ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ལེགས་བཏུས།

IMG_0487.JPG

              གཏམ་རྒྱུད་ཀྱི་ཁྲུང་ཁྲུང་།

ཁྲུང་ཁྲུང་མཐོང་འདོད་ཀྱི་སེམས་པ།
ད་ལྟའང་ཕྱོགས་དང་ཕྱོགས་སུ་ཉུལ།

ནམ་ཟླ་འགྱུར་བག་གིས།
རྩྭ་ལྗང་གི་དྲི་བསུང་ཉམས་ཤིང་།
མཁའ་མཐའི་ཉི་ཟླ།
ནུབ་པ་མིན་ན།
སྤྲིན་གྱིས་བསྒྲིབས་པ་བཞིན།
མག་མོག་ནས་མག་མོག

མེ་ཏོག་འཐོར་བའི་རི་ལུང་།
རྨི་ལམ་ན་མེད་དུས།
གློ་བུར་གྱི་ཁ་བ་གྲགས་འགུལ་ལྡན་ཞིང་།
ཁྱོད་དང་ཁྱོད་ནི།
སུ་ཡི་རྒྱང་ལྟ་རུ་གཤོག་འགྱུར་རྩེན།
དམར་སེར་གྱི་ཉི་འོད།
སྐོམ་གདུང་གི་དུས་ཚིགས།

ཁྲུང་ཁྲུང་དེ།
གཏམ་རྒྱུད་ཀྱི་ཁྲུང་ཁྲུང་དུ་ཆགས་ན།
དབང་རྩ་འཁྲུགས་པའི་ཚོར་བ་ཇི་ལྟར་ལྷོད།
སྙན་ངག་ནང་བཞིན།

རེ་སྨོན་གྱི་ཁྲུང་ཁྲུང་།
སྟོན་ཟླའི་ཆུ་འཛིན་ཞིག་དང་།
མཐོང་བའི་གྲིབ་རིས་ཤིག
ཅིའི་ཕྱིར་འཆར་སྣང་དུ་སྐྱོམ་སྐྱོམ།

                              2002'8--9བར་བྲིས།
                                    2015'9'3--4བཅོས།

             སྟོན་རླུང་གི་སྔོན་ཏུ།
   
                    -----ཧྥ་རིན་སའི་སྙན་ངག་པ་རྦོ་ལྡི་ལ་དྲན་པ།

དབུགས་རིང་ཞིག་གི་གཏན་འཁེལ་ལྟར།
སྟོན་རླུང་གི་སྔོན་ལ་ཆས་ཀྱང་།
གང་རུང་ནི་མཚན་མོ་མིན་སོང་།
མཚན་མོ་ཧྲིལ་བོ་རུ།
ཚེས་རིས་མེད་པས།
ཉལ་ཐའི་མེ་ཏོག་དང་དེའི་ལོ་འདབ།
མིག་ཆུ་རུ་བཏུས།
མིག་ཆུའི་རྡོག་ཕྲེང་རེ་རེ།
སྟོན་རླུང་གི་རྗེས་སུ་འཐུང་བ།
མི་ཚེ་ཡིན་ནམ།

གཏམ་རྒྱུད་ཅིག་ཏུ་གབ་པའི་ཁྱེད་ཀྱིས།
མི་ཡུལ་གྱི་དམྱལ་བ་བྲིས།
མིག་རིད་རིད། ལག་ཀྲབ་ཀྲབ  སེམས་ཧྲེང་ཧྲེང་།
མུན་ནག་གི་གསེབ་ཏུ་བརྫངས་མོད།
བརྒྱུད་རིམ་ཞིག་གི་དངངས་སྐྲག་ནི།
ཡང་བསྐྱར་ཁྱི་སྨྱོན་གྱི་སྲང་ལམ་ཞུགས་པ་མ་ཟད།
སྲིན་བྱའི་འདུག་རོགས་བྱས།

འོད་ཕུང་སྨོན་པའི་འཇིག་རྟེན་ཆུང་ཆུང་།
གྲང་རླུང་གིས་བལྡད་ཚུལ།
སེམས་ཀྱི་རྨ་ཁ་ཞིག་དང་།
ལུས་ཀྱིས་མྱོང་བའི་ལུང་བསྟན་གང་ཡིན།

བྱ་ཁྱུ་ཞིག  ཁྲག་གི་མཁའ་དབྱིངས་སུ་འཁོར།
གཅན་གཟན་ཚོགས  སྨུག་པའི་ནགས་ཚལ་ཏུ་་རྒྱུ།
མེ་ཏོག་གི་ཚོམ།  ཉི་འོད་ཀྱི་བྱེ་ཐང་ཏུ་ལྡེམ།
དེ་ནི་སྐྷུར་སིལ་སིལ་ཞིག
དེ་ནི་ཁུ་བའི་རི་མོ་སྣ་ཚོགས།

མིག་སྔོན་པོའི་ལྡོག་འོད་ཅིག
སྐྲ་སེར་པོའི་གཡོ་སྟངས་ཤིག
སྟོང་བསམ་གྱི་ཕེ་ཨར་སི།
སྙིང་ཉེ་བའི་སྣང་བརྙན་ལ་ནོར་ཞིང་།
སྣང་ངོའི་ཆར་རླུང་།
དཀྲོགས་གཏམ་བཞིན།
ཁེར་རྐྱང་གི་མི་ཚེ།
སྟོན་ལོ་བཞིན།

        2002'4བར་བྲིས
          2015'7བར་བཅོས།

             མར་ཡུལ།

ཁ་བའི་འདབ་མ་རྣམས།
མར་ཡུལ་ལ་ཕྱོགས།
ཆུང་ལེ་ཆུང་ཙམ་གྱི་འཇིག་རྟེན།
ཐག་རིང་མིན་འདྲ།
ངས་སེམས་ཁོང་ནས་ག་དུས་མཐོང་།
ཉི་འོད་ཀྱི་གཅེས་ཕྲུག
མངའ་རིས་མར་ཡུལ།
མནའ་ཞིག་བསྐྱལ་ནས།
ཡི་གེའི་གཟུགས་རིས་སུ་ཕབ་ཀྱང་།
ཁ་ཆེའི་བགྲེས་པོ་ཞིག
སླེའི་གྲོང་ཁྱེར་ལ་སླེབས་ནས་མི་ལོ་ག་ཚོད་འགོར།

མར་ཡུལ་གྱི་ཉི་མ།
བརྩེ་དུང་གི་ཉི་མ།
གླུ་རུ་ངོམ བྲོ་རུ་ལྡེམ།
སྒྲ་གཅན་གྱིས་མཆན་ལ་བཙིར་ནས་བཞུད་དུས།
མི་རྣམས་ཁུ་སིམ་སིམ།
སྐད་ཆ་མི་བཤད་པའི་རྣམ་འགྱུར་རུ།
ལྷ་ཆེན་མེད་ན  རྣམ་རྒྱལ་མེད་ན།
མེད་ན་གཅིག་མེད་གཉིས་མེད།
ཁ་བའི་ཁྲོད་ཀྱི་འགྲེ་ལྡོག་བཞིན།
ནམ་ནམ་ལ་གསོལ་འདེབས་ཤིག་འཇུ།

རི་རྩེ་རེ་རེར་བརྩིགས་པའི་བཙན་རྫོང་།
ཁ་བ་ཐོར་བའི་བཙན་རྫོང་།
ཡབ་རྒྱལ་པོ་གཤེགས་པའི་ལོ་ནས།
ངའི་སྡུག་བསྔལ།
ཁྱེད་ཀྱི་བདེ་བ་མིན།
ཁྱེད་ཀྱི་སྡུག་བསྔལ།
ངའི་བདེ་བ་མིན།
ཁྱོད་སྟོད་མར་ཡུལ་ན།
ང་སྨད་ཙོང་ཁ་རུ།
འུ་གཉིས་ཀྱི་ཡོད་ཚད།
བཤད་འདོད་ན་བཤད་ཆོག
གནའ་བོའི་དག་ཞིང་།
གྲིབ་ནག་བཞིན་གཡོ་ཞིང་གཡོ།

ཁ་བའི་འདབ་མ་རྣམས།
མར་ཡུལ་ལ་ཕྱོགས།
ངས་ས་ཁྲ་ཐེད་པོ་ཞིག་ལ་ཅེར་ཞིང་།
ཆིངས་ཡིག་ལ་བྱིང་པ་མར་ཡུལ་གཅིག་པུ་མིན་སྙམ།
ཡུལ་མི། བཙན་རྫོང་། ཕོ་བྲང་།
ཅི་ཞིག་གླེང་རྒྱུ་ཅི་ཞིག་དྲན་རྒྱུ།
དོན་ངོ་མར་མང་པོ་ཞིག
ཧ་ཅང་མང་པོ་ཞིག
དེ་དགོང་གི་རྨི་ལམ་དུ་འཁྲུག་སྲིད།
སང་ཉིན་ཤུལ་མེད་ན།
མ་ཎི་རྡོ་ཕུང་རེ་རེ།
མཆོད་རྟེན་མགོ་མེད་རེ་རེ།
ཡུལ་བྱེའུ་གྲེ་འགྱུར་ལས་ཡལ་དུས།
ང་ནི་སྨྲེང་ཙམ་སྐྱོ་ཙམ།
ང་ནི་ཡུལ་གྱར་བ།
ཁྱེད་ལ་འཛུམ་དམུལ་བཙོང་མཁན་ཁོ་ན་ཡིན།

               2014'9'6 ལ་དྭགས་གསེར་ཆུ་རུ། 
                  མར་ཡུལ་ལ་དྭགས་ཀྱི་ལོ་རྒྱུས་ཡིག་ཚང་དུ་དཔལ་གྱི་མགོན་ནས་བགྲང་ན།རྒྱལ་པོའི་མཚན་གྱི་སྔོན་ལ་ལྷ་ཆེན་ཞེས་པའི་རྒྱལ་པོ་བཅོ་ལྔ་བྱུང་ཞིང་།རྒྱལ་པོའི་མཚན་གྱི་རྗེས་སུ་རྣམ་རྒྱལ་ཞེས་པའི་རྒྱལ་པོ་བཅུ་དྲུག་བྱུང་།

             སྐྱ་ཀ།
                       
འཕུར་སྟངས་ཤིག
ངས་ལོ་མང་མ་མཐོང་།
འབབ་སྟངས་ཤིག
ངས་ལོ་མང་མ་རྙེད།

འཕུར་རྩལ་གཉོམ་པོ།
ཉི་འོད་ཕྱོགས་སུ་བརྐྱངས་བ།
བུ་ལོན་མང་ངམ།
གཤོག་ཟུང་ཟད་པོ།
ཆར་རླུང་ེེཁྲོད་དུ་་གཡེང་བ།
རླུང་རྟ་རྒུད་དམ།
ཀྱུར་སྐད་སུན་པོ།
ཁུ་བྱུག་ལ་སྐྱེལ་བ།
བརྩེ་དུང་ཕམ་མམ།
དུས་དྲན་གང་རུང་གི་གོ་རིམ་བཞིན།
མི་ཡུལ་ལ་བཤམས་སྐབས།
སུ་ཞིག་གིས་ཡུན་རིང་ལ་ཉན་མྱོང་།
སུ་ཞིག་གིས་དྲན་གདུང་དུ་བསྣན་མྱོང་།

སོ་སོའི་དུས་ཚིགས།
རང་དབང་ངམ་གཞན་དབང་།
མཛེས་ཉམས་ག་ཚོད
འདེམས་སྐལ་མེད་པའི་ལས་དབང་བཞིན།
ཡང་ཡང་་སྲིད་པའི་པང་དུ་ལོག

འཕུར་སྟངས་ཤིག
དཔྱིད་ཀྱི་ཐོག་མ།
འབབ་སྟངས་ཤིག
སྟོན་གྱི་མཐའ་མ།
ང་ལ་ཁྱོད་མེད་པའི་ལོ་མང་པོ།
ངས་ཁྱོད་ཀྱི་བཤད་རྒྱུན་གཉེར་བའི་ལོ་མང་པོ།
འདི་ལྟར་སེམས་ལ་ཟགས་སོང་།

                                       2014'6'19ལ་དྭགས་ལྕོག་ལམ།
                                               2015'8'29--9'1བར་བཅོས།

                                      
             བྱིའུ་བྱང་ཆུབ་སྒྲོལ་མ།

གསེར་གྱི་ཉི་མ་ཡོད་རབས།
ངས་མ་ཐོས།
ཐོས་བའི་ངུ་སྐད་ཅིག
ལོ་དེའི་ཁ་བར་སིམ་ཚུལ།
བརྗེད་རྒྱུ་ཕར་ཞོག
དྲན་ནོ་དྲན་ནོ།

དངུལ་གྱི་ཟླ་བ་འཚེར་རབས།
ངས་མ་མཐོང་།
མཐོང་པའི་བུ་མོ་ཞིག
ལོ་དེའི་རླུང་བུས་ཁུར་ཚུལ།
བོར་རྒྱུ་ཕར་ཞོག
ཉན་ནོ་ཉན་ནོ།

དུང་གི་བྱིའུ་གྲགས་རབས།
ངས་མ་ཤེས།
ཤེས་པའི་འཛུམ་དམུལ་ཞིག
ལོ་དེའི་ཁ་བས་གཡོགས་ཚུལ།
སྦས་རྒྱུ་ཕར་ཞོག
བཙལ་ལོ་བཙལ་ལོ།

གཡུ་ཡི་བུ་མོ་སྐྱེས་རབས།
ངས་མ་རྙེད།
རྙེད་པའི་བྱིའུ་བྱང་ཆུབ་སྒྲོལ་མ།
ཟངས་དཀར་སྒོ་ཕུག་གང་གི་ཡིན།
འཇིག་རྟེན་ན་མེད་ཚུལ།
དགའ་རྒྱུ་ཕར་ཞོག
སྐྱོ་འོ་སྐྱོ་འོ
སྐད་ཆའི་ཚབ་ཏུ།
ཐ་སྙད་རེ་རེ།
སེམས་ལ་སྤུངས།

             2015'9'30 -----10'9

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ལེགས་བཏུས།

IMG_0487.JPG

              གཏམ་རྒྱུད་ཀྱི་ཁྲུང་ཁྲུང་།

ཁྲུང་ཁྲུང་མཐོང་འདོད་ཀྱི་སེམས་པ།
ད་ལྟའང་ཕྱོགས་དང་ཕྱོགས་སུ་ཉུལ།

ནམ་ཟླ་འགྱུར་བག་གིས།
རྩྭ་ལྗང་གི་དྲི་བསུང་ཉམས་ཤིང་།
མཁའ་མཐའི་ཉི་ཟླ།
ནུབ་པ་མིན་ན།
སྤྲིན་གྱིས་བསྒྲིབས་པ་བཞིན།
མག་མོག་ནས་མག་མོག

མེ་ཏོག་འཐོར་བའི་རི་ལུང་།
རྨི་ལམ་ན་མེད་དུས།
གློ་བུར་གྱི་ཁ་བ་གྲགས་འགུལ་ལྡན་ཞིང་།
ཁྱོད་དང་ཁྱོད་ནི།
སུ་ཡི་རྒྱང་ལྟ་རུ་གཤོག་འགྱུར་རྩེན།
དམར་སེར་གྱི་ཉི་འོད།
སྐོམ་གདུང་གི་དུས་ཚིགས།

ཁྲུང་ཁྲུང་དེ།
གཏམ་རྒྱུད་ཀྱི་ཁྲུང་ཁྲུང་དུ་ཆགས་ན།
དབང་རྩ་འཁྲུགས་པའི་ཚོར་བ་ཇི་ལྟར་ལྷོད།
སྙན་ངག་ནང་བཞིན།

རེ་སྨོན་གྱི་ཁྲུང་ཁྲུང་།
སྟོན་ཟླའི་ཆུ་འཛིན་ཞིག་དང་།
མཐོང་བའི་གྲིབ་རིས་ཤིག
ཅིའི་ཕྱིར་འཆར་སྣང་དུ་སྐྱོམ་སྐྱོམ།

                              2002'8--9བར་བྲིས།
                                    2015'9'3--4བཅོས།

             སྟོན་རླུང་གི་སྔོན་ཏུ།
   
                    -----ཧྥ་རིན་སའི་སྙན་ངག་པ་རྦོ་ལྡི་ལ་དྲན་པ།

དབུགས་རིང་ཞིག་གི་གཏན་འཁེལ་ལྟར།
སྟོན་རླུང་གི་སྔོན་ལ་ཆས་ཀྱང་།
གང་རུང་ནི་མཚན་མོ་མིན་སོང་།
མཚན་མོ་ཧྲིལ་བོ་རུ།
ཚེས་རིས་མེད་པས།
ཉལ་ཐའི་མེ་ཏོག་དང་དེའི་ལོ་འདབ།
མིག་ཆུ་རུ་བཏུས།
མིག་ཆུའི་རྡོག་ཕྲེང་རེ་རེ།
སྟོན་རླུང་གི་རྗེས་སུ་འཐུང་བ།
མི་ཚེ་ཡིན་ནམ།

གཏམ་རྒྱུད་ཅིག་ཏུ་གབ་པའི་ཁྱེད་ཀྱིས།
མི་ཡུལ་གྱི་དམྱལ་བ་བྲིས།
མིག་རིད་རིད། ལག་ཀྲབ་ཀྲབ  སེམས་ཧྲེང་ཧྲེང་།
མུན་ནག་གི་གསེབ་ཏུ་བརྫངས་མོད།
བརྒྱུད་རིམ་ཞིག་གི་དངངས་སྐྲག་ནི།
ཡང་བསྐྱར་ཁྱི་སྨྱོན་གྱི་སྲང་ལམ་ཞུགས་པ་མ་ཟད།
སྲིན་བྱའི་འདུག་རོགས་བྱས།

འོད་ཕུང་སྨོན་པའི་འཇིག་རྟེན་ཆུང་ཆུང་།
གྲང་རླུང་གིས་བལྡད་ཚུལ།
སེམས་ཀྱི་རྨ་ཁ་ཞིག་དང་།
ལུས་ཀྱིས་མྱོང་བའི་ལུང་བསྟན་གང་ཡིན།

བྱ་ཁྱུ་ཞིག  ཁྲག་གི་མཁའ་དབྱིངས་སུ་འཁོར།
གཅན་གཟན་ཚོགས  སྨུག་པའི་ནགས་ཚལ་ཏུ་་རྒྱུ།
མེ་ཏོག་གི་ཚོམ།  ཉི་འོད་ཀྱི་བྱེ་ཐང་ཏུ་ལྡེམ།
དེ་ནི་སྐྷུར་སིལ་སིལ་ཞིག
དེ་ནི་ཁུ་བའི་རི་མོ་སྣ་ཚོགས།

མིག་སྔོན་པོའི་ལྡོག་འོད་ཅིག
སྐྲ་སེར་པོའི་གཡོ་སྟངས་ཤིག
སྟོང་བསམ་གྱི་ཕེ་ཨར་སི།
སྙིང་ཉེ་བའི་སྣང་བརྙན་ལ་ནོར་ཞིང་།
སྣང་ངོའི་ཆར་རླུང་།
དཀྲོགས་གཏམ་བཞིན།
ཁེར་རྐྱང་གི་མི་ཚེ།
སྟོན་ལོ་བཞིན།

        2002'4བར་བྲིས
          2015'7བར་བཅོས།

             མར་ཡུལ།

ཁ་བའི་འདབ་མ་རྣམས།
མར་ཡུལ་ལ་ཕྱོགས།
ཆུང་ལེ་ཆུང་ཙམ་གྱི་འཇིག་རྟེན།
ཐག་རིང་མིན་འདྲ།
ངས་སེམས་ཁོང་ནས་ག་དུས་མཐོང་།
ཉི་འོད་ཀྱི་གཅེས་ཕྲུག
མངའ་རིས་མར་ཡུལ།
མནའ་ཞིག་བསྐྱལ་ནས།
ཡི་གེའི་གཟུགས་རིས་སུ་ཕབ་ཀྱང་།
ཁ་ཆེའི་བགྲེས་པོ་ཞིག
སླེའི་གྲོང་ཁྱེར་ལ་སླེབས་ནས་མི་ལོ་ག་ཚོད་འགོར།

མར་ཡུལ་གྱི་ཉི་མ།
བརྩེ་དུང་གི་ཉི་མ།
གླུ་རུ་ངོམ བྲོ་རུ་ལྡེམ།
སྒྲ་གཅན་གྱིས་མཆན་ལ་བཙིར་ནས་བཞུད་དུས།
མི་རྣམས་ཁུ་སིམ་སིམ།
སྐད་ཆ་མི་བཤད་པའི་རྣམ་འགྱུར་རུ།
ལྷ་ཆེན་མེད་ན  རྣམ་རྒྱལ་མེད་ན།
མེད་ན་གཅིག་མེད་གཉིས་མེད།
ཁ་བའི་ཁྲོད་ཀྱི་འགྲེ་ལྡོག་བཞིན།
ནམ་ནམ་ལ་གསོལ་འདེབས་ཤིག་འཇུ།

རི་རྩེ་རེ་རེར་བརྩིགས་པའི་བཙན་རྫོང་།
ཁ་བ་ཐོར་བའི་བཙན་རྫོང་།
ཡབ་རྒྱལ་པོ་གཤེགས་པའི་ལོ་ནས།
ངའི་སྡུག་བསྔལ།
ཁྱེད་ཀྱི་བདེ་བ་མིན།
ཁྱེད་ཀྱི་སྡུག་བསྔལ།
ངའི་བདེ་བ་མིན།
ཁྱོད་སྟོད་མར་ཡུལ་ན།
ང་སྨད་ཙོང་ཁ་རུ།
འུ་གཉིས་ཀྱི་ཡོད་ཚད།
བཤད་འདོད་ན་བཤད་ཆོག
གནའ་བོའི་དག་ཞིང་།
གྲིབ་ནག་བཞིན་གཡོ་ཞིང་གཡོ།

ཁ་བའི་འདབ་མ་རྣམས།
མར་ཡུལ་ལ་ཕྱོགས།
ངས་ས་ཁྲ་ཐེད་པོ་ཞིག་ལ་ཅེར་ཞིང་།
ཆིངས་ཡིག་ལ་བྱིང་པ་མར་ཡུལ་གཅིག་པུ་མིན་སྙམ།
ཡུལ་མི། བཙན་རྫོང་། ཕོ་བྲང་།
ཅི་ཞིག་གླེང་རྒྱུ་ཅི་ཞིག་དྲན་རྒྱུ།
དོན་ངོ་མར་མང་པོ་ཞིག
ཧ་ཅང་མང་པོ་ཞིག
དེ་དགོང་གི་རྨི་ལམ་དུ་འཁྲུག་སྲིད།
སང་ཉིན་ཤུལ་མེད་ན།
མ་ཎི་རྡོ་ཕུང་རེ་རེ།
མཆོད་རྟེན་མགོ་མེད་རེ་རེ།
ཡུལ་བྱེའུ་གྲེ་འགྱུར་ལས་ཡལ་དུས།
ང་ནི་སྨྲེང་ཙམ་སྐྱོ་ཙམ།
ང་ནི་ཡུལ་གྱར་བ།
ཁྱེད་ལ་འཛུམ་དམུལ་བཙོང་མཁན་ཁོ་ན་ཡིན།

               2014'9'6 ལ་དྭགས་གསེར་ཆུ་རུ། 
                  མར་ཡུལ་ལ་དྭགས་ཀྱི་ལོ་རྒྱུས་ཡིག་ཚང་དུ་དཔལ་གྱི་མགོན་ནས་བགྲང་ན།རྒྱལ་པོའི་མཚན་གྱི་སྔོན་ལ་ལྷ་ཆེན་ཞེས་པའི་རྒྱལ་པོ་བཅོ་ལྔ་བྱུང་ཞིང་།རྒྱལ་པོའི་མཚན་གྱི་རྗེས་སུ་རྣམ་རྒྱལ་ཞེས་པའི་རྒྱལ་པོ་བཅུ་དྲུག་བྱུང་།

             སྐྱ་ཀ།
                       
འཕུར་སྟངས་ཤིག
ངས་ལོ་མང་མ་མཐོང་།
འབབ་སྟངས་ཤིག
ངས་ལོ་མང་མ་རྙེད།

འཕུར་རྩལ་གཉོམ་པོ།
ཉི་འོད་ཕྱོགས་སུ་བརྐྱངས་བ།
བུ་ལོན་མང་ངམ།
གཤོག་ཟུང་ཟད་པོ།
ཆར་རླུང་ེེཁྲོད་དུ་་གཡེང་བ།
རླུང་རྟ་རྒུད་དམ།
ཀྱུར་སྐད་སུན་པོ།
ཁུ་བྱུག་ལ་སྐྱེལ་བ།
བརྩེ་དུང་ཕམ་མམ།
དུས་དྲན་གང་རུང་གི་གོ་རིམ་བཞིན།
མི་ཡུལ་ལ་བཤམས་སྐབས།
སུ་ཞིག་གིས་ཡུན་རིང་ལ་ཉན་མྱོང་།
སུ་ཞིག་གིས་དྲན་གདུང་དུ་བསྣན་མྱོང་།

སོ་སོའི་དུས་ཚིགས།
རང་དབང་ངམ་གཞན་དབང་།
མཛེས་ཉམས་ག་ཚོད
འདེམས་སྐལ་མེད་པའི་ལས་དབང་བཞིན།
ཡང་ཡང་་སྲིད་པའི་པང་དུ་ལོག

འཕུར་སྟངས་ཤིག
དཔྱིད་ཀྱི་ཐོག་མ།
འབབ་སྟངས་ཤིག
སྟོན་གྱི་མཐའ་མ།
ང་ལ་ཁྱོད་མེད་པའི་ལོ་མང་པོ།
ངས་ཁྱོད་ཀྱི་བཤད་རྒྱུན་གཉེར་བའི་ལོ་མང་པོ།
འདི་ལྟར་སེམས་ལ་ཟགས་སོང་།

                                       2014'6'19ལ་དྭགས་ལྕོག་ལམ།
                                               2015'8'29--9'1བར་བཅོས།

                                      
             བྱིའུ་བྱང་ཆུབ་སྒྲོལ་མ།

གསེར་གྱི་ཉི་མ་ཡོད་རབས།
ངས་མ་ཐོས།
ཐོས་བའི་ངུ་སྐད་ཅིག
ལོ་དེའི་ཁ་བར་སིམ་ཚུལ།
བརྗེད་རྒྱུ་ཕར་ཞོག
དྲན་ནོ་དྲན་ནོ།

དངུལ་གྱི་ཟླ་བ་འཚེར་རབས།
ངས་མ་མཐོང་།
མཐོང་པའི་བུ་མོ་ཞིག
ལོ་དེའི་རླུང་བུས་ཁུར་ཚུལ།
བོར་རྒྱུ་ཕར་ཞོག
ཉན་ནོ་ཉན་ནོ།

དུང་གི་བྱིའུ་གྲགས་རབས།
ངས་མ་ཤེས།
ཤེས་པའི་འཛུམ་དམུལ་ཞིག
ལོ་དེའི་ཁ་བས་གཡོགས་ཚུལ།
སྦས་རྒྱུ་ཕར་ཞོག
བཙལ་ལོ་བཙལ་ལོ།

གཡུ་ཡི་བུ་མོ་སྐྱེས་རབས།
ངས་མ་རྙེད།
རྙེད་པའི་བྱིའུ་བྱང་ཆུབ་སྒྲོལ་མ།
ཟངས་དཀར་སྒོ་ཕུག་གང་གི་ཡིན།
འཇིག་རྟེན་ན་མེད་ཚུལ།
དགའ་རྒྱུ་ཕར་ཞོག
སྐྱོ་འོ་སྐྱོ་འོ
སྐད་ཆའི་ཚབ་ཏུ།
ཐ་སྙད་རེ་རེ།
སེམས་ལ་སྤུངས།

             2015'9'30 -----10'9

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།