ཙོང་ཁ་ཚེ་བརྟན་རྒྱལ་གྱི་ཉེ་བའི་སྙན་ངག་བདམས་བཀོད།
དྲན་པའི་མེས་པོ།
མཐོང་འདོད།
མཇལ་འདོད།
མེས་པོ་མེས་པོ།
གང་ན་བཞུགས།
བཤད་མི་ཚར་བའི་ཅི་རྙེད་ལ་བསླེས་ཏེ།
ས་ཐོ་ཐོ་རེ་ལས་ཅི་ཡོད།
སྒུག་མི་ཚར་བའི་གང་མིན་ལ་སྨོན་ཏེ།
སྐྱ་ཐང་ཐིང་ལས་ཅི་ཡོད།
གཡས་ན་རླུང་།
གཡོན་ན་རླུང་།
དྲན་གདུང་གྲུབ་པའི་འགོ་ནི།
གྲང་ཤར་ཤུར་མིན་ན།
ལོ་ཟླ་ཞིག་གི་མངལ་ལ་ལྷུང་ཞིང་།
ཆགས་སྟངས་འཇིག་སྟངས་མང་པོ།
བསྐལ་བའི་མཐའ་ལ་སྤུངས་ནས།
ཡ་གི་མ་གི་འཕྲད་སྐབས།
མེད་པ་ཡང་མེད་པ།
ཕྱིར་ཡོང་མེད་པའི་མེས་པོ།
རྒྱང་འབོད་ལ་བཅོལ་ཡང་།
སེམས་ངལ་རྐྱང་རྐྱང་མིན་ན།
ཅི་ཞིག་གང་ཞིག་རེད།
རླུང་ལ་སྙིང་རྗེ་ཡོད་ན།
མེས་པོ་མ་ཁྱེར།
ཁ་བར་བྱམས་བརྩེ་ཡོད་ན།
མེས་པོ་མ་སྦས།
མིག་ཆུ་སེམས་ལ་འཁྱིལ་ཐེངས་རེར།
མེས་པོ་དྲན་འོང་།
སེམས་པ་མིག་ཆུས་སྦངས་ཐེངས་རེར།
མེས་པོ་དྲན་འོང་།
2015/6 - 7/14 གྲུབ།
ས་མཐའི་མཚན་མོ།
༡
ཟླ་བ་མེད་དུས།
ཟླ་བ་གཞན་ཞིག་གང་ན་འཚེར།
མུན་ནག་སྲུང་བའི་སྐར་མ་དེ་དག།
རྒྱང་ན་ཡོད་དམ།
སྐྱོ་བའི་སྐྱོ་རོགས།
ཅིའི་ཕྱིར ང་རྒྱང་ལ་མི་འཁྲིད།
༢
ལོ་ངོ་ག་ཚོད།
མཚན་མོ་ག་ཚོད།
ཁ་ཆར་ག་ཚོད།
ང་ས་མཐར་འཁྱམས་པའི་མཚན་མོ།
ཁྱེད་ཀྱིས་ཕ་ཡུལ་རུམ་པའི་མཚན་མོ།
མདོར་ན་ས་མཚམས་ཤིག
ཕན་ཚུན་ལ་བསྐུར་ཆོག་པའི་སྙིང་གཏམ་མིན་སོང་།
༣
ཟླ་བ་མེད་དུས།
མཚན་མོ་འགུལ་གྱིན།
འཇིག་རྟེན་འདར་གྱིན།
ངའི་སེམས་ན་འོད་སྣང་ཡོད་དམ།
ཅི་ཡང་མེད་དུས།
མིག་ཟུང་ཕྱེས་ཀྱང་།
མུན་ནག་རུ་གྱུར་བའི་ཡོད་ཚད།
ཇི་ལྟར་མཐོང་།
༤
གཏམ་རྒྱུད་ན།
སྐར་མ་ནམ་ཡང་ཤར།
གཏམ་རྒྱུད་ན།
ཟླ་བ་ཧ་ཅང་སྒོར།
ཚོར་སྣང་ལ་རང་དབང་མེད་དུས།
མུན་ནག་གྱོན་པའི་མཚན་མོ།
ས་མཐའ་གཅིག་པུ་དབང་སྙམ།
དེ་ནི་ངའི་བསུ་མ་མིན།
དེ་ནི་ངའི་སྐྱེལ་མ་མིན།
༥
མིག་བཙུམས་ཀྱང་།
མཚན་མོ་སྟོང་།
རྨི་ལམ་རྨིས་ཀྱང་།
ས་མཐའ་སྟོང་།
༦
ལོ་ངོ་མང་པོའི་རྗེས་ཀྱི་མཚན་མོ།
ངས་རང་ཉིད་ལ་ཅི་ཞིག་བཤད།
ཟླ་བ་མེད་དུས།
ཟླ་བ་གཞན་ཞིག་གང་ན་འཚེར།
མུན་ནག་འཕྱུར་བ་ཁོ་ནས།
ཁྱོད་གང་ན་ཡོད།
2015/8/4 མཚན་གུང་གྲུབ།
བྱེའུ་འཕུར་སོང་། བྱེའུ་ཡང་འཕུར་སོང་།
༡
ཕྱིར་འོང་མེད་པའི་གྲིབ་གཟུགས་ལ་སྒུག་ན།
བྱེའུ་འཕུར་སོང་།
ཉི་འོད་མེད་པའི་ནམ་མཁའ་ལ་སྨོན་ན།
བྱེའུ་ཡང་འཕུར་སོང་།
བསིལ་བསིལ་གྱི་རླུང་ལས།
ཅི་ཡང་མི་ཚོར།
ཤག་ཤག་གི་ཆར་ལས།
གང་ཡང་མི་སྣང་།
དྲན་འཕྲོའི་བྱེའུ།
བཤད་འཕྲོའི་གཏམ་རྒྱུད།
ཉན་མི་བཟོད་ན།
ཡ་ང་བའི་རོལ་དབྱངས།
བལྟ་མི་ཕོད་ན།
མིང་མེད་པའི་ཡིག་གཟུགས།
༢
མིག་ཟུང་གང་ལ་ཧྲིག་ཀྱང་།
མེ་སྒྱོགས་ཀྱི་ལྡིར་སྒྲ་གང་ནས་ཤུད་འོང་།
རྫས་དུད་ཆགས་པའི་ནམ་མཁའ་ཡ།
ཨོ ནམ་མཁའི་ཉི་ཟླ།
ཤར་ལ་ཤར། ནུབ་ལ་ནུབ།
འཁྲེན་པའི་འགོ་སྔ་འཁྲུགས་ནས།
འགྱེལ་བཞིན། ནུར་བཞིན།
སོང་སོང་ཡང་།
ཐག་ཉེ་རུ་མེད་པའི་བྱེའུ།
བྱེའུ་འཕུར་སོང་།
བྱེའུ་ཡང་འཕུར་སོང་།
༣
རྩྭ་ལྗང་མེ་ཏོག།
དེ་སྔའི་སྨོན་ལམ།
བྱེའུ་འཕུར་སོང་།
ཕུ་ཆུ་མདའ་ཆུ།
དེ་སྔའི་མངགས་བཅོལ།
བྱེའུ་ཡང་འཕུར་སོང་།
ཐག་རིང་འདྲ་བའི་ཐག་རིང་མིན་ན།
མཛའ་གཞས་ཀྱི་འགྱུར་ཁུགས་སུ་བཏུས་ཆོག།
རེ་ཞིག་མིག་ཟུང་བཙུམས་དུས།
ལོག་ས་མེད་པའི་ཕ་ཡུལ་དྲན་ནམ།
མིག་ཆུ་ཁུར་བའི་རང་ཉིད་དྲན་ནམ།
ཧྲེང་ཧྲེང་གི་སྡོང་སྐམ་དེ།
ནམ་ཡང་རླུང་འཚུབ་ཀྱིས་སྒུལ་གྱིན།
༤
རྨི་ལམ་ནི་འཇིག་རྟེན་གཞན་ཞིག
མུན་ནག་ལ་ཅི་ཙམ་གླན་མྱོང་།
བྱེའུ་ནི་འདབ་ཆགས་གཞན་ཞིག
ཉི་འོད་ལ་ག་ཚོད་འཁྱུད་མྱོང་།
དྲན་པའི་མཐའ་མཇུག
ལོ་ཟླའི་ཕ་རོལ།
མཐོང་བའི་མཐའ་མཇུག
ལོ་ཟླའི་ཚུར་རོལ།
ཡུན་རིང་ལྟ་བུའི་ཡུན་རིང་ལ་འགོར་ན།
བྱེའུ་འཕུར་སོང་།
བྱེའུ་ཡང་འཕུར་སོང་བའི་སྙིང་གཏམ།
ངས་རང་ཉིད་ལ་བཤད་ཀྱང་།
ཡོད་ཚད་ལ་ཨ་ལན་མི་འདུག
2015/5 – 7/27 མཚན་གུང་བར་མྱངས།
ཡུལ་ཡར་ལུང་རྩེད་ཐང་།
༡
གང་དང་གང་ནི་ཡར་ལུང་ཡིན།
ཡར་ལུང་ན་རྩེད་ཐང་ཡོད་དམ།
ཇི་ལྟར་ཉན་མི་བཟོད།
རྩེད་ཐང་ན་སྤྲེའུ་དང་སྲིན་མོ་བཞུགས་སམ།
དེ་ལྟར་མཇལ་ཆོག་ཀྱང་།
དེ་ན་ཁོ་གཉིས་གཅིག་པུ།
ཆུ་དང་འོ་མའི་བཤད་རྒྱུན་བཞིན།
མགོན་པོ་རི་ལ་སིམ་སོང་།
འོ་ན་ཁོ་གཉིས་སོ་སོ།
ཤ་དང་རུས་བའི་བརྩེ་དུང་ལྟར།
ནགས་མ་བྱ་ཚོགས་ལ་གཤེགས་སོང་།
ད་དུང་མང་པོ་བྱུང་བའི་ཁ་སང་།
སླར་ཡང་ཐེངས་གཅིག་ལ་འཁོར་ན།
ང་གང་ལ་མི་འགྲོ།
འཇིག་རྟེན་གྱི་རྩེ་མོ།
ཁ་བ་གངས་ཅན།
༢
མེ་ཏོག་གི་དྲི་བསུང་།
སྔར་བཞིན།
བྱ་བྱེའུ་གྲེ་འགྱུར།
སྔར་བཞིན།
ཉི་ཟླའི་འཆར་ནུབ།
སྔར་བཞིན།
སྔར་བཞིན་ཤོར་གྱིན་པའི་ཡོད་ཚད།
ངས་རང་སེམས་ལ་སྦར་འབྲེད་བྱེད་པ་ལས།
སུ་གང་གི་མིག་ལ་སྟོན།
༣
དོ་ནུབ ཡར་ལུང་ལ་སུ་ཞིག་སླེབས།
ཟླ་འོད་མི་འདུག
ཁྱི་ལྡོམ་གྱི་ཟུག་སྒྲས་རྨི་ལམ་བཅོམ་ནས།
ཚངས་མགུར་རེ་དྲན་བཅུག
ཁ་བ་མར་མར།
སྤྲེའུ་ནི་ཆབ་རོམ་ལ་གྱུར་ན།
སྲིན་མོ་ནི་ཡུགས་ས་རུ་ལུས་སྲིད།
ཚེ་ཚེ་སྔོན་ལས་ལ།
སེམས་གསོ་མཚོན་པའི་ཡིག་འབྲུ་གང་ཞིག་འབྲི།
ནང་དོན་གྱི་སླད་དུ།
ཁུ་སིམ་སིམ་གྱིས་ངུས་ཀྱང་།
མིག་ཆུ་མེད་པས།
འཛོམས་ས་གྱེས་ས།
ས་མཐའི་ཡར་ལུང་ཨེ་རེད།
༤
མུན་ནག་གིས་པང་བའི་མཚན་མོ་གང་རུང་།
ང་ལ་ཐོབ་ཅིང་དབང་ན།
ངའི་དྲན་གདུང་ལ་ཡར་ལུང་ཡོད་ཆོག་པས།
ང་ནི་འཁྱམས་པོ་མིན།
ནོར་མེད་པའི་ས་ཆ།
བརྗེད་མེད་པའི་རྩེད་ཐང་།
མ་བཤད་པའི་སྒྲུང་ཞིག་ལ་འཁྲུལ་ན།
ཕ་སྤྲེའུ མ་སྲིན་མོ།
ཤ་སྐྱིའི་བར་ན་གདུ་བའི་ཁྲག་རྒྱུན་ཡིན་ལ།
རུས་རྐང་མཚམས་ན་མེར་བའི་ཟུག་རྔུ་ཡིན་པས།
སྐྱོ་མི་དགོས།
ངུ་མི་དགོས།
༥
ཡར་གྱི་ཡར་ལུང་གཙང་བོ།
རྒྱང་ལ་བཞུར་བཞུར།
ཡུལ་གྱི་ཡར་ལུང་རྩེད་ཐང་།
སེམས་ལ་ཐོགས་ཐོགས།
(ད་ནི་སྐད་ཆའི་སྤྲང་བོ་བཞིན།
གང་ལ་འགྲོ་དགོས།)
གང་དང་གང་ནི་ཡར་ལུང་ཡིན།
2015/ 6 – 7/30 མཚན་གུང་བར་མྱངས།
འབྲུག་ཡུལ་གྱི་ནམ་མཁའ།
༡
ཉི་མ་ཤར།
སྤྲིན་པ་ལྡེམ།
བྱེའུ་འཕུར།
མང་པོ་རུབ་ནས།
ཅི་ཞིག་དཀྲིག་དཀྲིག་གནང་།
གོ་ནོར་མིན་ན།
གོམ་ཁ་འཁྱོར་བཞིན།
ངའི་ཉི་མ།
ངའི་སྤྲིན་པ།
ངའི་བྱེའུ།
དྲན་གདུང་གིས་འཕྱར་སྲིད།
ནམ་མཁའ་ནི་ནམ་མཁའ།
འབྲུག་ཡུལ་གྱི་ནམ་མཁའ།
༢
འཇིག་རྟེན་ཧྲིལ་བོ།
ངས་བོར་ཚར།
ཉི་ཟླ་གཉིས་ཀ།
ངས་དྲན་ཚར།
ལྷག་པའི་གཟུགས་ཤིག་གིས།
ང་གང་ཞིག་ལ་སྤྱུགས།
༣
ཕྱིར་འོང་མེད་པའི་ཁ་སང་།
རོ་ལངས་མེད་པའི་རྒྱལ་རབས།
སྨོན་ལམ་འཁྲུགས་པའི་མཇུག་ཏུ།
སྐྱོ་དགོས། དགོད་དགོས།
ཚིག་གཅིག་ཡིན་ན།
ངས་རྐང་པ་གང་ལ་འཇོག
ཕྱི་མིག་རིང་མོ།
ས་ལ་ཆགས་ཆུ་ལ་ཆགས།
༤
མེས་པོའི་ཁྲོད་ཀྱི་མེས་པོ།
ཡུལ་གང་ཞིག་ལ་ཆས་སོང་།
རྟ་རྐྱང་ངེའི་འཚེར་སྐད།
ཕྱོགས་གཅིག
རྟ་རྐྱང་ངེའི་རྨིག་སྒྲ།
ཕྱོགས་གཅིག
དྲན་ཐེངས་གྲངས་མེད།
ཉན་ཐེངས་གྲངས་མེད།
ལུས་སེམས་འགྱོག་ཐབས་མི་འདུག
༥
རླུང་བུའི་ཁྲོད།
སུ་ཞིག་ལ་ཁེན།
ཆར་ཆུའི་ཁྲོད།
སུ་ཞིག་ལ་འཐམ།
རང་ཉིད་ཀྱི་མིང་ཞིག
དབུ་མེད་ཀྱིས་བྲིས་ཀྱང་།
འཁྱམས་པོ་ནས་འཁྱམས་པོ།
ལག་ཟུང་བཟེད་པའི་འཁྱམས་པོ།
2013/11/23 འབྲུག་ཡུལ་ནས་བྲིས།
2015/8/6 ཡང་བསྐྱར་བཅོས།
ཆུང་ཆུང་ལྷ་ས།
རི་མོ་འབྲི་འདོད།
ཚོན་རྩི་མི་འདུག།
སྙན་ངག་འབྲི་བསམ།
མིང་ཚིག་མི་འདང་།
ལོ་རྒྱུས་བཤད་འདོད།
སྲིན་མོ་གན་རྐྱལ།
ཁྲག་ནས་རྣག
རྣག་ནས་ཁྲག
གནམ་ལ་འཕུར་བ་ཨེ་ཡིན།
སེམས་པ་གཅིག་འཁྱག་གཉིས་འཁྱག
ཉམས་སུ་མྱོང་བའི་ན་ཟུག་ལ་འགོས་ཏེ།
མེ་ཡིས་རང་ཉིད་བཏུམས་ཀྱང་།
རྨི་ལམ་མེར་ཚིག་པས།
ལམ་ནི་གཞན་གྱི་ལམ།
མི་ཚེ་གངས་རི་མཇལ་བ་ཨེ་ཡིན།
ཆེ་ཆེ་ལྷ་ས་དྲན་བསམ།
སྟོང་བ་སྟོང་རྐྱང་།
ཆུང་ཆུང་ལྷ་ས་ལྷག་འདུག
ཆུང་ཆུང་ལྷ་ས་དྲུང་ནས།
ཁྲུང་ཁྲུང་གང་ནས་འཕུར་འོང་།
གཤོག་ཟུང་གང་ནས་རྡེབ་འོང་།
མིག་ལ་ན་བུན་འཁོར་བཞིན།
རྣམ་ཤེས་མྱུར་མོར་ཨེ་འཁོར།
ངུ་འདོད་སེམས་ལ་འཚང་ཡང་།
མིག་ཆུ་སྐམ་མོ་སྐམ་མོ།
རི་མོ་གངས་རི།
སྙན་ངག་གངས་རི།
ལོ་རྒྱུས་གངས་རི།
མི་ཚེ་གངས་རི་མཇལ་བ་ཨེ་ཡིན།
ལག་ཟུང་དལ་བུར་གཟེད་ཀྱང་།
ཆུང་ཆུང་ལྷ་ས་ལྷག་འདུག
ལྷང་ལྷང་མིང་ནི་འདི་ཙམ།
བསིལ་བསིལ་རླུང་གིས་མ་བསྐྱུར།
ངུ་བཞིན་གཡས་གཡོན་ཅེར་ཡང་།
རླུང་ལ་སྙིང་རྗེ་མི་འདུག
2015/6 - 19/20 གྲུབ།
ལོ་དེའི་སྨུག་པ།
______99 ལོར་ཤར་པའི་ས་ཆ་བརྒྱུད་སྐབས་ཀྱི་དྲན་ཐོ་ལས་བཤུས།
ལམ་གྱ་གྱུ།
སྨུག་ལང་ལོང་།
རྒྱང་རིང་ན་སུ་ཡོད།
སོང་མི་ཚར་བའི་རྒྱང་རིང་ཞིག
ནམ་ཡང་ཡོམ་ཡོམ་ངང་།
ལམ་གྱ་གྱུ།
སྨུག་ལང་ལོང་།
རྒྱང་རིང་ན་སུ་མེད།
མྱོང་མི་ཚར་བའི་བསླུ་བྲིད་ཅིག
གཏན་དུ་བན་བུན་ངང་།
ལམ་གྱ་གྱུ།
སྨུག་ལང་ལོང་།
རྒྱང་རིང་ན་སུ་ཞིག་ངུ་བཞིན་ཡོད།
འཐུང་མི་ཚར་བའི་མིག་ཆུ་ཞིག
རྟག་ཏུ་ཤར་ཤར་ངང་།
ལམ་གྱ་གྱུ།
སྨུག་ལང་ལོང་།
ལམ་ནི་རྒྱང་རིང་།
རྒྱང་རིང་ནི་སྨུག་པ།
2015/7/15 – 19 གྲུབ།
མངའ་རིས་གུ་གེའི་བཤད་འཕྲོ།
ཕྱིར་བཙལ་མི་ཆོག་པ་ནི་གུ་གེ་ཡིན་ཏེ།
ང་ལ་ཁོང་ཁྲོ་ཡོད།
བཙལ་ནས་མི་རྙེད་པ་ནི་གུ་གེ་ཡིན་ཏེ།
ང་ལ་སྐྱོ་སྣང་ཡོད།
སྔ་མོ་ཞེས་པའི་བཤད་འཕྲོ།
མེ་ཏོག་གི་གསེབ་ལ་གབ་ན།
མཛེས་སྡུག་ནི་ནམ་ཡང་ཉམས་པ་མེད་ཀྱང་།
ཡང་ཡང་དངངས་པའི་བྱེ་རླུང་ལྡང་མ་ཐག
མི་ཟུང་ལ་གང་ཞིག་ཆགས་འོང་།
ཟད་བཞིན་ཟག་བཞིན་པའི་སྣང་བརྙན།
རབ་རིབ་ནས་མག་མོག
མཐའ་མཇུག་སྟོང་སྟོང་དུ་གྱུར་བ་ལ།
ངས་ཅི་ཞུ།
བཤད་འཕྲོའི་གཏམ་མཐའ་དག
མར་ཡུལ་ལ་གཏོར་བའམ།
ལྷ་སར་ཁྱེར་བ།
(ངས་བསེད་མི་ཤེས། ང་ལ་མ་འདྲི་རོགས)
ར་མདའ་འོང་བའི་སྐྱ་མི་དེ་ཚོ།
གྲི་ལ་དུང་ངམ་མདུང་ལ་ཆགས་སམ།
རྨ་ཁ་ཟབ་པའི་གཡུལ་འཁྲུག་གི་སྔོན་ཏུ།
བྱེའུ་འཁོར་མྱོང་ན་ཐང་།
མེ་ཏོག་བཞད་མྱོང་ན་ཐང་།
མཛའ་གླུ་སྙན་ན་ཐང་།
མ་གཞིར་འཇིག་རྟེན་སྲུང་མཁན་སུ་ཡིན།
གྱང་ཆག་རེ་འགའ།
ཀེང་རུས་རེ་འགའ།
མཆི་མའི་སླད་དུ་དྲན་རྟེན་གྱུར་ཅིང་།
རང་ཉིད་ཁྲིད་ནས་བྲོས་འགྲོ་བ།
གུ་གེ་དྲན་པའི་ལས་དབང་ཡིན་ལ།
མཇུག་མཐའི་ཡུལ་གྱར་གྱི་ཉིན་མོ་ཡིན།
རྟོག་བཏགས་སུ་ཤར་བའི་གུ་གེ
གནའ་སྔོ་མོའི་མངའ་རིས་སུ་ཡོད་སྙམ།
ལོ་ངོ་སྟོང་ཕྲག་གམ་བརྒྱ་ཕྲག
མེད་མུག་བགྲང་བ་མིན་ན།
ཤ་དར་ཁྲག་དར་མེད་པའི་རྒྱལ་སྲས་དག
ལས་དབང་དུ་མ་ཤོང་བར།
དབུས་ནས་མཐའ་ལ་བྱོལ་ཞིང་།
མཐའ་ནས་དབུས་ལ་ལོག་པའི་ལམ་ཐག
འཛུམ་ཡལ་བའི། མིག་ཆུ་ཤོར་བའི།
དབུགས་རྔུབ་འགག་པའི་བཀའ་ཆད།
ཆག་སྒོ་མིན་ན། ཉམས་རྒུད་མིན་ན།
བཙོན་ནས་ཤི་ཚུལ།
བཤད་མི་ཉན་པའི་གསང་བ་ཡིན་ནམ།
ཡང་ན་གུ་གེའི་བཤད་འཕྲོ་ཡིན།
གཅིག་རེ། གཉིས་རེ།
སྲིད་པའི་པང་ལ་འཐིམས་ཚར།
2015/6/2 ནས 6/18 བར་གྲུབ།
མདང་གི་རྨི་ལམ་གྱི་རྗེས་སུ།
______ ཨ་མདོ་ཐེ་བོ་རོང་གི་དམངས་གླུ་ཞིག་ལ་རོལ་བ།
འཇའ་ཚོན་མ་ཤར།
མེ་ཏོག་གི་ཆར་བ་མ་བབས།
མདང་གི་རྨི་ལམ་ལྟ་བུ།
རྨི་ལམ་འགྱུར་བའི་ལོ་ལྟ་བུ།
ཆ་ཤས་ནས་ཧྲིལ་བོའི་བར།
བཤད་ཚོད་མི་འདུག
སྤང་ལེབ་མོ།
སྦྲ་ནག་པོ།
རེ་རེ་དྲན་པར་ཉེ་རུང་།
བར་ཐག་མི་ཟིན་པའི་དབང་གིས།
གྲིབ་མ་མིན་ན་གང་རེད།
དྲན་ཚོད་མི་འདུག
བྱ་ཁྱུ།
ཡང་མཐོང་ན་ཡང་འཕུར་བས།
མཛེས་སྡུག་སྟོང་སོང་སྙམ།
ཡང་དམངས་གླུ་ཞིག་གིས།
ཞིང་ཁམས་ཤིག་ལ་ཁྲིད་ནས།
རྒྱང་རིང་ཟེར་བ།
མིག་མཐའ་ལ་བྱུགས་ཚུལ།
ཞུ་ཚོད་མི་འདུག
ས་གཞི།
ནམ་མཁའ།
ཉི་འོད་ལ་སོགས།
ཡང་ཡང་སྨོན་ལམ་གྱུར་ན།
ང་དང་ཁྱོད་ཀྱི་འཇིག་རྟེན།
གྲགས་ཚོད་མི་འདུག
2015/6/25 – 7/23 བར་གྲུབ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།