འབྲོག་སྐྱ་བོའི་སྙན་ངག་གསར་བ་བདམས་བཀོད།


image2.JPG

 
  ངའི་མིང་ལ་གྲུབ་པོ་ཟེར། དེ་ནི་ཨ་མས་ང་ལ་བཏགས་པའི་གཅེས་མིང་ཡིན། གྲོགས་པོ་ཚོས་རྒྱུན་པར་ང་ལ་འབྲོག་སྐྱ་བོ་དང་སྨུག་པ་ཟེར་ནས་འབོད་ཀྱིན་ཡོད། ང་མདོ་སྨད་རྨ་ཆུ་ནས་ཡིན། ངས་སྔ་ཕྱིར་སློབ་ཆེན་སློབ་མ་དང་རྫི་བོ།    ཇ་ཁང་སྦྱིན་བདག ཆང་ཁང་ཞབས་ཞུ་བ།   དུས་ཐུང་འཁྱམ་ཉུལ་བ་སོགས་བྱེད་མྱོང་ཡོད།  ང་ནི་རང་དབང་གི་འཚོ་བ་ཞིག་ལ་སྨོན་ཞིང་སོ་སོའི་རྨི་ལམ་ནང་གི་མི་དེ་ཨེ་འཁྱོངས་འབད་ཐབས་བྱེད་མཁན་ཞིག་ཡིན་པས།  དངོས་ཡོད་ཀྱི་མདུན་དུ།   ངས་ནི་གཡུལ་ས་ཤོར་བའི་བྲོས་དམག་ཅིག་དང་འདྲ་བར།    ཁེར་རྐྱང་དང་འཇིགས་སྐྲག རེ་ཆད་དང་ཕམ་ཉེས།  ཅི་བྱ་གཏོད་མེད་ཀྱི་སྡུག་བསྔལ་མྱོང་དགོས་ཀྱི་འདུག ངེས་གཏན་མེད་པའི་འཚོ་བ་དང་།  འཇིག་ཉེན་གྱི་ཚོར་བ་དེ་རིགས་ཀྱིས།  ང་ལ་རྩོམ་ཡིག་འབྲི་བའི་སེམས་ཁམས་དང་ཆ་རྐྱེན་མང་པོ་བསྐྲུན་ཡོང་ན་ཡང་།  ཤེས་རབ་དམན་པའི་དབང་གིས།  ཡིད་ལ་འགྲོ་བ་ཞིག་ནམ་ཡང་ཕྲིས་ཀྱིན་མི་འདུག འདི་ན་ཉེ་ལམ་བྲིས་པའི་སྙན་ངག་འདྲ་མ་འགའ་ཞིག་ལྷན་དུ་བསྡུས་ནས་བཀོད་ཡོད།  ཞལ་དྲོ།

               མུན་པའི་སྐྱ་ཡ།

སྲོད་ཁའི་མཚམས་སྤྲིན་འོག་གི་གྲིབ་མ་ནག་པོ། །
མདང་དགུང་རྨི་ལམ་ནང་ནས་གཡང་ལ་ལྕེབས་པས། །
བྱ་རྒོད་གཤོག་པའི་ངོས་ཀྱི་ཉི་འོད་སེར་པོ། །
དེ་ཡི་འགྲམ་དུ་བབས་ནས་ཤུམ་ཤུམ་ངུས་བྱུང་། །

               ཟླ་བ་སྔོན་མོ།

ཆུ་ནང་གི་ཟླ་བ་དཀར་པོ་རེད།
ཁྱོད་དྲན་དུས་བལྟས་ན་དམར་པོ་རེད། །
སེམས་སྡུག་དུས་བལྟས་ན་ནག་པོ་རེད། །
མིག་བཙུམ་ནས་བལྟས་ན་ལྗང་ཁུ་རེད། །

image5.JPG


               ལ་གཞས་ནང་གི་ཚ་རུ།

ནམ་མཁའི་མཐའ་རུ་ལྷུང་བའི་འབྲོག་སྡེ་སྨུག་པོ། །
ནོར་གནག་ལྷས་རྡང་ནང་གི་མཁུར་ཚོས་དམར་པོ། །
ལས་དང་དྲན་པ་མཚོན་པའི་མཛུབ་དཀྲིས་ཁྲ་མོ། །
ལ་གཞས་ནང་ན་འབབ་པའི་རྨ་ཆུ་སྔོན་མོ། །
རི་ཟོམ་གྲིབ་མའི་ཁེར་རྐྱང་རྗེས་སུ་ཁྲིད་དེ། །
ཁང་ཆུང་དྲ་མའི་ངོགས་ནས་འདི་ཀར་བཞུར་ཡོང་། །
མིག་གི་མཐའ་དང་སེམས་ཀྱི་ནང་ལ་བཞུར་ཡོང་། །

                                2015/10/17པེ་ཅིན་དུ།

               གཉའ་ཆག་པའི་གླུ

ཁེར་ཧྲེང་མཚན་མོའི་ཆང་ཁང་དུ། །
རྨི་ལམ་ཆག་པའི་ཆོམ་སྒྲ་འཁོར །
ཕྱིན་དྲན་ནང་གི་འཛེར་མ་དེས། །
སེམས་པ་གས་མ་བརྒྱ་རུ་གཏོང་། །
ཀྱེ་མ་བདག་གི་རྒྱང་རིང་ནི། །
ནམ་མཁའ་ཇི་བཞིན་སྟོང་བར་ལུས།
གོམ་ཁ་ཕྱོགས་པའི་ལམ་དག་ཏུ། །
ཉི་འོད་འཁྱག་རོམ་བཞིན་དུ་འཆགས། །
མགོ་བོ་བཀྱགས་ནས་བལྟས་པ་ན། །
མིག་ཟུང་མཐའ་རུ་མུན་ནག་འཁོར། །
དེ་ཡི་ནང་ནས་ཕམ་ཉེས་དང་། །
དབུལ་ཕོངས་རོ་མ་ཆར་བཞིན་འབབ། །
               2015 10 8པེ་ཅིན་དུ།


               སོ་ཧྥེ་ཡ།

ཆགས་པའི་དྲི་དང་གདུང་བའི་རོ། །
མིག་གི་མཐའ་ནས་འཐབ་པ་ན། །
སྐྲ་ལོའི་ནགས་ཚལ་ངུ་མ་དགོད། །
གྲིབ་མའི་ནང་དུ་ཆར་ལྟར་ཉིལ །
ལག་པའི་ལྗོན་པ་འགུལ་བའི་ཚེ། །
མྱོས་བུམ་ཟུང་ནི་ཉི་ཟླ་བཞིན། །
བྲང་དང་བརླ་ཡི་ཉིན་སྲིབ་ལ། །
རླུང་གིས་འཇིབ་ཅིང་རླབས་ཀྱིས་རྡེག །
བ་སྤུའི་བུ་ག་རེ་རེ་ལས། །
མེ་ཡི་རྒྱ་མཚོ་འཕྱུར་བའི་ཚེ། །
ཁོག་པའི་ནང་གི་གངས་རི་ཡང་། །
མགྲིན་པའི་ནང་ནས་བཞུར་ཏེ་ཐོན། །
              2015 10 9 པེ་ཅིན་དུ།

               དག་ཞིང་ཐོས་པ།

"ཨ"དང་"ཧུན་ཨུ"་ཆང་གི་རོ། །
མེ་ཏོག་བཞིན་དུ་བཞད་པ་ན། །
བྱ་ལེ་ཁོ་ན་མ་ཡིན་པའི། །
བ་སྤུ་དག་ཀྱང་ཤིན་ཏུ་ཞིམ། །
ཡིད་ཡུལ་ཆར་ཆུ་འདྲེས་ཙ་ན། །
སྙན་མོ་སྐད་ཅིག་སྐད་ཅིག་ཡོང་། །
འདས་དང་མ་འོངས་བཏགས་པ་སྟེ།
མྱ་ངན་མེད་པ་ག་ལ་སྲིད། །
               2015 10 2པེ་ཅིན་དུ།


image3.JPG


              དྲན་པའི་བྱང་ཕྱོགས།

ཁྱོད་ཀྱི་ནམ་མཁའ་དྲན་པ་ན། །
དར་ཚིགས་འོག་ཏུ་ཆུ་ཕྲན་ངུ། །
ཉི་མ་ཤར་ཅིང་ཉི་མ་ནུབ། །
དཔྱིད་ཀ་ནམ་ཡང་བསླེབ་དུས་མེད། །
མུན་པ་ནག་པོའི་བྱང་ཕྱོགས་སུ། །
སྡུག་གི་གངས་རི་སྐྱེས་པའི་ཚེ། །
སྐར་ཚོགས་འོག་གི་གྲོང་ཚོ་ཡང་། །
ལྗོན་པའི་གསེབ་ནས་ལྕུག་ལྕུག་འདར། །
              2015️ 10 3པེ་ཅིན་དུ།

               གཡང་ཕྱུག་འཚོ་དང་འབྲེལ་བ་མེད་པ་ཞིག

རྫུ་བག་དང་བཅས་ལྷ་མོ་དེ། །
ཐང་གའི་ངོས་སུ་འཁྲུངས་ན་ཡང་། །
སྐྱེ་བའི་ལན་ཆགས་མ་དག་པའི། །
ང་ལ་འབྲེལ་བ་ཅི་ཞིག་ཡོད། །
ནམ་ཡང་དངོས་སུ་མི་འཕྲད་པའི། །
སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
ཁ་སེམས་དཀར་བའི་ཆུང་འདྲིས་ལ། །
རྨི་ལམ་ཞིང་དུ་མཇལ་བར་མཆི། །
                2015 10 22པེ་ཅིན་དུ།

               གཉིད་ཆག་པའི་དབང་གིས།

བཟི་ནས་ར་རོར་གྱུར་བའི་དུས། །
དྲན་པའི་ནང་ནས་དབྱར་ཁ་སྐྱེ། །
ཡིད་ལ་མུན་པ་མི་བྱེད་པའི། །
ཆང་ཕོར་ཁ་རུ་ཉི་འོད་བཞད། །
ད་ཅི་དེ་ནས་འཕྲད་པ་བཞིན། །
ད་དུང་གམ་ན་ཡོད་པ་བཞིན། །
ཕྱི་མའི་ཡུལ་གྱི་གྲོགས་དེ་ཡང་། །
ངུ་ཀྱིན་དགོད་ཀྱིན་འདི་རུ་ཡོང་། །
མདུན་གྱི་ཅོག་ཙེ་ཆག་ན་ཆག །
སེམས་ཀྱི་ཕྱི་རུ་མི་ཐར་ཏེ། །
ཆུ་ལྟར་བཞུར་བའི་དུས་ཚོད་ནང་། །
སྐྱོ་གདུང་ཁེགས་པ་དེ་ཙམ་མོ། །
               2015/10/23པེ་ཅིན་དུ།

               ཕ་བོང་ཁའི་ཁྱི་རྒན།

ཁེ་མིང་དགེ་མིང་དེ་དག་གིས། །
མི་ལོ་བརྒྱ་ཡང་མི་ཐུབ་པས། །
རྣམ་ཤེས་དྲི་མེད་མེ་ལོང་མ། །
གཅོག་རྒྱུ་བློ་ཡིས་མི་ཆོད་དེ། །
དམྱལ་བ་དངོས་སུ་མི་མཐོང་ཡང་། །
རྒྱུ་འབྲས་འཇིག་ལ་ག་ལ་སྲིད། །
སོང་བའི་ལམ་ལ་རིང་ཐུང་ལས། །
མགོ་ནག་ལ་ལས་ལ་དཀར་ནག་མེད། །
སྤྲུལ་སྐུ་དག་ནི་གདོད་མ་ནས། །
འཆལ་བོའི་ལས་ལ་བྱང་མ་ཡིན། །
               20151024པེ་ཅིན་དུ།

                ཁང་སྟོང་དང་དེའི་ནང་གི་སེམས་ཅན།

སེམས་ལ་གདོན་གྱིས་བཟུང་ལྟར། །
བདེ་ལ་འབབ་ཐབས་མ་བྱུང་བས། །
སྐྱེ་བ་ད་རེས་ལས་དབང་གིས། །
ས་མཐའ་དག་ཏུ་ཉུལ་དགོས་བྱུང་། །
བདག་གི་རྨི་ལམ་རྒྱང་རིང་ན། །
གངས་རི་བཞིན་དུ་འཚར་ན་ཡང་། །
ཁང་སྟོང་ལྟ་བུའི་རོ་ཀོག་འདིས། །
གནམ་འཕང་སྟོད་རྒྱུ་ཁག་ཙམ་གདའ། །
ཨ་ཅག་མེ་ཏོག་གཅན་གཟན་བཞིན། །
ངོས་ཀྱི་སྟེང་ལ་མཆོང་བའི་ཚེ། །
གྲོང་ཁྱེར་ཁོ་རང་ཆེ་ན་ཡང་། །
འབྲོ་སའི་གནས་ཞིག་མི་འདུག་གོ །
               20151025པེ་ཅིན་དུ།

              འཆི་ཁ་མའི་ཉི་འོད་སེར་པོ།

མདང་དགོང་ངོས་ཀྱི་རྨི་ལམ་ནང་དུ། །
གངས་རི་རྩེ་མོ་དུམ་སེ་བཅད་པའི། །
སེང་གེ་ཤི་རོ་རི་ལྟར་སྤུངས་བའི། །
ནམ་མཁའ་ཡོངས་ལ་བྱ་ནག་འཁོར་བའི། །
ལྕགས་མཁར་སྒོ་མེད་ཅིག་གི་མཐའ་ནས། །
རྣག་གི་གཙང་བོ་ཞིག་གི་འགྲམ་དུ། །
མགོ་སྐྲ་ཧྲིལ་བོ་རླུང་གིས་མཆང་བའི། །
བྲང་དང་དཔུང་ཤ་ཉི་མས་ཚིག་པའི། །
སྙིང་གི་ཐད་དུ་འབྲོང་ར་སྐྱེས་པའི། །
ཡོབ་ཆེན་ནང་ན་ཉི་མ་ཤར་བའི། །
རྨིག་པའི་ཞབས་སུ་རྫ་རྡོ་འགྲིལ་བའི། །
རྟ་ནག་བཅིབས་པའི་སྐྱེས་པ་ཞིག་གི །
ལྕག་ཚན་ཡུ་བ་ང་ལ་གཏད་དེ། །
རྣ་ལ་གཟེར་བའི་ཀི་གསུམ་བཏབ་ནས། །
རི་སྐེད་སྨུག་པའི་ནང་ནས་ཡལ་བས། །
ངོས་ཀྱི་རེ་ཆད་ངོས་ཀྱི་ཕམ་ཉེས། །
མུན་པའི་ལམ་དང་གནམ་གཤིས་འཁྱག་པོ། །
མཚན་པོ་དང་བཅས་རྗེས་སུ་ཁྲིད་སོང་། །
                20151027པེ་ཅིན་དུ།

              ཆང་ཕོར་ནང་གི་མཚན་མོ།

ཆང་དང་མཚན་མོ་ལྷན་གཅིག་འཐུང་བ་ན། །
མུན་པའི་རྟ་ཕོ་གཤོག་པ་ཅན་ཞིག་ཡོང་། །
སྲབ་མདའ་ཆུ་ནང་དྲུད་ནས་ཁྱོད་སར་རྒྱུགས། །
རྔོག་ཆུང་རླུང་གིས་གཡོ་བ་སྙིང་ལ་སྡུག །

རབ་འབྱམས་དྲི་མ་མེད་པའི་རྒྱང་རིང་ན། །
བདག་གི་དྲན་གདུང་ཆུ་ཡི་ཚུལ་གྱིས་འཁྱིལ། །
ཆུ་འགྲམ་རྡོ་བ་སྒྲུག་པའི་ཡིད་འོང་མ། །
གམ་དུ་ཡོད་ཀྱང་མེད་ཀྱང་ཤིན་ཏུ་དྲན། །

ང་རང་འདི་ལྟར་ར་རོར་གྱུར་བའི་དུས། །
སྐྱོ་བའི་ནགས་ཚལ་མེ་ལ་བསྒྲོན་པ་ཡིན། །
མེ་ལྕེ་ལྷབ་ལྷུབ་མཆེད་པའི་འོད་ངོགས་སུ། །
ཁྱོད་ཀྱི་ལོག་ཕེབས་སེམས་ཀྱིས་བསྒུག་པ་ཡིན། །

ཆང་ཁང་ཆུང་ཆུང་གློག་འོད་དམར་པོ་ཅན། །
འོད་དཔག་མེད་ཀྱི་ཞིང་དང་འདྲ་ལེ་ཡོད། །
ལས་འཕྲོ་མཚར་དང་མི་མཚར་མ་འདྲི་རོགས། །
འུ་གཉིས་དེང་མ་འདི་ནས་འཕྲད་པ་རེད། །

ཚེ་ཡི་འཇག་མ་སྐྱེས་པའི་མཐའ་འཁོར་ན། །
བྱེ་མའི་ཐང་ཆེན་ལྟེབ་མ་མང་པོ་འདུག །
སྐམ་རྙིད་ཁྲོམ་པ་འདྲ་བའི་མིག་ཟུང་དུ། །
ཆུ་ཐིགས་རྡོག་གཅིག་ཟགས་པ་ཁྱོད་ཉིད་ཡིན། །

ཟླ་འོད་བསིལ་ཞིང་གུར་ཁང་ཡངས་བའི་འོག །
ལམ་གྱི་ཁེར་རྐྱང་རྡོ་ལྟར་གྲང་ན་ཡང་། །
གཞས་ཤིག་བཏང་དང་མ་བཏང་མི་འདུག་སྟེ། །
ཆར་ཚོགས་རྦབ་རྡོ་བཞིན་དུ་ཉིལ་བར་ངེས། །
               2015/7/27མཚན་མོར་རྒྱལ་ཐང་ནས།

image4.JPG


              སྐྱེ་བ་རྗེས་མའི་དུས་ཆད།

ད་རེས་ཡང་ཡང་བཙེམ་པའི་འཇིག་རྟེན་སྣང་བ། །
སྙིང་དབྱིབས་ལྷན་པོ་བརྒྱབ་པའི་རྩག་ལུ་ཞིག་ཡིན། །
ཆུ་ཆེན་རབ་མེད་ཅིག་ལ་རྐང་བ་འཇོག་དུས། །
རྩག་ལུ་ཕུད་ནས་བྱམས་པ་བསྐྱུར་དགོས་བྱུང་སོང་། །
བྱམས་པ་འཛུམ་ཞོར་ལྷུང་བའི་མིག་ཆུའི་ནང་ན། །
སྐྱེ་བ་རྗེས་མ་དག་གི་ཁ་ཆད་བསྐུངས་ཡོད། །
              2015/10/4ལ་པེ་ཅིན་དུ།

               ལམ་ནང་གི་འབྲོག་མོ།

ཁ་ཚུབ་ནང་ནས་ཉི་མ་ཤར་ཡང་། །
དེ་དང་ལྷན་དུ་ཆར་བ་བབས་ཀྱང་། །
བ་རྡོའི་མཐའ་ནས་རྩྭ་མེ་འབར་ཡང་། །
དེ་དང་ལྷན་དུ་རླུང་འཚུབ་ལྡང་ཡང་། །
རྨི་ལམ་ནང་དུ་དབྱར་གཞུང་ཚེས་ཀྱང་། །
དེ་དང་ལྷན་དུ་སྐྱ་མདའ་བཀྱགས་ཀྱང་། །
དགོད་ཀྱིན་ལྷུང་བའི་མཆི་མའི་ནང་དུ། །
ཨ་ཐང་ཆད་པའི་ཤུལ་ཙམ་མི་འདུག །
སུ་རུའི་མེ་ཏོག་ཆར་ནང་གསོ་བའི། །
འཇིག་རྟེན་སྣང་བ་སྐྱིད་རུང་སྡུག་རུང་། །
གྱེས་བྲལ་བྱེ་བ་སེམས་སུ་ཤོངས་བའི། །
དབྱངས་ཅན་མ་ནི་འབྲོག་མོ་ཞིག་སྟེ། །
སྟེས་དབང་ཞིག་གིས་ལམ་ནས་འཕྲད་བྱུང་། །

             དེའི་ཚེ་ན།

ནམ་ཞིག་འུར་ཟིང་ཐམས་ཅད་འཇགས་པ་ན། །
ནད་ཡམས་མ་ལུས་རང་སར་ཞི་བ་ན། །

གཙང་བོ་དག་ནི་ལྡོག་ནས་བཞུར་བ་ན། །
མི་རྣམས་རང་རང་སེམས་སུ་ལོག་པ་ན། །

མཚན་མོ་མཆོད་མེའི་ཚུལ་དུ་འབར་བ་ན། །
མུན་པའི་འོབས་སུ་དཔྱིད་ཀ་སླེབས་པ་ན། །

ཉི་འོད་ནང་ནས་ཆར་ཟིམ་བབས་པ་ན། །
རྡོ་བ་རྩི་ཤིང་བཞིན་དུ་སྐྱེས་བ་ན། །

ཁྱོད་ཀྱང་མི་ཚེ་ཕྱེད་ཀའི་དྲན་གདུང་གི །
གཙང་བོ་བརྒལ་ནས་ང་སར་ཐོན་པ་ན། །

ཁེར་རྐྱང་ལུག་བལ་བཞིན་དུ་འཇམ་པར་ངེས།།
འཆི་བ་མེ་ཏོག་བཞིན་དུ་མཛེས་པར་ངེས། །

དེ་དུས་ངས་ཀྱང་དུ་ཆང་མི་སྤྱོད་ལ། །
སྙན་ངག་ཅེས་པ་འབྲི་བར་མི་འགྱུར་རོ། །
                 2015/10/7མཚན་མོར།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་སྐྱ་བོའི་སྙན་ངག་གསར་བ་བདམས་བཀོད།

2015-12-26 འབྲོག་སྐྱ་བོ། ཀློག་གྲངས། མཆན ཡོད།


image2.JPG

 
  ངའི་མིང་ལ་གྲུབ་པོ་ཟེར། དེ་ནི་ཨ་མས་ང་ལ་བཏགས་པའི་གཅེས་མིང་ཡིན། གྲོགས་པོ་ཚོས་རྒྱུན་པར་ང་ལ་འབྲོག་སྐྱ་བོ་དང་སྨུག་པ་ཟེར་ནས་འབོད་ཀྱིན་ཡོད། ང་མདོ་སྨད་རྨ་ཆུ་ནས་ཡིན། ངས་སྔ་ཕྱིར་སློབ་ཆེན་སློབ་མ་དང་རྫི་བོ།    ཇ་ཁང་སྦྱིན་བདག ཆང་ཁང་ཞབས་ཞུ་བ།   དུས་ཐུང་འཁྱམ་ཉུལ་བ་སོགས་བྱེད་མྱོང་ཡོད།  ང་ནི་རང་དབང་གི་འཚོ་བ་ཞིག་ལ་སྨོན་ཞིང་སོ་སོའི་རྨི་ལམ་ནང་གི་མི་དེ་ཨེ་འཁྱོངས་འབད་ཐབས་བྱེད་མཁན་ཞིག་ཡིན་པས།  དངོས་ཡོད་ཀྱི་མདུན་དུ།   ངས་ནི་གཡུལ་ས་ཤོར་བའི་བྲོས་དམག་ཅིག་དང་འདྲ་བར།    ཁེར་རྐྱང་དང་འཇིགས་སྐྲག རེ་ཆད་དང་ཕམ་ཉེས།  ཅི་བྱ་གཏོད་མེད་ཀྱི་སྡུག་བསྔལ་མྱོང་དགོས་ཀྱི་འདུག ངེས་གཏན་མེད་པའི་འཚོ་བ་དང་།  འཇིག་ཉེན་གྱི་ཚོར་བ་དེ་རིགས་ཀྱིས།  ང་ལ་རྩོམ་ཡིག་འབྲི་བའི་སེམས་ཁམས་དང་ཆ་རྐྱེན་མང་པོ་བསྐྲུན་ཡོང་ན་ཡང་།  ཤེས་རབ་དམན་པའི་དབང་གིས།  ཡིད་ལ་འགྲོ་བ་ཞིག་ནམ་ཡང་ཕྲིས་ཀྱིན་མི་འདུག འདི་ན་ཉེ་ལམ་བྲིས་པའི་སྙན་ངག་འདྲ་མ་འགའ་ཞིག་ལྷན་དུ་བསྡུས་ནས་བཀོད་ཡོད།  ཞལ་དྲོ།

               མུན་པའི་སྐྱ་ཡ།

སྲོད་ཁའི་མཚམས་སྤྲིན་འོག་གི་གྲིབ་མ་ནག་པོ། །
མདང་དགུང་རྨི་ལམ་ནང་ནས་གཡང་ལ་ལྕེབས་པས། །
བྱ་རྒོད་གཤོག་པའི་ངོས་ཀྱི་ཉི་འོད་སེར་པོ། །
དེ་ཡི་འགྲམ་དུ་བབས་ནས་ཤུམ་ཤུམ་ངུས་བྱུང་། །

               ཟླ་བ་སྔོན་མོ།

ཆུ་ནང་གི་ཟླ་བ་དཀར་པོ་རེད།
ཁྱོད་དྲན་དུས་བལྟས་ན་དམར་པོ་རེད། །
སེམས་སྡུག་དུས་བལྟས་ན་ནག་པོ་རེད། །
མིག་བཙུམ་ནས་བལྟས་ན་ལྗང་ཁུ་རེད། །

image5.JPG


               ལ་གཞས་ནང་གི་ཚ་རུ།

ནམ་མཁའི་མཐའ་རུ་ལྷུང་བའི་འབྲོག་སྡེ་སྨུག་པོ། །
ནོར་གནག་ལྷས་རྡང་ནང་གི་མཁུར་ཚོས་དམར་པོ། །
ལས་དང་དྲན་པ་མཚོན་པའི་མཛུབ་དཀྲིས་ཁྲ་མོ། །
ལ་གཞས་ནང་ན་འབབ་པའི་རྨ་ཆུ་སྔོན་མོ། །
རི་ཟོམ་གྲིབ་མའི་ཁེར་རྐྱང་རྗེས་སུ་ཁྲིད་དེ། །
ཁང་ཆུང་དྲ་མའི་ངོགས་ནས་འདི་ཀར་བཞུར་ཡོང་། །
མིག་གི་མཐའ་དང་སེམས་ཀྱི་ནང་ལ་བཞུར་ཡོང་། །

                                2015/10/17པེ་ཅིན་དུ།

               གཉའ་ཆག་པའི་གླུ

ཁེར་ཧྲེང་མཚན་མོའི་ཆང་ཁང་དུ། །
རྨི་ལམ་ཆག་པའི་ཆོམ་སྒྲ་འཁོར །
ཕྱིན་དྲན་ནང་གི་འཛེར་མ་དེས། །
སེམས་པ་གས་མ་བརྒྱ་རུ་གཏོང་། །
ཀྱེ་མ་བདག་གི་རྒྱང་རིང་ནི། །
ནམ་མཁའ་ཇི་བཞིན་སྟོང་བར་ལུས།
གོམ་ཁ་ཕྱོགས་པའི་ལམ་དག་ཏུ། །
ཉི་འོད་འཁྱག་རོམ་བཞིན་དུ་འཆགས། །
མགོ་བོ་བཀྱགས་ནས་བལྟས་པ་ན། །
མིག་ཟུང་མཐའ་རུ་མུན་ནག་འཁོར། །
དེ་ཡི་ནང་ནས་ཕམ་ཉེས་དང་། །
དབུལ་ཕོངས་རོ་མ་ཆར་བཞིན་འབབ། །
               2015 10 8པེ་ཅིན་དུ།


               སོ་ཧྥེ་ཡ།

ཆགས་པའི་དྲི་དང་གདུང་བའི་རོ། །
མིག་གི་མཐའ་ནས་འཐབ་པ་ན། །
སྐྲ་ལོའི་ནགས་ཚལ་ངུ་མ་དགོད། །
གྲིབ་མའི་ནང་དུ་ཆར་ལྟར་ཉིལ །
ལག་པའི་ལྗོན་པ་འགུལ་བའི་ཚེ། །
མྱོས་བུམ་ཟུང་ནི་ཉི་ཟླ་བཞིན། །
བྲང་དང་བརླ་ཡི་ཉིན་སྲིབ་ལ། །
རླུང་གིས་འཇིབ་ཅིང་རླབས་ཀྱིས་རྡེག །
བ་སྤུའི་བུ་ག་རེ་རེ་ལས། །
མེ་ཡི་རྒྱ་མཚོ་འཕྱུར་བའི་ཚེ། །
ཁོག་པའི་ནང་གི་གངས་རི་ཡང་། །
མགྲིན་པའི་ནང་ནས་བཞུར་ཏེ་ཐོན། །
              2015 10 9 པེ་ཅིན་དུ།

               དག་ཞིང་ཐོས་པ།

"ཨ"དང་"ཧུན་ཨུ"་ཆང་གི་རོ། །
མེ་ཏོག་བཞིན་དུ་བཞད་པ་ན། །
བྱ་ལེ་ཁོ་ན་མ་ཡིན་པའི། །
བ་སྤུ་དག་ཀྱང་ཤིན་ཏུ་ཞིམ། །
ཡིད་ཡུལ་ཆར་ཆུ་འདྲེས་ཙ་ན། །
སྙན་མོ་སྐད་ཅིག་སྐད་ཅིག་ཡོང་། །
འདས་དང་མ་འོངས་བཏགས་པ་སྟེ།
མྱ་ངན་མེད་པ་ག་ལ་སྲིད། །
               2015 10 2པེ་ཅིན་དུ།


image3.JPG


              དྲན་པའི་བྱང་ཕྱོགས།

ཁྱོད་ཀྱི་ནམ་མཁའ་དྲན་པ་ན། །
དར་ཚིགས་འོག་ཏུ་ཆུ་ཕྲན་ངུ། །
ཉི་མ་ཤར་ཅིང་ཉི་མ་ནུབ། །
དཔྱིད་ཀ་ནམ་ཡང་བསླེབ་དུས་མེད། །
མུན་པ་ནག་པོའི་བྱང་ཕྱོགས་སུ། །
སྡུག་གི་གངས་རི་སྐྱེས་པའི་ཚེ། །
སྐར་ཚོགས་འོག་གི་གྲོང་ཚོ་ཡང་། །
ལྗོན་པའི་གསེབ་ནས་ལྕུག་ལྕུག་འདར། །
              2015️ 10 3པེ་ཅིན་དུ།

               གཡང་ཕྱུག་འཚོ་དང་འབྲེལ་བ་མེད་པ་ཞིག

རྫུ་བག་དང་བཅས་ལྷ་མོ་དེ། །
ཐང་གའི་ངོས་སུ་འཁྲུངས་ན་ཡང་། །
སྐྱེ་བའི་ལན་ཆགས་མ་དག་པའི། །
ང་ལ་འབྲེལ་བ་ཅི་ཞིག་ཡོད། །
ནམ་ཡང་དངོས་སུ་མི་འཕྲད་པའི། །
སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
ཁ་སེམས་དཀར་བའི་ཆུང་འདྲིས་ལ། །
རྨི་ལམ་ཞིང་དུ་མཇལ་བར་མཆི། །
                2015 10 22པེ་ཅིན་དུ།

               གཉིད་ཆག་པའི་དབང་གིས།

བཟི་ནས་ར་རོར་གྱུར་བའི་དུས། །
དྲན་པའི་ནང་ནས་དབྱར་ཁ་སྐྱེ། །
ཡིད་ལ་མུན་པ་མི་བྱེད་པའི། །
ཆང་ཕོར་ཁ་རུ་ཉི་འོད་བཞད། །
ད་ཅི་དེ་ནས་འཕྲད་པ་བཞིན། །
ད་དུང་གམ་ན་ཡོད་པ་བཞིན། །
ཕྱི་མའི་ཡུལ་གྱི་གྲོགས་དེ་ཡང་། །
ངུ་ཀྱིན་དགོད་ཀྱིན་འདི་རུ་ཡོང་། །
མདུན་གྱི་ཅོག་ཙེ་ཆག་ན་ཆག །
སེམས་ཀྱི་ཕྱི་རུ་མི་ཐར་ཏེ། །
ཆུ་ལྟར་བཞུར་བའི་དུས་ཚོད་ནང་། །
སྐྱོ་གདུང་ཁེགས་པ་དེ་ཙམ་མོ། །
               2015/10/23པེ་ཅིན་དུ།

               ཕ་བོང་ཁའི་ཁྱི་རྒན།

ཁེ་མིང་དགེ་མིང་དེ་དག་གིས། །
མི་ལོ་བརྒྱ་ཡང་མི་ཐུབ་པས། །
རྣམ་ཤེས་དྲི་མེད་མེ་ལོང་མ། །
གཅོག་རྒྱུ་བློ་ཡིས་མི་ཆོད་དེ། །
དམྱལ་བ་དངོས་སུ་མི་མཐོང་ཡང་། །
རྒྱུ་འབྲས་འཇིག་ལ་ག་ལ་སྲིད། །
སོང་བའི་ལམ་ལ་རིང་ཐུང་ལས། །
མགོ་ནག་ལ་ལས་ལ་དཀར་ནག་མེད། །
སྤྲུལ་སྐུ་དག་ནི་གདོད་མ་ནས། །
འཆལ་བོའི་ལས་ལ་བྱང་མ་ཡིན། །
               20151024པེ་ཅིན་དུ།

                ཁང་སྟོང་དང་དེའི་ནང་གི་སེམས་ཅན།

སེམས་ལ་གདོན་གྱིས་བཟུང་ལྟར། །
བདེ་ལ་འབབ་ཐབས་མ་བྱུང་བས། །
སྐྱེ་བ་ད་རེས་ལས་དབང་གིས། །
ས་མཐའ་དག་ཏུ་ཉུལ་དགོས་བྱུང་། །
བདག་གི་རྨི་ལམ་རྒྱང་རིང་ན། །
གངས་རི་བཞིན་དུ་འཚར་ན་ཡང་། །
ཁང་སྟོང་ལྟ་བུའི་རོ་ཀོག་འདིས། །
གནམ་འཕང་སྟོད་རྒྱུ་ཁག་ཙམ་གདའ། །
ཨ་ཅག་མེ་ཏོག་གཅན་གཟན་བཞིན། །
ངོས་ཀྱི་སྟེང་ལ་མཆོང་བའི་ཚེ། །
གྲོང་ཁྱེར་ཁོ་རང་ཆེ་ན་ཡང་། །
འབྲོ་སའི་གནས་ཞིག་མི་འདུག་གོ །
               20151025པེ་ཅིན་དུ།

              འཆི་ཁ་མའི་ཉི་འོད་སེར་པོ།

མདང་དགོང་ངོས་ཀྱི་རྨི་ལམ་ནང་དུ། །
གངས་རི་རྩེ་མོ་དུམ་སེ་བཅད་པའི། །
སེང་གེ་ཤི་རོ་རི་ལྟར་སྤུངས་བའི། །
ནམ་མཁའ་ཡོངས་ལ་བྱ་ནག་འཁོར་བའི། །
ལྕགས་མཁར་སྒོ་མེད་ཅིག་གི་མཐའ་ནས། །
རྣག་གི་གཙང་བོ་ཞིག་གི་འགྲམ་དུ། །
མགོ་སྐྲ་ཧྲིལ་བོ་རླུང་གིས་མཆང་བའི། །
བྲང་དང་དཔུང་ཤ་ཉི་མས་ཚིག་པའི། །
སྙིང་གི་ཐད་དུ་འབྲོང་ར་སྐྱེས་པའི། །
ཡོབ་ཆེན་ནང་ན་ཉི་མ་ཤར་བའི། །
རྨིག་པའི་ཞབས་སུ་རྫ་རྡོ་འགྲིལ་བའི། །
རྟ་ནག་བཅིབས་པའི་སྐྱེས་པ་ཞིག་གི །
ལྕག་ཚན་ཡུ་བ་ང་ལ་གཏད་དེ། །
རྣ་ལ་གཟེར་བའི་ཀི་གསུམ་བཏབ་ནས། །
རི་སྐེད་སྨུག་པའི་ནང་ནས་ཡལ་བས། །
ངོས་ཀྱི་རེ་ཆད་ངོས་ཀྱི་ཕམ་ཉེས། །
མུན་པའི་ལམ་དང་གནམ་གཤིས་འཁྱག་པོ། །
མཚན་པོ་དང་བཅས་རྗེས་སུ་ཁྲིད་སོང་། །
                20151027པེ་ཅིན་དུ།

              ཆང་ཕོར་ནང་གི་མཚན་མོ།

ཆང་དང་མཚན་མོ་ལྷན་གཅིག་འཐུང་བ་ན། །
མུན་པའི་རྟ་ཕོ་གཤོག་པ་ཅན་ཞིག་ཡོང་། །
སྲབ་མདའ་ཆུ་ནང་དྲུད་ནས་ཁྱོད་སར་རྒྱུགས། །
རྔོག་ཆུང་རླུང་གིས་གཡོ་བ་སྙིང་ལ་སྡུག །

རབ་འབྱམས་དྲི་མ་མེད་པའི་རྒྱང་རིང་ན། །
བདག་གི་དྲན་གདུང་ཆུ་ཡི་ཚུལ་གྱིས་འཁྱིལ། །
ཆུ་འགྲམ་རྡོ་བ་སྒྲུག་པའི་ཡིད་འོང་མ། །
གམ་དུ་ཡོད་ཀྱང་མེད་ཀྱང་ཤིན་ཏུ་དྲན། །

ང་རང་འདི་ལྟར་ར་རོར་གྱུར་བའི་དུས། །
སྐྱོ་བའི་ནགས་ཚལ་མེ་ལ་བསྒྲོན་པ་ཡིན། །
མེ་ལྕེ་ལྷབ་ལྷུབ་མཆེད་པའི་འོད་ངོགས་སུ། །
ཁྱོད་ཀྱི་ལོག་ཕེབས་སེམས་ཀྱིས་བསྒུག་པ་ཡིན། །

ཆང་ཁང་ཆུང་ཆུང་གློག་འོད་དམར་པོ་ཅན། །
འོད་དཔག་མེད་ཀྱི་ཞིང་དང་འདྲ་ལེ་ཡོད། །
ལས་འཕྲོ་མཚར་དང་མི་མཚར་མ་འདྲི་རོགས། །
འུ་གཉིས་དེང་མ་འདི་ནས་འཕྲད་པ་རེད། །

ཚེ་ཡི་འཇག་མ་སྐྱེས་པའི་མཐའ་འཁོར་ན། །
བྱེ་མའི་ཐང་ཆེན་ལྟེབ་མ་མང་པོ་འདུག །
སྐམ་རྙིད་ཁྲོམ་པ་འདྲ་བའི་མིག་ཟུང་དུ། །
ཆུ་ཐིགས་རྡོག་གཅིག་ཟགས་པ་ཁྱོད་ཉིད་ཡིན། །

ཟླ་འོད་བསིལ་ཞིང་གུར་ཁང་ཡངས་བའི་འོག །
ལམ་གྱི་ཁེར་རྐྱང་རྡོ་ལྟར་གྲང་ན་ཡང་། །
གཞས་ཤིག་བཏང་དང་མ་བཏང་མི་འདུག་སྟེ། །
ཆར་ཚོགས་རྦབ་རྡོ་བཞིན་དུ་ཉིལ་བར་ངེས། །
               2015/7/27མཚན་མོར་རྒྱལ་ཐང་ནས།

image4.JPG


              སྐྱེ་བ་རྗེས་མའི་དུས་ཆད།

ད་རེས་ཡང་ཡང་བཙེམ་པའི་འཇིག་རྟེན་སྣང་བ། །
སྙིང་དབྱིབས་ལྷན་པོ་བརྒྱབ་པའི་རྩག་ལུ་ཞིག་ཡིན། །
ཆུ་ཆེན་རབ་མེད་ཅིག་ལ་རྐང་བ་འཇོག་དུས། །
རྩག་ལུ་ཕུད་ནས་བྱམས་པ་བསྐྱུར་དགོས་བྱུང་སོང་། །
བྱམས་པ་འཛུམ་ཞོར་ལྷུང་བའི་མིག་ཆུའི་ནང་ན། །
སྐྱེ་བ་རྗེས་མ་དག་གི་ཁ་ཆད་བསྐུངས་ཡོད། །
              2015/10/4ལ་པེ་ཅིན་དུ།

               ལམ་ནང་གི་འབྲོག་མོ།

ཁ་ཚུབ་ནང་ནས་ཉི་མ་ཤར་ཡང་། །
དེ་དང་ལྷན་དུ་ཆར་བ་བབས་ཀྱང་། །
བ་རྡོའི་མཐའ་ནས་རྩྭ་མེ་འབར་ཡང་། །
དེ་དང་ལྷན་དུ་རླུང་འཚུབ་ལྡང་ཡང་། །
རྨི་ལམ་ནང་དུ་དབྱར་གཞུང་ཚེས་ཀྱང་། །
དེ་དང་ལྷན་དུ་སྐྱ་མདའ་བཀྱགས་ཀྱང་། །
དགོད་ཀྱིན་ལྷུང་བའི་མཆི་མའི་ནང་དུ། །
ཨ་ཐང་ཆད་པའི་ཤུལ་ཙམ་མི་འདུག །
སུ་རུའི་མེ་ཏོག་ཆར་ནང་གསོ་བའི། །
འཇིག་རྟེན་སྣང་བ་སྐྱིད་རུང་སྡུག་རུང་། །
གྱེས་བྲལ་བྱེ་བ་སེམས་སུ་ཤོངས་བའི། །
དབྱངས་ཅན་མ་ནི་འབྲོག་མོ་ཞིག་སྟེ། །
སྟེས་དབང་ཞིག་གིས་ལམ་ནས་འཕྲད་བྱུང་། །

             དེའི་ཚེ་ན།

ནམ་ཞིག་འུར་ཟིང་ཐམས་ཅད་འཇགས་པ་ན། །
ནད་ཡམས་མ་ལུས་རང་སར་ཞི་བ་ན། །

གཙང་བོ་དག་ནི་ལྡོག་ནས་བཞུར་བ་ན། །
མི་རྣམས་རང་རང་སེམས་སུ་ལོག་པ་ན། །

མཚན་མོ་མཆོད་མེའི་ཚུལ་དུ་འབར་བ་ན། །
མུན་པའི་འོབས་སུ་དཔྱིད་ཀ་སླེབས་པ་ན། །

ཉི་འོད་ནང་ནས་ཆར་ཟིམ་བབས་པ་ན། །
རྡོ་བ་རྩི་ཤིང་བཞིན་དུ་སྐྱེས་བ་ན། །

ཁྱོད་ཀྱང་མི་ཚེ་ཕྱེད་ཀའི་དྲན་གདུང་གི །
གཙང་བོ་བརྒལ་ནས་ང་སར་ཐོན་པ་ན། །

ཁེར་རྐྱང་ལུག་བལ་བཞིན་དུ་འཇམ་པར་ངེས།།
འཆི་བ་མེ་ཏོག་བཞིན་དུ་མཛེས་པར་ངེས། །

དེ་དུས་ངས་ཀྱང་དུ་ཆང་མི་སྤྱོད་ལ། །
སྙན་ངག་ཅེས་པ་འབྲི་བར་མི་འགྱུར་རོ། །
                 2015/10/7མཚན་མོར།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།