མགར་དམག་གི་སྙན་ངག་བདམས་བཀོད།
དངོས་མིང་ལ་མཁའ་འགྲོ་ཚེ་རིང་དང་སྙུག་མིང་ལ་མགར་དམག་དུ་འབོད། ཕ་ཡུལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ནས་ཡིན། ལོ་ངོ་བདུན་ཙམ་གྱི་ཚེ་ནས་ཡབ་ཡུམ་ཟུང་གི་སྐུ་དྲིན་གྱིས་སློབ་ཆུང་འགྲིམ་པའི་གོ་སྐབས་རེག་ཅིང་། རིམ་གྱིས་སློབ་འབྲིང་དང་མཐོ་འབྲིང་དུ་འགྲོ་བའི་སྐོ་སྐབས་ཀྱང་རེག ཡིན་ན་ཡང་གློ་བུར་བའི་དོན་རྐྱེན་གང་རུང་ཞིག་གིས་མཐོ་འབྲིང་དང་པོའི་ལོ་མཇུག་ནས་རིམ་པ་བཞིན་འགྲོ་མ་ཐུབ་པར་ལོ་གཅིག་ཙམ་ལ་ལུས། དེའི་ཕྱིར་ལོ་སྔར་བཞིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་སྦྱོང་འཛིན་གྲྭར་ཞུགས་པའི་གོ་སྐབས་རེག དེ་ལྟར་ཆེད་སྦྱོང་ནས་དངོས་འཕར་བརྒྱུད་༢༠༡༣ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་འཕར་རྩོམ་རིག་ཆེད་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན། རྗེས་སུ་ལོ་ངོ་གཅིག་ཙམ་ལ་རྔ་རོང་ཁོག་པའི་ཡུལ་ཚོའི་སློབ་ཆུང་ནས་དགེ་ལས་པ་ཞིག་གི་མིང་ཙམ་བཟུང་། བཅུ་བཞི་ལོའི་ལོ་མགོར་སྒེར་དེབ《དམྱལ་བའི་ཕུགས》སྒོར་ཕུད། བཅུ་བཞི་ལོའི་ལོ་མཇུག་ནས་ལྷ་སའི་ལམ་བཟང་སློབ་གྲྭའི་དབྱིན་ཡིག་འཛིན་གྲྭར་ཟུར་ཞུགས་བྱས།
ང་ནི་རྐང་རྗེན་གྱི་བྱིས་པ་དེ་ཡིན།
ང་ནི་རྐང་རྗེན་གྱི་བྱིས་པ་དེ་ཡིན
ངས་མཐའ་ཡས་པའི་རྩྭ་ཐང་ཞིག་རུམ་ཡོད
སྐྱ་རེངས་བདག་གི་རུམ་ཁ་ནས་ཤར་སྲིད
རྩྭ་རྐང་རེ་རེ་བདག་གི་ལུས་སྟེང་དུ་སྐྱེས་ཤིང་རྩེ་མོར་ཟིལ་བ་ཆགས་ཡོད
སེམས་ཀྱི་ལུག་ཁྱུ
རྨི་ལམ་གྱི་གཡང་གཟར་ལས་བབས་ཚེ་འཁོར་ས་དངོས་དེ་བདག་གི་རྩྭ་ཐང་ཡིན
བུ་མོ་ཚོ་བདག་གི་ཡ་ཁོག་གི་གཞུང་དུ་རྒྱུགས་ཏེ་ལུག་ཁྱུ་དང་འདྲེས
ཉི་མས་ང་ཚོ་པང་དུ་བླངས་ཏེ་རྫི་གླུ་བླངས
སྤྲིན་པ་དམའ་ནས་དམའ་རུ་བབས་ཏེ་བདག་གི་ཟུངས་ཁྲག་གི་རྒྱུན་ལ་བཏབས
སེམས་ཀྱི་སྒེའུ་ཁུང་ལས་མཐོང་བ
མེ་ཏོག་དང་སྦྲང་མ
སྦྲང་མ་དང་མེ་ཏོག
ཉི་ཟླ་ཟུང་བདག་གི་གློ་མཆིན་གྱི་བར་ནས་འཕགས
ལྷུ་ཚིགས་ཀྱི་རི་རབ་གྱེན་དུ་འབུས
སྐྲའི་ནགས་ཚལ་དུ་སེམས་ཀྱི་རི་དྭགས་འཁོར་ཞིང་ཟུངས་ཁྲག་གི་ཆབ་རྒྱུན་དལ་གྱིས་བཞེས
ངས་ནི་ཁ་རོག་གེར་དེ་དག་སེམས་ཀྱི་འཚོས
སེམས----ཀྱིས----འཚོས
བྱོལ་སོང་།
རྡོ་ཁྲབ་གྱོན་པའི་ཐ་སྙད་དག་ནང་སེམས་ཀྱི་ཚ་དམྱལ་དུ་བཅུགས་རྗེས
ལུས་ཀྱི་བུ་ག་རེ་རེ་ནས་འཕྱུར་བའི་རླངས་པ
རླབས་ཀྱིས་བྲན་མྱོང་བའི་བྲག་ངོས་ཀྱི་གཡའ་དྲེག་ཏུ་གྱུར
ཁྱེད་ཉིད་བཀྲེས་སྐོམ་ངང་སྐམ་ཐན་གྱི་གྲོག་ཤུར་ཞིག་ནས་རྡོ་བའི་ཐ་སྙད་དག་ཡང་ཡང་འཐུས
སང་ཉིན་སྙན་འཇེབས་ཀྱི་གཞས་ཤིག་ཀྱང་གཏོང་འདོད་སྐྱེས
སྲོད་ཀྱི་ཉི་མས་མཐའ་ཡས་པའི་བྱེ་ཐང་པང་དུ་བླངས
བྱེ་ཐང་དུ་འདུར་བའི་ཡི་དྭགས་ཚོས་རྒྱ་མཚོ་རུམ་ཏེ་རང་སྲོག་བཅད
ཁྱེད་ཀྱིས་རྡོ་བའི་ཐ་སྙད་དག་བརྡར་ཏེ་ཤིན་ཏུ་གྱོང་བའི་གཞས་ཤིག་བཏང
རང་དང་མཚུངས་བའི་ཡི་དྭགས་ཚོ་གཞས་གདངས་སུ་འདུས་ཤིང་ཁྱེད་ཀྱི་ལས་སྐལ་དང་འདྲ་བའི་གོད་ཆག་ལ་གྲོས་ཁ་བསྡུར
དེའི་རྗེས་སུ
ཡི་དྭགས་ཚོ་ཕྱོགས་སོ་སོར་གྱེས
ཡི་དྭགས་ཚོའི་སེམས་ཀྱི་རྒྱ་མཚོ་ཡང་ཆུ་ཟེགས་རེ་རེར་གྱེས
དེའི་རྗེས་སུ དེའི་རྗེས་སུ
ཁྱེད་ཀྱིས་རྡོ་ལོག་དག་རང་གི་མདུན་དུ་བཀྲམ་རྗེས་དེ་དག་གསེར་མིན་པ་ཤེས་ཏེ་ཡི་དྭགས་ཚོ་དང་ཁ་ཕྱོགས་ལྡོག་པར་གྱེས
ཡི་དྭགས་ཀྱི་འདས་མཆོད།
ལོ་དེར་དམག་དཔུང་ཆེན་པོ་ཞིག་རྨ་ཆུ་བརྒལ་ཏེ་ངའི་ཡབ་མེས་ཀྱི་རྩྭ་ཐང་ལ་སླེབས
སྔོ་རྩྭ་ཕོན་པོའི་གསེང་གི་རུ་བ་དང་གཏམ་རྒྱུད
ཁྲག་དང་མུ་གེ་འདྲེས་པའི་འཇིགས་དངངས་ཀྱི་གསོལ་འདེབས་སུ་འཐིམ
ལོ་ལོན་ཚོ་ག་ལེར་མུན་པའི་ཟས་སུ་གྱུར
བྱིས་པ་ཁོ་ན་ཡི་དྭགས་ཀྱི་འཁོར་དུ་སྐྱེས
ལོ་དེར་ཡུལ་མི་ཚོའི་སེམས་སུ་ཁངས་ཆག་ཆེན་པོ་ལྷུང
སྦྲ་ནག་ཁ་ཚབ་ཆད་པའི་གས་སྲུབ་བར
གོད་ཆག་གི་རི་བོ་རྨང་ནས་ཉིལ
ལོ་དེར་དད་པའི་སྟོབས་ཀྱིས་བཞེངས་པའི་སངས་རྒྱས་ཀྱི་སྤྱན་ཆབ
སྔོ་རྩྭ་ཕོན་པའི་གསེང་དུ་ཧ་ཅང་འཁོས་ཆུང་གིས་བཞུར
གནམ་གྱི་བྱ་བྱེའུ་གཤོག་པ་རྨས་ཏེ་ཐང་ལ་ལྷུང
ཐང་གི་ཚེ་སྲོག་རླངས་པར་གྱུར་ཏེ་གནམ་ལ་འཕུར
རྟེན་འབྲེལ་གོ་ལོག་དུ་སྡེབས་པའི་རྨང་རྡོ་ཁྲག་ལ་བཏགས་པས
ཆུ་མོའི་ལུས་ལ་ཁྲག་གི་ལྭ་བ་གྱོན་ཏེ་ས་རུ་འཐིམ
སྤྲིན་པའི་ཐུགས་སུ་ཁྲག་གི་བ་ཚྭ་སྦྲུམ་ཏེ་རླུང་ལ་འདྲེས
བྱིས་པ་ཚོ་སྔོ་རྩྭ་ཕོན་པའི་གསེང་ནས་ག་ལེར་ཐང་ལ་འགྱེལ
འགའ་རེ་ཤོག་ལྷེ་སྟོང་བ་ཞིག་དང་འདྲ་བར་རྡུལ་ནག་འཐིབས་པའི་བར་སྣང་བརྟོལ་ཏེ་རླུང་གིས་ཁུར
འགའ་རེ་མེ་ཏོག་གི་སེ་འབྲི་བཞིན་གང་སར་འཐོར་ཏེ་ནམ་ཞིག་སླར་སྐྱེ་ཐུབ་ཆེད་ས་གཏིང་དུ་འཐིམ
ཡང་འགའ་རེ་ཕུག་རོན་དཀར་པོ་ཞིག་གི་གཤོག་པར་ཞོན་ཏེ་ཧི་མ་ལའི་ཕ་རོལ་དུ་ཆས
ལོ་དེར་སྔོ་རྩྭ་ཕོན་པོ་དག་ཀྱང་ག་ལེར་སེར་པོར་གྱུར
སེར་ཐིག་གཅིག་བདག་གི་སེམས་ཁར་ལྷན་པ་བཞིན་འབྱར
མཐའ་མེད་པའི་ཁྱོད།
_____ཡང་ན་བུ་མོ་ཆོས་དབྱངས་མེ་ཏོག
ཁྱེད་ནི་མཐའ་མེད་པར་ངང་སྒུག་གིས་ལྟེམས་པའི་རྒྱ་མཚོ་དེའོ
ངས་རླབས་ེཉེར་དག་རེ་རེ་ནས་ཕྱག་ཀྱང་ཁྱེད་ཀྱི་ཕ་རོལ་ལ་བརྒལ་ཐབས་མ་བྱུང
ཁྱེད་ནི་མཐའ་མེད་པར་ངང་སྒུག་གིས་ལྟེམས་པའི་རྒྱ་མཚོ་དེ་ཡིན་ནམ
མཐའ་ན་ང་སྐྱོ་སྡུག་གི་ལོ་ཟླ་ལས་ཀྱང་གཡོལ་ཐབས་ཟད
གྱ་གྱུར་འཁྱུག་པའི་མངར་སྐྱུར་གྱི་འགྲུལ་བཞུད་རིང་མོ
ལྷམ་མཐིལ་ཟད་རྗེས་ཀྱི་ཤ་རྗེན་ལ་གླན
ཁྱེད་ནི་རྫོགས་དུ་མེད་པའི་བརྩེ་གདུང་གི་རྐང་ལམ་རིང་མོའོ
ངས་སྤྲིན་པ་དང་ཉི་ཟླ་ཐང་ལ་བཞག་སྟེ་ཅི་ལྟར་རྒྱུགས་ཀྱང
ཁྱེད་ཀྱི་ཟུངས་ཁྲག་གིས་འཇལ་བའི་ལེ་བར་བཅུ་ཡང་བརྒལ་ཐབས་མི་འདུག
ཁྱེད་ནི་རྫོགས་དུ་མེད་པའི་བརྩེ་གདུང་གི་རྐང་ལམ་རིང་མོ་དེ་ཡིན་ནམ
མཐའ་ན་ང་དྲན་གདུང་གི་ལམ་ཁྲི་ལས་ཀྱིས་ལངས་ཐབས་བྲལ
དེ་རིང་ཁྲོམ་ལ་སོང་དེ་མེ་ཏོག་གཅིག་ཉོས་པ་ཡིན
དེ་ཉིད་སྣོད་དུ་བཙུགས་ཏེ་སྒེའུ་ཁུང་གི་འགྲམ་དུ་བཞག
ཐོག་དུ་ཆུ་གཏོར་ཏེ་ཉི་འོད་ཀྱི་འོག་དུ་བསྣུར
དེའི་རྗེས་སུ
དེའི་མིང་ལ་ཆོས་དབྱངས་མེ་ཏོག་ཅེས་བཏགས་ཤིང་ཁྱེད་ཀྱི་རྣམ་ཤེས་ཡིན་པར་འཁྲུན་ཐག་བཅད
ལྡེབས་སུ་འཁྱིལ་བའི་སྣང་བ།
ཨར་འདམ་གྱི་བརྩིགས་པ་ལས་འཕགས་ཙམ་བྱས་པའི་འབྱུང་བ་སྲ་འགྱུར་གྱི་བདག་པོ་ལོང་པ
ང་རང་ཁྱེད་ཀྱི་གམ་ལ་བཅར་ཙམ་བྱས
སྡུག་སྒྲུབ་ཀྱི་མྱ་ངན་སྣོད་དུ་བཅུགས་ཤིང་ཐང་ཆད་པའི་ལུས་པོ་ས་ལ་བཞག
དམྱལ་བ ཡི་དྭགས འཁོར་བ
མེ་ཏོག་དཀར་དམར་སེར་གསུམ
བསྣོལ་མར་སྡེབས་པའི་བརྩེ་དུང་གི་ཚོན་རྩི་དམར་ལ་སྨུག་པ
བདག་གི་མེ་ལོང་གི་རྒྱབ་ལྗོངས་སུ་བཀལ་བའི་རས་ཁྲ་སྔོ་ནག
ཟླུམ་ཟླུམ་དང་ནར་ནར་དུ་འཁྱུག་པའི་སྣང་བའི་སྦྲུལ་ཁྲ
གང་ལ་བཞུར་འགྲོ
སུ་ཞིག་ལྷས་འདབས་ཀྱི་ཐལ་ཕུང་བཞིན་བསྐྱུར་ནས
སུ་ཞིག་སེམས་ཀྱི་ཆུ་མོ་བཞིན་བསྐྱོར་ནས
གང་ལ་བཞུར་འགྲོ
མེ་ཏོག་ལུང་བར་བསྐྱིལ་བའི་༡པོ་ཏོ་ཆུ་མོ
དུས་ཚོད་ཀྱིས་ཁྱེད་ཉིད་མི་བཅོམ་པར་ཞུ
མེ་ལོང་དེའི་ནང་དུ་ཕྱིན་ཚེ།
མེ་ལོང་དུ་ཁྱེད་ཉིད་སོང་རྗེས་ཀྱི་རྐང་རྗེས་ཐར་ཐོར་ཏུ་མངོན
མཚན་མོའི་གཙང་བོ་གྱོན་པའི་བྱ་བྱེའུ་དག་མེ་ལོང་ལས་ཕྱི་ལ་འཕུར
རྫོགས་ལྡན་གྱི་ལྭ་བ་གྱོན་པའི་ནགས་ཚལ་དུ་འཕུར
ང་ཁོ་ན
མེ་ལོང་གི་མདུན་དུ་ནག་རོག་གེར་ལྷག
བལྟས་བལྟས་ན་འབུ་ནག་གཅིག་སྐྱག་ཐོག་དུ་བབས་འདུག་པ་དང་ཧ་ཅང་འདྲ
སུ་ཞིག་ཅི་མི་སྙམ་པར་ང་དང་ཐག་རིང་དུ་འགྲོ་དུས
ང་རང་དེ་ལ་དམ་དུ་འཇུས་ཤིང་ཕ་ཡུལ་གྱི་གནས་ཚུལ་མང་པོ་དྲིས
ས་འབུ་དང་སྦལ་བ
འབུ་མེ་ལྕེབས་དང་རྟ་སྒྲོག་འགྲོས་སོགས་རེ་རེ་ནས་དྲིས
གང་ལྟར་མཚན་མོ་ནི་མིའི་ལག་ཤེས་ཀྱིས་བཟོ་ཐུབ་པ་ཞིག་མ་རེད
ཁོ་རྦ་རླབས་དང་རིགས་འདྲའོ
སེམས་ཀྱི་ཉིན་ངོས་སུ་ཤུགས་ཀྱིས་འཕྱོ་དུས
ལུག་དང་རྟ་ཁྱུ་ཞོགས་ནས་འགྲོ་སྲིད
ཁྱེད་བདག་གི་མེ་ལོང་ལས་རྒྱང་དུ་ཕྱིན་པ་ནི་མཚན་མོ་དང་འདྲའོ
དེ་ནི་ངའི་ལག་ཤེས་ཀྱིས་བཟོ་ཐུབ་པ་ཞིག་མ་ཡིན
དེ་བས་ང་རང་འབུ་ནག་ཅིག་བྱ་འདོད
འབྲུ་ཞིང་གི་ལུད་རྫིང་ཁྲོད་དུ་ནག་རོག་གེར་འདུག་ན་འདོད
སུས་ཀྱང་ཅི་མི་སྙམ་པར་བསྐྱུར་རོགས
ང་དངོས་གནས་ཤི་སོང་བ་ནང་བཞིན་འདུག་ན་འདོད
----------------------------༢༠༡༥-༦-༡༣
ས་རུབ་ལ་ཉེ།
རི་ཆེན་པོའི་སྐེད་ལ་འཁྱུད་པའི་གྲིབ་མའི་རྦ་རླབས་ནག་པོ
ཉི་མ་ནུབ་ཚུལ་ལས་ལྡོག་ཏེ་ཇེ་རིང་ནས་ཇེ་རིང་དུ་འགྲོ་དུས
ངའི་འཇིགས་དངངས་ཀྱི་སེམས་རྩར་གདུ་བའི་འོ་དོད་དང་འག་རིང་གྱོང་མོ
རྩྭ་གསེང་ནས་མར་མར་བབས
ཁྱེད་ཀྱིས་བྱོས་སོང་གི་རྟ་ཁ་ཕྱིར་ལ་སྐོར་དང
ནག་ཡོམ་ཡོམ་གྱི་གཙང་པོ་གན་ལ་ཀོ་གྲུ་བཏང་ཆོག
ངས་འཇིག་དངངས་གཙོ་སྦྱངས་ལས་བཙགས་པའི་ཕྱོགས་སྟོན་འཁོར་ལོ་བཟུང་ཡོད
ཚེ་སྲོག་གི་རྟ་ཕོ་རྔུལ་གནག་ཆུ་ལ་འབྱར་ཡང
གཙང་བོའི་ཕ་རོལ་གྱི་སྐམ་སར་ཅིའི་ཀྱང་སླེབས་དགོས
ང་ཚོ་དམིགས་དབེན་གྱི་ཆེད་དུ་གསོན་ཡོད
ང་ཚོའི་ཚེ་སྲོག་ལ་ལོ་རྒྱུས་ཀྱི་གསང་གྲངས་ཡོད
ས་རུབ་ལ་ཉེ
སེམས་རྩར་སྐྱེས་པའི་རྩྭ་ལྡུམ་དག་མེ་རུ་སྲོགས
ཤུལ་གྱི་ས་རྒོད་གཤིན་སར་གཏོང
ནགས་དང་རི་དྭགས་ཀྱི་རྣམ་ཤེས་འདེབ
དེ་ནས་འཁོར་བ་འཛིན ཁྱིམ་སྐྱོང
དེ་ནས་ང་ཚོ་ཞི་བདེ་དང་རྫོགས་ལྡན་གྱི་དུས་རབས་ཤིག་ལ་རུ་བ་སྤོ
2015-10-16དགོང་མོ།
ཕྱིར་ལོག་པ།
རྣོ་ལྕགས་ཀྱི་ནགས་ཚལ་སྟུག་པོ་ལས་ངས་རང་གི་ཐ་སྙད་ནད་པ་དག་ཁྱེར་དེ་ཕྱིར་ལ་ལོག
སྐད་ངག་འཛེར་འཛེར་ངང་གྱེར་བའི་གླུ་གཞས་གྱོང་པོ
དག་ཀྱང་སྐབས་རེར་སྙིང་དུ་སྡུག་གོ
གདོང་བཞིན་རྒྱུན་དུ་ཐེངས་རེ་བཀྲུ་དགོས་པ་དེ་མེ་ལོང་མིན་ཡང
མེ་ལོང་དུ་ནག་ཡམ་ཡོམ་དུ་འཁོར་བའི་རྣམ་ཤེས་ཀྱི་གནས་ལམ་ཁོ་ནས་ང་རང་མདུན་དུ་ཁྲིད
ཕ་ཡུལ་ལམ་གཏིང་རིང་བའི་ཁྱེད་ཀྱི་མིག་ཟུང་གི་མདུན་དུ་ང་ནི་ཅི་འདྲའི་ཆུང
ང་ནི་ལམ་འགྲོ་བ་ཞིག་ཚུལ་གྱིས
སྙན་ངག་དུ་བཅུགས་པའི་ཁེར་རྐྱང་གི་རི་རབ་སྟོང་ཕྲག་ཁྱེར་ཏེ་ཕྱིར་ལ་ལོག
ང་ནི་མགྲོན་པོ་ཞིག་ཚུལ་གྱིས
སྤྲིན་པ་དང་ཆར་བ་འདྲེས་པའི་སྡུག་བསྔལ་རུམ་ནས་རི་ནས་ལོག
ཉི་འོད་ཀྱིས་ང་རང་སྐྱོང་ཆོག་གམ
བསིལ་རླུང་གིས་ང་རང་བསྐྱོར་ཆོག་གམ
ང་རང་ཕྱིར་ལོག་པ་ནི་མེ་ཏོག་ཅིག་ལྟར་འདེབས་འཛུགས་བྱེད་དགོས་པའི་འཆི་བ་དེའི་སླད་དུའོ
ལོང་པའི་མིག
ང་རང་ལོང་པར་གྱུར་ཡང
སེང་གེ་དེའི་གྲིབ་མའི་ནང་ཡིབ་པའི་ང་རང་འཆི་མི་སྲིད
ང་རང་འོན་པར་གྱུར་ཡང
བདག་གི་བྲང་གཞུང་དུ་སྐྱེས་པའི་ནགས་ཚལ་འཇིག་མི་སྲིད
སེང་གེས་རྫོགས་ལྡན་དང་ཞི་བདེ་ཡི་དུས་རབས་ཤིག་ལ་མངོན་དཔག་བྱས་པས
དགུན་ཁ་འདིར་བདག་ལ་འཁྱག་སྣང་སྤུ་ཙམ་མི་འདུག
རྡོ་ལ་བརྐོས་པ་མིན་ཡང
སྲོག་གི་གཏིང་མར་ཟུག་པའི་རི་མོ་ཁྱོད
བདག་གི་ཀེང་རུས་ལས་མངོན་ཞིང་གྲིབ་མ་ཁྲིད་དེ་སྔོན་དུ་འགྲོ
སེང་གེ་ཁྱེད་སྔོན་དུ་འགྲོ་བས
ངས་ཀྱང་མགོ་བོ་དགྱེ་དགྱེ་ངང་གངས་རི་དང་དམ་དུ་འཁྱུད
མེ་ལ་ཤོར་བའི་རི་རྒྱབ་ཀྱི་ལུང་པ།
མེ་ཏོག་རྙིད་ལ་ཤོར་བའི་གཏམ་རྒྱུད་དེ་ཅི་འདྲའི་འཁྱགས
ངས་ཁྱེད་ཀྱི་རུམ་ཁ་རྙེད་མ་བྱུང
སེམས་འདི་ལག་པ་བཞིན་ཇི་ལྟར་རྒྱང་དུ་བསྲིངས་ཀྱང
རི་ཟོམ་ནས་ཐུར་དུ་དཔྱངས་པའི་ཉི་འོད་ལ་ཁ་དོག་མི་འདུག
སྐབས་རེར་མིག་ལ་མུན་པ་འཁྲིགས་ཏེ་ལམ་ཡང་བོར་འགྲོ
རྩྭ་རྐང་གཅིག་གི་གྲིབ་མས་མནན་པའི་དབུལ་འཕོང་གི་ལུང་པ་དེ་ང་ཡིན་ནམ
ང་ཡིན་ནམ
དེའི་རྐྱེན་དང་རྐྱེན་མ་ཡིན་པའི་ང་རང་སྲིབ་ཀྱི་མེ་ཏོག་ལྟར་རྙིད་ལ་ཉེ
ཁྱེད་རང་སེམས་ཆུང་ངང་གང་དུ་བསྡད་ཡོད
ཁྱེད་ཉིད་ཁ་རོག་གེར་འདུག་ཚུལ་དེ
ངར་ལྕགས་ཀྱི་ཐོ་བས་ཀྱང་བཏུལ་དཀའ་བའི་སྲ་མཁྲེགས་ཀྱི་ཨར་འདམ་ཉིད
ཉི་མའི་ཚ་དུག་གིས་རབ་ཏུ་ངར་ཚེ
བདག་གིས་ལུས་པོ་དེ་ལ་སྦྱར་ཏེ་ཤི་དགོས་པ་འདི་འང་ལས་ཡིན་ནམ
མེ་ཏོག་རྙིད་ལ་ཤོར་བའི་གཏམ་རྒྱུད་དེ་ཅི་འདྲའི་འཁྱགས
ངས་ཁྱེད་ཀྱི་ལག་པ་ཟིན་མ་སོང
2015-7-3ཉིན་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།