་ཐེ་ནས་ཕ་ས་མ་མོའི་བྲང་མགོ་འདྲ་བོ་ཐེར་ཚད་སྤར་ཚད་བཟོས། སྙིང་ལྕགས་ལྟ་བུའི་སེམས་དཔའ་བ་ཅན་རྣམས་བླ་མའི་བཀའ་དང་འགལ་བས་ཚེ་རབས་དམྱལ་བར་སྐྱེ་ངེས་པའི"ལུང"བསྟན་པར། སྙིང་ལྕགས་ལྟར་སྙིང་ལ་ལྕགས་ཀྱི་ཕུར་བ་ཡོད་མཁན་དེ་ཚོས་སྤྲུལ་པགས་རྒྱབ་ནས་བཤུས་ཏེ་ཝ་ཡི་རང་གཟུགས་སྟོན་དུ་བཅུག་པའང་གོ
  ཕྱོགས་གཞན་ཞིག་ནས་བཤད་ན། སྙིང་ལྕགས་ཁོང་ནི་སྟབས་མ་ལེགས་པར་མཚོའི་ནང་ནས་གྲོངས་པ་མིན་པར། དཔལ་འབྱོར་ལས་ཚེ་སྲོག་གི་རྩིས་ཐང་མི་གླེང་བའི་ལམ་ལུགས་ཤིག་དང་། ཁྲིམས་མེད་ལུགས་མེད་ལ་ཡ་མི་བྱེད་པའི་ས་གནས་ཀྱི་སྲིད་ཀྱི་སྡེ་ཁག་དག་གིས་བཀྲོངས་པ་རེད། ཡིན་ནའང་། དེས་སྙིང་ལྕགས་ལགས་ཁ་བ་ཅན་དང་བྲལ་བ་མི་མཚོན་པར། དེ་ལས་ལྡོག་སྟེ་བོད་མི་རེ་རེའི་སྙིང་ཁོངས་ལ་ལྕགས་ཀྱི་ཕུར་བ་བརྡབས་པ་ཡིན་པས། མི་རེ་རེའི་སེམས་ནང་ཁོང་སླར་ཡང་གསོན་ཡོད། དེས་ན། ཇི་སྲིད་བོད་མིའི་རབས་མ་རྫོགས་པ་དེ་སྲིད་དུ་ང་ཚོས་སྙིང་ལྕགས་ནང་བཞིན་ཕ་ས་བསྲུང་དགོས་སོ།།

              འདས་པོ་ཁ་བ་སྙིང་ལྕགས་ལ།

                                 རྒྱལ་སྲས།

མི་ཡི་རྨི་ལམ་གྱི་འཇའ་ཚོན།
ཉི་འོད་ལས་ཀྱང་འཇམ་པ།
མཚན་མོའི་གཏིང་རིམ་ན་ངུ་བའི།
སྲིན་བྱའི་ཚོགས་ལས་སུས་རྟོག

ལམ་གྱི་སྤང་ཐང་ལ་འཁོར་བའི།
གཡུ་སྦྲང་གི་གཤོག་རྩལ།
སྤང་ལྗོང་གདན་ལ་བཏིང་བའི།
སེར་ཆེན་མེ་ཏོག་གིས་ཤེས་ཡོད།

སུ་དང་གང་ལ་མ་བཤད།
ཁུ་སིམ་གྱི་གོམ་སྒྲ
ཆུ་ནང་ཉ་མོའི་ཚོགས་ལས།
སུ་དང་གང་གིས་ཤེས་མེད།

ཁ་བའི་སྙིང་ལ་ཟུག་པའི།
སྙན་ངག་གི་ལྕགས་གཟེར།
ན་ཟུག་ཁོག་ན་བཅུག་པའི།
ང་ཚོ་ལས་སུས་ཚོར།

               མྱ་ངན་གྱི་ཚིག་འབྲུ་ནག་པོ།

                                    བེ་དུང་།

བོད་ཀྱི*ཁ*ལྕེ་རྣོན་པོ་ཞིག་མུན་པའི་འོབས་སུ་གློ་རྡེག་ཟུག་ཅིང
ཚོར་རྟོགས་ཀྱིས་བཞེངས་པའི་གླེགས་བམ་སྔོན་པོའི་གསེང་དུ
ཁྱེད་ནི་མི་རབས་ནས་མི་རབས་ལ་བརྟན་ཞིང་བརླིང་ཡོད
བོད་ཀྱི་མིག བོད་ཀྱི་ལྕེ འཆི་མི་ཉན་པ་དེ་ཤི་སོང

བོད་ཀྱི*བ*དན་དཀར་པོ་ཞིག་ས་རུ་དྲག་རླུང་གིས་གཏོར་ཡང
བསམ་བློའི་དར་ལྕོག་རེ་རེ ང་ཚོའི་མདུན་རྒྱབ་ཏུ་འགུལ་བཞིན་ཡོད
འོད་རིས་འཁྱུག་པའི་བོད་མི་ཞིག་བཞུང་སོང ཁྱེད་ཀྱི་མྱ་ངན་ལ
ཉི་མ་ངུས་ནས་སྤྲིན་པ་རློན་པར་བཏང
ཟླ་བ་སྨྲེང་ནས་ནམ་མཁའ་ནག་པོར་གྱུར ཨ་ཁ་ཁ རྨི་ལམ་ལྟ་བུའི་འཆི་བ

བོད་ཀྱི*སྙིང*གསོན་པོ་ཞིག་ལ་གས་ཆག་ཤོར་སོང
རྣ་གཤོག་ཏུ་ཟུག་པའི་མྱ་ངན་གྱི་རོལ་དབྱངས་བཙན་པོ་དེས
གནམ་སའི་ལྷིང་འཇགས་དཀྲོགས་ནས་གྲགས་ཀྱིན་འདུག
ཚོར་བའི་སྒྲོམ་གཞི་རུལ་ཟིན་པའི་རྣམ་ཤེས་འོད་ཆེན་དེའི་སླད་དུ
རྒྱ་མཚོའི་ཉ་སྲིན་གདུང་ནས་རླབས་རྩེར་འཕགས
རི་རབ་དང་རྩྭ་ཐང་སྡུག་ནས་མེ་ཏོག་རྙིད་པོའི་ཚོམ་བུ་དེ་དག་སྐམ་པོར་གྱུར
མེ་ཏོག་གི་འདབ་མའི་སྟེང་ནས་འབུ་སྦྲང་གིས་སྐྱོ་གཞས་བླངས་སོང
ཀྱེ་མ བཅུད་ཀྱིས་གཏམས་པའི་བོད་ཀྱི་ས་བོན་སྣུམ་པོ ཁ་བ་སྙིང་ལྕགས

བསམ་གཞིག་གི་འོད་ཀྱིས་གཅུད་པའི་རྣོ*ལྕགས*ཤིག་ལ་བཙའ་ཡིས་ཟིན་སོང
ཤེས་རབ་ཀྱིས་ཕྱུག་པའི་སྒྲོན་མེ་སེར་པོ་ཞིག་ཕྱི་མར་གཟིམས་སོང
དྲང་བདེན་གྱི་རུས་པ་མཁྲེགས་པོ གསེར་དཀར་གྱི་ལྡེ་མིག་བརྗིད་པོ
ཨ་ཙི ཨ་ཙི རང་དབང་མེད་པའི་འཆི་བ
རབ་ཏུ་གཞོན་པའི་ཁ་བ་སྙིང་ལྕགས་ཁྱེད་ཀྱི་ཕྱིར་དུ
བོད་ཀྱི་མགྲིན་པ་བརྣངས་སོང ང་ཡི་ཞེ་རྩ་འཁྲུགས་སོང
ས་ཆེན་གྱི་སྒལ་ཚིགས་ངོས་ནས་ཚེ་སྲོག་གི་དོད་དུ་ཚེ་སྲོག་ཅིག་བཞུད་སོང
ཁ་བ་སྙིང་ལྕགས ཁ་བ་སྙིང་ལྕགས
བདེ་བར་བཞུད་ནམ་ཞིག་གི་ཚེ་བཞུད་དགོས མ་རེད་ཁྱེད་རང་བཞུད་སྔ་སོང
ངས་ཁྱོད་ཀྱི་རྒྱབ་ལྗོངས་སུ་མྱ་ངན་གྱི་ཚིག་འབྲུ་ནག་པོ་ཞིག་བྲིས་ཡོད
                          2015/6/27ཉིན།

              མཚོ་ལ་ཟགས་པའི་སེམས་དཔའ།

                                  གཅན་རྨི་ལམ།

དྲི་མེད་ཀུན་ལྡན་ནི་ལྷ་སྒྲུང་ཁྲོད་ཀྱི་མི་སྣ་ཞིག་མ་ཡིན།
བྱམས་དང་སྙིང་རྗེ་མེད་པ་ཞིག་མ་ཡིན།
ལྷག་བསམ་གྱི་ཤེད་ཤུགས་ཉམས་པ་ཞིག་དེ་བས་མ་ཡིན།

སྟག་མོར་ལུས་སྦྱིན་པ་ཡང་རང་ཉིད་གསོན་མ་འདོད་པ་མ་ཡིན།
ན་ཚ་དང་ཟུག་གཟེར་མེད་པ་མ་ཡིན།
ཅིའི་ཕྱིར་དེ་དག་བཟོད་སོང་ངམ།
སུའི་ཆེད་དུ།

རླུང་ནང་གི་མར་མེ་དང་འདྲ་བའི་མཚོ་སྔོན་པོའི་གསེར་ཉའི་ཆེད།
ཆུ་སྲིན་དང་གཤིན་རྗེའི་ཚོགས་ལ་རྒོད་ལན་སྤྲོད་པར་དཔའ་མི་ཞུམ་པའི་ནམ་མཁའ་ལྡིང་ཡང་འདི་ལྟར་མེ་ལ་ལྕེབས་སོང་།
མཚོ་ལ་ཟགས་སོང་།།
འདི་ནི་རྒྱུན་ཆད་ལ་ཉེ་བའི་གསེར་ཉ་དག་གི་ཆེད་ཀླུ་ཡུལ་ཏུ་ཕེབས་སྟངས་ཤིག་ཡིན་ཡང་སྲིད།
                                  ༢༠༡༥/༦/༢༧ཉིན།

              ཁྲི་ཤོར་རྒྱལ་མོ་ལགས།

                                 འཆི་མེད།

ས་སྲོད་དེར ཉི་འོད་མེད་པའི་ས་སྲོད་དེར
ཁྱེད་ཀྱིས་གངས་རིའི་གཅེས་ཕྲུག་ཅིག་ཁྱུར་མིད་དུ་བཏང་སོང་ཟེར
བརྩེ་བ་སྙི་མོའི་གཞན་དབང་དུ་གྱུར་པའི་ཁ་བ་སྙིང་ལྕགས་ལགས

མེས་པོའི་བཞུད་ལམ་ལས་རྙེད་པའི་བག་ཆགས་དེས
ཁྱེད་ཀྱི་ལོ་རྒྱུས་སྐྱུར་མོ་དེ་སླར་ཡང་དྲན་པར་བྱས་སོང
ཅིའི་ཕྱིར་ཨ

འོད་དཀར་གྱི་རྨུ་ཐག་ལྷོད་མྱོང་མེད་པའི་ཁྱེད་ཀྱིས
འདམ་ཉ་འགའ་ཞིག་གི་སླད་དུ
གཅེས་པའི་ཚེ་སྲོག་ཀྱང་གཏོང་ཕོད་པ་ནི
མཐོ་སྒང་གི་སེམས་པ་གཙང་མའི་ཆེས་རིན་ཐང་བྲལ་པའི་ཁ་དོག་དེ་མ་ཡིན་ནམ

ཟ་ལ་རྔམ་པའི་ཁང་བརྩེགས་ཀྱི་ཀློང་དང་
དྲ་རྒྱ་དང་དྲ་རྒྱ་ལྟ་བུའི་གྲོང་ཁྱེར་གྱི་དཀྱིལ་ན
ཚེ་སྲོག་ཟས་སུ་ཟ་བའི་གདུག་རྩུབ་ཀྱི་སྦྱོར་བ་དེ་དག་གིས
ཅི་མི་སྙམ་པར་མཚོ་སྔོན་པོའི་མཛེས་སྡུག་ལ་ལག་བསྲིངས་འོང་དུས

སེམས་པ་གཉོམ་པོ་ཞིག་ཞེན་ཆགས་དང་འགྲོགས་ནས
གོམ་ཁ་རེ་རེ་ག་ལེར་སྤོ་སྐབས
ཁྱེད་ཀྱི་རྒྱབ་གཟུགས་མིག་ལམ་ལ་ཤར་འོངས
ཁྱེད་ཀྱི་སྐུ་ལུས་ཧྲིལ་བོ་མཚོ་ལ་ཐིམ་གྱིན་པའང་དྲན་འོངས

ངའི་མིག་ཆུ་འདི་དོན་དམ་སུ་ལ་གཏོར་དགོས
ཁ་བ་སྙིང་ལྕགས་ལགས...
             ༢༠༡༥.༦.༢༧ཉིན་གྱི་སྲོད་ལ་རེབ་གོང་ནས།

              ཁ་བར་བྲིས་པ

                                  དམངས་གཙོ་སྒྲོལ་མ།
ཁ་བ་ཁྱོད་ནི
ཤོག་དཀར་དུ་འཁྱིལ་བའི་དབྱངས་གསལ་སོ་བཞི་དེ་ཡིན
ང་ཡི་ཁ་བ་དང ཁྱེད་ཅག་གི་ཁ་བ འུ་ཅག་གི་ཁ་བ བོད་ཀྱི་ཁ་བ་དེ་ཡིན

ཁ་བ་ཁྱོད་ནི
འཚོ་བའི་སྲིབ་ངོས་ན་བདེན་ལུགས་དང་ཁེར་རྐྱང་ལ་གོམས་པའི་བུ་དེ་ཡིན
འབུ་མེ་ལྕེབས་ཀྱི་བདག་པོ བདག་གི་གྲོགས་པོ ཁོ་ཚོའི་གཅེས་ཕྲུག་དེ་ཡིན

ཚེ་སྲོག་ལ་ཐེ་ཚོམ་མེད་པར འཆི་བདག་ལ་སྙིང་རྗེ་མེད་པར
ཁྱོད་ང་དང་གྱེས་སོང ཁོ་ཚོ་དང་གྱེས་སོང བོད་དང་གྱེས་སོང

ཁ་བ ཁྱོད་ཀྱིས་བདག་ལ་དུས་ཆད་བྱས་ཡོད་པ་མིན་ནམ
ཁྱོད་ཀྱིས་ད་ལོ་དབྱར་ཁ་མཚོ་དེའི་ཁ་ནས
སྙན་ངག བྱིས་སྒྲུང འཚོ་བ་སོགས མང་པོ་མང་པོ་ཞིག་གླེང་ཟེར་བ་མིན་ནམ

ཁ་བ་ལགས
ཁྱོད་ཀྱིས་བརྗེད་སོང་ངམ
བདག་གི་ཁ་བ ཁྱོད་ཀྱི་ཁ་བ འུ་ཅག་གི་ཁ་བ བོད་ཀྱི་ཁ་བ

               རྗེས་དྲན་ཞུ་མཆིད།

                                གཅན་མེ་ཏོག

  ཡིད་ལའང་མ་ཤར། ལང་ཚོའི་མེ་ཏོག་མཚོ་སྔོན་པོའི་དཔྱིད་དུ་བསྟིམས་སོང་སྐད། ཁ་པར་གྱི་འཆར་ངོས་སུ་སྣང་བའི་ཁྱེད་ཀྱི་འཛུམ་ཆུང་ལ་ཡང་ཡང་ཅེར་དགོས་བྱུང་། བདག་སེམས་ཀྱི་ལྡེབས་སུ་བཞག་པའི་སྣང་བརྙན་རེ་རེར་ཕྱིར་མིག་བཀླགས་ཏེ། སྙིང་ཕུར་ནན་གྱིས་བརྡབས་ཏེ། སེམས་གཏམ་ཡོད་ཚད་ང་ལ་བཞག་པའི་དྲན་ཤིང་ཡིན་སོང་།
  དེ་རིང་། མཚོ་ཁ་བརྒྱུད་དེ་མེ་འཁོར་གྱི་སྒེའུ་ཁུང་ལས་མཚོ་ངོགས་སུ་ཅི་ཞིག་མཐོང་བར་བྲེལ་ཞིང་། འཛོམས་སྐལ་མ་བྱུང་ཞིང་། ཁྱེད་ཀྱིས་བཏབ་པའི་དུས་ཆད་དེ་ཡང་ཡང་དྲན་པའི་མོད། མཆི་མས་ཟུངས་ཀྱིས་མནན་པའི་སེམས་པ་འདི་ཇི་འདྲའི་ལྕི་ཨང་། ཁྱེད་ཀྱིས་ང་ཚོར་སྟོན་འབྲས་སྣུམ་པོ་ཞིག་བསྣམ་ཡོང་ཟེར་བ་མིན་ནམ།
  ཁྱེད་རང་འདི་ལྟར་བཞུད་སོང་། ཁྱེད་ཀྱིས་ཅི་ཞིག་ད་དུང་མཚོ་ཁར་ལུས་ཡོད་ངེས། ངས་ཀྱང་ཅི་ཞིག་ཁྱེད་ལ་བརྗོད་འདོད་ཀྱི་འདུན་པ་དྲག་ཏུ་འཕྱོ་ཞིང་། མཆི་མ་འདི་ཙམ་གྱི་རྫོངས་སྐལ་ཁྱེད་ལ་མི་འབུལ་རང་དབང་ཅི། ངོ་མ། "དྲན་པའི་གཞུ་མོ་ནང་དུ་འགུགས་ཏེ།། སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག"ཨང་།

              ཡིད་འོང་གི་རྒྱལ་སྲས།

                                  གྲུ་ཆུང་།

ངའི་རྣ་དབང་དུ་ད་དུང་གསལ་ལེར་གྲག་གིན་པ་ནི
ཁྱེད་ཀྱིས་མཚོ་སྔོན་པོའི་ཁ་རུ་བླངས་པའི
མཐུན་སྒྲིལ་གྱི་འབོད་སྐད་ལགས

ངའི་མིག་དབང་ན་ད་དུང་ཡལ་མེད་གསལ་ལེར་མངོན་པ་ནི
ཁྱེད་ཀྱི ཆེས་ཡི་གར་འོང་ཞིང
ཆེས་སྤྱིར་བཏང་གི་རེ་འདུན་གཉིས་ཡོད་ཅེས་བྲིས་ཡོད་པ་དེ་ཡིན
དེ་ནི རང་ཉིད་ལ་དབང་བའི
ཀུན་འདུས་ཀྱི་དཔེ་ཁང་ཞིག་དང
ཕན་ཚུན་དུང་བའི་བུ་མོ་དེ་དང་མཉམ་དུ་ཚེ་གཅིག་བསྐྱལ་རྒྱུ་དེ་ལགས་ན
ཇི་འདྲའི་བབ་ཆགས་ཀྱི་ཕུགས་འདུན་ཞིག
ཇི་འདྲའི་འདོད་ཆུང་གི་རེ་སྨོན་ཞིག
ཇི་འདྲའི་ཡིད་འོང་གི་རྨི་ལམ་ཞིག་ཨང

ཡིད་འོང་གི་རྒྱལ་སྲས་ལགས
བདེ་བར་བཞུད་དང
སྐྱེས་བ་རྗེས་མ་ཡང་བོད་དུ་འཁྲུངས་བར་ཤོག
                   ༢༠༡༥ལོའི་ཟླ༦པའི་ཚེས་༢༨ཉིན་གྱི་ཕྱི་དྲོར་རེབ་གོང་ནས།

            འབུ་མེ་ལྕེབས།
      
                         -----ཡང་ན་ཁ་བ་སྙིང་ལྕགས་མཆོག་ལ་མྱ་ངན་ཞུ།

                                   མདའ་ལྗང་ལོ།

དབྱར་ཁར འབུ་མེ་ལྕེབས་ཀྱིས
མུན་ནག་གི་བང་རིམ་ལ་ཨི་ཁུང་རྟོལ་ཏེ
ཚེ་སྲོག་གི་རྐང་བྲོ་བརྡུང

འབུ་མེ་ལྕེབས
ནམ་རྒྱུན་ཉེན་ཁར་དགའ་ལ
འཆི་བ་ཟེར་བ་ནི་ལས་ཀ་གཞན་ཞིག་ཏུ་འདོད

ས་རུབ་སོང འབུ་མེ་ལྕེབས་ཀྱི་
གཤོག་པར་ཡི་གེ་དང་ཤེས་རབ་ཐོགས་ཏེ
བྱིས་པ་དག་གི་རྨི་ལམ་དུ་འཛུལ

འབུ་མེ་ལྕེབས་ཀྱིས
འོད་ཀྱི་ལྭ་བ་གྱོན་ཏེ
རང་བྱུང་ཁམས་ལ་འཐིམས་སོང
          ༢༠༡༥ལོའི་ཟླ༦ཚེས༢༧ཉིན་གྱི་དགོང་མོ་དེར་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་སྙིང་ལྕགས་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།༡

2015-06-30 རོང་བོ་དགེ་འདུན་ལྷུན་གྲུབ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།