ཁ་བ་སྙིང་ལྕགས་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།༢

54290adc2046d22538b7372ecbf04d97.jpg

             འདས་པོ་ཁོང་དང་འབྲེལ་བའི་དྲན་ཚུལ་འགའ།
                                                   
 དཔལ་རྩལ།      
  
  སྤྱིར་སྐྱེ་འཆི་ཆོས་ཉིད་ཡིན་པ་དང་། འཆི་བ་ཆ་མེད་ཡིན་པ་སོགས་ཀྱི་གཏམ་ཆ་ཡོད་དག་འུ་ཅག་གི་རྣ་རྩ་རྒལ་རྩ་ལ་བརྣག་ཡོད་པ་བདེན་མོད། རང་དང་ན་ཚོད་མཉམ་ཞིང་ལང་ཚོ་དར་བ། མི་ཤིས་པའི་རྟགས་དང་མཚན་མ་ཅུང་ཟད་ཙམ་གྱིས་ཀྱང་བནོལ་མེད་པ་ཞིག་གློ་བུར་དུ་བཞུད་པ་མཐོང་དུས། ཟུག་རྔུ་དང་ཕངས་སེམས་སོགས་ནི་འགོག་ཐབས་བྲལ།
  འདས་པོ་ཁོང་ཞལ་བཞུགས་དུས་ཕྲན་ལན་ཀྲུའུ་བརྒྱུད་ནས་སློབ་གྲྭ་ལོག་པའི་ལམ་བར་དུ་ངོ་ཐེངས་གཅིག་འཕྲད་ཡོད་ཅིང་། ང་ཚོའི་བོད་ཀྱི་གློག་བརྙན་དང་རྩོམ་རིག་སོགས་ཀྱི་སྐོར་ནས་ཁ་བརྡ་ཅུང་ཟད་གློད་ཅིང་ཐོག་མའི་ངོ་འཕྲད་ཧ་ཅང་སྤྲོ་བོ་བྱུང་མྱོང་། འོན་ཀྱང་ཉིན་དེར་དུས་ཚོད་ཀྱི་དབང་གིས་ཁ་བརྡ་ཞིབ་རྒྱས་ཤིག་བྱ་ཁོམ་མ་བྱུང་བར་ང་རང་ལམ་ལ་ཆས་པ་ཡིན། འགྲོ་ཁར་ཕྱིས་སུ་མུ་མཐུད་དུ་འབྲེལ་བ་བྱ་ཆོག་པའི་གཏམ་ཕན་ཚུན་ལ་སྨྲས་པ་ཡིན་ལ། དེ་ནས་བརྩིས་ན་ད་ལྟའི་བར་དུ་མི་ལོ་བཞི་ལྷག་ཕྱིན་འདུག འོན་ཀྱང་དྲ་བ་སོགས་ནས་ཕན་ཚུན་ལ་ཡི་གེ་རེ་བྲིས་པ་ཕན་ཆད་ནས་དངོས་སུ་ཁ་བརྡ་གཅིག་ཀྱང་བྱ་མ་ཐུབ། དེའི་བར་ལ་བོད་ཀྱི་ན་གཞོན་སྙན་ངག་པའི་བྱ་དགའ་ཞིག་འདས་པོ་ཁོང་དང་ངེད་གཉིས་སོགས་མི་ཁ་ཤས་ལ་ཐོབ་འདུག་མོད། ང་རང་བྱ་དགའ་གནང་ཡུལ་རེབ་གོང་དང་ཁ་ཐག་རིང་བ་སོགས་ཀྱིས་དངོས་སུ་འགྲོ་མ་ཐུབ་པར་ལུས་ཤིང་། ཁོང་ཉིད་དེ་རུ་ཕེབས་ཡོད་པའི་གནས་ཚུལ་ཡང་ཕྱིས་སུ་ཐོས། ཕྱིས་སུ་ཁོང་སློབ་མཐར་ཕྱིན་ཞིང་གཞུང་ཞབས་ལ་མ་ཞུགས་པར་རང་ནུས་ཀྱིས་འབད་པའི་གཏམ་ཐོས་པས་གུས་པའི་སེམས་སྐྱེས་མྱོང་། སྔོན་ཆད་ཁོང་གི་སྐད་ཆ་དང་བྱ་སྤྱོད་རེ་གཉིས་མིག་ལ་མ་སོང་བའང་ཡོད་མོད། ཉེ་བའི་ལོ་གཉིས་ལྷག་གི་རིང་ལ་འདས་པོ་ཁོང་སློབ་ར་ལས་བརྒལ་རྗེས། སྔར་ལས་ཀྱང་སྨིན་པ་དང་དཔའ་བ། བརྩོན་པ། ཐབས་དང་ལྡན་པ་བཅས་ཀྱི་སྒོ་ནས་ཕྱག་ལས་ཁ་ཡོད་ལག་ཡོད་མང་པོ་བསྒྲུབས་ཟིན་པ་མཐོང་ཡུལ་དུ་གྱུར་བས་གཞོན་སྐྱེས་རིག་གནས་གཉེར་མཁན་ཚོའི་གྲས་ན་འབུར་དུ་ཐོན་འདུག་སྙམ། ལྷག་པར་དུ་ཁོང་དང་གྲོགས་པོ་འགས་བོད་གངས་ཅན་གྱི་ཕྲུ་གུ་སྤྱིར་ཕ་སྐད་ཀྱི་ཀློག་དེབ་དཀོན་པ་མཐོང་ནས། བྱིས་པ་ལ་འཚམ་པའི་དེབ་གཟུགས་ཚོན་པར་འགའ་རེ་བཀྲམས་པ་ནི་ཆུ་ཟམ་མེད་ལ་ཟམ་དང་། རི་ལམ་མེད་ལ་ལམ་གྱི་མཛད་རྗེས་ཡོད་པ་ནི་སྨོས་མེད་རེད། འདས་པོ་ཁོང་གིས་ཀྱང་མངོན་སུམ་གསལ་བོའི་སྒོ་ནས་མ་འོངས་པར་བྱིས་སྒྲུང་རྩོམ་པ་པོ་ཞིག་ཨེ་འཁྱོང་ལ་འབད་རྒྱུ་ཡིན་ཞེས་པའི་སྐད་ཆ་བྱུང་བ་ནི། གལ་སྲིད་དུས་མ་ཡིན་པའི་འཆི་བདག་གི་ཞགས་པ་འདི་ཐེབས་མེད་ན་མ་འོངས་པར་ལམ་འདི་རྡོག་པས་གནན་རྒྱུ་ཡིན་པའི་ཆོད་སེམས་ཀྱི་དན་རྟགས་རེད། ད་ནི་ཡོད་མེད་ཅིར་ཡང་རུང་བའི་ཚིག་ཉོག་བསྐྱུར་ན་ཕྲན་གྱིས་འདི་འདྲ་ཞིག་ཞུ་འདོད་བྱུང་།
  དང་པོ། འདས་པོ་ཞིག་རྗེས་སུ་དྲན་པའི་ཐབས་ཡག་ཤོས་ནི་ཁོང་གི་འདུན་མ་བསྲིང་རྒྱུ་དེ་རེད། གནས་སྐབས་ཀྱི་གདུང་འབོད་དང་བསྔོ་སྨོན་སོགས་ལའང་ཕན་པ་གང་འཚམ་རེ་ཡོད་ངེས་མོད། ནམ་ཞིག་ཤ་འོད་ལྟ་བུའི་གནས་ཚུལ་དང་སྐད་ཆ་གསར་བ་དག་གིས་བསུབས་ཤིང་། མི་རྟག་པ་མངོན་དུ་གྱུར་བའི་སྐད་ཅིག་མ་དེར་སོ་སོའི་སེམས་སུ་ཤར་བའི་ངེས་འབྱུང་དང་དམ་བཅའ་ཆུང་ངུ་དེའང་མོག་པོར་འགྱུར་ངེས་ཅན་རེད། དེའི་ཕྱིར་ནུབ་ཕྱོགས་ཀྱི་ཐབས་གསར་བ་སོགས་མིག་དཔེར་བྱས་ནས། འདས་པོ་ཁོང་དང་འབྲེལ་བའི་བྱེད་སྒོ་ཞིག་གམ། ཁོང་གི་འདུན་མ་དང་འབྲེལ་བའི་ལས་ཀ་ཞིག་དུས་བཅད་དུ་སྤེལ་ན། རིམ་གྱི་འདི་ཉིད་དཔེ་རུ་ཆགས་ནས་ཡུན་ནས་ཡུན་དུ་གནས་སྲིད་པ་དང་། ཕན་པ་དང་དགེ་བའི་རྒྱུན་ཡང་ཆུ་ཕྲན་ལྟར་ཆད་པ་མེད་པར་འགྱུར་ངེས། འདི་ལའང་ཁོར་སྲུང་བ་དང་རིག་གནས་པ། གཞན་ཡང་ཡུལ་མི་སྤུན་ཟླ་སོགས་མི་ཡི་སྐོར་མི་འདྲ་བ་དག་གིས་རང་རང་གི་ས་ནས་ལས་ཀ་གང་ལེགས་སྤེལ་འོས་པ་སྨོས་མེད་རེད། ཁོར་སྲུང་བ་ཚོས་འདས་པོ་ཁོང་གི་ཚེ་སྲོག་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལ་ཕུལ་བའི་མཛད་རྗེས་གཞིར་བྱས་ནས། ཁོར་སྲུང་གི་དཔའ་བོ་ཞིག་ལ་བརྩིས་ཤིང་རྡོ་རིང་དང་རྡེའུ་འབུམ། མཆོད་རྟེན། རྡོ་བརྐོས་སོགས་གང་རུང་བཞེངས་ཤིང་། ཁོང་གི་ཚེ་སྲོག་གིས་ཁོར་སྲུང་གི་ལས་ཀ་དང་བསམ་པ་ལ་སྐུལ་སློང་བྱས་ནས། ཐ་ན་ཉམས་ཆུང་བའི་སྲོག་ཆགས་གཅིག་གི་སྲོག་སྐྱོབ་ཐུབ་ནའང་འདས་པོ་ཁོང་གི་རྗེས་སུ་དགེ་བསྔོ་རྣམ་པར་དག་པ་ཞིག་ཏུ་འགྱུར་བ་ནི་ངེས་གཏན་རེད། དེ་བཞིན་དུ་རིག་གནས་པ་དང་། འདས་པོ་ཁོང་སྐུ་བཞུགས་དུས་ཀྱི་གྲོགས་པོ་དཔེ་སྐྲུན་པ། སྙན་ངག་པ་སོགས་ཀྱིས། འདས་པོ་ཁོང་གིས་བྱིས་སྒྲུང་གཙོར་བྱས་པའི་བསྒྲུབ་འདོད་ཀྱང་དུས་མིན་གྱི་རྐྱེན་ངན་པའི་དབང་གིས་བསྒྲུབ་མ་ཐུབ་པར་ལུས་པའི་མཛད་འཕྲིན་དང་འདུན་མའི་རྒྱུན་བསྐྱངས་ཤིང་། ལྷག་པར་དུ་འདས་པོ་ཁོང་གི་མིང་ཐོག་ནས་བྱིས་པའི་ཀློག་དེབ་སྤུས་དག་པ། གྲངས་མང་པ་ཞིག་སྤེལ་ཐུབ་ན། བྱིས་པ་མང་པོ་ཞིག་གི་བོད་ཡིག་གི་མིག་འབྱེད་ཐུབ་ངེས་ཡིན་ལ། དེ་དག་རེ་རེས་ཀྱང་ཁོང་གི་མཚན་མཇལ་ཞིང་ཡི་གེ་དྲུག་མ་བྱིས་བློ་རྣམ་པར་དག་པས་བཟློ་ངེས་རེད དེའི་ཕྱིར་དྲ་ལམ་གྱི་གྲོགས་པོ་ཞིག་གིས་གསུངས་པ་བཞིན། ང་ཚོས་འདི་ལས་དེ་བསྒྲུབ་ན་ལེགས་ཟེར་བ་ལས། འདིའི་སྟེང་ལ་དེའང་བསྒྲུབ་ཐུབ་ན་ཅི་མ་རུང་ཞེས་པའི་སེམས་ཤིག་ཡོད་ན་ལེགས་པར་སྙམ་མོ།།
  གཉིས་པ། གོང་ཞུས་ཕུད་ད་དུང་དངོས་ཡོད་ཀྱི་དོན་ཞིག་ཞུ་འདོད་པ་ནི། དེང་སང་ཁོར་སྲུང་བ་དང་། མི་སེར་གྱི་ཁེ་ཕན་སྲུང་མཁན་གྱི་མི་མང་པོ་བྱུང་དང་འབྱུང་བཞིན་འདུག་ལ། དེ་དག་གི་སྒེར་སེམས་བྲལ་ཞིང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་མི་མང་པོ་ཞིག་ལ་ལམ་སྟོན་དང་སྐུལ་མ་ཐེབས་བཞིན་འདུག དཔེར་ན་མཚོ་སྔོན་པོའི་འགྲམ་གྱི་རྒན་རྣམ་རྒྱལ་ལགས་ལྟ་བུར་ཆ་མཚོན་ན་ལོ་ངོ་བཅུ་ཕྲག་དུ་མའི་རིང་། མཚོ་སྔོན་པོའི་ཉེ་འཁོར་གྱི་གད་སྙིགས་གཙང་དག་དང་། གསེར་ཉ་དང་རི་སྐྱེས་སྲོག་ཆགས་གཞན་སྲུང་སྐྱོབས་སོགས་ཀྱི་ལས་ཀ་མཚམས་མ་ཆད་པར་སྤེལ་བས། ད་ལྟ་བོད་ཁུལ་དུ་དེ་འདྲ་གྲགས་པ་མི་ཆེ་རུང་། ཁོར་སྲུང་བའི་སྡེ་རུ་ཀུན་གྱིས་བརྩི་བཀུར་ཐོབ་པའི་མི་ཞིག་ཆགས་འདུག ཁོང་ལྟ་བུའི་ནུས་པ་ལ་བརྟེན་ནས་དེ་དང་འབྲེལ་བའི་གཞུང་དང་མི་སེར་མང་པོ་ཁོར་སྲུང་གི་ལས་ཀ་ལ་ཞུགས་པས་ཁོར་སྲུང་ཟེར་བ་འདི་སྔར་གྱི་ཁྱིམ་ཚང་དང་ཁ་འཁོར་བ་སོགས་མི་དགོས་པའི་མི་རེ་གཉིས་ཤིག་གི་ལས་ཀ་མིན་པར། ཚང་མ་ཞུགས་ཆོག་པའི་ལས་ཀ་ཞིག་ཆགས་བཞིན་ཡོད། འོན་ཀྱང་ཁོར་སྲུང་སོགས་ཀྱི་གོ་རིམ་ཁྲོད་དུ། རང་ཉིད་སྲུང་སྐྱོབས་བྱ་བའི་ཐབས་ལ་དེ་འདྲ་མི་གཟབ་པ་ནི་ཅུང་ཟད་སེམས་འཚབ་སློང་བྱེད་ཅིག་རེད། ཁྲིམས་ཀྱི་ཐད་ནས་རྒྱབ་རྟེན་གསལ་བོ་མི་འཚོལ་བར་དགའ་སྡུག་ཙམ་གྱི་དབང་དུ་གྱུར་བས། ཁྲིམས་ཁ་ནས་ཕམ་ཁ་རེག་པ་དང་། བྱེད་སྒོ་སོགས་སྤེལ་སྐབས་འབྲེལ་ཡོད་ཀྱི་ལུས་སྲོག་སྲུང་སྐྱོབས་ལ་མ་གཟབ་པས་དེ་འབྲེལ་གྱི་གྱོང་རེག་པ་མང་པོ་མཐོང་རྒྱུ་འདུག ད་ཐེངས་འདྲ་བ་ཞིག་ལ་ཆ་མཚོན་ནའང་དཔེར་ན་རྐྱལ་བ་དང་ཐ་གུ་སོགས་ཀྱི་ལག་ཆ་ཅུང་ཟད་རེ་ཡོད་ན་འདི་ལྟ་བུའི་སྐྱོ་འོས་པའི་སྣང་ཚུལ་འདི་དང་གཡོལ་ཐུབ་ཡོད་ཤས་ཀྱང་ཆེ། དེའི་ཕྱིར་ཕྱིས་སུའང་མཚོ་ཁ་ནས་ཉ་བདའ་དང་རྒྱུན་དུ་གདོང་ཐུག་དགོས་པ་ཡིན་ན། ཡུལ་མི་ཚོས་གྲུ་ཆུང་དང་རྐྱལ་བ། ཐ་གུ མཚན་མོར་ལག་སྒྲོན་འོད་ཆེན་ལ་སོགས་པ་དགོས་ངེས་ཀྱི་ལག་ཆ་དང་། ཁོར་ཡུག་ཁྱད་པར་བའི་སྐབས་སུ་ཇི་ལྟར་ལུས་སྲོག་གྱི་འཚེ་བ་ལ་གཡོལ་དགོས་པའི་རྒྱུན་ཤེས་སོགས་ངེས་ཅན་རེ་བསག་དགོས་ངེས་རེད།
  གསུམ་པ། ཐེངས་འདིར་འདས་པོ་ཁོང་དང་འབྲེལ་བའི་རྗེས་དྲན་དང་མྱ་ངན་ནི། དྲ་བ་དར་བའི་ལོ་ངོ་འགའ་རིང་ལ་འདི་འདྲ་བྱུང་མེད་ཅེས་གླེང་ཆོག་ཆོག་རེད། དེ་ལ་རེ་འགས་འདི་ལས་མཐོ་མཐོ་དྲེག་དྲེག འདི་ལས་ཆེ་ཆེ་རྒན་རྒན་མང་པོ་ཞིང་ལ་བཞུད་མྱོང་བ་རེད། ཁོང་ཚོར་འདི་འདྲའི་མྱ་ངན་གྲ་རྒྱས་ཞུ་མཁན་བྱུང་མེད་པར། ལོ་ཆུང་ཁོང་འདྲ་བ་ལ་འདི་འདྲ་ཟེར་ཞིང་ཅུང་ཟད་མ་རངས་པའི་ཉམས་སྟོན་མཁན་འདུག་མོད། ཕྲན་རང་གིས་བསམ་ཚུལ་ལ། འུ་ཅག་གིས་འདས་པོ་ཁོང་ལ་མྱ་ངན་ཞུ་བ་ནི་ཁོང་ལ་གྲུབ་འབྲས་ཆེ་བ་དང་། མཛད་རྗེས་སྔར་མེད་པ་ཡོད་ཟེར་བ་ཞིག་མིན་པར། ཁོང་ནི་ན་གཞོན་ཚོའི་གྲས་ན་གཞུང་གི་སྒྲིག་ཁོངས་སོགས་ལ་མ་འཛུལ་བར་རང་ཐད་ནས་དཀའ་ངལ་གདོང་ལེན་གྱིས་འབད་པ་བྱ་བཞིན་པའི་ལམ་བུ་ཁྱད་པ་བ་དང་གཅིག ལམ་བུ་དེ་རུའང་རང་ཉིད་ཙམ་མ་ཡིན་པར། བོད་ཕྲུག་ཕྱི་རབས་པའི་སློབ་སྦྱོང་སོགས་ལ་དམིགས་ནས་ཀློག་དེབ་སྤུས་ལེགས་པོར་བསྐྲུན་པར་འབད་པའི་ཕྱག་ལས་ཁྱད་པར་བ་དང་གཉིས། ཕྱག་ལས་དེ་འདྲའི་ཞོར་དུ་ཕ་ཡུལ་དང་ཕ་སའི་བདེ་སྡུག་གི་ཆེད་དུ་སྐད་ཆ་དང་ལས་ཀ་སྤེལ་ཞིང་། དུས་ངེས་མེད་དུ་མཚོ་སྔོན་པོ་སོགས་ཀྱི་གནས་བབས་ཐད་ལ་སེམས་ཁུར་བྱས་ཤིང་། མཐར་ཚེ་ཡི་ཐ་གུའང་དེའི་ཆེད་དུ་བསྟུང་བའི་བསམ་པ་ཁྱད་པར་བ་དང་གསུམ་བཅས་ནས་དེང་གི་བོད་རིགས་ཕོ་སར་ཚོའི་མིག་དཔེར་འོས་པ་ཞིག་ཡིན་པ་དང་། གལ་སྲིད་བར་དུ་གཅོད་པ་དེ་འདྲ་མ་བྱུང་བར་གནས་ཐུབ་པ་བྱུང་ཡོད་ན་མ་འོངས་པར་ཕྱག་ལས་ཕན་པ་ཅན་མང་པོ་འགྲུབ་ཐུབ་ངེས་ཡིན་པའི་རེ་བའང་ཆེ་བས། འདི་ལྟ་བུའི་མྱ་ངན་གྱི་རྦ་རླབས་ཤུགས་དྲག་པོ་ནི་ཁ་ཞེ་མཐུན་པའི་སྙིང་སྟོབས་དེའི་ཆེད་དུ་གཡོས་པ་རེད་ཅེས་སྨྲར་ཡང་རུང་བ་འདྲའོ།།

              དམར་དམར་པོ།

                                   རྨ་འོད།

   རང་ལ་ཆ་རྒྱུས་གང་ཡང་མེད་མོད།  ཁ་བ་སྙིང་ལྕགས་ཁོང་ན་གཞོན་ཤེས་ཡོན་པ་ཞིག་དང་ལྷག་བསམ་ཅན་ཞིག་ཡིན་པ་ཁོ་ཐག་རེད།ཡིན་ཡང་ཁ་བ་སྙིང་ལྕགས་ཀྱི་དོན་རྐྱེན་དེས་ང་ལ་བསམ་ཚུལ་འདི་འདྲ་ཞིག་ཀྱང་ཐོན་ཡོང་།
༼༡༽དོན་རྐྱེན་དེའི་མགོ་མཇུག་གི་འབྱུང་རྐྱེན་ལ་རྩད་གཅོད་དང་དེ་ཐག་གཅོད་ག་འདྲ་བྱས་ན་འགྲིག་མིན་གྱི་ལྟ་ཚུལ་དང་གླེང་བརྗོད་ཉུང་ལ།ལྷག་པར་ས་གནས་སྲིད་གཞུང་གིས་འགན་ག་འདྲ་ཁུར་དགོས་པའི་ཁྲིམས་དང་ལུགས་ཀྱི་ཉེས་པ་གླེང་མཁན་དེ་བས་ཉུང་བ།
༼༢༽དྲ་ངོས་ནས་དཔུང་གིས་བསྟོད་པ་དང་ས་ཆ་ཁ་ཤས་ནས་འཚུབ་ཀྱིས་འཚོགས་པ་ལས་དོན་དམ་དུ་གཞོན་ནུ་ཁོང་གི་ཐུགས་འདུན་དང་མཚོ་སྔོན་པོའི་གནས་བབས་དེ་ལ་ང་ཚོས་ཡང་སྙིང་ག་རེ་བྱ་དགོས་པའི་གྲོས་མགོ་ཡག་པོ་དཀོན་པ།
༼༣༽མྱ་ངན་ཕལ་ཆེར་བ་གཞུང་ལ་རྡོ་རིང་འཛུགས་པའི་རེ་བ་ཞུ་བ་དང་།རང་འཐད་ནས་སྙན་ངག་རེ་གྱེར་ནས་སྡུག་ཡུས་འདོན་པ་ལས།གཞོན་ནུ་ཁོང་གི་དགོངས་པ་བཞིན་ང་ཚོས་རང་རང་ས་ནས་ཕ་ས་སྲུང་བ་དང་ཕ་གཤིས་སྐྱོང་བ་ལ་ནུས་པ་ཇི་ལྟར་འདོན་པ་དང་།ཆོད་སེམས་ག་འདྲ་བརྟན་པའི་ཚུལ་ཉུང་བས་ཉུང་བ།
༼༤༽ དོན་རྐྱེན་དེ་བརྒྱུད་ནས་ང་ཚོས་ནམ་ཞར་ཞར་ལ་དྲ་སྟེང་ནས་༼ དོར་ཞི།ཚུལ་བློ།བསོད་དར ༽ཞེས་བོད་རང་གི་མཁས་པ་དང་ཤེས་ཡོན་པ།ལྷག་བསམ་ཅན་དག་ལ་སྡིགས་མཛུབ་ཀྱིས་དམོད་འབོད་དང་།གཞན་སྐྱོན་བཙལ་ནས་ཁ་འཁྲུགས་རྒྱག་པ་སོགས་ཅི་ཐུབ་ཀྱིས་སྤངས་ནས།རྒན་བཀུར་གཞོན་མཐུན་གྱི་ལྟ་བ་དང་དམིགས་པ་བསྲིངས་ན།དེ་ཡང་བཞུད་ཟིན་པའི་གཞོན་ནུ་ཁོང་དང་བཅས་པར་མྱ་ངན་ཙམ་ཞུས་པ་མིན་པར།ལྷག་བསམ་ཆེན་པོའི་རྒྱུན་ཡུན་ནས་ཡུན་དུ་བསྐྱངས་པར་འདོད།

             མཚོ་སྔོན་པོའི་གསེར་ཉ།

ཀླུ་རྡོར།

མཚོ་དེ་མེ་ལྕེ་ཞིག་རེད
ཧམ་སེམས་ཀྱི་མེ་ཕུང་ཞིག་རེད
གཅན་གཟན་གྱི་ནགས་ཚལ་ཞིག་རེད
བསྐལ་བའི་བར་དུ་མཚམས་མ་ཆད་པའི་འདོད་སྲེད་ཀྱི་འབར་གས་ཆེན་མོ་དེ་རེད

མི་དེ་གསེར་ཉ་ཞིག་རེད
སེམས་དེ་དུང་སེམས་ཞིག་རེད
ཆགས་སྡང་གི་རླབས་རྩེ་ན་འཁྱུག་པའི་ལྦུ་བ་དཀར་པོ་རེད
རང་བྱུང་གི་མངལ་དུ་སྦྲུམ་པའི་ཁྱེའུ་དམར་རྗེན་རེད

ཉ་རྒྱ་དེ་ལྕགས་ཀྱུ་ཞིག་རེད
ཉ་བ་དེ་རལ་གྲི་ཞིག་རེད
གངས་རིའི་ཁོང་གསེང་དུ་འཁྱིལ་བའི་མཚོ་དེ་ཉ་ར་ཞིག་རེད
འོད་ཀྱུག་ཀྱུག་གིས་ཉ་རྒྱར་ལྕེབས་མཁན་དེ་ཁ་བའི་གསེར་ཉ་ཞིག་རེད
          ཀླུ་རྡོར་གྱིས་ཁ་བ་སྙིང་ལྕགས་ལགས་མི་མངོན་པའི་ཞིང་གཞན་ཞིག་ཏུ་གཤེགས་པ་ཐོས་རྗེས་རེ་བ་ཞིག་ཆག་གྲུམ་ཏུ་སོང་བར་མིག་ཆུ་ཤམ་ཤམ་གྱིས་ནུབ་བྱང་ནས་བསྔོ་བའི་ཚབ་ཏུ་སྙན་ངག་འདི་ཕུལ་ལོ། ༢༠༡༥ ༦ ༢༧ ཉིན།

  ཁ་བ་སྙིང་ལྕགས།

 རྐང་ཐང་བ།

ཁ་བ་སྙིང་ལྕགས
ཁྱེད་ཀྱི་འཛུམ་ཀྱུག་ཀྱུག་གི་རི་བོའི་ཕར་ནང་ན
རྟག་པར་མུན་པ་འཐག་གིན་ཡོད
མུན་པས་བཟོས་པའི་འབུ་མེ་ལྕེབས
ས་སྲོད་དང་ཞེན་ཆགས་ཀྱི་མཁའ་དབྱིངས་སུ་བཏང་ཡོད

ཁ་བ་སྙིང་ལྕགས
ཁྱེད་ཀྱི་གོམ་པ་རེ་རེའི་ས་ཞིང་ལས
ཀེ་ཚེའི་སྒོ་སམ་བཞེངས་ཤིང
སྒོ་སམ་དེ་རུ་དྲང་ཐིག་གི་གཙང་བོ་བཞུར་གྱིན་འདུག

ཁ་བ་སྙིང་ལྕགས
ཁྱེད་ཀྱིས་ཁ་བའི་བེར་ཆེན་གྱོན་ཏེ
ད་དུང་ལམ་ལ་ཞུགས་དགོས་ནའང
ལམ་དུ་ཆས་སོང
ཀྱེ་ཀྱེ ཁྱེད་གཤེགས་པ་སྔ་དྲགས་སོང
              ༢༠༡༥-༦-༢༧ མཚོ་སྔོན་མི་རིགས་སློབ་ཆེན་ནས་རྐང་ཐང་བས།

 ཁོ་ནི་འབུ་མེ་ལྕེབས་མ་རེད།
                                  
                                          ____ངོ་མི་ཤེས་པའི་བོད་ཀྱི་སྙུག་ཐོགས་པ་ཞིག་རྗེས་སུ་དྲན་པ།

                                        ཁྲོ་ཁོ་རབ་བརྟན།

ཤུ་་་་་་་
གསར་བུ་རུས་པ་ཅན་ཞིག་ཤི་སོང་ཟེར འདས་སོང་སྐད
འབུ་མེ་ལྕེབས་མ་རེད ཁ་བ་སྙིང་ལྕགས་རེད

བླ་མཚོ་གཡུ་ཡི་མེ་ལོང་འདྲ་བོ་འགུལ་བྱུང
གསེར་ཉ་གསེར་གྱི་རྐང་རུས་འདྲ་བོ་འདར་བྱུང
རིགས་གཅིག་རུས་གཅིག་གི་གསར་བུ་འགའ་ཧད་འདུག

འཆི་བདག་རྒད་པོའི་མིག་འདི་ཕྲ་ཨང
གནམ་གྱི་འོད་ལ་བལྟས་ནས་ས་ཡི་གསེར་འདི་བྱིང་འགྲོ
རྒོད་པོས་ཨ་བྲ་འཛིན་འཛིན་བྱས་ཐལ
ཉ་བས་གསེར་ཉ་གསོད་གསོད་བྱས་སོང

རུས་རྐང་མཚོ་ལ་གནང་ཟིན
ཤ་ཁྲག་ཉ་ལ་ཕུལ་འདུག
བླ་རིས་གངས་ལ་བཞག་ཡོད སུ་ལ་མ་བཤད་གང་ལ་མ་དྲིས་འདི་ལྟར་བཞུད་སོང

ལས་འཕྲོ་སུ་ལ་བཅོལ་ཡོད་སུ་ཡིས་ལོས་ཤེས
ཁ་ཆེམས་གང་ལ་བཤད་འདུག་གང་གིས་ལོས་གོ

འཆི་བ་འདི་ལྷིང་འཇགས་སེར
འཆི་བ་འདི་འོད་གྱི་ལེར
             ༢༠༡༦/༦/༢༧ཉིན་ཁྲོ་ཁོ་རབ་བརྟན་ནས།༼གྲོགས་དང་གཉེན་ཉེ་ཕུད། ཤི་ཟས་ཁ་ལ་རེག་ཚད་དང་ཤི་སྐད་རྣ་བས་གོ་ཚད་ལས་ཁྱོད་རང་ཕངས་ཕངས་ཤིག་སུ་ཡང་མ་ཕངས།༽

འབུ་མེ་ལྕེབས་དྲན་པ།

                                          —བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ཀྱི་འདས་གྲོངས་མྱ་ངན་ཞུ།
                                         
                                             ཕྱོགས་ཁྱུང་སྲས།

ཁྱོད་རང་མུན་པའི་ཁྲོད་འཚར་ལོངས་བྱུང་ཞིང་།
ཁྱོད་ཀྱིས་མུན་པ་ཟས་སུ་བསྟེན་ནས་འོད་སྣང་བཙལ་མྱོང་།

ཁྱོད་རང་འོད་སྣང་ལ་དུངས་པས།
ཁྱོད་རང་དྭངས་གཙང་ལ་སྨོན་པས།
ཁྱོད་ཀྱི་རྣམ་ཤེས་དེ་འབུ་མེ་ལྕེབས་ཤིག་ཏུ་འཁྲུངས།

སྟོང་ལོ་བཅུ་གསུམ་ལོའི་སྟོན་ཁ་དེར།
ང་ད་རུང་སློབ་ཆེན་ན་ལུས་ཡོད།
སློབ་ཆེན་གྱི་འཚོ་བའི་ཟུར་ནས་ཁྱོད་རང་གླེང་མྱོང་།
ཁྱོད་ཀྱི་འབུ་ལྕེབས་ཞེས་པའི་བརྩམས་དེབ་གླེང་མྱོང་།
དུས་དེ་བཟུང་། ཁྱོད་རང་ངའི་གམ་ན་ལྡིང་སྐོར་བྱེད་ཀྱིན་པའི་འབུ་མེ་ལྕེབས་ཤིག
དུས་དེ་བཟུང་། ཁྱོད་རང་འབྲས་བུས་དུད་པའི་ལོ་ཡག་སྙེ་མ་ཞིག
ང་ཚོའི་སེམས་ངོགས་སུ་འོད་ཀྱིས་འཚེར་ཞིང་ལྗིད་ཏིག་གེར་ལྷུང་།

སྐད་འཕྲིན་གྱི་སྣེ་མོ་ནས་ཁྱོད་ལ་བརྡ་བཞག་པ་ཉུང་ན་ཡང་།
ང་ཡིས་ཁྱོད་ཀྱི་མགོ་རྔ་མིག་གིས་འཚོས་ཏེ་སེམས་སུ་ཉར་ཡོད།
ལོ་འདི་གར། ཁྱོད་ཀྱིས་འབུ་མེ་ལྕེབས་ཞེས་པའི་བྱིས་སྒྲུང་ཞིག་བརྩམས་ཏེ།
བྱིས་པ་ཚོའི་ནམ་མཁའ་ཡངས་པར་ཕྱེས་པ་མི་རིགས་འདིའི་བརྗེད་མི་སྲིད་ལ།
ང་རང་ཉིད་ཀྱིས་ལྷག་ཏུ་བརྗེད་མི་སྲིད།

ངས་འདི་ལྟར་ཁྱོད་ལ་མྱ་ངན་གྱི་ཞུ་ཚིག་སྙན་ངག་གིས་གཅུད་དོན།
ཁྱོད་རང་ལོ་ན་ཆུང་བ་ཁོ་ནས་མིན་པར།
ཁྱོད་ཀྱིས་དཀའ་སྡུག་གི་འབད་བརྩོན་ལས་འོད་སྣང་བསྒྲོན་པས་ཡིན།
ཁྱོད་རང་འབུ་མེ་ལྕེབས་ལ་དགའ་བ་ཙམ་མིན་པར།
ཁྱོད་རང་དངོས་ནས་འབུ་ལྕེབས་ཤིག་ཏུ་གྱུར་ཚར་བས་ཡིན།

སྟོང་ལོ་བཅོ་ལྔ་ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་དྲུག་ནི།
བརྩམས་དེབ་འབུ་མེ་ལྕེབས་དེ་ཁྱོད་ཀྱི་ཁ་ཆེམས་སུ་གྱུར་ཉིན་ཡིན།
དེ་བས་ན། ཁྱོད་ལ་བློ་འགྱོད་མི་འདུག་པ་ངས་སྔ་མོ་ནས་ཤེས་ཡོད།
དེ་ནི། ཁྱོད་རང་བདེན་པ་ལ་དུངས་པས་ཡིན།
དེ་ནི། ཁྱོད་རང་འོད་སྣང་ལ་དགའ་བས་ཡིན།

འབུ་མེ་ལྕེབས་ཀློག་པ་ནི་ཁྱོད་ཀྱི་ཁ་ཆེམས་ཡི་གེ་ཀློག་པ་དང་མཚུངས།
འབུ་མེ་ལྕེབས་ལས་ཁྱོད་ཀྱི་རྒྱབ་གཟུགས་རྙེད་ཐུབ།
འབུ་མེ་ལྕེབས་ལས་ཁྱོད་ཀྱི་སྙིང་རུས་དང་རྨི་ལམ་མཐོང་ཡོང་།
ཁྱོད་ཀྱིས་ང་ཚོར་ལྗང་མདོག་གི་ཞིང་ཁམས་ཤིག་བྲིས་ནས་བཞུད་སོང་།
ཁྱོད་ཀྱིས་ང་ཚོར་མཚོ་སྔོན་པོ་དང་གསེར་ཉ་བསྐྱུར་ནས་བཞུད་སོང་།

ཁྱོད་ཀྱིས་ད་དུང་མང་པོ། མང་པོ་ཞིག
དེ་བས་ན། ང་ཚོས་ཁྱོད་ཉིད་དྲན་ཆོག་པར་ཞུ་ཨང་།
                     ༢༠༡༥/༦/༢༧ཉིན་གཙོས་གྲོང་ནས།

ག་ལེར་བཞུད། འབུ་མེ་ལྕེབས།
                                       
                                         __བྱིས་སྒྲུང་༼འབུ་མེ་ལྕེབས་༽ཀྱི་རྩོམ་པ་པོ་རྐྱེན་ངན་གྱིས་ཁྱེར་བར་གདུང་སེམས་དང་བསྔོ་སྨོན་མཚོན་བྱེད་དུ།

 ཕན་ཤུལ་འཆི་མེད་དབང་འདུས།

དུས་ཚིགས་འདིར
ཁྱེད་ཀྱི་རྣམ་ཤེས་མཚོ་མོར་ཐིམ་པས
ས་སྟེང་གི་ཕྱེ་ལེབ་ཁྲ་བོས
དབྱངས་གསལ་ལས་གྲུབ་པའི་བྱིས་སྒྲུང་གཤོག་ལྟེབ་ཏུ་ཉར་ནས་དབུགས་རིང་བྱེད
མེས་པོའི་ཡིག་ཚང་སྦྱོར་ཀློག་ཏུ་སྐྱོར་བའི་ངའི་བྱིས་པ་དག་གིས
སློབ་གྲྭའི་རྭ་སྐོར་ནས་༼འབུ་མེ་ལྕེབས་༽ལ་གཅེར་བཞིན་མ་ཎི་འདི་ལྟར་བགྲངས ཨོཾ་མ་ཎི་པདྨེ་ཧཱུྃ

གོ་ཐོས་སུ
འུ་ཚང་གི་མེས་པོ་འཕགས་པའི་སྤྲུལ་པར་གྲགས་ལ
རྨོ་བོ་ཡང་རྗེ་བཙུན་སྒྲོལ་མར་གསུངས་པས
ཁྱེད་ཀྱི་རྣམ་ཤེས
མཚོ་ཐོག་གི་འགྲུལ་པ་ཇི་བཞིན
པོ་ཏཱ་ལ་དང་གཡུ་ལོ་བཀོད་གང་རུང་དུ
བཞུད་ཆོག་ཆོག་ཏུ་ངེས

མཐོང་མ་མྱོང་བའི་ངས་ཀྱང
སྙན་ངག་རྙིང་པ་འགར་སོ་ཡིས་འདེབས་ཞོར
ཕངས་སེམས་དང་བཅས་བསྔོ་སྨོན་ཤུགས་ཀྱིས་སྐྱོར
        ____ཕན་ཤུལ་འཆི་མེད་དབང་འདུས་ཀྱིས། རྒྱང་བཞུད་པ་དེ་ཕེབས་པའི་ཉིན་དང་པོར་གློ་རྡེག་ཏུ་བྲིས།

              གཤིན་ཡུལ་ན་འོད་ཟེར་ཡོད་དམ།

                                   ལྡོག་འཆར།

ཞོགས་པར་དེར
ནམ་མཁའ་ཡོམ་ཡོམ་བསྒུལ
ཉི་མས་འདར་འདར་ངང་ངུ་ཤུམ་བོར
འཕྲུལ་འཁོར་གྱི་ཆོམ་སྒྲ་ལས་ངུ་སྐད་མང་པོ་ཐོས་ཡོང

"རང་ཡུལ་གྱི་མགྲོན་པོ"ཁྱེད་མགྲོན་ཡུལ་གཞན་དུ་གཤེགས་པས
ངས་ཁ་རོག་གེར་མགོ་སྐྲར་རེག་རེག་བྱས
མིག་གིས་མི་ཟིན་པའི་མུན་པའི་དོང་རིང་ཞིག་ལ་ཚོད་དཔག་བྱས
ཏག་ཏག་གསོལ་འདེབས་ཤིག་ལས་ཅི་ཡང་མ་འཇོན

ཞེ་ལ་འཁོར་བའི་སྨག་ནག་གི་གནས་བབ་དག་ཁྱེད་ལ་སྡང་ཡང
མིག་ཀོང་ལ་འཁྱིལ་བའི་ལུང་བ་འདིས་ཁྱེད་རང་བརྗེད་མི་སྲིད

མུན་པའི་ལྕགས་དྲེག་དང་ཚེར་མའི་མལ་སྟན
མཆུ་ཏོའི་མདའ་གཞུ་དང་ལག་པའི་དུག་ཆུ
ཁྱེད་རང་གཅིག་པུས་རུམ་ལ་བཅུག་སོང

བསམ་བློའི་མེ་ཏོག་གི་འདབ་མ་གྲོལ་ན
ཤེས་རབ་ཀྱི་རལ་གྲིར་རྣོ་དབལ་ལྡན་ན
ཡི་གེའི་རོལ་རྩེད་སོར་རྩེ་རུ་འཁྱིལ་ན
གཤིན་ཡུལ་ན་འོད་ཟེར་ཡོད་དམ
                ན་གཞོན་སྙན་ངག་པ་ཁ་བ་སྙིང་ལྕགས་ལགས་རང་ཅག་ལ་མ་དབང་བ་ཐོས་པས། རྗེས་དྲན་དུ་བྲིས་པ་འདིས་ཀྱང་གཤིན་ཡུལ་གསལ་བར་སྨོན།

  འབུ་མེ་ལྕེབས།

                                   ---སློབ་གྲོགས་སམ་གྲོགས་པོ་ཁ་བ་སྙིང་ལྕགས་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུ།

                                                                      རྣོ་ཟུར།

ཁྱོད་ཀྱི་གཤོག་པར་རི་མོ་མེད ཁ་དོག་མེད
ང་ཚོ་དང་བར་ཐག་རིང་བར་གྱེས་དགོས
མཚན་མོ་འོད་ལ་བསྟེན་ནས་འཚོ་དགོས
ཉིན་མོ་མིག་ཟུང་ཅེར་ནས་གཉིད་དགོས
ཁྱོད་ང་ཚོ་དང་བར་ཐག་རིང་པོ་ཡོད

ཁྱོད་རང་ང་ཚོར་དུང་བ་ཡོད་མི་དགོས
ང་ཚོ་ཕྱེ་མ་ལེབ་ཀྱི་རུས་རྒྱུད་ཡིན
ང་ཚོ་མེ་ཏོག་གི་འདབ་མ་རེ་རེའི་སྟེང་ནས་གཉིད་དགོས
ང་ཚོ་ཟེའུ་འབྲུར་རོལ་ནས་འཚོ་དགོས
ང་ཚོར་མེ་ཏོག་ཟེར་བའི་དངོས་པོ་ཞིག་ཡོད
དེ་ལས་ཅི་ཡང་མི་དགོས

ནམ་ཡང་མུན་ནག་གི་ཁྲོད་དུ་ཁེར་རྐྱང་ཡིན་ནམ
ནམ་ཡང་འོད་ཟེར་ཕྲ་མོར་འབྱར་ནས་ཡོད་དམ
ནམ་ཡང་རྨི་ལམ་དཀའ་ངལ་ཅན་ཞིག་ཏུ་འཐམ་ནས་ཡོད་དམ
ནམ་ཡང་མདོག་ངན་གྱི་ལྭ་བ་གྱོན་ནས་ཡོད་དམ
ནམ་ཡང་ཁེར་རྐྱང་ཡིན་ནམ
འབུ་མེ་ལྕེབས འབུ་མེ་ལྕེབས
               --༢༠༡༥-༦-༢༧ཉིན།

ཟུར་མཆན ༽ཁ་བ་སྙིང་ལྕགས་ནི་གཙོས་མི་རིགས་དགེ་ཐོན་སློབ་གྲྭས་གཉེར་བའི་༼འདབ་ལྡན་༽དུས་དེབ་སྟེང་གི་སྙན་ངག་༼འཇོར།༽ཟེར་བ་ལས་མིང་འདི་ཐོག་མར་གོ་ཞིང་། ༢༠༡༠ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལས་ངོ་ཤེས་སུ་གྱུར་བ་མ་ཟད། ཆང་འཐུང་བ་དང་འདུ་འཛོམས་ཆེ་ཆུང་གང་ཡིན་སྐབས་དག་ལས་རང་ཉིད་ཀྱིས་རྩིས་ཐང་ཆེ་བའི་མི་ཞིག་ལ་འདང་བཟུང་ཡོད། མ་ཟད་རྩོམ་རིག་ཚོགས་ཆུང་སྟེང་གི་གཏམ་བཤད་དག་ལས་གསར་བུ་འདིའི་ལམ་ཁ་ཡངས་ཤིང་རྒྱ་ཆེ་བའང་ཤེས་ཡོད།
  དེ་རིང་དྲ་ལམ་དག་ཏུ་སྐད་ངན་འདི་འདྲ་ཞིག་ཁྱབ་པ་ནས། ང་རང་ཡིད་མི་ཆེས་བར་གྱུར་ཏེ། ཁོང་གི་གྲོགས་པོ་སྐུ་ཞབས་སྒྲེན་པོ་ལགས་དང་། འཇམ་དཔལ་རྡོ་རྗེ་སོགས་ལ་སྐད་འཕྲིན་ལས་བརྡ་བཏང་ནའང་། ལན་མ་བྱུང་བས་སེམས་ལ་དོགས་འཚེར་རབ་དང་རིམ་པ་ཞིག་བྱུང་། ཅི་ལྟར་གཤེགས་པ་དང་ཅི་ཕྱིར་ཕེབས་པ་གསལ་པོ་ཤེས་བ་ན། རང་གི་ཕ་ཡུལ་དུ་མདང་ནུབ་བྱུང་བའི་ཆུ་ལོག་གི་འཇིགས་པ་ལས་ལྕི་བའི་ཁོང་ནི་ང་ལ་རིན་ཐང་ཆེ་སོང་། ཡིད་སེམས་རབ་ཏུ་སྐྱོམས་པའི་སྐབས་སྙན་ངག་ཐུང་ཐུང་འདིས་ཁོ་ལ་ལེ་བརྡ་བྱ་བའི་ཚུལ་དུ་བྲིས་པ་ཞིག་ལགས་སོ།།

             ཁྱེད་རང་མི་ལོ་བརྒྱ་ལ་གསོན་ཆོག

                                   ___ཁ་བ་སྙིང་ལྕགས་ལ་སྐྱེལ་མ་ཞིག་གི་ཚབ་ཏུ།

                                 རྨ་ཁེར་སྨྱོན།

རྩྭ་ལོ་དག་སུག་སུག་འགུལ་གྱིན་འདུག
དེ་དུས་ཉིན་གུང་ཞིག་ཡིན
གྱེས་ཁ་མའི་ས་སྲོད་ཅིག་དང་འདྲ་བའི
ཉིན་གུང་དེར་ངས་ཁྱོད་ལ་གཏམ་རྒྱུད་ཅིག་འཆད་འདོད

རླུང་བུ་ཡང་མོ་རྒྱུ་བཞིན་པའི་ནམ་གུང་ཞིག་ལ
ཚེ་སྲོག་ཆུང་ཆུང་ཞིག་འོད་དང་མེ་ལ་བསྒྲོན་སོང་ཟེར
མཐའ་མེད་པའི་རྒྱ་མཚོ་དང་གཙང་བོར་འདྲེས་སོང་ཟེར
དེ་དུས་ཏག་ཏག་མིག་ཆུའི་རྦབ་རྡོ་འགྲིལ་བྱུང

ཇ་འཁྱག་འདི་ཕོ་བར་འགྲོ་དུས
ཁྱོད་ཚང་གི་སྒོ་ཁ་ན་རྩྭ་ལོ་དག་འགུལ་བར་བྱེད
སྐྱེས་མ་ཐག་ནས་རྒྱང་དུ་བཞུད་སོང་བའི
ཁྱོད་ཀྱི་རྒྱབ་གཟུགས་ནི་ཅི་ཙམ་ཅེར་ཀྱང་མི་མཐོང་བས
དེ་དུས་ཏག་ཏག་ས་རུབ་སོང་བསམ་ཡོང
                   ༢༠༡༥ ༦ ༢༧

               འགྲོ་སྔ་སོང་བའི་ཁ་བ་སྙིང་ལྕགས་ལགས།

                                   ལྷ་རིང་།

  བྱིས་སྒྲུང་ལ་སེམས་དོད་བཅངས་པ་ནི་དོན་དུ་བྱིས་པའི་རྣམ་དཔྱོད་ལ་ཐུགས་ཁུར་བཞེས་པ་དང་། བྱིས་པའི་རྣམ་དཔྱོད་ལ་འགན་ལེན་བགྱིས་པ་ནི་དོན་དུ་མིའི་རིགས་ཀྱི་གཞི་རྩའི་སློབ་གསོར་དྭང་དོད་བཞེས་པ་དང་འདྲ་བོ་རེད། དེ་བས་ངས་ཁོང་ལ"བོད་ཀྱི་དིང་རབས་ན་གཞོན་བྱིས་སྒྲུང་པ"ཞེས་འབོད་ན་འདོད་ལ། བོད་ཀྱི་བྱིས་པའི་རྣམ་དཔྱོད་དང་འཚར་ལོངས་ལ་སེམས་ཁུར་ཟླ་མེད་གནང་བས"བྱིས་པའི་སློབ་གསོ་བ་ཆེན་མོ"ཞེས་མཚན་སྙན་སྩོལ་ནའང་འདོད།
  ངེད་ཆུང་དུས་བྱིས་སྒྲུང་ཟེར་ཡ་ཨ་མྱེ་དང་ཨ་ཕྱི། རྒ་རྒོས་ཚོའི་ངག་ནས་ཧ་ལམ་མཚན་མོ་རེ་རེར་གོ་མྱོང་། ཁོ་ཚོས་དེའི་རྩོམ་པ་པོ་སུ་ཡིན་དང་། དམིགས་ཡུལ། རྒྱབ་ལྗོངས། དོན་སྙིང་སོགས་གང་ཡང་བཤད་རྒྱུ་མེད། ད་སྐབས་ཕྱི་དྲན་བྱས་ཚེ་དེ་དག་ནི་དམངས་ཁྲོད་ནས་དར་བའི་བྱིས་སྒྲུང་ཡིན་སྟབས། དེའི་རྩོམ་པ་པོ་ནི་ཞིང་འབྲོག་ངལ་རྩོལ་མི་དམངས་ཡིན་ངེས་པས། མི་གཅིག་ངོས་བཟུང་རྒྱུ་མེད་པ་ངེས་ཡོད། ལྷག་ཏུ་དེ་དག་ནི་ངག་ཐོག་གི་བྱིས་སྒྲུང་ཡིན་པ་ལས་ཡིག་ཐོག་གི་བྱིས་སྒྲུང་གཅིག་ཀྱང་མཐོང་མ་མྱོང་། མ་མཐོང་པས་མེད་པ་མི་ཁྱབ་མོད། མཐོང་མཁན་དག་གིས་རེ་རེ་བཞིན་ངོ་སྤྲོད་གནང་བ་དྲེད་པོ་ངེད་ཀྱི་རེ་ཞུ་ཡིན།
  ད་ལོ་གཡང་མོ་ལུག་གི་ལོ་དེ་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བ་བཞི་བའི་ནང་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ཀྱིས་བརྩམས་པའི་བྱིས་སྒྲུང༼འབུ་མེ་ལྕེབས༽ཞེས་པ་ལེགས་འགྲུབ་བྱུང་དེ་ཚོང་རར་དགྲེམ་སྤེལ་བྱས། གཏམ་བཟང་དེ་དྲ་སྒང་སོ་སོ་ནས་ཐོས་སྐབས་ངེད་ལ་ངག་མི་ཁྲོལ་བའི་དགའ་ཚོར་ཡ་མེད་ཅིག་སྐྱེས་ཤིང་འབྲི་མི་ཐུབ་པའི་དུངས་པ་འགོག་མེད་ཅིག་ཀྱང་བྱུང་།
  བྱིས་སྒྲུང་ནི་ཐོག་མར་བྱིས་པའི་བློ་ཁམས་དང་བསྟུན་དགོས་ཤིང་། འཆར་ཡན་གྱིས་ཀྱང་ཕྱུག་དགོས། བྱིས་སྒྲུང་གི་དམིགས་ཡུལ་ནི་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་རྒྱུ་དང་། བྱིས་སྒྲུང་གི་དོན་སྙིང་ནི་བྱིས་པས་སྐྱེ་རྒ་ན་འཆིས་བསྐྲུན་པའི་མི་ཚེ་དང་གཟུགས་ལྡན་གཟུགས་མེད་ཀྱིས་བཞེངས་པའི་འཇིག་རྟེན་འཚོ་བ་གོམས་སུ་གཏོང་རྒྱུ་རེད། བྱིས་སྒྲུང་མེད་པའི་རྒྱལ་ཁབ་ཅིག་ཏུ་མི་གཞི་རྩ་འཆིང་བའི་འཚོ་དོན་སྨྲ་བའི་སློབ་གསོ་མེད་ལ། དཔེར་ན། ཀྲུང་གོ་ལྟ་བུ། ཡུས་ཅེ་ཡི་དཔེ་དེབ༼འབར་གྱིན་པའི་ངེད་ཀྱི་ཕུགས་འདུན༽ 1ཞེས་པའི་ནང༼གནག་པོའི་བདེ་སྐྱིད༽ཅེས་པར་བྱིས་པའི་སློབ་གསོར་མཐོང་ཆུང་དང་བྱིས་པའི་འཚོ་བར་མནར་གཅོད་སྐྱིན་ཚབ་བྲལ་བ་བཟོས་པ་སོགས་གསལ་ལེ་ལུ་གུ་རྒྱུད་དུ་བྲིས་ཡོད། གཞན་ཀོ་རེ་ཡ་སྲིད་འཛིན་ཅེན་ཏཱ་ཀྲུང་གི་ཚབ་མཚོན་བརྩམས་ཆོས༼རང་དབང་གི་དོན་དུ། ང་ལ་བློ་འགྱོད་མེད།༽ཞེས་པའི་ནང་ཀླད་པ་བཀྲུ་བའི་སློབ་གསོ་སོགས་ལ་མཚང་འབྱིན་དང་ཡིན་དགག་རྩད་འདོན་བྱས་ཡོད། ཁོང་གིས་ཆེས་ཐུགས་ཁུར་བཞེས་ས་ནི་སློབ་གསོ་ཡིན་ལ། སྲིད་འཛིན་ནས་དགེ་རྒན་གྱི་ཕྱག་ལས་གནང་བ་ནི་ཧ་ལམ་འཛམ་གླིང་དུ་ཁོ་ལས་གཞན་མེད། དེ་བས་ཁ་བ་སྙིང་ལྕགས་ལགས་ཁོང་ནི་བྱིས་པའི་སློབ་གསོར་ཐུགས་གཞིགས་དོ་མེད་གནང་མཁན་ཞིག་རེད།
  ངེད་ཀྱི་རྟོག་དཔྱོད་དང་རིག་གཞུང་གི་ངོས་ནས་བློ་འཛོལ་བྱུང་མེད་ཚེ། ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ནི་ཡིག་ཐོག་ཏུ་འཁོད་པའི་ཆེས་ཐོག་མའི་བོད་ཀྱི་བྱིས་སྒྲུང་རྩོམ་པ་པོ་ཡིན་ལ། ཁོང་གི་བརྩམས་ཆོས༼འབུ་མེ་ལྕེབས༽ནི་བོད་ཀྱི་ཡིག་ཐོག་གི་བྱིས་སྒྲུང་ཐོག་མའང་ཡིན།
  བུ་བཞིས་བགྲོ་བ་ལྟར་རྩོམ་རིག་གི་ཐོག་མའི་མགོ་ཁུངས་མོལ་བའི་སྐབས་སུ། བྱིས་སྒྲུང་དང་ལྷ་སྒྲུང་ནི་རྩོམ་རིག་གི་ཐོག་མའི་མགོ་འཛུགས་གནས་རེད་ཅེས་ལབ་པ་དེར་ཡིད་རྟོན་བཅིངས་ཚེ། སྐུ་ཞབས་ཁ་བ་སྙིང་ལྕགས་ལགས་ནི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ལའང་བྱས་རྗེས་འདྲ་འདྲ་བཞག་པའི་རྩོམ་པ་པོ་ཞིག་རེད་ཅེས་ཆེ་བསྟོད་བྱས་ནའང་ཆེ་རུ་མི་འགྲོ་བ་སྙམ། བྱིས་སྒྲུང་ནི་འཛམ་གླིང་གི་བྱིས་སྒྲུང་ཡབ་ཆེན་དུ་འབོད་པའི་ཨན་ཏུའུ་ཧྲིན་གྱིས་མཆིད་པ་ལྟར། "མི་སོ་སོའི་མི་ཚེ་ནི་དཀོན་མཆོག་གིས་བྲིས་པའི་བྱིས་སྒྲུང་ལྟ་བུ་རེད།"ཅེས་རླབས་ཆེན་མི་སྣའི་གཏམ་གྲགས་ཅན་འདི་ཚོར་སེམས་ཚེ། མི་ནི་རྩོམ་རིག་གི་རྒྱུ་ཆ་ཨང་དང་པོ་ཡིན་མོད། ལྷག་ཏུ་བྱིས་སྒྲུང་ནི་རྩོམ་རིག་གི་གོ་ཁྲབ་ཆེན་པོ་གྱོན་མཁན་ཞིག་རེད་སེམས་མི་སྲིད་པའང་ཡེ་ནས་མེད།
  མདང་ནུབ། རྔ་བ་རུ་ཤྭ་འོད་རྒྱས། མཚོ་སྔོན་པོར་ཉ་བདའ་འཕེལ། ཤྭ་འོད་ཀྱིས་ཨ་ཡེས་རྒན་མོ་ཞིག་ཁུར་སོང་རབས་བཤད། མཚོ་སྔོན་པོར་ཉའི་ར་མདའ་ཞིག་ལྟུང་སོང་བ་གླེང་། ཨ་ཡེས་རྒན་མོ་དེའི་མིང་ཤེས་མ་སོང་། མཚོ་ནང་དུ་ལྷུང་བའི་མི་དེའི་མིང་ལ་ཁ་བ་སྙིང་ལྕགས་འབོད། ཨ་ཡེས་རྒན་མོ་དེ་ཁང་སྲུང་ཞིག་ཡིན་ས་རེད། ཁ་བ་སྙིང་ལྕགས་ནི་ཉའི་ར་མདའ་ཞིག་རེད། (མདང་གི་གནས་ཚུལ་ངོས་ནས།) ཨ་ཡེས་རྒན་མོ་དེའི་རོ་བདག་མོའི་བུ་ཕྲུག་དག་ཡིན་ཤག ཁ་བ་སྙིང་ལྕགས་ཀྱི་རོ་བདག་བོད་ཀྱི་སྙུག་ཐོགས་པ་རྣམས་ཡིན་ངེས། གཅིག་རྒས་ནས་དུང་སོ་འཐོར་ཡོད། གཅིག་དར་ནས་རྩལ་དྲུག་འཛོམས་ཡོད། སྔ་མ་ཡིག་རྨོངས་པ་ཞིག་རེད། ཕྱི་མ་ཤེས་ཡོན་པ་ཞིག་ཡིན། སྔོན་མ་བུ་ཕྲག་དག་གི་སེམས་སྡུག་ཡིན་ལ།གཞུག་མ་བོད་ཀྱི་ཤེས་ཡོན་པའི་གྱོང་རྒུད་རེད། གང་ལྟར་རྭ་འདྲ་ཡང་རིགས་མི་འདྲ་བའི་མི་གཉིས་མདང་ནུབ་གློ་རྡེག་ཏུ་རྐྱེན་དུ་ཤོར་ཟིན། དངོས་གནས་དྲང་གནས་སྐྱོ་བ་ལ།
  ཨན་ཏུའུ་ཧྲིན་གྱིས་བསྙད་པ་ལྟར"འཆི་བ་ནི་རླབས་ཆེན་གྱི་ཁྱིམ་དུད་རུ་སྤོ་བྱས་པ་དང་འདྲ་བོ་ཡིན། ཞེ་ལ་ཟུངས།" ཞེས་པ་ལས་གཞན་ཅི་ཞིག་གིས་ཁ་བ་སྙིང་ལྕགས་ལགས་ལ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ཤེས་མ་སོང་། མ་གསང་དྲང་བོ་ལབ་ན་ཁྱེད་དངོས་གནས་འགྲོ་སྔ་སོང་། བོད་ཀྱི་བྱིས་པ་མང་པོ་ཞིག་གི་བྱིས་སྒྲུང་ལ་རོལ་བའི་འཚོ་བ་དང་དུས་ཚོད་ཁྱེད་དང་ལྷན་དུ་ངེད་ཚོར་རྒྱང་བཀྱེད་སོང་བས། ལྷག་ཏུ་སྐྱོ་བ་ལ།
                                 ཡིད་སེམས་རབ་ཏུ་གདུང་བའི ༢༠༡༥/༦/༢༦ཉིན།

            ཁ་བ་སྙིང་ལྕགས། (1989-2015)

                                 ལྡོང་བུ།

ཁ་འཁྱག་དབྱར་གཞུང་བབས།།
བ་མོ་ཉིན་དཀྱིལ་བརྒྱབ།།
སྙིང་བརྡབ་གཟེར་མ་འདི།།
ལྕགས་ཕུར་ནག་སྡང་འདྲ།།

ཞེང་རིང་གཏིང་ཟབ་མཚོ་ཁ།།
གནག་ཆེ་འཁྱག་རོམ་ཐུ་བ།།
མེ་ལྕེབས་ཕྲ་ཡང་སྲོག་སྙིང་།།
རྡོ་རྗེ་བཞིན་བརྟན་ངར་ལྕགས།།

ཁ་བ་འབབ་ན་འབབ་ཆུགས།།
སྙིང་ལ་ལྕགས་ཕུར་བརྡབ་ཆུགས།།
མ་ལྷད་དག་པའི་མེ་འདིས།།
མཚོ་ཁ་ཐམས་ཅད་སྲེག་ཆུགས།།

              ང་ནི་མཚོ་སྔོན་པོའི་ནང་གི་ཉ་ཞིག་ཡིན།

                                     —གྲོགས་ཁ་བ་སྙིང་ལྕགས་ལགས་ལ་ཕུལ།

                                   སྙན་བུ་རང་དྲིལ།

ང་ནི་མཚོ་སྔོན་པོའི་ནང་གི་ཉ་ཞིག་ཡིན།
ང་ནི་མཚོ་སྔོན་པོའི་ནང་གི་མིང་མེད་པའི་ཉ་ཞིག་ཡིན།

མདང་དགོང་།
མཚོ་མོ་འདི་སྔར་བཞིན་ལྟེར་མེར་འཁྱིལ་བའི་མདང་དགོང་།
ང་ནི་རྙི་ལ་ཐེབས་ཏེ་འཆི་བར་སྒུག་པའི་ཉ་དེ་ཡིན།
ང་ནི་རེ་ཐག་ཆད་དེ་མིག་ཆུ་ཤོར་བའི་ཉ་དེ་ཡིན།

ཏག་ཏག་སྐབས་དེ་ལ།
ངས་ཁྱོད་རང་མཐོང་བྱུང་།
ངས་རྙི་ཐག་གི་བར་གསེང་དེ་ནས་ཁྱོད་རང་སླེབས་པ་དངོས་འབྲེལ་མཐོང་བྱུང་།
ཁྱོད་ཀྱི་མིག་མདངས་དེ་ལས།
ངས་ཁྱོད་རང་མི་ཡུལ་ལ་ག་ལེར་བྱོན་པའི་དྭངས་གཙང་གི་ཁ་བ་ཞིག་ཡིན་པ་ཚོར་བྱུང་ལ།
ཁྱོད་ཀྱི་ངང་ཚུལ་དེ་ལས།
ངས་ཁྱོད་རང་ཚེ་སྲོག་ལ་དུངས་ཞེན་ཆེ་བའི་བྱམས་ལྡན་གྱི་མགོ་ནག་ཅིག་ཡིན་པའང་
རྟོགས་བྱུང་།

ངས་ཁྱོད་རང་ཡིན་པ་ངོ་ཤེས་རྗེས།
ངས་མིག་ཟུང་ཆེ་རུ་བགྲད་དེ།
ཁྱོད་ཀྱིས་ང་རང་མྱུར་དུ་བསྐྱབ་པར་རེ་སྒུག་བྱས་ཏེ་བསྡད།

དེ་ལྟར།
རེ་ལྟོས་ཀྱི་མིག་ཟུང་ཁྲོད་ནས།
ངང་སྒུག་གི་འཁྲེང་སེམས་ཀློང་ནས།
ཁྱོད་རང་འཁྱུག་རྩལ་བྲལ་བའི་ཉ་ཕྲུག་ཅིག་དང་འདྲ་བར།
མཚོ་མོ་འདིའི་བྲང་གཞོང་སྟོབས་ཀྱིས་གཤགས་ཏེ་ཚུར་ཕྱོགས་སུ་རྐྱལ་མ་ནུས་པར།
ངའི་མིག་མདུན་དུ་ཡང་ཡང་འཕག་འཚག་བྱེད་པ་མཐོང་དུས།
ངས་རང་གི་འཁྱུག་རྩལ་ཁྱོད་ལ་བསྩལ་ནས་ཁྱོད་རང་བསྐྱབ་ན་འདོད།
ངས་རང་གི་དབུགས་རྒྱུ་ཁྱོད་ལ་དྲངས་ནས་ཁྱོད་རང་བསྐྱབ་ན་འདོད།
ངའི་ཚོགས་པ་འདིའི་ཆེད་དུ།
ང་གཅིག་པུ་འཆི་དགོས་ཀྱང་ཞེ་འགྱོད་སྤུ་ཙམ་མེད་དེ།
ཁྱོད་ཉིད་དེ་ལྟར་གཤེགས་པ་ནི་ང་དང་ངའི་ཚོགས་པ་འདིའི་གྱོང་གུད་རེད་འདུག
མཐར་གཏུགས་ན།
མི་ཡུལ་ལ་མཁོས་ཕབ་ཀྱིས་གཞི་ཆགས་པའི་མཚོ་མོ་འདིའི་གྱོང་གུད་མ་ཡིན་ནམ།

ང་རང་མཚོ་མོ་འདི་དང་ཁ་བྲལ་ཏེ།
སརྒྱང་རིང་གི་གནས་ཤིག་ལ་ལོག་མི་འདོད་པ།
ཁྱོད་ཀྱིས་སྔ་མོ་ནས་རྟོགས་ཡོད་ལ།
ཁྱོད་རང་ལྷིང་འཇགས་ཀྱི་མཚན་མོ་འདིར།
ཕྱིར་རང་གི་ཕ་གཞིས་དྲོན་མོ་དེར་ལོག་འདོད་པ།
ངས་ཀྱང་ལོས་རྟོགས་ཨང་།

ཁྱོད་རང་བཞུད་ཤུལ་དུ།
ང་ནི་སྔར་བཞིན་མཚོ་སྔོན་པོའི་ནང་གི་ཉ་ཞིག་ཡིན།
སྔར་བཞིན་མཚོ་སྔོན་པོའི་ནང་གི་འཆི་བར་སྒུག་པའི་ཉ་དེ་ཡིན།
མཇུག་མཐར།
ངས་ཉ་རྒྱ་ཕྱི་ནང་ན་ཡོད་པའི་ཉ་ཚོགས་ཀྱི་ཚབ་བྱས་ཏེ།
ཁྱོད་ལ་གུས་ཕྱག་འཚལ་བ་ཡིན།
        2015ལོའི་ཟླ6པའི་ཚེས27ཉིན་པེ་ཅིན་དུ་གུས་ཕུལ།

  七月不远,我在青海湖等你

                                           尼(达玉•德吉)

一如你澄澈的双眸
宝蓝色的湖水在远方
永远无法埋葬它的洁净
只是
落日吐出破损的光线
晃动了海水
你眯了一会儿眼睛

飞蛾
七月不远
明天太阳出来你再多等一天

飞蛾
七月不远
就是明天,后天

飞蛾
六月末了
七月不远
就是明天,后天

我知道
明天后天就是七月
七月不远
可我怕清晨的太阳再刺痛你的眼睛
带着一身的雨水
六月末来到你的草原
整个草原芬芳着你的故事
一个用生命守护故乡水中精灵--湟鱼
雪域环保人的故事

你是一个喜欢徒步的诗人
你是一个喜欢马儿的孩子
睡在一张一米六的床上
梦中依旧思念故土的白鹤
常常望着远方等待着远方
             2015.6.29玉树结古

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་སྙིང་ལྕགས་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།༢

2015-07-15 དཔལ་རྩལ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།