ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། པེ་ཅིན་གྱི་བོད་པ།

image001.jpg 

       སྤྱི་ལོ༡༢༦༤ལོར། ས་སྐྱ་བ་འཕགས་པ་བློ་གྲོས་རྒྱལ་མཚན་པེ་ཅིན་དུ་སླེབས།
  དེ་དུས་པེ་ཅིན་ལ་པེ་ཅིན་དུ་མི་འབོད་པར་ཏ་ཏུའུ་རུ་འབོད་དེ། བོད་སྐད་དུ་ཕལ་ཆེར་རྒྱལ་ས་ཆེན་མོ་ཟེར་བ་མིན་ནམ་སྙམ། དེ་དུས་བྱང་ཕྱོགས་ཀྱི་རྩྭ་ཐང་ཁོབས་ཡངས་ས་དེ་ནས་རི་གཟར་རྦབ་རྡོ་བཞིན་འགྲིལ་ཡོང་བའི་སྐྱ་དམག་གི་དཔུང་ཚོགས་དེས་ཨེ་ཤ་ཡའི་སྐམ་ས་ཆེན་པོ་རྨིག་འོག་ཏུ་བརྫིས་ནས་རིང་ཙམ་ཕྱིན་ཡོད་ཅིང་། མཁུར་མགོ་མཐོ་ལ་དཔྲལ་བའི་དབྱེས་ཆེ་བའི་སོག་དམག་གི་རྟུལ་ཕོད་ཆེན་པོའི་དྲག་སྤྱོད་ཀྱིས་ངོ་ཚུགས་དང་སྐད་རིགས་མི་གཅིག་པའི་མི་རྣམས་བག་ཡོངས་སུ་ཁུམ་པར་བྱས་ཏེ། དེའི་དབང་འོག་དུ་བསྡུས་ཡོད་པར་སྐད།
  ལོ་དེར་ས་སྐྱ་བ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་པེ་ཅིན་ནས་ཇིང་གུར་གྱི་ཚ་བོ་སྟེ། སྐབས་དེར་གནམ་འོག་གི་བདག་པོར་གྱུར་ཅིང་ཡོན་རྒྱལ་རབས་ཆེན་མོའི་ཆབ་སྲིད་ཀྱི་ཁྲི་ལ་སེང་གེ་བཞིན་འགྱིང་བའི་ཁུ་པེ་ལའེ་ཟེར་བའི་གོང་མ་ཆེན་མོར་གུས་ཕྱག་ཕུལ། དེས་ཀྱང་དེ་ལ་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་སྐོར་གྱི་དཔོན་གནས་ཞིག་སྤྲད། སྤྱིར་ཚ་བོ་ཡིན་པ་འདྲ་འདྲ་སྟེ། ཁུ་པེ་ལའེ་ནི་ཝོའོ་ནན་གཙང་བོ་རུ་འབོད་པའི་ཆུ་མོ་ཆུང་ཆུང་ཞིག་གི་འགྲམ་རྒྱུད་དུ་ཕྱུགས་འཚོ་པའི་ཚོ་བ་ཆུང་ཆུང་ཞིག་གི་ཚོ་དཔོན་གྱི་ཚ་བོ་ཡིན་ཞིང་། འཕགས་པ་བློ་གྲོས་རྒྱལ་མཚན་ནི་འཁོན་གྱི་གདུང་རྒྱུད་དེ། ཉེ་ས་ནས་ཡར་དེད་ན་བོད་བཙན་པོའི་སྐབས་ཀྱི་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་ཆེན་པོ་ཞིག་གི་གདུང་རྒྱུད་དང་། རིང་ས་རུ་ཡར་དེད་ན་གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཟེར་པའི་ཆེ་བ་ཞིག་ས་སྐྱ་བ་རང་མིས་བརྩམས་པའི《ས་སྐྱའི་གསུང་རབས་ངོ་མཚར་བང་མཛོད》ཅེས་པའི་ཡིག་ཚང་དུ་མཇལ་རྒྱུ་ཡོད། གང་ལྟར་ཀྱང་། སྤྱི་ལོ༡༢༦༤ལོར་བོད་སོག་གི་ཚ་བོ་དེ་གཉིས་དེ་ལྟར་ཞི་བདེ་རྒྱ་མཚོ་དང་ཐག་ཉེ་ལ། གཉིས་ཀའི་ཕ་ཡུལ་དང་ཐག་རིང་བའི་ས་མཐའ་འདི་ནས་ཞལ་མཇལ་དུས། སོ་སོའི་ཐོབ་ཐང་ལ་མཐོ་དམན་གྱི་ཁྱད་པར་གནམ་ས་ལྟ་བུ་ཞིག་བྱུང་ཡོད། ལྷ་ཡི་ཚ་བོས་མི་ཡི་ཚོ་དཔོན་གྱི་ཚ་བོར་ཕྱག་བྱས། མཐོ་སྒང་གི་མི་དམའ་སར་བབས་ཏེ་རྩྭ་ཐང་གི་མི་ལ་མགོ་བོ་དུད། དེ་ནས་བཟུང་། རང་རེའི་ལོ་རྒྱུས་གསེར་ཡིག་གིས་ད་ལྟའི་བར་དུ་འབྲི་མ་ཐུབ་པར་གྱུར་ཅིང་། ལོ་རྒྱུས་ལ་འོད་སྟོང་དེ་བས་ཀྱང་འབར་མ་ཐུབ།
  ལོ་༧༥༡གི་རྗེས་སུ། བོད་པ་སྐོར་ཅིག་ད་དུང་པེ་ཅིན་དུ་ཡོད། ང་ཡང་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། རྣམ་ཀུན་ས་འོག་ལྕགས་ལམ་གྱི་མི་ཚོགས་ཀྱི་འཚང་ཁའི་གསེབ་ཅིག་ནས་ངས་ས་སྐྱ་བ་འཕགས་པ་བློ་གྲོས་རྒྱལ་མཚན་ཡིད་ལ་ཡང་ཡང་དྲན་ཡོང་། དུས་རབས་ཉེར་གཅིག་པའི་སྟོད་ཀྱི་གྲོང་ཁྱེར་འདིར་ད་ནི་ཏ་ཏུའུ་རུ་མི་འབོད་པར་པེ་ཅིན་དུ་འབོད། དེ་ནི་བོད་སྐད་དུ་བྱང་གི་རྒྱལ་སའི་དོན་ཟེར་བ་མིན་ནམ་སྙམ། པེ་ཅིན་ནས་མི་ལོ་བདུན་བརྒྱའི་གོང་རོལ་གྱི་བོད་སོག་གི་ཚ་བོ་དེ་གཉིས་ད་ལྟ་རླུང་གི་འབྱུང་བར་འཐིམ་ནས་སྣང་མེད་དུ་གྱུར་ཡོད་མོད། ཁོ་གཉིས་ཀྱི་ཕྱི་རབས་པ་སྐོར་ཅིག་ད་དུང་མི་ཚོགས་ཀྱི་འདུ་འཛིའི་གསེབ་ཅིག་ཏུ་མངོན་ཆུང་གིས་སྐུང་ཡོད། འཕགས་པ་བློ་གྲོས་རྒྱལ་མཚན་པེ་ཅིན་དུ་བརྟོལ་བའི་ལོ་དེར་དགུང་ལོ་ཉེར་དགུ་རེད། ཁོང་ནི་ལོ་རྒྱས་ཐོག་པེ་ཅིན་དུ་སླེབས་པའི་བོད་པ་ཐོག་མ་དེ་ཡིན་སྲིད། ལོ་ཉེར་དགུར་སོན་པའི་ཕོ་གཞོན་དེ་ལོ་དེར་རྒྱུས་མེད་ཀྱི་ས་མཐའ་འདི་ནས་ཁེར་རྐྱང་དང་ཕ་ཡུལ་དྲན་པའི་གདུང་བས་མནར་མྱོང་ཡོད་དམ། ངས་མཚམས་རེར་འདི་ལྟར་བསམས།
  པེ་ཅིན་གྱི་མཚན་མོའི་གློག་འོད་ཆེམ་ཆེམ་འཕྲོ་ཞིང་། པེ་ཅིན་གྱི་མི་རྣམས་ཀྱི་སྣང་བརྙན་རབ་རིབ་གཡོ། གཞུང་ལམ་དུ་རླངས་འཁོར་གྱི་ཚོགས་ནི་འོད་ཀྱི་གཙང་བོ་དང་མཚུངས་ཤིང་། གཙང་བོ་དེའི་གཞུང་དུ་འདོད་ཆགས་དང་ཞེ་སྡང་། གཏི་མུག་གི་ཉོན་མོངས་ལ་འཇགས་པ་མེད་པར་བཞུར་བ་དང་། འདོད་ཡོན་གྱི་ཁ་དོག་སྣ་ཚོགས་འཚེར་བཞིན་མཚན་གཞུང་རིང་མོའི་གཏིང་རུམ་དུ་སྙེག འདི་རུ་རྒྱང་ལ་ལྟ་དུས་མཐོང་ལམ་དུད་སྨུག་གིས་བསྒྲིབས་ཤིང་། གནམ་ལ་ལྟ་དུས་མགོ་བོ་ཁང་བརྩེགས་ལ་ཐོགས་འགྲོ། འདི་ནི་གོ་ལ་རིལ་མོ་འདིའི་སྒང་དུ་འདུ་འགོད་འཁྲུག་ཤོས་ཀྱི་གྲོང་ཁྱེར་ཆེན་པོ་གཅིག་ཡིན་ཏེ། འདི་རུ་མི་གྲངས་བྱེ་བ་གཉིས་ལྷག་གིས་འཚོ་ཐབས་འཛིན། འདི་རུ་རླངས་འཁོར་ཆེ་ཆུང་ས་ཡ་དྲུག་ལྷག་ལམ་དུ་རྒྱུགས། འདི་ནི་པེ་ཅིན་དེ། འདི་ནི་ང་སྐྱེད་འཚར་བྱུང་སའི་མཐོ་སྒང་གི་གྲོང་ཚོ་དེ་དང་གཏན་ནས་མི་འདྲ་བའི་འཇིག་རྟེན་ཞིག་རེད་ཨང་།
  ༡༩༩༩ལོར། ལོ་ཉི་ཤུའི་ལང་ཚོ་འཛིན་པའི་ང་ཐོག་དང་པོར་པེ་ཅིན་དུ་བརྟོལ། དེ་ནས་ད་ལྟའི་བར་དུ་མི་ལོ་འཁོར་མོ་༡༦ཏག་ཏག་འགོར་ཅིང་། སུ་ཞིག་གིས་བརྗེད་སོང་བའི་མཁོ་མེད་ཀྱི་ཅ་ག་ཞིག་དང་མཚུངས་པར་ས་མཐའི་གྲོང་ཁྱེར་འདི་ནས་ལུས་སོང་། གྲོང་ཁྱེར་འདི་ནས་ངའི་ལང་ཚོའི་འདབ་མ་རིམ་གྱིས་རྙིངས་པར་གྱུར་ཅིང་། དང་ཐོག་གཡའ་དག་པའི་གདོང་དུ་རྟག་པར་བཀལ་ཡོད་པའི་འཛུམ་གྱི་མེ་ཏོག་དེ་ད་ནི་མངོན་མེད་དུ་ཡལ་སོང་། པེ་ཅིན་དུ་བསྡད་ཡུན་རིང་བ་དང་བསྟུན་ནས་བྱེས་པ་ཞིག་གི་སེམས་ཁམས་ཀྱིས་ངའི་འཚོ་བའི་ཕྱོགས་ཀུན་ནས་བཟུང་བྱུང་། ཡིན་ན་ཡང་། ང་ད་དུང་ཡང་གྲོང་ཁྱེར་འདི་ནས་བྲལ་ཏེ་མཐོ་སྒང་དུ་ལོག་འདོད་ཅི་ཡང་མ་སྐྱེས། མཐོ་སྒང་དྲན་ཡང་མཐོ་སྒང་དུ་ལོག་འདོད་མི་བྱེད་མཁན་ང་ཁོ་ན་མ་ཡིན་པར། ངའི་ཉེ་འཁོར་གྱི་བོད་པ་མང་པོ་ཞིག་ཀྱང་ང་ནང་བཞིན་རེད།
  ད་ལྟའི་པེ་ཅིན་གྱི་བོད་པ་ཕལ་ཆེ་བ་དག་དང་མི་མཚུངས་བར། ༡༢༧༦ལོར། འཕགས་པ་བློ་གྲོས་རྒྱལ་མཚན་ཏ་ཏུའུ་ནས་གྱེས་ཏེ་ཕྱིར་ཕ་ཡུལ་ས་སྐྱར་ལོག དེ་ནས་ཡང་བསྐྱར་ནང་ལོགས་ཀྱི་གྲོང་ཁྱེར་འདིར་ལོག་རྒྱུ་བྱུང་། ཁོང་བོད་དུ་ལོག་པའི་ལོ་བཞིའི་རྗེས་ནས་འདས་བཀྲོངས་སུ་གྱུར་ཅིང་། ཕྱི་རབས་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་བོད་མིས་དུག་དྲངས་ནས་བཀྲོངས་བར་དོགས་པ་བྱེད། གང་ལྟར་ཀྱང་འཕགས་པ་བློ་གྲོས་རྒྱལ་མཚན་ནི་གནའ་བོའི་གྲོང་ཁྱེར་འདིར་ཡོང་མཁན་གྱི་བོད་པ་ཀུན་གྱི་ཐོག་མ་སྟེ། དེའི་ཕྱིས་ནས་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཀྱི་ཁུག་སོ་རེ་རེར་གྲོང་ཁྱེར་འདིའི་གྲུ་ག་གང་རུང་དུ་བོད་པའི་སྣང་བརྙན་ནི་རེ་གསལ་རེ་ཡིབ་ཀྱིས་ཟམ་མི་ཆད་པར་མངོན་ཡོང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་ཤར་བའི་གནས་བབ་ལ་འགྱུར་བ་མང་པོ་ཡོད་ཀྱང་། པེ་ཅིན་དུ་སླེབས་མཁན་བོད་པ་དེ་དག་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་ཐོབ་ཐང་ལས་བརྒལ་ཐུབ་མེད། དེ་ནི་ཅི་ཞེ་ན་འཕགས་པ་བློ་གྲོས་རྒྱལ་མཚན་ནི་རྟགས་མཚན་ཞིག་ཏུ་གྱུར་ཡོད་ལ། པེ་ཅིན་དུ་ཡོང་མཁན་བོད་པ་ཀུན་དུས་དེ་ནས་བཟུང་གུས་ཕྱག་ཞུས་ནས་དམའ་ས་འཛིན་མཁན་ཞིག་ཡིན་པ་ལས། ལོ་རྒྱུས་ཀྱི་གླེགས་བམ་དུ་གསེར་མདོག་གིས་བྲིས་ཡོད་པའི་བཙན་པོ་དེ་དག་ལྟར་ང་རྒྱལ་གྱིས་འགྱིང་མཁན་ཞིག་མ་ཡིན་པ་དེ་རེད། དུས་དེ་ནས་བཟུང་། པེ་ཅིན་དུ་སྡོད་པའི་བོད་པ་ཀུན་ཕྱི་ཚུལ་ནི་ཅི་འདྲའི་རྫིག་ཉམས་ཆེ་ན་ཡང་ནང་སེམས་སུ་མདོ་དབུས་གངས་ལྗོངས་ཕྱུག་མོ་དང་ཁ་ཐག་རིང་བའི་ས་ཆ་འདི་ནས་འཇིགས་འཇིགས་དང་ཆེ་ཆེ་ཡི་ཚུལ་གྱིས་འཚོ་བ་རོལ་རྒྱུ་ཁག་པོར་གྱུར་ཡོད་ལས་ཆེ། ཡང་གཅིག་བཤད་ན། འདི་ནི་བྱེས་སུ་གྱར་མཁན་ཀུན་ལ་ཐུན་མོང་དུ་མངའ་བའི་སེམས་ཁམས་ཤིག་རེད།
  ཟི་ལིང་གི་གྲོགས་པོ་ཞིག་གིས་ང་ལ་ཀུ་རེའི་ཚུལ་དུ་ཁྱེད་ཅག་པེ་ཅིན་གྱི་བོད་པ་དག་གིས་ནི་སོ་སོ་པེ་ཅིན་ན་ཡོད་རྒྱལ་ས་ན་ཡོད་ཅེས་ཆེ་ཆེ་དྲག་དྲག་མ་བྱེད། གཞན་གྱིས་མི་ཤེས་ཀྱང་ངས་ནི་ཧ་གོ་སྟེ། ཁྱེད་རང་ཚོས་ཡིན་མདོག་དང་འཇོན་མདོག་ཅི་འདྲ་བསྟན་རུང་པེ་ཅིན་གྱི་སྤྱི་ཚོགས་ཆེན་པོའི་ཁོངས་སུ་ཁྱེད་ཚོ་ནམ་ཡང་ཚུད་མི་ཐུབ་ལ་སྤྱི་ཚོགས་དེས་ཁྱེད་ཚོ་ནམ་ཡང་ཟུར་དུ་ཕུད་བཞག་ཡོད་ཅེས་ཅོ་འདྲི་བར་བྱེད། དང་ཐོག་ཀུ་རེའི་དེས་ང་ལ་ཕོག་ཐུག་ཅི་ཡང་མ་བཟོས་ཀྱང་པེ་ཅིན་དུ་སྡོད་ཡུན་རིང་བ་དང་བསྟུན་ནས་སྐད་ཆ་དེ་ཡང་དང་བསྐྱར་དུ་ངའི་དྲན་པའི་རྩིག་ལྡེབས་སུ་བྲག་ཅར་འཁོར་ཡོང་། ཕྱིས་སུ་ངས་སྐད་ཆ་འདི་ལ་མནོ་བསམ་གཏོང་སྐབས་དེ་ནི་ཕྱེད་བདེན་ལ་ཕྱེད་རྫུན་མར་གྱུར་བ་ཞིག་ཡིན་པའི་ངེས་རྟོགས་འཆར་བྱུང་བ་དང་། དེ་ནི་ང་ཚོ་པེ་ཅིན་གྱི་བོད་པ་དག་ནི་པེ་ཅིན་གྱི་སྤྱི་ཚོགས་ཆེན་པོར་འདྲེས་མ་ཐུབ་པར་གནས་ཡོད་པ་བདེན་ཡང་དེས་ཟུར་དུ་ཕུད་ནས་བཞག་པ་ནི་མ་ཡིན་པར་ང་ཚོ་བོད་པ་རང་ཉིད་ཀྱིས་སོ་སོ་ཟུར་ལ་བཀྱེད་པའི་རྟུལ་ཞུགས་ཤིག་བཟུང་བས་རེད་སྙམ།
  པེ་ཅིན་དུ། བོད་པ་དག་གིས་རང་ཉིད་བོད་པ་ཡིན་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཚུལ་ནི་ཟུར་དུ་བཀྱེད་པའི་རྣམ་པ་དེ་རེད། གལ་ཏེ་ཟུར་དུ་མ་བཀྱེད་པར་ནང་དུ་འདྲེས་པར་བྱས་ཚེ། ང་ཚོ་ནི་པེ་ཅིན་གྱི་སྙིམ་མཐིལ་དུ་ལྷུང་བའི་ཁ་བའི་འདབ་མ་དེ་ཡིན་ངེས་ལ། ང་ཚོ་ནང་ལོགས་ཀྱི་ཚ་གདུག་གི་ནང་དུ་བཞག་པའི་མར་རྡོག་ཅིག་དང་མཚུངས། དུས་ཚོད་རིང་བོ་མི་ལོན་པར་ང་ཚོ་ཆུ་ཐིགས་རྒྱ་མཚོར་ལྷུང་བ་བཞིན་ཡར་སྔོན་གྱི་སྒེར་ཚུགས་ཅི་ཡོད་ཡོངས་སུ་ཤོར་ངེས་ལ། ཁ་བ་དེ་གཤེར་གཟུགས་སུ་གྱུར་ཏེ་རླངས་པར་འགྱུར་འགྲོ། མར་རྡོག་དེ་ཞུ་བར་གྱུར་ནས་སྣུམ་གཟུགས་སུ་གྱུར་འགྲོ། མདོར་ན། རང་ཡལ་དུ་འགྲོ་སྲིད་པ་ངེས་གཏན་རེད། དེ་བས་ཀྱང་རང་ཡལ་དུ་འགྲོ་བའི་གོ་རིམ་དེ་ནི་དེ་ལྟར་མགྱོགས་ཤིང་མི་རབས་གཅིག་གི་དུས་ཡུན་ཙམ་གྱིས་ཀྱང་ཆོག ངས་མཚམས་རེར་ལས་གྲོགས་རྒན་རབས་པ་དེ་དག་གི་བོད་སྐད་མི་ཤེས་པའི་ཕྲུ་གུ་དེ་དག་མཐོང་དུས་ཡིད་དུ་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་མོ་རེ་སྐྱེས་ཡོང་། དེ་དུས་ལས་གྲོགས་རྒན་རབས་དེ་དག་གིས་ངའི་ཕྲག་པར་ཡང་མོར་རྡེབ་བཞིན་ཁྱོད་ཚོ་གཞོན་རབས་པ་དག་གིས་ཀྱང་མི་འགྱངས་བར་ང་ཚོའི་སྡུག་བསྔལ་འདི་མགོ་ཐོག་ལ་མི་འདོད་བཞིན་དུ་ལེན་དགོས་ཟེར།
  གལ་ཏེ་སྤྱི་ལོ༡༩༤༩ལོའི་ཚུན་ནས་བརྩིས་ན། ཉིས་སྟོང་ལོའི་གཡས་གཡོན་དུ་པེ་ཅིན་ནས་གཞིས་བཅའ་མཁན་རྣམས་ནི་པེ་ཅིང་གི་བོད་པའི་མི་རབས་གསུམ་པར་བརྩི་བཞིན་འདུག དེའི་ཡར་སྔོན་དུ་པེ་ཅིན་དུ་གཞིས་ཆགས་མཁན་ནི་བཅིངས་འགྲོལ་བཏང་མ་ཐག་སྲིད་དོན་གྱི་དགོས་དབང་གིས་པེ་ཅིན་དུ་གནས་སྤར་ནས་ཡོང་མཁན་བོད་པ་ཁག་གཅིག་དང་དེ་དག་གི་ཕྱི་རབས་པ་ནི་མི་རབས་དང་པོ་དང་། གཞན་ལོ་རབས་བརྒྱད་ཅུ་ནས་མགོ་བརྩམས་ཏེ་རིག་གནས་དང་ལས་རིགས་གཞན་དག་སྒྲུབ་མཁན་གྱི་བོད་པ་ཁག་གཅིག་ཡོང་ནས་གཞིས་ཆགས་པ་དེ་ནི་མི་རབས་གཉིས་པར་བརྩི་བཞིན་ཡོད། དེ་ལྟ་བུའི་བོད་པའི་གྲངས་འབོར་ནི་མང་པོ་མེད་ཅིང་གནས་སྐབས་དེ་དག་གི་རིང་ལ་པེ་ཅིན་གྱི་བོད་པ་དག་གིས་ཕལ་ཆེར་ངོ་ཤེས་ཤིང་འདུ་འཛོམས་མང་དུ་སྤེལ། ཡིན་ན་ཡང་སྟོང་ལོའི་སྒོ་ཐེམ་བརྒལ་བ་ནས་བཟུང་པེ་ཅིན་དུ་བོད་པ་གཞིས་ཆགས་མཁན་མང་དུ་འགྲོ་ཞིང་། དེ་བས་ཀྱང་སློབ་གཉེར་དང་ཡུན་ཐུང་གི་ལས་སྒྲུབ་བྱེད་མཁན་མང་ནས་མང་དུ་འགྲོ ཡར་སྔོན་ལྟར་ད་ནི་བོད་པ་ཡིན་ཡང་ཕན་ཚུན་ངོ་མི་ཤེས་བ་དང་ངོ་ཤེས་ཀྱང་ཡར་སྔོན་ལྟར་གྱི་བོད་པའི་བརྩེ་འདང་ཟབ་མོ་དེ་སྲབ་ཏུ་ཕྱིན་ཡོད་པར་སྣང་བས། པེ་ཅིན་གྱི་རྒན་རབས་བོད་པ་དག་གིས་དུས་རྒྱུན་དུ་ང་ཚོར་སྔོན་ཆད་ཅེས་འདས་དོན་གྱི་དྲོད་འཇམ་ཡང་དང་ཡང་དུ་གླེང་ཡོང་པ་དང་། དེང་སྐབས་དེང་སྐབས་ཞེས་རེ་ཐག་ཆད་པའི་སྐད་ཆ་གྲང་མོ་རེ་ལབ་ཡོང་།
  དོན་དམ་དུ། འདི་ནི་ས་མཐའ་ཞེས་པའི་ཐ་སྙད་འདིའི་བསྟན་དོན་ལ་ལམ་ཐག་གི་ངོས་ཐད་ནས་འགྱུར་བ་འགྲོ་བཞིན་པ་དང་འབྲེལ་བ་ཡོད་པར་སྙམ། ཡུལ་ཁམས་ཀྱི་བར་ཐག་དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཀྱི་མྱུར་ཚད་ལ་བརྟེན་ནས་ཐུང་ངུར་བསྟུངས་བཞིན་པ་འདི་ནི་དོན་གྱི་གནད་འགག་ཅིག་སྟེ། ད་ལྟ་པེ་ཅིན་ནས་ལྷ་སར་མཁའ་ལམ་བརྒྱུད་ན་ཆུ་ཚོད་གསུམ་ཙམ་དང་ལྕགས་ལམ་བརྒྱུད་ན་ཆུ་ཚོད་བཞི་བཅུ་ལས་མི་དགོས། དེ་ནི་དེ་དུས་རྟ་རྒྱབ་ནས་ལོ་དང་ཟླ་བའི་ཡུན་ཚད་ལ་བརྟེན་ནས་པེ་ཅིན་བསྙེགས་ཡོང་མཁན་གྱི་བོད་པ་དེ་དག་གི་བློ་ཡུལ་དུ་ཡང་འཆར་མི་སྲིད་པའི་རྫུ་འཕྲུལ་ལྟ་བུ་ཞིག་ཡིན་སྲིད། འཕགས་པ་བློ་གྲོས་རྒྱལ་མཚན་འདས་བཀྲོངས་སུ་གྱུར་ནས་རིང་བོ་མ་ལོན་པར། སོག་པོས་དྲག་པོའི་སྟོབས་ལ་བརྟེན་ནས་བསྐྱེད་པའི་རྒྱལ་སྲིད་ཀྱི་མངའ་ཁོངས་ཆེན་པོ་དེ་རྒྱ་ནག་པ་རུས་ཀྲུའུ་ཅན། དང་ཐོག་ལག་ཏུ་ཕྲེང་བ་བཟུང་ནས་དམ་ཆོས་གཉེར་མཁན་ཞིག་གིས་མཐའ་མར་རལ་གྲི་བཟུང་སྟེ་ཚལ་བུར་གཏུབས་ཤིང་། སྤྱི་ལོ་༡༣༦༨ལོར་མིང་རྒྱལ་རབས་ཟེར་བ་ཞིག་གསར་དུ་བཙུགས། དང་ཐོག་རྒྱལ་ས་ནན་ཅིན་དུ་འབོད་པའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེ་རུ་གཏན་ཁེལ་ཀྱང་། སྤྱི་ལོ་༡༤༢༡ལོར་རྒྱལ་ས་དེ་སླར་ཡང་བྱང་གི་སྔོན་མའི་ཡོན་གྱི་རྒྱལ་སར་སྤོར། དུས་དེ་ནས་བཟུང་བྱང་གི་རྒྱལ་ས་འདིར་གཞི་ནས་པེ་ཅིན་དུ་འབོད་མགོ་བརྩམས། རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོ་ཞིག་ཏུ་འཁོད་པའི་གནས་ཚུལ་ལ་གཞིགས་ན་སྐབས་དེ་ནས་བཟུང་པེ་ཅིན་དུ་ཡོང་མཁན་བོད་པ་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད་ཚོད་རེད། སྐབས་དེའི་པེ་ཅིན་དུ་སླེབས་པའི་བོད་པ་དག་གི་སྣང་བརྙན་མཚོན་པའི་བརྩམས་ཆོས་ལོ་རྒྱུས་སུ་བཞག་མེད་ཀྱང་། ངས་མཚམས་རེར་པེ་ཅིན་གྱི་གནའ་ཤུལ་རེ་གཉིས་ནས་དེ་དག་གི་རྒྱབ་གཟུགས་མག་མོག་གིས་མཐོང་ཐུབ་པའི་ཉམས་སྣང་སྐྱེས། མཐོ་སྒང་ནས་བབས་ཡོང་བའི་མི་དེ་དག་གིས་ཁལ་རྟ་ཁྱུ་རེ་དེད་ནས་ས་རྡུལ་འཚུབ་འཚུབ་ཀྱིས་པེ་ཅིན་མཁར་སྒོར་སླེབ་ཡོང་དུས། མཁར་གྲོང་གི་མི་རྣམས་ཀྱིས་ཆ་ལུགས་མི་གཅིག་པའི་མི་ཚོ་གཅིག་སྟེ་ལུས་ལ་ངུར་སྨིག་གི་ན་བཟའ་ལྷུག་གྱོན་བྱས་པའི་མི་སྐོར་གཅིག་གིས་མགོ་ལ་གདུགས་བསྐོར་བའི་མི་ཆེན་ནང་འཇུག་སེར་བོ་མནབས་པ་གཅིག་བསྐོར་ནས་ཡོང་བའི་རྣམ་པ་ཡང་ཡང་མཐོང་ཡོད་སྲིད། ནང་འཇུག་སེར་བོ་མནབས་མཁན་དེ་ནི་དམིགས་བསལ་གྱི་ཐོབ་ཐང་ཡོད་པའི་མི་སྣ་གལ་ཆེན་ཞིག་ཡིན་ལས་ཆེ་སྟེ། དེ་ནི་ཕ་ཡུལ་བོད་ཀྱི་ལུང་བ་ནས་ཕེབས་པའི་མི་ཞིག་ཡིན་ལ། ཁོང་ནི་མང་མང་ཞིག་གི་ཚབ་བྱས་ནས་གོང་མར་གུས་ཕྱག་ཕུལ་དུ་ཡོང་མཁན་ཞིག་ཡིན། ཁོང་གིས་བཀའ་བརྒྱུད་པ་དང་དེའི་དད་འབངས་སམ། ཡང་ན་ས་སྐྱ་བ་དང་དེའི་དད་འབངས། ཡང་ན་དགེ་ལུགས་པ་དང་དེའི་དད་འབངས་ཀྱི་ཚབ་བྱས་ནས་རྒྱ་ནག་གོང་མར་གུས་ཕྱག་ཕུལ། ལེགས་སྐྱེས་ཕུལ། འབྲེལ་ཡོད་ཡིག་ཚང་དུ་འཁོད་པ་ལྟར་ན་ཁོང་གི་འཁོར་ཚོགས་ཀྱིས་ཁལ་རྟར་བཀལ་ཡོད་པའི་དོ་ཆས་སུ་རྒྱ་ནག་པས་དགའ་ཞེན་ཚད་མེད་བྱེད་པའི་མུ་ཏིག་དང་། ཐང་ཀ ཟངས་སྐུ། མཆོད་རྟེན་ཆུང་ཆུང་། གཡུ། བྱུ་རུ། བསེ་རུའི་རྭ། སྣམ་བུ། གླ་རྩི། ཤ་རྭ། རྩྭ་སྨན་སོགས་བཅུག་ཡོད་པ་དང་། དེ་མིན་མཐོ་སྒང་གི་རྟ་མཆོག་སོགས་ཀྱང་ཁྲིད་ཡོང་ཡོད་པ་འདྲ། དེ་ལ་གོང་མས་ཀྱང་གསོལ་རས་ཀྱི་ཚུལ་དུ་ཇ་དང་ཚྭ། དར་སྲབ་སོགས་སྐྱེས་ལན་དུ་གནང་། འོན་ཀྱང་། གཟུགས་ཅན་གྱི་གསོལ་རས་འདི་དག་ལོ་དེ་དག་ལ་བོད་པ་དག་པེ་ཅིན་དུ་ཡོང་པའི་དམིགས་བྱ་གཙོ་བོ་མ་ཡིན་པར། གཟུགས་མེད་ཀྱི་འཇའ་ས་དང་། ཐོབ་གོ་ས། མཚན་ཆོ་ལོ་སོགས་གནམ་བསྐོས་གོང་མའི་དྲུང་ནས་ལེན་པར་བྱེད་པ་ནི་པེ་ཅིན་ལ་ཡོང་བའི་དམིགས་ཡུལ་མཐར་ཐུག་དེར་གྱུར་ཡོད། དེ་མིན་ཚེ། ཁོ་ཚོས་སྐྱ་མོ་བཤུལ་ལམ་རིང་མོ་ལོ་དང་ཟླ་ཡིས་བཅད་ནས་པེ་ཅིན་བསྙེགས་ནས་ཡོང་དོན་མེད།
  ལམ་ཐག་ཅི་འདྲ་རིང་ན་ཡང་། དུས་རབས་བཅུ་བཞི་བ་ནས་བཟུང་པེ་ཅིན་དུ་ཡོང་མཁན་གྱི་བོད་པ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། གྲུབ་མཐའ་དང་ཚོ་ཁག་གི་དཔོན་པོ་དེ་དག་གིས་པེ་ཅིན་གྱི་གལ་ཆེན་རང་བཞིན་སེམས་སུ་གསལ་ལེར་ཤར་སོང་བ་འདྲ། ཡོང་མཁན་མང་དྲགས་པས་པེ་ཅིན་གྱི་གོང་མ་འུ་ཐུག་ནས་ཕྱིས་སུ་བོད་པ་པེ་ཅིན་དུ་ཡོང་བར་ལྷོ་ལམ་དང་བྱང་ལམ་གཉིས་སུ་བཟོས་པ་དང་ལམ་དེ་གཉིས་མ་གཏོགས་གཞན་ནས་ཡོང་མི་ཆོག་པ། པེ་ཅིན་དུ་ཡོང་ན་ཐོག་མར་གོང་མས་ཆོག་མཆན་སྤྲོད་དགོས་པ། ཡོང་ཐེངས་རེར་མི་གྲངས་ག་ཚོད་ལས་བརྒལ་མི་ཆོག་པ་སོགས་ཀྱི་ཚད་བཀག་རབས་དང་རིམ་པ་བཟོས་པ་རེད་ཅེས་འབྲེལ་ཡོད་ཡིག་ཚང་ཁ་ཤས་སུ་གསལ་བོར་བཀོད་འདུག དེ་བས་ངས་པེ་ཅིན་ནས་མཚམས་རེར་ལོ་དེ་དག་ཏུ་ཆོག་མཆན་མ་ཐོབ་པ་དག་གི་གདོང་གི་རེ་ཆད་དང་སེམས་ཁུར་གྱི་རྣམ་འགྱུར་དེར་འཆར་ཡན་བྱ་དུས། ཡིད་དུ་དེ་དུས་ད་ལྟ་ནང་བཞིན་གནམ་གྲུ་ཟེར་བའི་ལྕགས་ཀྱི་གཤོག་པ་ཅན་ཞིག་དང་མེ་འཁོར་ཟེར་བའི་འཁོར་ལོ་མྱུར་མོ་ཅན་ཞིག་མེད་པ་མ་གཏོགས། གལ་ཏེ་ཡོད་ན་སྐབས་དེའི་བོད་པའི་རིག་གནས་པ་དང་མཐོ་རིམ་པ་མང་ཤོས་ཤིག་པེ་ཅིན་ལ་རགས་ལས་ཤོར་བའི་ཆུ་བོ་བཞིན་བཞུར་ཡོང་བ་ངེས་གཏན་རེད་བསམས།
  ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ཡར་སྔོན་གྱི་གནའ་བོའི་མཁར་རྙིང་དེ་ནི་ད་ལྟའི་པེ་ཅིན་དང་བསྡུར་ཐབས་ཡེ་ནས་ཡོད་པ་མ་རེད། དེ་བཞིན་དུ་ད་ལྟ་པེ་ཅིན་དུ་གཞིས་ཆགས་པའི་བོད་པ་དེ་དག་ཀྱང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་རོལ་གྱི་བོད་པ་པེ་ཅིན་དུ་ཡོང་མཁན་དག་དང་བསྡུར་ན། ཞིབ་ཕྲའི་གནས་ཚུལ་ལ་ཧེ་བག་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་། ངས་དུས་རྒྱུན་དུ་པེ་ཅིན་ནས་རང་གི་མེས་པོ་དེ་དག་དྲན་ཡོང་། ཁོང་རྣམ་པའི་ཞལ་རས་ཀྱི་རྣམ་འགྱུར་དང་ཁོང་རྣམ་པའི་པེ་ཅིན་གྲོང་གི་འཚོ་བ་སོགས་ཡང་ཡང་དྲན་ཡོང་། དེ་ལྟ་བུའི་དྲན་ཚོར་གྱི་ཁྲོད་ནས་ངས་ཁོང་ཅག་གི་རྩ་ལམ་ན་བཞུར་བའི་གཉོམ་ཞན་གྱི་ཁྲག་རྒྱུན་ཞིག་དུས་ཚོད་ཀྱི་བར་སྟོང་ལས་མཆོངས་བརྒལ་གྱིས་ངའི་རྩ་ལམ་དུ་འཛུལ་ཡོད་པ་ཚོར་ཅིང་། ངའི་ཁེར་རྐྱང་གི་དྲན་གདུང་དང་། གཉོམ་ཞན་ནུས་མེད་ཀྱི་གཤིས་ཀ ངའི་གཞན་ལ་སྐྱབས་བཅོལ་གྱི་བྲན་གཤིས། དེ་མིན་ངའི་རྨོངས་འཐོམ་དང་། རབ་རིབ། མིག་ནང་གི་མཆི་མ་སོགས་ནི་ཁོང་རྣམ་པའི་ཟུངས་ཁྲག་གི་རྒྱུན་ལས་ངའི་མི་ཚེའི་གོ་རིམ་ཕྲ་མོ་རེ་རེར་སིམ་ཡོད་པ་རྟོགས། པེ་ཅིན་ནས་མི་ཚེ་སྐྱེལ་བའི་ལོ་ཟླ་འདི་དག་ཏུ། ངས་རང་གི་མེས་པོ་ཚོར་ལེ་བདའ་ཡང་ཡང་བྱེད་འདོད་སྐྱེས། ཚོར་བ་དྲག་པོ་འདི་ནི་ཕ་ཡུལ་གངས་ཅན་ལུང་བར་གཞིས་ཆགས་པའི་བོད་པ་དག་ལས་ཀྱང་ལྡབ་འགྱུར་གྱིས་དྲག་ངེས། ཡིན་ན་ཡང་། ངས་འདི་ཡོད་ཚད་ད་ནི་ལྡོག་ཐབས་མེད་པ་ཚོར། ལོ་རྒྱུས་ལ་ལེ་བདའ་ཅི་བྱས་ཀྱང་དེ་ནི་སྟོང་བ་སྟེ། ད་ནི་མེས་པོ་དག་དུར་ཁྲོད་ལས་ཡར་ལངས་ནས་ང་ལ་ཁོང་རྣམ་པའི་སྐབས་དེ་དག་གི་དཀའ་ཁག་དང་གདམ་གསེས་ལ་འགྲེལ་བཤད་ཅི་ཡང་རྒྱག་མི་སྲིད།
  ལྷ་སའི་གྲོགས་པོ་ཞིག་གིས་ང་ལ། ཁྱེད་རང་ནམ་ཞིག་ལ་བོད་དུ་ལོག་འཆར་ཡོད་ཟེར། ངས་ཁོར་ཀྱལ་ཀའི་ཚུལ་དུ་སྐུ་ཉིད་ཀྱིས་རྒྱ་ནག་གི་གཞས་པ་ཝང་ཧྥིན་གྱི་གཞས་《པེ་ཅིན་པེ་ཅིན་》ཟེར་བ་དེར་གསན་མྱོང་ཡོད་དམ་ཞེས་དྲིས། དེ་ལ་ཁོས་ཉན་མྱོང་། སྙན་པོ་དེ་ག་ཙམ་རེད་ཟེར། གྲོགས་པོ་ཁོ་ལས་ལྡོག་སྟེ། ངའི་ཉན་ལམ་དུ་གཞས་དེ་ནི་བླ་སྲོག་གི་གཏིང་དུ་རེག་རེག་བྱེད་ནུས་པའི་གཞས་སྙན་མོ་ཞིག་རེད། དེ་བས་ཀྱང་གཞས་ཚིག་ཏུ་ང་གསོན་ས་ཡང་འདི་ཡིན་ལ། ང་འཆི་ས་ཡང་འདི་ཡིན་ཟེར་བའི་གདངས་མཚམས་དེར་སླེབ་དུས། མཚམས་རེར་ངའི་མིག་མཐའ་རུ་དྲོད་ལམ་ལམ་གྱི་མཆི་ཞགས་འཁོར་ཡོང་། ངས་གྲོགས་པོར་དེའི་སྐོར་ཁ་བརྡ་བྱས་བ་ན་ཁོས་ལན་དུ་གཞས་དེའི་ཚིག་ག་ཤེད་ཅིག་ཏུ་གལ་ཏེ་ང་ཉིན་ཞིག་མི་བྲལ་རང་དབང་མེད་པར་གྱུར་ཚེ། ཁྱེད་ཀྱིས་ང་རང་འདིར་གར་དུར་སྦས་བྱེད་རོགས་ཟེར་བ་དེ་བཞིན་ཉིན་ཞིག་ཚེ་ཡི་འདུ་བྱེད་སྟོངས་ན། ཁྱེད་རང་པེ་ཅིན་དུ་དུར་སྦས་བྱ་རྒྱུ་ཡིན་ནམ་ཟེར། དེ་ལ་ངས་ལན་མ་རྙེད་པར་ལུས་སོང་། འདི་ལྟ་བུའི་དྲི་བ་ལ་པེ་ཅིན་དུ་འཚོ་བ་རོལ་བའི་བོད་པ་མང་པོ་ཞིག་གིས་ང་ལྟར་ལན་རྙེད་མི་སྲིད། ཡང་ན་དྲི་བ་འདི་ལ་གདོང་གཏད་འདོད་མི་བྱེད་པར་གཡོལ་ངེས་ཡིན། སྣང་ཚུལ་འདི་ལས་རྗེན་པར་མངོན་པའི་ངོ་བོ་ཞིག་ནི་སྲིད་འདིའི་བྱེས་པ་ཀུན་ལ་ཐུན་མོང་དུ་མངའ་ཞིང་བསམ་པའི་བརྩེ་ཞེན་གྱི་ཟབ་ས་ཞིག་ན་བག་ལ་ཉལ་ཡོད་པའི་སེམས་འདུན་ཞིག་སྟེ། ཆེས་མཐའ་མར་རང་གི་སྐྱེས་ཡུལ་དུ་ཕྱིར་ལོག་འདོད་པ་དེ་ཡིན་སྲིད། ཡིན་ན་ཡང་བྱེས་བ་མང་པོ་ཞིག་གི་བསམ་འདུན་ནི་ཇི་བཞིན་དུ་མངོན་འགྱུར་བྱུང་མི་སྲིད་པ་འདྲ། པེ་ཅིན་ནས་ང་མཚམས་རེར་བོད་པ་རྒན་རབས་པ་རེ་ཟུང་གི་འདས་མཆོད་དུ་མྱ་ངན་ཞུ་རུ་འགྲོ་མྱོང་ཡོད། ཁོ་ཚོ་ནི་བོད་བཅིངས་འགྲོལ་ཐོབ་པའི་རྗེས་ནས་པེ་ཅིང་དུ་ཡོང་བའི་མི་རབས་དང་པོ་དེ་དག་ཡིན། ཆོས་ཀྱི་སྒྲ་དབྱངས་མེད་ཅིང་བསང་དུད་ཀྱི་དྲི་མ་མེད་པའི་འདས་མཆོད་དེ་ཅི་འདྲའི་སྟབས་བདེ་ཨང་། དེ་དུས་དུས་ནམ་ཞིག་ལ་རང་ཉིད་ཀྱང་འདི་ལྟར་རྒྱུས་ཡོད་ཡོད་འདྲ་ཡང་མཐར་གཏུགས་ན་རྒྱུས་ཅི་ཡང་མེད་པའི་ས་མཐའི་གྲོང་ཁྱེར་འདི་ནས་རྣོ་ལྕགས་ཀྱི་སྲེག་ཐབ་ཏུ་ཐལ་བ་སྤར་མོ་གང་དུ་བསྲེགས་ངེས་བ་དྲན་ན། ངའི་སེམས་ཀྱི་ག་ཤེད་ཅིག་ཏུ་ཟུག་གཟེར་བཟོད་དུ་མེད་པ་ཞིག་ལངས་ཡོང་།
  རྒྱུས་མེད་ཚུལ་ལབ་ན། པེ་ཅིན་ལ་གྲོང་ཁྱེར་ཆེན་པོར་དམིགས་སུ་མངའ་བའི་བརྩེ་མེད་ཀྱི་རྣམ་འགྱུར་དེ་ལྡན་ཏེ། མི་ཚོགས་ཁྲི་མ་འབུམ་ཀྱི་འདུ་འཛི་རྒོད་ན་ཡང་དེ་ནི་ཁྱེད་དང་འབྲེལ་བ་མེད་ཅིང་། མི་དེ་དག་ཁྱེད་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་ལམ་ལ་སྣོལ་མཚམས་ཏོག་ཙམ་ཡང་ཡོད་མི་སྲིད། བརྒྱ་ལ་རེ་གཉིས་ཤིག་ཡོད་སྲིད་ན་ཡང་ཁ་ཕར་འཁོར་ཙམ་གྱིས་རྒྱུས་མེད་པར་ཆགས་སླ། འདི་ནི་གྲོང་ཁྱེར་ཏེ། འདི་རུ་ལོ་བཅུའི་ཁྱིམ་མཚེས་ཡིན་ཀྱང་ངོ་མི་ཤེས། འདི་རུ་མི་དང་མིའི་དབར་དུ་འཛེམ་དོགས་ཆེ་ཞིང་། འདི་རུ་འཇིག་རྟེན་རྒྱ་ཅི་འདྲ་ཆེ་ན་ཡང་ཁྱེད་ཀྱི་འཇིག་རྟེན་དེ་ལྟར་ཇེ་ཆུང་དུ་གྱུར་ནས་མཐའ་མར་ཁྱེད་ལ་དབང་བའི་ཁང་མིག་དོག་མོ་དེ་ལས་ཅི་ཡང་ལྷག་མེད། འདི་རུ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་ཀྱི་འཕོ་འགྱུར་དེ་གོས་སྒམ་ནང་གི་གོས་ལྭའི་སྲབ་མཐུག་གི་བདམས་ཀར་གྱུར་ཡོད། ངས་འདི་ལྟར་པེ་ཅིན་གྱི་བོད་པ་དག་ལ་འཚོ་བའི་ཚོར་སྣང་ལབ་གླེང་བྱ་དུས། ཁོ་ཚོ་མང་ཆེ་ཤོས་ཀྱིས་མོས་མཐུན་ཡོད་པར་སྨྲ། ད་དུང་ཁ་སྣོན་གྱི་ཚུལ་དུ་པེ་ཅིན་དུ་དུས་ཚོད་ཅི་འདྲའི་མགྱོགས་ཨང་ཟེར། གལ་ཏེ་པེ་ཅིན་ནི་མུ་མེད་ཀྱི་བྱེ་ཐང་ཆེན་པོ་ཞིག་ཡིན་ཚེ། དུས་ཚོད་ནི་ཐོགས་རེག་མེད་པར་གང་མྱུར་གྱིས་རྒྱུ་བའི་རླུང་ཤ་དེ་ཡིན་ལ། རླུང་ནང་ན་ཁེར་རྐྱང་གིས་འདུར་རྒྱུགས་བྱེད་བཞིན་པའི་སྤྱང་ཀའི་སྣང་བརྙན་དེ་ནི་པེ་ཅིན་གྱི་བོད་པ་ཡིན་ངེས། སྤྱང་ཀི་དེ་དག་གིས་བྱེ་ཐང་གི་བྱེ་བ་ཕྲག་བརྒྱའི་བྱེ་རྡུལ་གྱི་གསེང་ལ་སྣོམ་བཞིན་རང་གི་རིགས་མཐུན་གྱི་དྲི་མ་འཚོལ། ལས་གྲོལ་གྱི་བར་གསེང་ནས་འཚོལ་ཅིང་གཟའ་མཇུག་གི་ཁོམ་སྐབས་སུ་འཚོལ། མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་རོལ་ནས་གོང་མའི་དབུ་བླ་ཡིན་ཟེར་མཁན་དེ་དག་གིས་དེ་རིང་གི་བོད་པ་འདི་དག་དང་མཚུངས་བར་འདི་ལྟར་རིགས་མཐུན་སྤུན་ཟླ་དག་དང་མཉམ་འཛོམས་ཀྱི་གོ་སྐབས་བཙལ་མྱོང་ཡོད་མེད་མི་རྟོགས་ཀྱང་། ད་ལྟའི་པེ་ཅིན་གྱི་བོད་པས་ནི་འདི་ལྟར་ཕན་ཚུན་བཙལ་ནས་མཉམ་འཛོམས་ཡང་ཡང་བྱེད་ཅིང་། དེ་ལྟའི་མཉམ་འཛོམས་ཀྱི་དུས་ཚོད་དུ་ཡུན་རིང་ལ་ཡལ་ཟིན་པའི་གདོང་གི་འཛུམ་རིས་སླར་ཡང་བཞད་སྲིད་པ་དང་། ཡུན་རིང་གྲེ་བ་ནས་འཇགས་ཟིན་པའི་གནའ་བོའི་གླུ་གཞས་དེ་སླར་ཡང་གྲགས་ཡོང་། བར་ཐག་མེད་པའི་ཀུ་རེ་དང་། སྙིང་ཉེ་བའི་གཏམ་གླེང་། བག་དྲོ་བའི་དགོད་སྒྲ་སྟེ། དེ་བས་ཀྱང་ཞིམ་མངར་གྱི་ནས་ཆང་སྔོན་མོ། བཅུད་ལྡན་གྱི་ལུག་ཤ་ཚོན་པོ། སྦྲང་དཀར་གྱི་རྩམ་པ་སོགས་ལ་རོལ། ང་ཚོས་དར་ཅིག་ལ་སྒེའུ་ཁུང་ཕྱི་རོལ་གྱི་འཇིག་རྟེན་དེ་ཕ་ཡུལ་གངས་ལྗོངས་ལུང་པ་དང་ལེ་བར་སྟོང་ཕྲག་གིས་ཆོད་པའི་པེ་ཅིན་ཡིན་པ་རྨང་ནས་བརྗེད། སྣང་བ་ཞིག་ལ་ང་ཚོ་ཚང་མ་ལྷན་དུ་ཡུན་རིང་གྱེས་པའི་ཕ་ཡུལ་དུ་ལོག་ཡོད་པའི་ཉམས་སྣང་སྐྱེས། མཚན་གྱི་གློག་སྒྲོན་གྱི་འོད་འཁྱུག་པའི་སྣང་བ་རབ་རིབ་ཀྱི་ཁྲོད་དུ། པེ་ཅིན་གྱི་བོད་པའི་གདོང་དུ་དམར་མདངངས་རྒྱས་ཤིང་མིག་ཀོང་དུ་མངོན་ཆུང་གི་གཤེར་ཁུ་ཞིག་ལ་འོད་འཁྱུག་ཙམ་འཁྱུག་ཙམ་བྱེད།
  པེ་ཅིན་གྱི་དུས་ཚོད་དངོས་གནས་མགྱོགས་པོ་འདུག དང་ཐོག་འདི་གར་གནས་བཅའ་བའི་བོད་པའི་ན་ཆུང་དེ་ད་ནི་དར་མར་གྱུར་འདུག་ཅིང་དང་ཐོག་དར་མའི་བཟོ་ཡོད་པའི་སྐྱེས་བུ་དེ་ད་ནི་རྒ་བའི་ཁུར་གྱིས་མནན་འདུག ཡུན་རིང་ཕན་ཚུན་ཞལ་མཇལ་མ་བྱུང་བའི་པེ་ཅིན་གྱི་བོད་པ་དག་ཉེ་གྲོགས་སམ་ཡང་ན་ཉེ་གྲོགས་ཀྱི་བུ་བུ་མོའི་གཉེན་སྟོན་སོགས་ནས་འཕྲད་དུས། ཕན་ཚུན་གྱི་འགྱུར་ལྡོག་དེ་གླེང་གཞིར་འགྱུར་ངེས་ཤིང་། དེ་ལྟ་བུའི་སྙིང་ཉེ་ཉེའི་འཚམས་འདྲིའི་ནང་དུ་དུས་ཚོད་ལ་འུ་ཐུག་པའི་ལེ་བདའ་ཞིག་དང་འགྱུར་ལྡོག་ལ་ངོ་མཚར་བའི་སྐད་ཆ་ཞིག་འདྲེས་ཡོད། རེད་ཨང་། ཞིབ་ཏུ་དོ་སྣང་བྱས་ཚེ་ཁོང་རྣམ་པའི་མིག་ཟུར་དུ་ཉ་མོའི་མཇུག་རྫིའི་རི་མོ་བབས་ཡོད་ཅིང་། ནག་ཅིང་སི་ལིར་འཁྱིལ་ཡོད་པའི་མགོ་སྐྲའི་གསེབ་ཏུ་སྐྲ་དཀར་གྱི་ཉག་མ་ཐ་ཐོར་མངོན་ཡོང་། ཁོང་ཅག་གིས་ཧ་ཅང་འདྲི་ཤེས་དང་བབ་བསྟུན་གྱིས་གཉེན་སྟོན་གྱི་མནའ་མའམ་མག་པ་བོད་རིགས་ཡིན་མིན་རྩད་གཅོད་ཅིང་། གལ་ཏེ་གཉིས་ཀ་རིགས་རུས་དམ་སྲུང་བྱས་པའི་བོད་པ་ཡིན་པ་རྟོགས་ཚེ་གདོང་ལ་ཡིད་ཚིམ་པའི་མཛུམ་མདངས་དང་བཅས་ཏེ་རྟེན་འབྲེལ་ཡང་ཡང་ཞུ་ཞིང་། ངག་ནས་པེ་ཅིན་ནས་བོད་པའི་མནའ་མའམ་མག་པ་འཚོལ་རྒྱུ་ནི་ཅི་འདྲའི་ཁག་པོ་རེད་ཨང་ཟེར། ཡང་མཚམས་རེར་གཉེན་སྟོན་གྱི་ཆོ་གའི་མགྲོན་ཤོག་ཏུ་མནའ་མའམ་མག་པའི་མིང་དེ་བོད་མིང་མ་ཡིན་པ་མཐོང་སྐབས་ཕངས་སེམས་ཤིག་དང་བསྡོངས་ནས་ཧ་ཅང་དཀྱེལ་ཡངས་ཀྱིས་ཕྱི་གླིང་བ་ཞིག་མིན་ན་དེ་གས་འགྲིག་སོང་ཟེར། དེ་ལྟ་བུའི་འདུ་འཛོམས་ནི་ཡུན་ཐུང་བ་ཞིག་སྟེ། ཐ་ན་ལྷོད་ལྷོད་ཀྱིས་སེམས་གཏམ་དྲོན་མོ་ཞིག་ཀྱང་བཤད་ཁོམ་མ་བྱུང་། ཁོང་ཚོའི་བོད་ལྭ་གྱོན་ནས་དུས་སྟོན་གྱི་གཟབ་འཕྱོར་སྤྲས་ཡོད་བའི་རྒྱབ་གཟུགས་དེ་མཚན་གྱི་སྨག་རིམ་གྱི་ཐུ་འོག་ནས་གློག་སྒྲོན་དཀར་སེར་དམར་ལྗང་ཁྲ་ཚོམ་གྱིས་ཤར་བའི་པེ་ཅིན་གྱི་ལམ་མདོའི་ཕྱོགས་ཤིག་ཏུ་སྣང་མེད་དུ་ཡལ་འགྲོ ཁོ་ཚོ་དེ་ལྟར་ཡལ་རྗེས་ཡང་བསྐྱར་ཕན་ཚུན་ལ་དུས་ཚོད་ག་དུས་ཤིག་ལ་འཕྲད་ཐུབ་པར་གདེང་ཚོད་ཅི་ཡང་མེད། ཁོ་ཚོ་དེ་ལྟར་པེ་ཅིན་གྱི་མི་ཚོགས་ཁྲོད་དུ་ཡལ་བ་ནི་ཆུ་ཐིགས་ཤིག་རྒྱ་མཚོར་འདྲེས་པ་དང་མཚུངས་སྟེ། ཁྱོད་ཀྱིས་འདོད་ཡོན་ཁ་ལུད་པའི་གྲོང་ཁྱེར་ཆེན་པོ་འདིའི་འདུ་འགོད་ཀྱི་ཀློང་ནས་བོད་པ་ཞིག་ལ་དུས་ཆད་མེད་པའི་ལམ་མཇལ་ཡོང་པའི་རེ་བ་མ་བཅངས། འདི་གའི་བོད་པ་ནི་རིགས་གཞན་པའི་མི་ཚོགས་ཀྱི་མཚོ་གཏིང་དུ་ནུབ་པའི་ཉ་མོ་རེ་རེ་སྟེ། མཚམས་རེར་མཚོ་ཁར་བུད་ནས་དབུགས་ཀྱི་འབྱིན་རྔུབ་ཙམ་བྱེད་ཅིང་། མཚོ་ངོས་སུ་ཁོང་ཅག་གསོན་ཡོད་པའི་རྟགས་སུ་ཝུ་བ་སྒོར་མོ་རེ་འཛུམ་ཡོང་ངེས། འཛུམ་ཡོང་བའི་ལྦུ་བ་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། ལྦུ་བ་དེ་མེ་ཏོག་དང་མཚུངས་བར་པེ་ཅིན་གྱི་བོད་པ་ཀུན་གྱི་སེམས་ཁོངས་བཞད་སྲིད་དེ། ལྦུ་བ་ལས་གྲོལ་ཡོང་བ་ནི་མི་རབས་རྒན་དར་གཞོན་གསུམ་གྱི་གྲས་ན་ལྷང་ལྷང་གྲགས་ཡོང་བའི་བོད་པ་རེ་ཡིན་ཞིང་། བོད་པ་དེ་དག་གིས་ལས་རིགས་མི་གཅིག་པའི་ཁྱབ་ཁོངས་རེ་རེ་ནས་གཡུར་དུ་ཟ་བའི་འབྲས་བཟང་བླངས་ཏེ། ཕ་ཡུལ་གངས་ལྗོངས་ལུང་པའི་སྤུན་ཟླ་དག་ལ་ལེགས་སྐྱེས་སུ་བསྐུར་བཞིན་ཡོད།
  སྤྱི་ལོ་༡༦༤༤ལོར། དུས་ཡུན་རིང་པོར་ཀྲུང་གོའི་བྱང་ཤར་གྱི་ཡུལ་གྲུར་ཕྱུག་འཚོས་ཤིང་ཞིང་བཏབ་ནས་འཚོ་བ་རོལ་པའི་མན་ཇུའི་རིགས་ཀྱིས་མིང་རྒྱལ་རབས་ཀྱི་མངའ་ཁོངས་ཀྱི་བྱང་གི་འགག་སྒོ་གཏོར་ཏེ། ཁྲབ་རྨོག་འཁོར་གསུམ་གྱི་སིང་སྒྲ་དང་ཅང་ཤེས་རྟ་མཆོག་གི་རྨིག་སྒྲའི་ཁྲོད་ནས་པེ་ཅིན་མཁར་གྱི་མིས་ཧ་མི་གོ་བའི་སྐད་རིགས་བཤད་བཞིན་ཀྲུང་གོའི་འཛིན་མར་དབང་བསྒྱུར་བའི་སྲིད་དབང་བཙུགས། དེ་ནི་གནའ་མཁར་འདིའི་བདག་པོར་གྱུར་བའི་གྲངས་ཉུང་མི་རིགས་གཉིས་པ་སྟེ། མན་ཆིན་རྒྱལ་རབས་རེད། ༡༦༥༢ལོར། དགེ་ལུགས་པའི་བླ་ཆེན་རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་མན་ཆིན་གོང་མའི་གདན་ཞུ་བཞིན་ལྷ་ས་ནས་པེ་ཅིན་དུ་འབྱོར། མན་ཆིན་གོང་མར་གུས་ཕྱག་ཕུལ། ད་ལྟ་ཡང་ཕོ་བྲང་པོ་ཏ་ལའི་ལྡེབས་བྲིས་སུ་གྲངས་མི་རིགས་གཉིས་ཀྱི་བླ་དཔོན་འདི་གཉིས་པེ་ཅིན་ནས་ཞལ་མཇལ་བའི་རྣམ་པ་རི་མོར་བྲིས་ཡོད་དེ། རི་མོའི་ནང་དུ་སྐྱ་སེར་འདི་གཉིས་ཉི་ཟླ་ཁ་སྤྲོད་ཀྱི་ཚུལ་གྱིས་སོ་སོའི་འཁོར་ཀྱི་གྲལ་མགོ་ན་བཞུགས་ཤིང་། བོད་པའི་ཕྱི་རབས་པ་དག་གིས་རི་མོ་འདིའི་ནང་གི་མི་སྣ་གཙོ་བོ་གཉིས་ཀྱི་ཁྲི་ལ་མཐོ་དམའ་ཨེན་ཙམ་ལས་ཤོར་མེད་པ་དེ་གཟི་བརྗིད་ཅིག་ཏུ་བརྩིས་ནས། མཐོ་སར་འཚོ་བའི་བོད་པའི་རང་བྱུང་ལྷུན་གྱིས་གྲུབ་པའི་རང་མཐོ་རང་ཆེའི་ངོ་སོ་དེར་སྲུང་སྐྱོབ་བྱེད། ཡིན་ན་ཡང་། ངས་པེ་ཅིན་གྱི་གནའ་བོའི་མཁར་རྙིང་གི་ངུར་སྨིག་མདོག་གི་མཁར་གྱང་མཐུག་པོ་དེར་ལག་པས་རེག་རེག་བྱ་དུས། འཁྱག་གྲང་གྲང་གི་བདེན་ལུགས་ཤིག་ངའི་སྐྱི་ལྤགས་བརྟོལ་ནས་དབང་རྩར་སིམ་ཡོང་བ་དང་། ང་ལ་དབང་མེད་དུ་འཁྱག་འདར་ཕྲན་བུ་རེ་ཐེབས་ཡོང་། ཕྱིས་འབྱུང་གི་བོད་པའི་ལོ་རྒྱུས་ཀྱི་དེབ་ཐེར་དེ་དག་ནི་ང་ཚོའི་མེས་པོ་དག་གི་ཉམས་ཆུང་ནུས་མེད་དང་། མིག་རྒྱང་ཐུང་ལ་ཕྱོགས་རིས་འཐེན་འཁྱེར་ཆེ་ཞིང་། སྙིང་སྟོབས་ཀྱི་དཔུང་བ་ཕྲ་བའི་སྐྱོན་གྱི་རྐུབ་རལ་བ་དེ་འགེབས་པར་བྱེད་པའི་ལྷན་པ་ཙམ་རེད། ལྷན་པ་དེ་གསེར་སྐུད་ཀྱིས་བཙེམས་ཤིང་དངུལ་གྱི་ཕྲ་རྒྱན་གྱིས་སྤུད་ཡོད་པས། དེ་རིང་ང་པེ་ཅིན་དུ་བསྡད་ནས་ལོ་རྒྱུས་ཀྱི་ཡིག་ཚང་དེ་དག་བཀླགས་དུས་ཀྱང་རང་སེམས་རང་གིས་མ་མནན་ན་གླེན་རྨོངས་ལས་བྱུང་བའི་ང་རྒྱལ་གྱི་ཚ་རླབས་ཤིག་སེམས་ཁོངས་སུ་མཆེད་ཡོང་། རེད་ཨང་། ང་ཚོའི་ལོ་རྒྱུས་ནི་དུས་ནམ་ཡང་འོད་སྟོང་འབར་བ་ཞིག་རེད། ལྷན་པ་ཞིག་མ་རེད། འོན་ཀྱང་པེ་ཅིན་གྱི་རྔམས་ཁ་མཐུག་པའི་མཁར་གྱང་གིས་ངའི་སེམས་ཀྱི་དྲོད་རླབས་འཁྱག་པོར་བསྒྱུར་སོང་། འོད་སྟོང་ཅི་འདྲ་ཆེ་རུང་། དེ་ནི་ཉི་མའི་འོད་མ་ཡིན། ཉི་ཟླ་ཁ་སྤྲོད་ཀྱི་ཚུལ་གྱིས་བཞུགས་ན་ཡང་། ཉི་མ་ནི་ཉི་མ་ཡིན་ཞིང་། ཟླ་བ་ནི་ཟླ་བ་རེད། ཉི་མའི་འོད་སྣང་གི་ཀློང་ནས་སུ་ཞིག་གིས་ཟླ་བ་མཐོང་མྱོང་ངམ། ཡིན་ན་ཡང་། ལོ་རྒྱུས་དེབ་ཐེར་དུ་ང་ཚོའི་མེས་པོ་ཚོར་ཧ་ལས་དགོས་པའི་རང་རློམ་ཞིག་དང་ཁྱད་མཚར་བའི་ང་རྒྱལ་དོ་ཟླ་མེད་པ་ཞིག་འདུག རང་རློམ་དེས་ཅི་ཞིག་བརླགས་སོང་ངམ། ང་རྒྱལ་དེས་ཅི་ཞིག་བོར་སོང་ངམ།
  ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ཡར་སྔོན་གྱི་བོད་པ་དག་དང་མི་མཚུངས་པར། ད་ལྟའི་པེ་ཅིན་དུ། ང་རང་ཚོད་ཚོད་ལ་ཕམ་ཁས་མནར་ཡོང་། པེ་ཅིན་གྱི་རྒྱ་ཆེ་བ་དང་གཏིང་ཟབ་པ་དེ་དག་གིས་ངས་རང་ཉིད་ཀྱི་གུ་དོག་ཅིང་གཏིང་སྲབ་པ་དེ་མཐོང་བྱུང་། པེ་ཅིན་གྱི་རུས་གསེང་དུ་རྐང་ལྟར་ལྷུན་གྱིས་གྲུབ་ཡོད་པའི་རང་རྟོན་དང་འདོད་ཡོན་གྱིས་ངས་རང་ཉིད་ཀྱི་རང་དམན་དང་དབུལ་ཕངས་ཚོར་བྱུང་། ལོ་རྒྱུས་སུ་བྲིས་པའི་བླ་མེད་ཀྱི་དབང་ཆ་དེ་དག་གི་མཚོན་རྟགས་ཀྱིས་ང་ལ་དཔུང་བ་སྦོམ་པོ་ཞིག་གི་ངར་ཤུགས་ངོམས་ཤིང་། གྲོང་ཁྱེར་འདིའི་འགྲོ་འཆག་ཉལ་འདུག་གི་གོ་རིམ་དུ་བསམ་མེད་དུ་མངོན་ཡོང་བའི་རྒྱལ་ཆེན་གོང་མ་དག་གི་རྒྱས་སྤྲོས་ཀྱི་ཁ་དོག་ཅིག་གིས་ང་རང་ལ་འབངས་ཞེས་བ་དང་མི་སེར་ཞེས་བའི་ཐ་སྙད་དེའི་བསྟན་དོན་ལ་གསལ་འདེབས་ཡང་ཡང་བྱས་ཡོང་། འདི་ལྟར་པེ་ཅིན་ནས་སྡོད་པའི་བོད་པ་དག་གིས་ད་ནི་ངེད་ཅག་གི་མེས་པོ་ཚོའི་ལོ་རྒྱུས་སུ་མངོན་ཡོང་བའི་རང་རློམ་དེ་དང་ང་རྒྱལ་དེ་རྒྱུད་འཛིན་བྱེད་ཐུབ་མི་སྲིད་པ་འདྲ། དགོངས་དག ང་ཚོ་མཚམས་རེར་ཕ་ཡུལ་གངས་ལྗོངས་ཕྱུག་མོར་འཁོར་ཞག་ཏུ་ལོག་དུས། གཞིས་པ་དག་གི་ཁྲོད་དུ་ད་དུང་ཡང་སྤྱི་ལོ་༡༦༥༢ལོའི་པེ་ཅིན་གྱི་ཁྲི་དེ་གཉིས་ལ་མཐོ་དམའ་ཨེན་ཙམ་ལས་མེད་ཚུལ་རྩོད་མཁན་འདུག མེས་པོ་དག་གི་རང་རློམ་དང་ང་རྒྱལ་དེ་ད་དུང་ཡང་ཁོ་ཚོའི་ངར་ཤུགས་ཀྱིས་ཁེངས་བའི་སྐད་སྒྲའི་རྒྱབ་རྩར་ལངས་འདུག དེ་ནི་ལྷན་པ་དེའི་དགེ་མཚན་རེད། ཡིན་ན་ཡང་། དེ་ནི་བོད་པའི་གྱོང་གུད་ཡིན་སྲིད་ཨང་།
  པེ་ཅིན་གྱི་བོད་པ་དག་གིས་ཕལ་ཆེར་ཚོད་ཚོད་ལ་ཕམ་སྲིད་པའི་སེམས་གཅོང་དེ་ཡང་རྐྱེན་ངན་གྲོགས་སུ་ཤར་སྲིད་པའི་གནས་ལུགས་ལ་ངེས་ཤེས་གསལ་ཐག་ཆོད་ཅིག་འདྲོངས་ཡོད་ངེས་ཤིང་། མ་མཐའ་ཡང་དེ་ནི་རང་རློམ་སྟོང་བ་དེ་དང་ང་རྒྱལ་གསོབ་གསོབ་དེ་ལས་ལྡབ་འགྱུར་གྱིས་དགེ་མཚན་ཆེ་བ་རྟོགས་ཡོད་སྲིད། དེར་བརྟེན། ད་ལྟའི་པེ་ཅིན་གྱི་བོད་པ་དག་ནི་ཧུར་བརྩོན་གྱིས་འཚོ་བ་ཤ་སྟག་རེད། ཁོང་ཅག་གི་དུས་ཚོད་དང་འཚོ་བ་ལ་འཆར་འགོད་དང་ཞིབ་ཆ་ལྡན་ལ། བྲེལ་སྣང་གིས་ཁེངས་པའི་ཚོར་བ་ཞིག་གིས་ལུས་སེམས་གཉིས་ཆར་ངལ་དུབ་ཀྱིས་གཙེས་ཀྱང་། དུས་ཚོད་ལ་བརྩོན་བསྲིས་ཆེ་ཞིང་། ཚེ་སྲོག་ལ་རིན་ཐང་ཆེ་བའི་སེམས་གསོ་ཞིག་གིས་ཡོད་ཚད་ལ་དབུགས་དབྱུངས་བར་བྱེད་ཐུབ། པེ་ཅིན་ནས་འདི་ལྟར་འཚོ་དུས་ང་མཚམས་རེར་དབྱར་གྱི་ཚ་གདུགས་ཀྱིས་བསྲེགས་ནས་གཞོབ་ལ་ཁད་བྱེད་ཅིང་། དགུན་གྱི་གྲང་རེག་གིས་འཁྱག་ནས་རེངས་ལ་ཁད་བྱེད། དབྱར་དགུན་གཉིས་ཀྱི་མཚམས་ནས་དུག་སྨུག་གིས་དབུགས་བཅད་ནས་ཤི་ལ་ཁད་བྱེད། སྐབས་དེ་དག་ཏུ། ང་ལ་གནས་འདི་ནས་བྲལ་ཏེ་ཕ་ཡུལ་ལོག་འདོད་པའི་འདུན་པ་འགོག་མེད་ཅིག་སྐྱེས་ཡོང་། ཡིན་ཡང་སེམས་འདུན་དེ་དུག་སྨུག་དྭངས་ནས་འགྲོ་བ་དང་བསྟུན་ནས་སེམས་འགོ་ནས་རང་ཡལ་དུ་གྱུར་འགྲོ། ངས་ད་ལྟ་ད་དུང་ཡང་ང་འདི་ལྟར་པེ་ཅིན་དང་གྱེས་མི་འདོད་པའི་རྒྱུ་རྐྱེན་ཅི་ཡིན་ལ་ཁ་གསལ་གྱིས་ལན་འདེབས་མི་ཐུབ། གལ་ཏེ། ཉིན་ཞིག་ང་གྲོང་ཁྱེར་ཆེན་པོ་འདི་དང་ཁ་བྲལ་ནས་ཕྱིར་ལོག་པ་ཡིན་ན། རྒྱུ་རྐྱེན་གཙོ་བོ་ནི་གོང་དུ་བརྗོད་པའི་དུས་ཚིགས་དང་གནམ་གཤིས་ཀྱི་ཕྱི་རྐྱེན་དེ་དག་ཡིན་མི་སྲིད་སྙམ། དེ་དག་ལ་ཅི་འདྲ་མི་གོམས་ཀྱང་། དེ་དག་གིས་ངའི་འབྱུང་གཞིའི་གཟུགས་པོ་འདི་ལ་གནོད་ཙམ་སྐྱེལ་བ་ལས། ང་བོད་པ་ཡིན་པའི་ཐོབ་ཐང་དང་། ང་བོད་པ་ཡིན་པའི་སེམས་པ་འདི་ལ་རྨ་ཁ་ཏོག་ཙམ་ཡང་བཟོ་མི་ཐུབ།
  པེ་ཅིན་གྱི་མཚན་མོར། ངས་ཚུར་ཡོང་བའི་རླངས་འཁོར་གྱི་ཐོད་པ་རུ་གློག་འོད་དཀར་ལམ་ལམ་འཚེར་བ་དང་། ཕར་བསྐྱོད་པའི་རླངས་འཁོར་གྱི་རྐུབ་ཏུ་གློག་འོད་དམར་འཚུབ་འཚུབ་བྱེད་པ་མཐོང་། དེ་ནི་བཞུར་བཞིན་པའི་འཇིག་རྟེན་ཞིག་སྟེ། འོད་ཀྱི་གཙང་བོ་དཀར་དམར་གཉིས་ཀྱི་རྒྱུན་རེད། ངས་རང་གི་བུ་ཆུང་ལ་ལག་གདེང་སྦྲེལ་ནས་ལམ་འགྲམ་ནས་བསྐྱོད་དུས། གཙང་བོ་དམར་པོ་དེས་ངའི་ལང་ཚོ་དང་རྨི་ལམ་འཁུར་ནས་མི་ལྡོག་པའི་རྒྱང་དུ་འཕྱན་ནས་རིང་དུ་ཡལ་བ་དང་། གཙང་བོ་དཀར་བོ་དེས་ངའི་བུ་ཆུང་གི་མི་ཚེ་འཁྱེར་ཏེ་མདུན་ཐད་དུ་ལྷགས་ཡོང་། དེ་དུས་ངའི་བུ་ཆུང་གིས་ང་ལ་རྒྱ་སྐད་ཀྱིས་ཁོའི་མཚར་སྣང་གི་དྲི་བ་དྲིས་བྱུང་། ངས་ཁོའི་མགོར་ཐལ་ལྕག་གིས་ཡང་མོར་གཞུ་ཙམ་བྱས་པ་ན། ཁོས་དེ་མ་ཐག་སད་རྟོགས་ཅི་ཞིག་བྱུང་སོང་བ་ལྟར་ལུས་པོ་དྲང་མོར་བསྡད། རྣམ་འགྱུར་གཟབ་ནན་ཏུ་བཏང་ནས། མགོ་བོ་གཡས་སུ་གཅུ་ཙམ་བྱས་ཤིང་། དེ་ནས་ང་ལ་བོད་སྐད་བཤད་བྱུང་། འདི་ནི་ངས་རང་གི་བུ་ཆུང་ལ་བསླབས་པའི་གསལ་འདེབས་ཤིག་སྟེ། མགོ་བོ་གཡས་སུ་གཅུས་རྗེས་བོད་སྐད་རྐྱང་རྐྱང་བཤད། མགོ་བོ་གཡོན་ཏུ་གཅུས་ན་རྒྱ་སྐད་རྐྱང་རྐྱང་བཤད། གཡས་ནི་བོད་དང་གཡོན་ནི་རྒྱ། བོད་སྐད་རྒྱ་སྐད་མི་འདྲེས་སོ།། འདི་ནི་འུ་ཐུག་པའི་ཐབས་ཤེས་ཤིག་སྟེ། ངའི་ཐལ་ལྕག་ཡང་མོ་དེ་དང་བུ་ཆུང་གི་མགོ་བོ་གཡས་སུ་གཅུས་པའི་བྱ་སྤྱོད་འདིར་མི་རིགས་ཤིག་གི་མ་འོངས་པའི་རེ་བ་བཅོལ་ཡོད། གལ་ཏེ། ནམ་ཞིག་ལ། ང་པེ་ཅིན་དང་གྱེས་ནས་བོད་དུ་ལོག་པ་ཡིན་ན། དེ་ཡང་ངའི་ཐལ་ལྕག་གི་གསལ་འདེབས་ལ་གོ་ཆོད་མེད་པར་གྱུར་བ་དང་ངའི་བུ་ཆུང་གི་མགོ་གཡས་གཅུས་གཡོན་གཅུས་ཅི་བྱས་ཀྱང་བོད་སྐད་ཀྱི་སྐུད་ལམ་མེད་པ་དེ་ཡིན་སྲིད།
  འདིའི་ངོས་ཐད་ནས། པེ་ཅིན་གྱི་བོད་པ་ཀུན་ལ་གཅིག་མཐུན་གྱི་སེམས་ཁྲལ་ཞིག་ཡོད་སྲིད་དེ། དེ་ནི་ཚང་མ་པེ་ཅིན་གྱི་ལག་མཐིལ་དུ་ཞུ་བའི་ཁ་བ་རྡོག་པོ་དེ་བྱ་འདོད་མེད་ཅིང་། ཚ་གདུག་ནང་གི་མར་རྡོག་དེ་བྱ་འདོད་མེད། གལ་ཏེ། ནམ་ཞིག་ལ་ཁ་བ་བཞིན་མ་ཞུ་རང་ཞུ་ཡིན་དུས་ཀྱང་། ཞུ་ས་དེ་ས་མཐོའི་ཕ་ཡུལ་དེ་ཡིན་ན་བསམ། ཞུ་ཟིན་པའི་གཤེར་གཟུགས་ཀྱིས་ས་མཐོའི་མྱུ་གུ་ཞིག་ལ་བརླན་གཤེར་གྱི་འཚོ་བཅུད་རེ་ཡིན་རུང་བསྟབས་ཐུབ་ན་བསམས།
                                   ༢༠༡༥ལོའི་སྤྱི་ཟླ༡༢པའི་ཚེས༡༨ཉིན་པེ་ཅིན་ནས་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། པེ་ཅིན་གྱི་བོད་པ།

2015-12-19 ལྷ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།