ཨེ་ཉི་མ་ཚེ་རིང་གི་བརྩམས་སྒྲུང་ཁག་གཉིས།

ཨེ་ཉི་མ་ཚེ་རིང་།༼ ལྷོ་ཁ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-01-07

021CF34E@8E680173.D0D58C56.jpg

   ཨེ་ཉི་མ་ཚེ་རིང་།  བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་འཐུས་ཚོགས་ཀྱི་ཚོགས་མི། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས་ཉེར་གཅིག་པའི་ཀྲུང་གོའི་ན་གཞོན་རྩོམ་པ་པོའི་མཐོ་རིམ་བགྲོ་གླེང་འཛིན་གྲྭར་ཟབ་སྦྱོང་བྱེད་མྱོང་།  ཁོང་གི་བརྩམས་སྒྲུང་བརྩམས་ཆོས་ལས་《བན་ཆུང་དང་ཁོའི་ལང་ཚོ་》ཞེས་པར་"སྐབས་བདུན་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་"དང་། 《དགོན་འདབས་ཀྱི་འཚོ་བ་》ཞེས་པར་"སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་སྨྱུག་གསར་བྱ་དགའ།" བརྩམས་སྒྲུང་རིང་གྲས་《གཟི་མིག་གིས་འཆོར་བའི་མཆི་མ་》ཞེས་པར་"སྐབས་གསུམ་པའི་རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་"《ནུབ་པར་གྱུར་བའི་རི་གྲོང་》ཞེས་པར་ཀྲུང་གོའི་མི་རིགས་རྩོམ་རིག་གི་"2015ལོའི་ལོ་མཇུག་བརྩམས་སྒྲུང་བྱ་དགའ་"བཅས་ཐོབ།     

  ནུབ་པར་གྱུར་བའི་རི་གྲོང་།

གྲོང་ཁྱེར་གྱི་བཞི་མདོ་ན་སྣམ་བུའི་ཆར་ལྭ་གྱོན་པའི་མི་བུ་ངོ་ནག་ཅིག་ལག་ཏུ་དར་ཆུང་ཟུར་གསུམ་མ་ཆུང་ངུ་ཞིག་བཟུང་ནས་མགོ་སྐྲ་ཟིང་ངེར་ལངས་འདུག

སུམ་མདོ་ན་ལངས་རྒྱུ་དེ་ནི་ཁོའི་བསམ་པར་གྲོང་ཁྱེར་གྱི་སྒྲིག་ལུགས་ཤིག་ཡིན་པར་སྙམ། ཁོས་དར་ཆུང་ཟུར་གསུམ་མ་དེ་མཐོན་པོར་བཀྱག་ནས་ལངས་ཡོད། དོན་དངོས་ཐོག་གློག་དམར་སྤར་ནས་འཕྲུལ་ཆས་ཡར་རྒྱུག་མར་རྒྱུག་གི་ཁྲོད་དུ། ཁོ་པ་ཡང་ཚང་ཁ་ཤིག་ཤིག་གིས་མི་ཚོགས་ཀྱི་ཁྲོད་ནས་སྔུན་དུ་བཤོར་ཡོང་བས་འགྲིམ་འགྲུལ་ཉེན་རྟོགས་པས་ཁོ་པར་བཅད་པའི་ཆད་པ་ཞིག་རེད།

ཁོ་སུམ་མདོ་ན་ལངས་སྡོད་སྐབས་ཁོའི་ཧ་ལས་པའི་འདྲེན་བྱེད་ཟུང་དབང་མེད་དུ་ཕྱོགས་བཞིར་རིག་རིག་ཏུ་བལྟ་བར་ཐལ། ཁོའི་སྣང་ངོར་བྲེལ་འཚུབ་ཀྱིས་འདུར་རྒྱུག་བྱེད་པའི་གྲོང་ཁྱེར་གྱི་རླངས་འཁོར་དེ་དག་ནི་རང་ཉིད་ཀྱི་དེ་སྔའི་ལུག་ཁྱུ་ལས་གྲངས་མང་ཞིང་།གཡས་གཡོན་དུ་ལངས་པའི་ཁང་ཆེན་དེ་དག་ནི་རང་ཉིད་ཀྱི་བརྒལ་མྱོང་བའི་རྫ་རི་དང་གཡའ་རི་དེ་དག་ལས་ཤིན་ཏུ་གཟར་ཤིང་རྔམ་བརྗིད་ལྡན་པའི་སྣང་བ་འཆར།ལམ་ཟུར་གྱི་མི་བུ་མང་པོས་ཁོ་ལ་མིག་རུབ་བྱེད་ཅིང་ཅི་ཞིག་ཤོད་ཀྱིན་དུ་རྒྱུག་འགྲོ་བས་དེ་དག་ལ་ཁོས་སྣང་བ་ཆེར་མ་བཞག

ཁོའི་མིང་ལ་བསོད་ནམས་ཟེར། འདི་ལོ་རང་ལོ་བཞི་བཅུ་ལྷག་ལ་འབུད་ཡོད།  རྒྱུན་དུ་ཕ་ཡུལ་གྱི་མི་རྣམས་ཀྱིས་ཁོ་པར་ཨ་ཁུ་བསོད་ནམས་ཟེར།ཁོའི་ཨ་ཕ་ཆུང་ངུའི་དུས་ནས་གྲོངས་པས་ཁོ་པ་གྲོང་གཅིག་མི་གཅིག་ཏུ་གྱུར། ཁོ་སྡོད་སའི་གྲོང་སྡེ་དེར་ཧ་ལམ་དུད་ཁྱིམ་བཞི་ལྔ་ཙམ་ལས་མེད་ཅིང་།གྲོང་ཁྱེར་དང་བར་ཐག་དེ་ཙམ་ཐག་རིང་པོ་ཞིག་མ་རེད།དེར་བརྟེན་རྒྱུན་དུ་གྲོང་ཚོའི་ན་གཞོན་ཕལ་མོ་ཆེ་ལོ་གཅིག་འཁོར་མོ་ཡུག་ཏུ་གྲོང་ཁྱེར་དུ་སོང་ནས་ཡོང་འབབ་གསོག་པར་འགྲོ་གིན་ཡོད་ཅིང་།གྲོང་ཚོའི་ནང་རྒན་སྐྲ་དཀར་གྱི་བགྲེས་པོ་འགའ་རེ་དང་ཆུང་སོ་མེད་ཀྱི་བྱིས་པ་འགའ་རེ་མ་གཏོགས་རྒྱུན་སྡོད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན།

ཁོ་ཡུལ་སྡེ་ཆུང་ངུ་དེའི་ར་ལུག་གི་ཁྱུ་ཆུང་དེ་འཚོ་བར་ཕྱིན་ནས་འཚོ་ཐབས་བྱེད་ཀྱིན་ཡོད་མོད། ཡིན་ནའང་། དུས་ཡུན་ལོ་ཤས་རིང་གྲོང་མི་རྣམས་རེ་རེ་བཞིན་གྲོང་ཁྱེར་དུ་གནས་སྤོས་ནས་ཕྱིན་པས་ཁོའི་ལུག་ཁྱུ་ཡང་ཇེ་ཉུང་དུ་གྱུར་ཅིང་།ལོ་འདིར་ལྷག་འཕྲོའི་དུད་ཁྱིམ་གཉིས་པོ་དེ་ཡང་གནས་སྤོས་ནས་སོང་བས། ད་ནི་ཁོའི་འཚོ་རྟེན་གྱི་ལས་ཀ་དེ་ཤོར་སོང་བ་རེད།ཨ་ཁུ་བསོད་ནམས་ཆུང་ངུའི་དུས་ནས་རི་དྭགས་བཞིན་ལུག་ཁྱུ་དེད་ནས་རི་རྩེ་ཁོ་ན་འགྲིམས་ནས་སྡོད་པས་ཁོས་མི་སྤྱི་ལྟར་གྱི་བཟོ་ལྟ་དང་རྣམ་པ་ཞིག་འདོན་མི་ཤེས།དེས་ན་སྐབས་རེར་ལུག་བདག་གིས་ཉོས་ནས་སྦྱིན་པའི་རྔུལ་ལེན་ནི་གྱོན་པ་ནས་ཧྲུལ་པོར་མ་གྱུར་བར་ཆུ་ལ་སྦང་མ་མྱོང་ཞིང་།ཁོའི་ལུས་ཐོག་གི་གོས་ཕལ་མོ་ཆེ་ཚོས་གཞི་གང་ཡིན་མིན་སྤྱིར་བཏང་ཤེས་མ་ཐུབ།དེའི་རྐྱེན་པས་ཁོ་པ་ལོ་ན་བཞི་བཅུ་ལྷག་ལ་གསོན་པའི་མི་དར་མ་ཞིག་ལ་བབ་ཀྱང་། ད་དུང་ཁོ་ལ་འཚམས་པའི་ཟླ་བོ་ཞིག་མེད།  ཡང་ཅིག་བཤད་ན་ཁོའི་ལྷད་མེད་ཀྱི་བརྩེ་དུང་ནི་སྔ་ས་ནས་ལྷས་ར་ཆུང་ངུ་དིའི་ནང་དུ་སྡོད་པའི་ལུག་རྒྱ་བོ་དང་ཕོ་ལུག་ཁྱུ་འཛིན།ར་མོ་ཐོད་དཀར་དང་།ར་རྒན་ཨོག་ཤོལ་ཅན། དེ་བཞིན་མ་མོ་སྐེ་ནག་སོགས་ཀྱིས་གཙོས་པའི་ལུག་ཁྱུ་ཆུང་ངུ་དེ་དག་ལ་ དབང་ཟིན་པས་རེད།

དབྱར་ཆར་པའི་ཐོ་ཅོག་དང་དགུན་རླུང་བུའི་དར་ལྕོག་བཞིན་ཁ་ཆར་དང་ཉི་ལྷག་གིས་ཡོངས་སུ་གཙེས་པའི་ཁོའི་ངོ་གདོང་ནི་ནག་ལ་རིད་ཅིང་།གྲུ་མོ་དང་རྐང་ངར་ནི་དྲེག་པའི་ཤུན་པགས་མཐུག་པོ་ཞིག་གིས་ཁེབས་ནས་ཤ་མདོག་ཅིག་ཧ་ལམ་མངོན་རྒྱུ་མེད།འོན་ཀྱང་ཁོད་ཡངས་པའི་རི་ཀླུང་དེའི་ཁྲོད་དུ་ཁོ་པ་ནི་གནས་དེའི་གཞིས་བདག་ཅིག་ལྟར་སྤང་ལྗང་ཁུ་བསྟན་ལ་བཏིང་ཤིང་། ཨ་སྔོན་དང་སྤྲིན་དཀར་ཐོད་ལ་དཀྲིས།  ལྷད་མེད་རྩི་ཏོག་ཟས་སུ་ཟོས་ཤིང་།གཡུ་མཚོ་དྭངས་མོ་མེ་ལོང་བཞིན་མདུན་དུ་བཤམས།གནས་དེར་ཁོ་པ་སུ་ལའང་སྐྲག་དགོས་མེད་ལ་སུ་ལའང་བསྟུན་དགོས་པ་མེད་པས་གནས་དེའི་ར་ལུག་གི་ཁྱུ་ཉུང་ངུ་དེ་ནི་ཁོའི་གཉེན་ཉེ་དུ་དང་།བདག་མེད་ཀྱི་རི་དྭགས་དང་འདབ་ཆགས་རྣམས་ནི་ཁོའི་ཁྱིམ་མཚེས་འབའ་ཞིག སྐབས་རེར་ཁོའི་མགོ་རྔ་མེད་པའི་གླུ་སྐད་རིང་མོ་རེ་དང་འགྱུར་ཁུག་མེད་པའི་སི་གླུ་དམ་དུམ་དེ་དག་གིས།དབེན་འཇམ་གྱི་གནས་དེར་ཚེ་སྲོག་གི་ཁྲག་རྒྱུན་ཞིག་རྒྱས་པར་ བྱེད་ལ་ཚོ་པ་ཞིག་གི་རྒྱལ་གླུ་ལེན་པ་དང་ཧ་ཅང་འདྲ།

ཡིན་ནའང་ད་ཆ།གྲོང་མི་ཕལ་ཆེ་གྲོང་ཁྱེར་དུ་སྤོས་ཟིན་ཤིང་།ལུག་ཁྱུ་རྣམས་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་སྐབས་དོ་བདག་གིས་འཁྲིད་པའི་ལུག་རྒྱ་བོ་དང་མ་མོ་སྐེ་ནག་སོགས་ཁོས་ཡང་ཡང་དྲན་གྱི་ཡོད།  མ་གཞི་གྲོང་མི་དེ་དག་ལ་ཡང་ལན་ཁག་ཅི་ཞིག་ཡོད།ཁོ་ཚོའི་འཚོ་བ་ཡང་ན་གཞོན་དེ་དག་ལ་བརྟེན་དགོས་སྟབས་ཁོ་ཚོས་ཟེར་འཕྲོས་ལྟར་ན་ཁོ་ཚོས་ལོ་གཅིག་གི་རྔུལ་ཁྲག་སྤྱད་ནས་ཞིང་ལས་ལ་འབད་ནའང་ཕྱི་ལོའི་ལྟོ་ཁ་ཡང་མ་འཕྱིས་ཟེར།དེ་ལས་གྲོང་ཁྱེར་དུ་སོང་ནས་མི་གླ་ཕྲན་བུ་རྒྱུག་ན་ཡོང་སྒོ་ཆེ་ལ་ལུས་པོ་ཡང་དལ་ཟེར་བས་སྐད་ཆ་དུམ་བུ་དེ་ནི་ཁོ་ཚོའི་རྒྱང་བསྐྱོད་བྱེད་པའི་དམ་བཅའ་དང་དམིགས་ཚད་ལྟར་གྱུར་ཤིང་མཐར་གྲོང་སྡེའི་ཡུལ་མི་ཚང་མ་སྤོས་སོང་བ་རེད། མཇུག་མཐའི་ལུག་བདག་དེ་གཉིས་ཐོན་ཁར་བརྗོད་རྒྱུར་“ར་ལུག་ཆེ་བ་རྣམས་ གྲོང་ཁྱེར་དུ་འཁྲིད་ནས་འཚོང་རྒྱུ་བྱས་སོང་།ལུ་གུ་ཆུང་ཆུང་དེ་གྲོང་ཁྱེར་དུ་འཁྲིད་སྟབས་མི་བདེ་བས་ཁྱོད་ལ་སྟེར་ཟེར།ལོ་གཅིག་གི་འཚོ་གླ་སྒོར་མོ་སུམ་བརྒྱ་ལྔ་བཅུ་ཁོའི་ལག་ནང་དུ་བཞག  ཉིན་དེའི་ཞོགས་པར་ཆར་པ་སིམ་སིམ་ཞིག་བབས་བཞིན་ཡོད། ལྷག་འཕྲོར་ལུས་པའི་ལུག་ཁྱུ་རྣམས་འདྲུད་འཐེན་འཁོར་ལོའི་ནང་དུ་བླུགས་ནས་འགྲོ་སྐབས།    ཕོ་ལུག་ཁྱུ་འཛིན་དེས་ཁོ་པར་བལྟས་ནས་འབའ་སྒྲ་ཆེན་པོ་ཞིག་སྒྲོགས།  ཞོགས་ཆར་སིམ་སིམ་གྱི་ཆར་ཐིག་དེ་ཨ་ཁུ་བསོད་ནམས་ཀྱི་ངོ་གདོང་བརྒྱུད་ཁ་ནང་དུ་འཛུལ་སྐབས་ཚ་ཁུ་ཞིག་བྲོ་ཡོང་།འདྲུད་འཐེན་འཁོར་ལོ་མཐོང་ལམ་ནས་ཡལ་ནའང་ཁོ་པ་ཐོ་ཡོར་བཞིན་ལུག་ཚང་གི་སྒོ་ཁ་ན་འགྲེང་འདུག ལུ་གུ་ཆུང་ཆུང་གིས་ཁོའི་རྐང་པར་འཁྲིལ་ནས་འབའ་སྒྲ་སྒྲོག་བཞིན་ཧ་ལམ་ང་ཨ་མ་མཉམ་དུ་འགྲོ་ཡི་ཡིན་ཞེས་ཁོ་ལ་གཅེས་ལངས་ཤོད་པ་དང་འདྲ།

ཁོས་ལུ་གུ་ཆུང་ཆུང་པང་དུ་བཏབ་ནས་རྔན་པ་རིང་མོ་ཞིག་འཐེན་རྗེས།དུ་དྲེག་གིས་འཚོས་པའི་ཁང་ཆུང་དེའི་ནང་དུ་འཛུལ།ལུང་སྟོང་དེའི་ནང་རྣམ་ཀུན་ནས་འགྲུལ་པ་མི་རྐྱང་རྟ་རྐྱང་གཅིག་འགྲོ་བ་མཐོང་རྒྱུ་དཀའ་ཡང་།མ་མཐར་ཡང་མ་ལུག་གི་འབའ་སྒྲ་དང་ཕོ་ལུག་ཁྱུ་འཛིན་གྱི་མགུལ་དུ་བཏགས་པའི་དྲིལ་སྒྲ་དེས།ལུང་སྟོང་དེའི་ནང་འཛད་མཐའ་མེད་པའི་གསོན་ཤུགས་ཤིག་སྦྱིན་པ་དང་འདྲ་མོད།འོན་ཀྱང་ད་ནི་ཡོད་ཚད་སྟོང་སང་སང་གི་སྣང་བ་མུག་པོ་ཞིག་ཁོའི་ཡིད་ངོར་བཅོས་མིན་དུ་སྐྱེས་འོང་།ལུ་གུ་ཆུང་ཆུང་རེ་ཐག་ཆད་པ་ལྟར་ཐབ་ཀྱི་མེ་དྲོད་ཕྲན་བུ་དེར་འབྱར་ ནས་ཉལ་འདུག  ཁང་ཆུང་དེ་ཧ་ཅང་དབེན་འཇམ་དུ་གྱུར་བས་ཨབ་ར་རྒྱ་སུད་དེ་སླར་ཡང་སྒོ་ཆུང་བརྒྱུད་ནས་རྣ་ཤོག་ཤོག་ཐེར་ཐེར་དུ་འཛུལ་ནས་བཟའ་རྒྱུ་ཞིམ་པ་ཞིག་ཨེ་རྙེད་བལྟ། ཁོས་ཨབ་ར་རྒྱ་སུད་དེར་བལྟ་བཞིན་སེམས་སུ་ཉིན་དེ་རིང་ནས་བཟུང་ཁྱོད་ཀྱིས་ཁང་ཆུང་འདི་ནས་མི་ཟས་ཀྱི་ཞིམ་ཟས་ཁམ་གང་རྙེད་ཐུབ་མི་སྲིད་སྙམ།

ཁོ་ཧར་གྱིས་ལངས་སྐབས་ཨབ་ར་རྒྱ་སུད་དེ་ཁོའི་སྔས་འགྲམ་གྱི་ཁུང་བུ་དེ་བརྒྱུད་ནས་ཕྱི་ལ་ཐོན།ཁོས་སྣམ་བུས་བཟོས་པའི་ཆར་ལྭ་དེའི་སྐེ་རག་དེ་འཆིང་སྐྱོར་ཞིག་བྱས་རྗེས་ཁང་ཆུང་དེའི་ནང་གི་རྡོག་རུང་བའི་མལ་ཆས་དང་སྐོལ་ཆས་རྣམས་རོབ་ཙམ་བརྡོག་པ་དང་དེ་བྱིངས་ནི་བློས་མི་ཐོངས་བ་ཅི་ཡང་མི་འདུག

ཁོས་མལ་ཆས་དང་སྐོལ་ཆས་རྒྱབ་ཏུ་འཁུར་ཞིང་རྭ་ནུ་ཨམ་ཕྲག་ཏུ་བཅུག    ལུ་གུ་ཆུང་ཆུང་པང་དུ་བཏབ་ནས་ཁོ་པ་ཡང་གྲོང་ཁྱེར་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད།ལ་རྩེ་ནས་ལྷས་རའི་ངོས་སུ་ཕྱི་བལྟས་ཤིག་སློག་སྐབས་མེ་ཐག་མ་ཆོད་པའི་ལྷས་རའི་ཁང་ཆུང་ནས་དུ་བ་ཕྲ་མོ་ཞིག་སྔོ་ཐུལ་ཐུལ་དུ་འཕྱུར་ཞིང་དུ་ཞག་ཕྲ་མོ་དེ་ནི་ལྷས་ར་དེའི་ཆད་ལ་ཉེ་བའི་ཚེ་སྲོག་ལྟར་ཇི་འདྲའི་ཉག་ཕྲ་བ་ཞིག་ཏུ་ སྣང་ཨང་།   ཁོས་མཐའ་མཇུག་གི་ཕྱི་བལྟས་ཤིག་སློག་རྗེས་ཐེ་ཚོམ་མེད་པར་སྔར་བཞིན་མདུན་དུ་བསྐྱོད།ཨ་ཁུ་བསོད་ནམས་ཀྱི་ངོས་ནས་བརྗོད་ན།ད་ནི་འཇིག་རྟེན་འདི་ཧྲིལ་པོའི་ཁྱོན་དུ་གཉེན་ཉེ་དུ་གཅིག་པུ་ནི་གཡང་ དཀར་གྱི་ལུ་གུ་ཆུང་ཆུང་དེ་ཁོ་ན་ལས་མ་འདས། 

ཉིན་གང་ལམ་གྱི་ངལ་བར་མ་འཛེམས་པར་མི་བུ་འགའ་རེས་གླེང་མྱོང་བའི་ལྷ་སྒྲུང་ལྟ་བུའི་གྲོང་ཁྱེར་གྱི་ཕྱོགས་སུ་བསྐྱོད་རྗེས་གཞུང་ལམ་གྱི་སྣེ་མོ་ནས། ཡ་སྐྲ་དཀར་པོར་གྱུར་བའི་རྒད་པོ་ཞིག་ལ་ཐུག  རྒད་པོ་དེ་སྒྱེ་ཕད་ཅིག་ལ་རྒྱབ་སྙེད་བྱས་ཏེ་མགོ་འཕང་དམའ་པོར་དུད་ཅིང་། ཅི་ཞིག་ལ་བསམ་བློ་གཏོང་གིན་པ་འདྲ།

"རྒན་ལགས།  གྲོང་ཁྱེར་ལ་འགྲོ་སའི་ལམ་འདི་ནས་ཨེ་རེད་" ཨ་ཁུ་བསོད་ནམས་ཀྱིས་འཛེམས་སྣང་ཆེན་པོས་དེ་སྐད་དྲིས།  ཉོབ་མདངས་ཀྱིས་མགོ་བོ་དུད་པའི་རྒད་པོ་དེས་ཕྲལ་དུ་མགོ་བོ་དགྱེ་ཙམ་བྱས་ནས་ཁོའི་མགོ་ལུས་ལ་བལྟ་ཡག་ཅིག་བྱས་རྗེས་རྣམ་འགྱུར་ཡང་གྲང་ཤུར་ཤུར་ཞིག་གིས་མགོ་བོ་ལྕོག་ཙམ་བྱས་པ་ལས་སྐད་ཆ་གང་ཡང་མ་བཤད། ཁོས་སླར་ཡང་ཞིབ་འདྲི་བྱེད་མི་ཕོད་པར་ཐུགས་རྗེ་ཆེ་ཞེས་ལན་སློག་རྗེས་མདུན་དུ་འགྲོ་རྩིས་བྱེད་སྐབས་སླར་ཡར་རྒད་པོ་དེས་ "ཁྱོད་ཀྱང་གྲོང་ཁྱེར་དུ་འགྲོ་མཁན་ཡིན་ནམ་"ཟེར། 

"ཡིན་ལགས།ཡིན་ནའང་སྔོན་ཆད་སོང་མ་མྱོང་བས་ལམ་འཛོལ་བར་དོགས་ཀྱི་འདུག"

"བྱས་ན་ང་ཡང་འགྲོ་མཁན་ཡིན། འདིར་རྐང་བཀྱག་སྒུག་ནས་བསྡད་ཡོད།  གོམ་པ་རེ་རེ་བཞིན་གྲོང་ཁྱེར་བར་བགྲངས་ཀྱིས་གཞལ་དགོས་ན་སླ་མོ་ཞིག་མ་རེད། དེ་ལས་འདི་གར་འུ་གཉིས་མཉམ་དུ་རྐང་བཀྱག་མོ་ཊ་ཞིག་ཨེ་ཡོང་སྒུག་ན་བཟང་"རྒད་པོ་དེས་གཞི་ནས་གཏམ་ལྷོད་ལྷོད་ཅིག་སྨྲས་བྱུང་།

ཉིན་ལྟར་ནོར་ལུག་དེ་དག་དེད་ནས་རྩྭ་ཁ་གང་བཟང་དང་།རི་ཀླུང་ཕྲང་གཟར་མང་པོ་བཤགས་ནས་འགྲོ་དགོས་པས་ངལ་བ་དེ་འདྲ་ཞིག་ནི་ཁོའི་ངོས་ནས་བརྗོད་ན་གླེང་རིན་ཡེ་ནས་མེད་པའི་ངལ་དུབ་ཅིག་རང་རེད།

"ངའི་བསམ་པར་ཁྱོད་སྨྱོན་པ་ཞིག་རེད་བསམ་བྱུང་"རྒད་པོས་ཨ་ཁུ་བསོད་ནམས་ལ་བལྟས་ནས་སྐད་ཆ་གློ་བུར་བ་ཞིག་བཤད་པར་ཁོས་ལན་འདེབ་ཚོད་མ་ཐིག    ཁོས་རྒྱབ་ཁུར་གྱི་རྡོག་མཁྲེས་དེ་ཕབ་རྩིས་བྱེད་སྐབས་རྒད་པོས་དེ་འཕྲལ་རྒྱབ་ངོས་ནས་སྐྱོར་ནས་ས་ཐོག་ཏུ་ག་ལེར་བཞག  "ཁྱོད་གྲོང་ཁྱེར་དུ་ག་རེ་བྱེད་པར་འགྲོ་མཁན་ཡིན་ནམ། སྤུན་མཆེད་ཐུག་པར་འགྲོ་མཁན་ཡིན་ནམ་"རྒད་པོས་སླར་ཡང་དེ་སྐད་དྲིས།

"མིན། ང་གྲོང་ཁྱེར་དུ་འཚོ་རྟེན་གྱི་ལས་ཀ་ཞིག་འཚོལ་བར་འགྲོ་མཁན་ཡིན་"

མཚམས་དེར་རྒད་པོས་ཁོའི་གདོང་ལ་ལྟ་ཡག་ཅིག་བྱས་བྱུང་

"ཧ་ཧ་་་་ཁྱོད་ཀྱིས་གྲོང་ཁྱེར་ནང་ལས་ཀ་ཅི་ཞིག་ལས་ཐུབ།ད་ལྟ་ཐ་ངན་པའི་གསང་སྤྱོད་ཅིག་འདོན་དགོས་བསམ་ཡང་མཐའ་འཁོར་གྱི་སྔོ་ཚལ་འདེབས་མཁན་ཚོས་ཧབ་ཐོབ་བྱས་ནས་འགྲོ་བས་གྲོང་ཁྱེར་ནང་ཁྱོད་ལ་འཚམས་པའི་ལས་ཀ་ཞིག་རག་རྒྱུ་དཀའ་མོ་རེད"

རྒད་པོའི་སྐད་ཆ་དེས་ཨ་ཁུ་བསོད་ནམས་ཀྱི་མདུན་བསྐྱོད་བྱེད་པའི་སེམས་ཤུགས་ཅུང་ཉམས་རྨས་སུ་བཏང་ནའང་ཁོས་ཁ་མ་གྲགས་པར་བསྡད།སྐབས་དེར་ལུ་གུ་དཀར་ཆུང་དེས་འབའ་སྒྲ་ཞིག་བསྒྲགས་བྱུང་། ཕལ་ཆེར་ཁ་སྐོམ་པ་འདྲ། ཨ་ཁུ་བསོད་ནམས་ཀྱིས་ཨམ་ཕྲག་ལས་རྭ་ནུ་དེ་བཏོན་རྗེས་རྩམ་པ་དང་ཆུ་འདྲེས་མའི་རྩམ་ལྡུར་དེ་ལུ་གུའི་ཁ་ནང་དུ་ཨུ་ཚུགས་བྱས་ནས་ཁམ་རེ་གཉིས་འཐུང་དུ་བཅུག་པས་ད་གཟོད་ལུ་གུ་ཆུང་ཆུང་དེས་མཇུག་མ་གཡུག་ གཡུག་བྱེད་ཀྱིན་དུ་དེ་དག་གཙང་མར་བཏུངས།

"ལུ་གུ་དཀར་ཆུང་སྙིང་རྗེ་པོ་ཞིག་འདུགགྲོང་ཁྱེར་གྱི་ལས་ཁྱུར་རྒད་པོ་ཞིག་གིས་མཐོང་ན་སྒོར་མོ་བརྒྱ་ཙམ་སྤྲད་ནས་ཉོ་རྒྱུར་ཐེ་ཚོམ་མི་འདུག"རྒད་པོས་དེ་ལྟར་སྨྲས།  ཨ་ཁུ་བསོད་ནམས་ཀྱིས་རྒད་པོ་ལ་བལྟ་བཞིན་"ཁྱེད་རང་གྲོང་ཁྱེར་དུ་ག་རེ་གནང་བར་ཕེབས་མཁན་ཡིན་ནམ་"ཞེས་དྲིས།རྒད་པོས་སྟར་ཁའི་པགས་པ་བཞིན་གཉེར་སུལ་གྱིས་ཁེངས་པའི་ངོ་གདོང་སྐམ་པོ་དེ་འཕུར་ཙམ་བྱས་རྗེས་རེ་སྨོན་གྱི་མིག་མདངས་ཆུ་བོའི་ཕར་རོལ་གྱི་ཞིང་ཐང་སྨིན་པོ་དེ་དག་གི་ཕྱོགས་སུ་རྒྱང་བལྟ་བྱེད་བཞིན།"དྲང་པོ་བཤད་ན་ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་ཁྱེར་བ་ཞིག་ཡིན།ཆུང་ངུའི་དུས་སུ་ངེད་ཚོའི་ཁྱིམ་ལ་ཡང་སྒོ་ཕྱུགས་དང་ར་ལུག  ད་དུང་ས་ཞིང་མང་པོ་ཡོད།  ཡིན་ནའང་ད་ལྟ་གྲོང་ཁྱེར་ནང་ནོར་ལུག་འཚོ་ས་དང་ས་ཞིང་འདེབས་རྒྱུའི་ས་ཆ་སྦར་མཐིལ་ཙམ་ཞིག་གང་ནས་ཡོད་སྲིད།མ་གཞི་གྲོང་ཁྱེར་གྱི་འཚོ་བ་དེ་གང་དགོས་ཅི་སྒྲུབ་བལྟས་ཚོད་ལ་ཁྲ་ཁྲ་སིལ་སིལ་ཡོད་ཀྱང་ང་ལྟ་བུ་འཆི་དགྲ་མགོ་ཐོག་ཏུ་བབ་པའི་རྒད་པོ་ཞིག་ལ་བཟའ་འདོད་རྒྱུ་རྩམ་པ་ལས་མི་འདུག་པས་ངའི་ནུ་བོ་གཅིག་ཆུང་དུས་ནས་གྲོང་གསེབ་དུ་མག་པར་ཡོད་པས།ངས་ཁོའི་སར་སོང་ནས་རྩམ་པ་ཕྲན་བུ་ལེན་པར་སོང་བ་ཡིན"

"འོ། བྱས་ན་ཁྱེད་ཀྱི་བཟའ་ཟླ་དང་ཕྲུ་གུ་ཚང་མ་གྲོང་ཁྱེར་དུ་ཡོད་དམ"ཨ་ཁུ་བསོད་ནམས་ཀྱིས་མུ་མཐུད་དུ་དྲིས།

"ངའི་ཟླ་བོ་སྔ་ས་ནས་གྲོང་སོང་བ་རེད།ངེད་གཉིས་ལ་ཕྲུ་གུ་མེད་པས་ནུ་བོའི་བུ་མོ་ཆུང་ཤོས་དེ་གསོས་ཕྲུག་ལ་ཉར་མོད།ཡིན་ནའང་ཁོ་མོ་ལོ་ཤས་སྔོན་དུ་ཁམ་པ་ཞིག་དང་མཉམ་དུ་འདྲོགས་ནས་གར་སོང་མི་ཤེས་ལ་ད་ལྟ་ཡང་ལོག་མཁན་མི་འདུག  མགྱོགས་པོ་ཡར་ལོངས།མོ་ཊ་གཅིག་སླེབས་ཀྱི་འདུག"རྒད་པོས་དེ་འཕྲལ་ཡར་ལངས་ནས་ལག་པ་གཡོབ་གཡོབ་འགའ་བྱས་པ་དང་སྤྱི་སྤྱོད་རླངས་འཁོར་ཞིག་ཁོ་གཉིས་ཀྱི་འཁྲིས་སུ་རྡུལ་ཆིལ་ལེར་བཀག 

ཨ་ཁུ་བསོད་ནམས་རླངས་འཁོར་ནང་སྡོད་མྱོང་མེད་པས་འགུལ་སླེའི་ནང་བསྡད་པ་ལྟ་བུའི་འཚོར་སྣང་དེས་ཨ་ཁུ་བསོད་ནམས་ལ་རང་དབང་མེད་པར་སྐྱུག་མདངས་འཆར།ཁོས་ལུ་གུ་ཆུང་ཆུང་པར་དུ་ཉར་ཞིང་མིག་ཟུང་བཙུམ་ནས་སྡུག་རུས་ཀྱིས་སོང་སོང་བས་ད་གཟོད་གྲོང་ཁྱེར་དུ་སླེབས་སོང་བ་འདྲ།

"ཁྱོད་གང་དུ་འགྲོ་མཁན་ཡིན། སྡོད་ས་ཞིག་ཨེ་ཡོད་" རྒད་པོས་ཁོ་ལ་དྲིས། ང་གྲོང་ཁྱེར་དུ་སླེབས་པ་ཐེངས་མ་དང་པོ་ཡིན་པས་གང་དུ་འགྲོ་དགོས་པ་མི་ཤེས།

"ཁྱེད་ཀྱིས་ང་ལ་གནས་སྐབས་སྡོད་ས་ཞིག་གཡར་ན་ཨེ་ཆོག"

"འོ་ན་ངའི་སྡོད་ཁང་གི་འོག་ཐོག་ན་ཁང་ཆུང་བྱང་གཏད་ཅིག་ཡོད།ཅུང་ཟད་གྲང་ངར་ཆེ་ཡང་ཁང་སྟོང་དེ་མིན་པ་མེད།ཁྱོད་ཀྱིས་ཟླ་རེར་སྒོར་བརྒྱ་སྟེར་ན་དེ་གར་བསྡད་ན་ཆོག   "

"ཁྱེད་ཀྱིས་ཁང་གླ་ཏོག་ཙམ་ཉུང་འཕྲི་གནང་རོགས།ད་ལྟ་ང་ལ་ཆགས་རྟེན་གང་ཡང་མེད་པས་རྗེས་སུ་ངོ་དྲག་ཏུ་ཕྱིན་ན་ངས་ཁྱེད་ལ་ཁ་སྣོན་བྱས་ཆོག"

 "ཧ་ཧ་་་་་ངེད་གཉིས་སུས་སུ་ལ་བསམ་གཞིགས་བྱེད་དགོས་པ་མ་ཤེས།ཡིན་ནའང་གནས་སྐབས་ཁྱོད་ཀྱིས་བཤད་པ་ལྟར་བྱས་ནའང་འགྲིགས་"ཁོ་གཉིས་དེ་ལྟར་ཁ་འཆམ་པས་ཨ་ཁུ་བསོད་ནམས་གྲོང་ཁྱེར་གྱི་ཁང་ཆུང་ཁ་བྱང་གཏད་དེའི་ནང་དུ་འདུག་རྒྱུར་གཏན་འཁེལ།ཁོ་པ་རྒད་པོའི་སྒོ་ར་ནས་འཛུལ་སྐབས་རྡོ་ལུང་ལ་བཏགས་པའི་ཁྱི་རྒན་དེས་མཆེ་གཙིག་སྡེར་བགྲད་ཀྱིས་ཁོའི་ཕྱོགས་སུ་ཡང་ཡང་འཐེན་བཞིན་ཁོ་པ་ཁམ་གང་ལ་མིད་རྒྱུ་བྱུང་ན་ཅི་མ་རུང་སྙམས་པའི་ཞེ་སྡང་ཞིག་མངོན།ཁང་ཆུང་དེ་མ་གཞི་གྲང་ངད་ཆེ་ཙམ་ཡོད་ནའང་གྲོང་ཁྱེར་དུ་སྡོད་ས་ཞིག་རག་ཐུབ་པས་ཨ་ཁུ་བསོད་ནམས་ལ་སྤྲོ་སྣང་ཆེན་པོ་འཕེལ་ཞིང་དེ་ནི་དཀོན་མཆོག་གི་བཀའ་དྲིན་ཡིན་སྙམ།ཨ་ཁུ་བསོད་ནམས་གྲོང་ཁྱེར་དུ་འབྱོར་བ་དང་ལུ་གུ་ཆུང་ཆུང་དེར་རྭ་ནུ་ལས་རྩམ་ལྡུར་ངོམས་པར་སྟེར་རྗེས་ཁང་ཆུང་དེའི་ནང་བཞག་པ་དང་སྒོ་གཏན་ནས་ཕྱིར་ཐོན།ཡིན་ནའང་ཐམ་མེ་ཐོམ་མེ་དང་གཡས་ལྟ་གཡོན་ལྟ་བྱས་ནས་བསྐྱོད་བཞིན་པའི་ཨ་ཁུ་བསོད་ནམས་ནི་གྲོང་ཁྱེར་གྱི་བཞི་མདོ་ཡང་མ་གྲོལ་གོང་ནས་འགྲིམ་འགྲུལ་ཉེན་རྟོག་པས་ལམ་བཀག་སོང་།

ལམ་དཀྱིལ་དུ་ལངས་ནས་ཆུ་ཚོད་གཅིག་མིན་ཙམ་སོང་བས་ད་ནི་ཨ་ཁུ་བསོད་ནམས་ལ་འཚབ་ཤ་ལངས་པ་འདྲ།ཁོས་དར་ཆུང་ཟུར་གསུམ་མ་དེ་ག་ལེར་མར་བཞག་ནས་ཉེན་རྟོག་རྒྱག་པ་དེའི་ཕྱོགས་སུ་ཡང་ཡང་བལྟས་པས་ཁོས་ཀྱང་ཨ་ཁུ་བསོད་ནམས་ཀྱི་བསམ་ཚུལ་ཤེས་པ་ལྟར་ཁོའི་འཁྲིས་སུ་ཡོང་།དར་ཆུང་ཟུར་གསུམ་མ་དེ་ཕར་བླངས་ཤིང་ཁོ་ལ་མཛུབ་མོ་སྡིག་སྡིག་ཏུ་"རྗེས་སུ་གློག་དམར་སྤར་དུས་གཞུང་ལམ་གྱི་བཞི་མདོ་བརྒལ་མི་ཆོག་པ་ཁྱོད་ཀྱིས་ཤེས་པ་བྱེད་དགོས་"ཞེས་སྨྲས་པས་ད་གཟོད་ཁོས་རང་ཉིད་ཀྱིས་ནོར་འཁྲུལ་ཤོར་བ་གཞི་ནས་ཤེས་ཤིང་སྙིང་ཁ་ཡང་འཕར་ཤུགས་ཆེ་རུ་སོང་། སྟབས་ལེགས་པ་ཞིག་ལ་གནས་ཚུལ་དེ་ཤེས་དུས་ཁོ་པར་གུ་ཡངས་སྤྲད་ཟིན་པས་ཨ་ཁུ་བསོད་ནམས་ལ་ངུ་མ་དགོད་ཀྱི་བསམ་ཚུལ་ཞིག་སྐྱེས། དེ་བས་ཁོའི་བསམ་པར་རང་ཉིད་ཀྱིས་སྔ་ས་ནས་གནས་ཚུལ་དེ་ཁྲིམས་འགལ་ཡིན་པ་ཤེས་ན་ཁོ་པར་དངངས་སྐྲག་ཇི་ཙམ་སྐྱེས་སྲིད་རྒྱུར་བསམ་གཞིགས་བྱེད་མི་ཕོད།   ལམ་གྱི་བཞི་མདོ་ནས་གྲལ་རྗེས་ད་ནི་ཁོ་པ་ཡང་སྙིང་ཁ་ཕྱོགས་གང་ཞིག་ནས་འགྲོ་དགོས་མིན་མ་ཤེས།   གཡས་གཡོན་ནས་འཚང་ཁ་ཤིག་ཤིག་གི་འདུར་རྒྱུག་བྱེད་པའི་མི་ཚོགས་དེ་དག་ཨ་ཁུ་བསོད་ནམས་ཀྱི་འཁྲིས་སུ་སླེབས་སྐབས་ཅུང་ཟད་ངང་འཐེན་རེ་བྱས་ནས་གཡོལ་འགྲོ་བ་དང་འགའ་རེ་འགྲོ་གིན་དུ་ཕྱི་བལྟས་ཤིག་སློག་ནས་ཁོ་ལ་ལྟ་ཡག་རེ་བྱེད།  

ལྷ་སྒྲུང་ལྟ་བུའི་གྲོང་ཁྱེར་དུ་མི་བུ་ཚང་མ་ཁ་འབྲས་གཙང་ལ་ཡིད་དགར་འོང་བ་ཤ་སྟག་ཡིན་པས་ཁོས་རང་གི་ཆ་ལུགས་ལ་བལྟ་སྐབས་རང་ཉིད་ནི་སྔ་མོ་ནས་མི་ཁྱུ་ལས་བོར་ཟིན་པའི་སྣང་བ་ཞིག་ཤར།ད་གིན་གྱི་བློ་ཡུལ་འདས་པའི་སྔངངས་སྐྲག་དེས་ཁོ་པ་གཅིན་པ་ཡང་ཤོར་ལ་ཉེ་བ་བྱུང་།ཁོ་པ་འདུ་ལོང་གི་འཁོལ་བའི་མི་ཚོགས་ཁྲོད་ནས་བགྲོད་བཞིན་ཡོད་ནའང་ཁོ་ལ་སྤྱོད་ཁང་གང་དུ་ཡོད་མིན་འདྲི་སའི་མི་ཞིག་མ་རྙེད། མཐར་ཁོ་པ་འུ་ཐུག་པས་ཁྲོམ་ལམ་གྱི་གད་འཕྱིས་བྱེད་མཁན་རྨོ་བོ་ཞིག་ལ་དྲིས།  རྨོ་བོས་མཛུབ་མོས་བསྟན་སའི་ཁ་ཕྱོགས་དེར་སླེབས་སྐབས་དེ་ནི་རང་གི་མི་ཚེ་ཕྱེད་ཀ་ཙམ་འབུད་མྱོང་བའི་ཁང་ཆུང་དེ་ལས་ལྡབ་དགུ་འགྱུར་གྱི་སྤུས་ཀ་ལེགས་ཤིང་གཙང་བས་ཁོ་པ་རེ་ཞིག་ཧ་ལས་པར་གྱུར། ཁོ་པ་སྤྱོད་ཁང་དུ་འཛུལ་བ་དང་གློ་བུར་དུ་བུད་མེད་ཅིག་སྐད་ངན་འདོན་གྱིན་"མི་ཤོག་དང་།མི་ངན་འདུག"ཅེས་བརྗོད་པ་དང་ཁོ་པར་ཡང་སྔངངས་སྐྲག་ཚད་མེད་སྐྱེས་བཞིན་ཕྱིར་དོན་རྩིས་བྱེད་སྐབས་བདེ་འཇགས་མི་སྣ་གཉིས་ཀྱིས་ཁོའི་ལག་ཟུང་ནས་བཀུག་སྟེ།སྐད་ཆ་ཚིག་གཅིག་ཤོད་ལོང་མེད་པར་སྤྱོད་ཁང་གི་སྒོ་ཕྱིར་རྡོག་ཐོས་ཕུད་པས་ཁོ་པ་ཁུ་སུབ་ཏུ་འགྱེལ།"ལྟས་ངན།ཞབས་འདྲེན་རེད།བུད་མེད་ཀྱི་སྤྱོད་ཁང་དུ་འཛུལ་ནས་ཅི་བྱེད།ངོ་ཚ་རྒྱུ་མེད་པ།ཕའེ"འཇིགས་སྣང་དང་སྔངངས་སྐྲག་དེའི་ཁྲོད་དུ་ཁོ་པ་གཅིན་པ་ཤོར་བའི་སྣང་བ་ཡང་གཏིང་བརྗེད་དུ་སོང་།སྐད་ངན་འདོན་གྱིན་བྲོས་འགྲོ་མཁན་གྱི་བུད་མེད་དེས་ད་དུང་ཁོང་ཁྲོ་མ་ཞི་བ་ལྟར་ཨ་ཁུ་བསོད་ནམས་ཀྱི་ཕྱོགས་སུ་སྡང་མིག་བགྲད་བཞིན་རྫོགས་རྒྱུ་མེད་པའི་དམོད་མོ་མང་དག་ཅིག་ལོབ་གྱིན་འདུག  སྟབས་ལེགས་པ་ཞིག་ལ་ཨ་ཁུ་བསོད་ནམས་ཀྱིས་"སྨྱོན་པ་རང་རེད་"ཅེས་པའི་ཚིག་རྐང་བཞི་ལས་གཞན་གང་ཡང་གོ་བ་ལོན་ཐུབ་མེད།ད་ལྟ་ཁོའི་ངོ་གདོང་དམར་སྨུག་ནས་ཐལ་མདོག་ཏུ་གྱུར་ཅིང་ལུས་པོ་ཡོངས་འདར་སིག་སིག་བྱེད།   

"དགོངས་པ་མ་འཚོམས།ངས་ཡི་གེ་མ་མ་ཤེས་པས་འཛུལ་སྟངས་ནོར་བ་འདྲ"ཁོའི་སྐད་ཆ་དེ་ནི་འདར་སྐད་དང་སྔངངས་སྐྲག་གི་དབང་དུ་ཐོན་སོང་བས་མཐའ་འཁོར་གྱི་མི་དེ་དག་སུ་ཞིག་གིས་གོ་བ་མ་ལོན།

ད་གཟོད་ཁོས་མི་མེད་ལུང་སྟོང་གི་སྤང་ལྗོངས་ཡངས་མོ་དེ་ཡིད་ལ་ལྷག་ཏུ་དྲན། ཁོའི་བསམ་པར་གནས་དེ་ནི་རང་ཉིད་ལ་ཤིན་ཏུ་འཚམས་པའི་ཁོར་ཡུག་ཅིག་ཏུ་བསམས་མོད།རླབས་ཆེ་བའི་འཚོ་གནས་ཀྱི་རྒྱང་བསྐྱོད་དེའི་མདུན་དུ་ཁོ་ལ་བདམས་ཀ་བྱེད་དབང་ཞིག་ག་ལ་ཡོད།ལུས་པོ་འདར་སིག་སིག་ཏུ་ལངས་ཡང་ཁོ་ལ་མདུན་བསྐྱོད་བྱེད་པའི་ཁ་ཕྱོགས་ཤིག་མི་འདུགཁོས་མུ་མཐུད་མདུན་དུ་འགྲོ་བའི་སྤོབས་པ་མེད་པར་ལྟག་ལོག་བརྒྱབ།          བཞི་མདོ་དེ་གྲོལ་སྐབས་རྒྱབ་ངོས་ནས་"ཨ་ཁུ་བསོད་ནམས་"ཞེས་པའི་འབོད་བརྡ་ཞིག་བསྒྲགས།འབོད་སྒྲ་དེ་ནི་ཕོ་ལུག་ཁྱུ་འཛིན་དེའི་དྲིལ་སྒྲ་ལྟར་ཤིན་ཏུ་ནས་འདྲིས་མྱོང་བ་ཞིག་རེད་ཨང་། ཁོ་དང་ཨ་ཅག་རྒྱག་པ་གཉིས་དུས་མཉམ་དུ་ཁ་ནང་དུ་འཁོར།

"ཨ་ཙི།ཁྱོད་པད་མ་མ་ཡིན་ནམ།"ཁོས་རང་ཉིད་འབོད་མཁན་གྱི་ན་ཆུང་མ་དེར་དེ་སྐད་དབང་མེད་དུ་དྲིས་པར་ཐལ།

"ང་ཡིན།ང་ཡིན"པད་མས་སེམས་རྩ་འཁོལ་བའི་འཛུམ་མདངས་དང་བཅས་ཁོ་ལ་དེ་ལྟར་ལན་བསློགས་ཤིང་འཁྲིས་ཀྱི་སྒོ་ཡོལ་ཁྲ་ཁྲ་བརྒྱབ་པའི་ཇ་ཁང་ཞིག་གི་ནང་དུ་ཁྲིད།

ཁོས་པད་མའི་ངོ་ལུས་ལ་བལྟ་ཡག་བྱེད་བཞིན་སེམས་ནང་བརྗོད་ལས་འདས་པའི་དགའ་བ་ཤིག་སྐྱེས། དེ་ནི་ཁོ་ལ་གྲོང་ཁྱེར་གྱིས་སྦྱིན་པའི་དྲོད་འཁོལ་ཐོག་མ་དེ་རེད།   ཁོའི་སྣང་ངོར་པད་མ་ནི་སྔོན་ཆད་ཤ་རྒྱག་པོ་མཁུར་ཚོས་དམར་པོ་བལྟས་པ་ཙམ་ལ་བོད་པའི་བུ་མོ་ཞིག་གི་ཉམས་བཟང་ཞིག་ཡོད་པའི་བག་ཆགས་མཐུག་པོ་ཞིག་གིས་ཁྱབ་ཡོད་ནའང་། ད་ལྟ་པད་མ་ནི་ལུས་པོ་སྐམ་དུ་སོང་ཡོད་ལ་ངོ་གདོང་ལས་སྐྱ་ཤས་ཤིག་མངོན་ཡོང་བས་གྲོང་ཁྱེར་གྱི་མི་བུ་གཞན་དང་ཧ་ལམ་དབྱེ་བ་མ་མཆིས། 

པད་མ་ནི་དམའ་འབྲིང་ནས་ཐོན་རྗེས་མུ་མཐུད་སློབ་གྲྭར་མ་སོང་བར་གྲོང་ཁྱེར་དུ་འགྲོ་མཁན་ཅུང་ཕྱི་བའི་གྲས་ཤིག་རེད། ཁོ་མོས་ཚམ་ཚོམ་མེད་པར་ཨ་ཁུ་བསོད་ནམས་ཀྱི་ལག་པ་ནས་འཇུས་བྱུང་།   "ཁྱེད་མར་སྡོད་དང་། ག་དུས་ཡོང་བ་ཡིན་ནམ།  ཁྱོད་ཐུག་པ་ཅིག་འཐུང་ཨང་། "  ཁོ་མོའི་སེམས་རྩ་འཁོལ་བའི་སྣེ་ལེན་དེས་ཨ་ཁུ་བསོད་ནམས་ལ་སྔར་ཡོང་མྱོང་མེད་པའི་དྲོད་འཁོལ་ཞིག་ལུས་པོའི་སྦུ་ག་ཀུན་ལ་རྒྱས།  ཡིན་ནའང་ཁོའི་ལག་མགོ་དེ་པད་མའི་ལག་པའི་ནང་དུ་འཇོག་སྐབས་ཡོས་སྤྲུག་ཅིག་ཕྲུ་གུ་དམར་འབྱར་གྱི་ལག་པའི་ནང་དུ་ཉར་བ་དང་མཚུངས་བས་ཁོས་དེ་འཕྲལ་ལག་པ་ཚུར་འཐེན་ནས་བརླ་གཉིས་ཀྱི་བར་དུ་བར་མེད་འཕུར་གྱིན།"ཐུགས་རྗེ་ཆེ།ང་ད་ནང་འབྱོར་མ་ཐག་ཡིན།  པད་མ་ཁྱོད་འདི་གར་ག་རེ་བྱེད་ཀྱི་ཡོད་དམ"ཞེས་དྲིས།   "ང་ཟ་ཁང་འདིའི་ནང་ལས་ཀ་བྱས་ནས་བསྡད་ཡོད" 

"འོ་བྱས་ན་གླ་མཐོན་པ་སྦྱིན་ངེས་རེད་"

"མཐོན་པོ་མ་རེད། ཟླ་རེར་སྟོང་ཕྲག་གཅིག་ཙམ་སྦྱིན་གྱི་ཡོད"

ཨ་ཁུ་བསོད་ནམས་ཀྱི་ངོ་གདོང་ལས་ཡིད་སྨོན་དང་ཧ་ལས་པའི་རྣམ་འགྱུར་ཞིག་མངོན་ཡོང་།སྐབས་དེར་པད་མ་དང་འདྲ་བའི་ན་ཆུང་མ་ཞིག་གིས་ཨ་ཁུ་བསོད་ནམས་ཀྱི་མདུན་དུ་ཐུག་པ་ཕོར་པ་གང་བསྐྱལ།ཨ་ཁུ་བསོད་ནམས་ཐུག་པ་འཐུང་བཞིན་པའི་སྐབས་སུ་ཁང་སྦུག་ནས་ཨ་ཅག་རྒྱགས་པ་ཞིག་གིས་སྐེ་ནར་ཙམ་བསྲིངས་ནས་"པད་མ།  ཕྱི་ནས་མངག་པའི་ཁ་ལག་གྲ་སྒྲིག་ཟིན་པས་ད་ཁྱོད་མགྱོགས་པོ་སྐྱེལ་བར་རྒྱུག

འགོར་འགྱངས་མ་བྱེད།ལམ་སང་རྒྱུག"ཨ་ཅག་རྒྱགས་པ་དེས་རྣམ་འགྱུར་གྲང་ཤུར་ཤུར་ཞིག་གིས་དེ་ལྟར་བོས་ཡོང་བ་དང་མི་བུ་རེ་གཉིས་ཡང་མིག་ཟུང་དུས་གཅིག་ཏུ་ཁོ་གཉིས་ཀྱི་ཕྱོགས་སུ་གཅེར་ཡོང་བས་པད་མའི་སྐྱ་འཚུབ་འཚུབ་ཀྱི་ངོ་གདོང་དེའི་མཁུར་ཚོས་ནས་ཁྲག་མདའ་རྒྱུག་པ་ལྟ་བུའི་དམར་ཤད་ཅིག་ཐོན།"ཨ་ཁུ་བསོད་ནམས། ཁྱོད་ཐུག་པ་འཐུང་ཨང་།རིན་པ་ངས་སྦྱིན་ཆོགང་ཕལ་ཆེར་ཕྱི་པོར་མ་གཏོགས་འཁོར་མི་ཐུབ།ང་འགྲོ་གི་ཡིན་ད།"པད་མས་གཏམ་གྱི་མཇུག་འཕྲོ་རྣམས་ཁང་སྦུག་ཏུ་འགྲོ་གིན་དུ་བཤད་པས་ཨ་ཁུ་བསོད་ནམས་ལ་ཐུགས་རྗེའི་ཚིག་ལན་གཅིག་ཀྱང་ ཤོད་མ་ཐུབ།

མ་གཞི་ཁོས་རང་གི་གནས་ཚུལ་མང་པོ་ཞིག་དང་དོགས་འདྲི་མང་པོ་ཞིག་པད་མར་འདྲི་དགོས་བསམ་ཡང་པད་མ་དེ་ལྟར་འཚབ་འཚུབ་ཏུ་ཐོན་སོང་བས་ཁོ་པ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ཞིག་ལྟར་འདུག་བཟོད་མི་བདེ་བར་གྱུར།  ཐུག་པ་བཏུང་ཟིན་པ་དང་ཅུང་ཟད་ལྷོད་དུ་གྱུར་རྗེས་ཁོས་རང་ཉིད་གཅིན་པ་ཤོར་བ་གཞི་ནས་འཚོར།ཁོས་བསམ་གཞིགས་བྱེད་ལོང་མེད་པར་རང་གི་སྡོད་གནས་སུ་བྱ་འཕུར་བ་ལྟར་ལོག

མ་མཐར་ཡང་སྡོད་གནས་སུ་གཡང་དཀར་གྱི་ལུ་གུ་ཆུང་ཆུང་དེས་ཁོ་པ་ལོག་ཡོང་རྒྱུར་སྒུག་བསྡད་ཡོད།དེ་ནི་ཁོའི་འདྲིས་མེད་ཀྱི་གྲོང་ཁྱེར་དེའི་ནང་གི་གཉེན་ཉེ་གཅིག་པུ་དེ་རེད།ཁོ་པ་སྡོད་གནས་སུ་སླེབས་པ་དང་ལུ་གུ་ཆུང་ཆུང་དེས་ཁོའི་རྐང་པར་འཁྲིལ་ནས་འབའ་སྒྲ་སྒྲོགའབའ་སྒྲ་དེ་ནི་ཁྱོད་ཀྱིས་ང་གཅིག་པུར་སྐྱུར་ནས་འགྲོ་དོན་ཅི་ཡིན་ཞེས་སྐྱོ་ཡུས་བརྗོད་པ་དང་ཧ་ཅང་འདྲ།ཁོས་དེ་འཕྲལ་རྭ་ནུ་ལས་རྩམ་ལྡུར་རྒྱག་ཚད་ཅིག་སྟེར།དབེན་འཇམ་གྱི་མཚན་མོ་དེར་ཁོས་ལུ་གུ་ཆུང་ཆུང་རུམ་དུ་ཉར།ཨ་ཁུ་བསོད་ནམས་ཀྱིས་ལུ་གུ་ཆུང་ཆུང་དེར་བྱིལ་བྱིལ་བྱེད།དེ་ནི་ཨ་མ་ཞིག་གིས་རང་གི་བུ་གཅིག་པུ་ལ་བཅངས་པའི་བརྩེ་བ་དང་གཉིས་སུ་མི་འདུག   ཁོས་ལུ་གུ་ཆུང་ཆུང་དེའི་ལུས་ཐོག་ལ་རེ་བ་དང་མ་འོངས་པ་ཚང་མ་བཅོལ་ཡོད།    ཁོ་པ་དེ་བས་དགའ་འོས་པ་ཞིག་ལ་ལུ་གུ་དེ་མོ་རེད།དེ་ནི་གྲོང་མི་རྣམས་གྲོང་ཁྱེར་དུ་སྤོས་ནས་ཕྲུ་གུ་སློབ་གྲྭར་སྐྱེལ་བ་དང་དེ་རྗེས་མ་འོངས་པ་དང་འབྱུང་འགྱུར་ལ་རེ་ལྟོས་ཆེན་པོ་ཞིག་བཅོལ་བ་དང་ཧ་ཅང་འདྲ།མཚན་མོ་དེར་ཨ་ཁུ་བསོད་ནམས་ལ་རྨི་ལམ་ཡ་མཚན་ཅན་ཞིག་རྨིས།རི་བོའི་འགྱིངས་ལྟར་ལངས་པའི་ཁང་ཆེན་ཡོད་ཚད་རྫ་རི་དང་སྤང་རིར་གྱུར་ཤིང་།སྣུམ་ནག་གི་གཞུང་ལམ་དག་མུ་མཐའ་མི་མངོན་པའི་རྩྭ་ཐང་ཡངས་མོར་གྱུར།དེ་བས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འདུར་རྒྱུག་བྱེད་པའི་རླངས་འཁོར་དེ་དག་ནི།བདག་མེད་ཀྱི་རི་དྭགས་དང་གྲངས་ལས་འདས་པའི་ནོར་ལུག་གི་ཁྱུ་ཚོགས་ལ་གྱུར་ནས།རྩྭ་ཐང་ཐོག་འགའ་རེ་བག་ཡངས་པོར་ཉལ་ཞིང་།ལ་ལ་དགའ་བའི་མཆོངས་ལྡིང་བྱེད།

ལུ་གུ་ཆུང་ཆུང་དེ་སྐད་ཅིག་ཉིད་དུ་ཆེ་ཆེར་ལོངས་ཤིང་།དེ་ལས་ལུ་གུ་མང་དུ་འཕེལ་བས་ལུ་གུ་ཆུང་ཆུང་དེ་དག་སྤང་གཤོང་ཡངས་མོའི་ཐོག་མཆོངས་མ་ལྡིང་ལ་ཅི་དགར་རོལ་བ་རྨིས།ཡིན་ནའང་ཁོ་པ་གཉིད་ལས་སད་སྐབས་ལུ་གུ་ཆུང་ཆུང་དེ་ཁོའི་མལ་སའི་རུམ་ན་བསྡད་མེད་པ་ཤེས།ཁོས་སྔངས་སྐྲག་ཆེན་པོས་ཡར་ལངས་ནས་བལྟ་སྐབས་མདང་ནུབ་ཉལ་དུས་སྒོ་གཏན་རྒྱུ་བརྗེད་སོང་བ་གཞི་ནས་དྲན།ཨ་ཁུ་བསོད་ནམས་ཀྱིས་ཅི་ཞིག་དྲན་པ་ལྟར་དེ་འཕྲལ་སྒོ་རའི་ནང་དུ་བསྐྱོད་སྐབས་ཁྱི་རྒན་དེའི་ཁ་ངོ་ཁྲག་གི་དམར་པོར་གྱུར་ནས་ཁོའི་ཕྱོགས་སུ་སླར་ཡང་འབ་ཡོང་།

 (རྩོམ་འདི་2015ལོའི་མི་རིགས་རྩོམ་རིག་དུས་དེབ་གཉིས་པ་ནས་བདམས)

 དགོན་འདབས་ཀྱི་གཏམ་རྒྱུད།

         རྒྱ་མཚོའི་རྦ་རླབས་ལྟར་གཅིག་འཇག་གཉིས་ལངས་ཀྱིས་ལང་ལོང་དུ་འཕྱུར་བཞིན་པ་ནི་ལྷ་ལྡན་ཁྲོམ་གཞུང་གི་མི་ཚོགས་དེ་དག་རེད།ར་མོ་ཆེ་ནས་བྱང་ཕྱོགས་སུ་གོམ་པ་བཅུ་ཙམ་སོང་ཚེ་ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་ཡོད་སར་བསླེབ་སྲིད།             

དེ་སྔོན་མོས་ཁྲོམ་གཟིགས་ཁང་གི་ཟུར་ངོས་ཤིག་ཏུ་ཤ་ཁྲོམ་ཆུང་ཆུང་ཞིག་བཟུང་ཡོད་ནའང་།ལོ་ཤས་ཀྱི་གོང་དུ་གནས་དེར་ཡུལ་སྐོར་གྱི་འདུ་ལམ་འཁེལ་བས།བྱ་ལས་འདི་དག་ཡུལ་སྐོར་བའི་མིག་ནང་དུ་མི་མཛེས་ཟེར་བཞིན་གོང་རིམ་ནས་གསབ་དངུལ་ཕྲན་བུ་སྤྲད་དེ་ས་ཆ་གཞན་དུ་གནས་སྤོ་བྱེད་དུ་བཅུག་པས།མོས་ར་མོ་ཆེའི་བྱང་ངོས་ཀྱི་ཤ་ཁྲོམ་དེ་བཟུང་བ་རེད།  

ར་མོ་ཆེའི་ཁྲོམ་གཞུང་གི་སྲང་ལམ་དུ།ཨ་ཅག་གསལ་སྒྲོན་ནི་ཕྱུགས་སྤུ་རྟགས་ཅན་ཞིག་ལྟར་ལམ་འགྲུལ་ཀུན་གྱི་ཡིད་འཛིན་ཆེ་བ་ཞིག་རེད།  ཞེང་ཆེ་བའི་ངོ་གདོང་དམར་སྨུག་དེ་དང་ཁྲག་ལྟར་དམར་བའི་མཁུར་ཚོས་དེ་ནི་མོ་དམར་ལས་ལ་བྱང་ཆ་ལྡན་པའི་སྡིག་པའི་ དཔང་པོ་ངོ་ལ་ཤར་བ་དང་ཀུན་ནས་མཚུངས། རྒྱུན་དུ་མོ་དངུལ་མདོག་གི་རྣ་ཆ་ཆེན་པོ་ཆ་ཞིག་འདོག་རྒྱུར་མོས་ཤིང་། ཉི་ལྷག་འགོག་པའི་རས་ཞྭ་དཀར་པོ་དེ་ཧ་ཅང་གོ་ཆོད་ཅིག་ཡིན་པས། མོས་སྤྱིར་ཏང་དུ་ཉིན་གང་བོར་ཕུད་པར་མི་བྱེད་ལ།  ཁྲག་གིས་འཚོས་པའི་པང་རས་དེ་ཚོས་གཞི་ཅི་ཡིན་པ་གསལ་པོར་མི་ཤེས་ཀྱང་།  སྐབས་རེར་ཤ་ཉོ་མཁན་ཆད་ནས་ཁོམ་པ་ཕྲན་བུ་རེ་ཐོབ་ཚེ། མོས་ཨམ་ཕྲག་ནས་ཤངས་ཕྱིས་ཤིག་དང་འགྱིགས་སྣོད་ཀ་པེད་ཆུང་ཆུང་ཞིག་བཏོན་ཅིང་།  སྣ་ཐ་སོར་མོ་གང་ཤུར་སྒྲ་དང་བཅས་བརྔུབས་རྗེས།  ཤངས་ཕྱིས་ཀྱིས་སྣབས་འབྱིད་པར་བྱེད་པ་དང་། པང་རས་ཀྱི་ཕྱི་ནང་བསློགས་ཏེ་ལག་སོར་གྱི་ཐལ་བ་འབྱིད་ཙམ་བྱེད་སྐབས། ད་གཟོད་པང་རས་དེ་ཚོས་གཞི་སྔོན་པོ་ཞིག་ཡིན་པ་ཤེས་ཐུབ།

“ཨ་ཅག ཤ་རྒྱ་མ་གང་ལ་རིན་གོང་ག་ཚོད་ཡིན་ནམ།”ཤ་མདངས་དཀར་ལ་རྒྱགས་པའི་ན་གཞོན་དེ་ཨ་ཅག་གསལ་སྒྲོན་གྱི་ཁྲོམ་སྟེགས་འཁྲིས་སུ་ལངས་ནས་དེ་ལྟར་དྲིས།

“སྒོར་མོ་ཉི་ཤུ་རྩ་ལྔ་རེད།”

“གོང་དེ་འདྲའི་མཐོ་བ་ཅི་ཡིན།ཁ་ཉིན་རྒྱ་མ་གང་ལ་སྒོར་མོ་ཉི་ཤུ་ཐམ་པ་མ་ཡིན་ནམ།”

“བུ་ལགས།ཟོག་གོང་གཏན་འཇགས་མེད་པས།སྐབས་རེར་འཕར་སྲིད་ལ་སྐབས་རེར་ཆག་ཀྱང་སྲིད།ངས་དེ་སྔོན་ཤ་རྒྱ་མ་གང་ལ་སྒོར་མོ་བཅོ་ལྔ་བྱས་ནས་བཅོང་མྱོང་བ་ཡིན། ཡིན་ནའང་ད་ལྟ་སྒོར་མོ་བཅོ་ལྔ་བྱས་ན་ཁེ་ཕར་ཞོག་མ་རྩ་ཡང་མི་ལོན།”

“ཁྱོད་ཀྱིས་གོང་ཕྲན་བུ་ཕོབས་དང་། ང་ལ་རྒྱ་མ་སུམ་ཅུ་ལྷག་དགོས།”

“བུ་ལགས། ཁྱོད་ཀྱིས་ངའི་ཤ་ཚང་མ་ཉོས་ནའང་དེ་ལས་བཅག་ཐབས་མེད། ངས་རྩིབ་རུས་འདི་དག་གཙབས་ནས་ཁྱོད་ལ་སྦྱིན་ཆོགདེ་ནི་ངས་ཁྱེད་ལ་སྟེར་ཐུབ་པའི་ཁེ་བཟང་གཅིག་པུ་དེ་ཡིན།”

“ཡ། འོ་ན་དེ་ལྟར་བྱོས།” ཁོས་དུ་བ་རྐང་གཅིག་ལ་མེ་སྒོ་ཞོར་དུ་དེ་ལྟར་བཤད།    ཨ་ཅག་གསལ་སྒྲོན་གྱིས་ལག་གཡས་སུ་གྲི་གུ་ཐོགས་པ་དང་ལག་གཡོན་དུ་གྲི་བརྡར་བྱེད་ཀྱི་སེག་བརྡར་ཞིག་བཟུང་ནས།ཡུད་ཙམ་གྱི་རིང་ལ་སྐམས་ཤ་དེ་དག་དུམ་བུ་འགའ་ལ་བགོས་པ་དང་། དེའི་རྗེས་ཁྲོམ་བཀྱག་གི་འོག་ནས་སྟ་རེ་ལེབ་ཆེན་ཞིག་བཏོན་རྗེས། གཡག་རྒན་གྱི་རྩིབ་རུས་དེ་དག་གཅིག་ཐོག་གཅིག་བསྣུན་གྱིས་ཆེ་ཆུང་སྙོམས་པའི་དུམ་བུ་འགའ་རུ་བཏང་། མོའི་མཛུབ་ཚིགས་དེ་དག་ནི་སྨྱུང་མའི་ཚིགས་ལྟར་འབུར་ཤིང་སྲ་མཁྲེགས་ལྡན་པ་ཞིག་རེད།རྣོ་ལ་འོད་མདངས་འཚེར་བའི་སྟ་རེ་ལེབ་ཆེན་དེ་ཡང་མོའི་ལག་ནང་དུ་ཅི་འདྲའི་ཉམ་ཆུང་བ་ཞིག་དང་། མོའི་བཀོལ་སྤྱོད་ལ་ཤིན་ཏུ་ཉན་པ་ཞིག་ཏུ་སྣང་།        

ན་གཞོན་དེའི་དུ་བ་ཕྱེད་ཀ་ཙམ་རྔུབ་མ་ཚར་གོང་།ཨ་ཅག་གསལ་སྒྲོན་གྱིས་བྱང་ཆ་ལྡན་པའི་སྒོ་ནས་ཤ་རུས་དེ་དག་སོ་སོར་ཕྲལ་ཟིན་པས།ད་ནི་ཁོ་པ་སྒོར་མོ་སྤྲོད་རྒྱུ་མ་གཏོགས་གཞན་ཅི།  ན་གཞོན་དེ་འགྲོ་མཁར་མོའི་ངོ་ལ་ལྟ་ཡག་ཅིག་བྱས་ཏེ། “ངས་རང་ཉིད་ཕོ་ཁྱོ་ག་ཞིག་ཡིན་པར་བསམ་གཞིགས་བྱས་མ་མྱོང་།ཡིན་ནའང་ཁྱོད་བུད་མེད་ཅིག་རེད་ཟེར་ན་ང་ལ་ཐེ་ཚོམ་སྐྱེས། ཧ་ཧ་་་་ཞེས་དགོད་སྒྲ་དང་ལྷན་དུ་ཁ་རྩེད་ཅིག་བྱས་པ་ན།ཨ་ཅག་གསལ་སྒྲོན་གྱིས་ཨམ་ཕྲག་ལས་སྣ་ཐ་བླུགས་པའི་ཀ་པེད་དེ་བཏོན་རྗེས“ཁྱོད་ཀྱིས་ཕོ་ཁྱོ་ག་ཞིག་ཡིན་མིན་ལ་བསམ་གཞིགས་བྱ་མ་མྱོང་བ་ནི་ཁྱེད་རང་ཆུང་དུས་གོས་ཆེན་གྱིས་བསྒྲིལ། ཆེ་དུས་ཟ་མ་གདན་ཐོག་ནས་ཟོས།ཉི་འོད་མགོ་ལ་མ་ཕོག  ཆར་ལྷག་གདོང་གིས་བསུས་མ་མྱོང་བའི་མི་བུ་བསོད་ནམས་ཅན་ཞིག་ཡིན་པས་རེད། ཡིན་ནའང་ང་མོ་ཁྱོ་ག་ཞིག་ཏུ་གྱུར་པ་ནི་འཚོ་བའི་གཡུལ་ས་དེ་ངའི་ཤ་ཁྲག་ལ་བརྟེན་ནས་གདོང་ལེན་བྱ་དགོས་པས་རེད་ཅེས་བཤད་པ་དང་།མཐུད་ནས་ཤ་ཁྲོམ་འཁྲིས་ཀྱི་འདུག་སྟེགས་སུ་བསྡད་རྗེས། སླར་ཡང་སྣ་ཐ་སེན་མོ་གང་ཤུར་སྒྲ་དང་བཅས་བརྔུབས།  ཁོ་ལ་སླར་ལན་གདབ་རྒྱུ་མ་བྱུང་བར་ཁོང་དགོད་ཅིག་བྱེད་བཞིན་གནས་དེ་དང་བྲལ་ཏེ།ཤར་རེར་རྦ་རླབས་འཕྱོ་འདྲའི་ལྷ་སའི་ཁྲོམ་གཞུང་གི་མི་ཚོགས་དེ་དག་གི་ཁྲོད་ཆུ་ཐིགས་ཆུང་ཆུང་ཞིག་ལྟར་འཐིམ་སོང་།

  ཉི་མ་ནུབ་ངོས་སུ་ཅུང་ཟད་ཡོལ་འདུག་པས།མོའི་ཤ་ཁྲོམ་ལའང་ཉི་མས་གྱེས་ཕྱག་འཕུལ་ཟིན་ཅིང་།འཁྱག་སྒམ་དང་འདྲ་བའི་ཁང་བརྩེགས་ཀྱི་གྲིབ་གཟུགས་དེ་དག་གིས་ཨ་ཅག་གསལ་སྒྲོན་གྱི་ལུས་པོར་ཆུ་བཤོས་པ་ལྟར་གྱི་གྲང་ངར་ཞིག་སྦྱིན་འོངས་ལ། ད་དུང་སྲང་ལམ་ན་ཆོམ་བུ་ལྟར་རྒྱུ་བཞིན་པའི་རླུང་ལྡོམ་བུ་དེ་དག་ནི།ཨ་ཅག་གསལ་སྒྲོན་གྱི་རྒྱབ་ངོས་སུ་རྐང་འཇབ་ལག་འཇབ་ཀྱིས་གཡུགས་ནས་རས་ཞྭ་དཀར་པོ་དེའང་ཐེངས་འགའ་ལ་འཕུར་བར་བྱས། མོས་ཕྱུ་པའི་མཐུ་བ་གཡས་བརྫེས་གཡོན་བརྫེས་ངང་མདུན་དུ་བརྒྱུགས་ནས་རས་ཞྭ་དཀར་པོ་དེ་ལག་ཏུ་བླངས་པར་མ་ཟད།ད་དུང་ཁ་ནས་“ཕེ།ལྷགས་རླུང་འདི་ཡིན་ན་དགོས་དུས་ཆད། མི་དགོས་སར་ཐོལ་ཟེར་བ་རང་རེད།  ཁྱོད་འདུག་ས་བྱང་མི་མེད་ལུང་སྟོང་ལ་མི་སྡོད།ལྷོ་དབུས་ཀྱི་གནས་འདི་རུ་་ཁྱི་སྨྱོན་བཞིན་བརྒྱུགས་ནས་ཅི་བྱེད་”ཅེས་དམོད་མོ་ཡིད་ཚིམས་པ་ཞིག་བོར་རྗེས།ཐལ་རྡུལ་འགོས་པའི་རས་ཞྭ་དེ་ཡང་པུས་མགོར་རྡེབ་ཙམ་རྡེབ་ཙམ་བྱས་སོང་།

དགོན་འདབ་སུ་ཤ་འཚོང་བ་དེ་གཡས་གཡོན་གྱི་མི་བུ་མང་པོའི་མིག་ནང་དུ་ཤིན་ཏུ་ནས་མི་མཛེས་ལ། འགའ་རེས་ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་ལ་སྡང་མིག་བགྲད་དེ“ཧིན། གནས་ཆེན་ཡར་ལྷ་ཤམ་པོར་རྐང་འདྲེན་བྱེ་མ་མྱུ་གུ་(སྲོག་ཆགས་རྩངས་པའམ་རྨིགས་བུ་རང་རེད།དགོན་འདབས་སུ་དམར་ཚོང་རྒྱག་པ་ནི་སྡིག་ཉེས་ནམ་མཁར་མི་ཤོང་བ་ཡིན། ཚེ་ཕྱི་མར་ངན་སོང་འགྲིམ་དགོས”ཞེས་ལབ་རྡོལ་ཐོས་ལ་མ་ཐོས་རེ་རྒྱབ་ནས་འགྲོ་བར་བྱེད་མོད།མོས་མ་ཐོས་མ་གོ་ཁུལ་གྱི་འདུག་པ་ལས་དེར་སྣང་འཇོག་ཅི་ཡང་མི་བྱེད།        

གང་ཡིན་ཟེར་ན་ལབ་གླེང་འདི་འདྲ་ཨ་ཅག་གསལ་སྒྲོན་གྱིས་ཐོས་པ་ཐེངས་མ་གཅིག་གཉིས་མིན་པས།ཡོད་ཚད་ལ་ཁ་གཏད་གཞལ་དགོས་ན་ཁའི་མཆིལ་མ་ཟད་རོགས་དང་སེམས་ལ་རྨ་ཁ་བཟོ་རོགས་མ་གཏོགས་གཞན་ཅི་ཡང་མེད་པས་ཡིན།   ཡིན་ནའང་འཁྱག་སྒམ་ལྟ་བུའི་གྲིབ་ནག་གི་འོག་ཏུ་མོའི་ཁ་ཤ་འདར་ལྷབ་ལྷབ་བྱེད་པར་བལྟས་ན།  མོས་མཎི་རེ་ཟུང་འདོན་བཞིན་ཡོད་པ་སྨྲོས་མ་དགོས། དེ་ནི་མོས་ནུས་པའི་མི་ཁ་དགྲ་ཟློག་དང་ཕྱི་མའི་སྡིག་བཤགས་ཤིག་མིན་ནམ་སྙམ་ནའང་ཆོག་པ་ཡིན།

ཨ་ཅག་གསལ་སྒྲོན་གྲོང་ཁྱེར་དུ་བསླེབས་ནས་ཧ་ལམ་མི་ལོ་ཉི་ཤུ་ལྷག་སོང་ཡོད་མོད། ད་དུང་རང་གཅིག་པུར་དབང་བའི་ཁང་ཆུང་བྲེ་གང་ཙམ་སྟོན་རྒྱུ་མེད།དེ་ནི་མོས་བག་མེད་ལོངས་སྤྱོད་ཀྱི་འཚོ་བར་རོལ་བ་ཞིག་གཏན་ནས་མ་ཡིན་པར།གྲོང་ཁྱེར་གྱི་འཚོ་བ་ཆེ་ཕྲ་ཅི་རིགས་མོ་གཅིག་པུའི་ཕྲག་སྟེང་དུ་ལྷུང་བ་སྟེ།བུ་བསྟན་འཛིན་གྱི་སློབ་ཆེན་གྱི་སློབ་ཡོན་སྤྲད་རྒྱུ་དང་། སྡོད་ཁང་གི་ཁང་གླ་སྤྲད་རྒྱུ། དེ་བཞིན་ཚོང་ཁྲོམ་གྱི་གླ་ཆ་དང་། ཟླ་རེའི་འཚོ་བའི་འགྲོ་གྲོན་སོགས་ཚང་མ་རང་གཅིག་པུས་འཁུར་དགོས་པས། ཨ་ཅག་གསལ་སྒྲོན་ལ་དལ་བའི་སྐབས་ཤིག་མ་མཆིས་པ་དང་།བག་མེད་ཀྱི་འཚོ་བས་དུས་འདའ་བར་བྱེད་པ་ནི་དེ་བས་ཀྱང་མཐོང་དཀོན་ནོ། །

མོ་ཞོགས་པར་སྔ་མོར་ལངས་རྗེས་ཁྱིམ་ཚང་གི་ལས་ཀ་རྩག་རྩིག་བསྒྲུབ་རྒྱུ་དང་།དེའི་རྗེས་བཤས་རྭ་རུ་ཤ་ཉོ་བར་འགྲོ་རྒྱུ་དེ་ཡིན།མོའི་སྡོད་གནས་ནས་ར་མོ་ཆེའི་ཉེ་འདབ་ཀྱི་ཤ་ཁྲོམ་བར་དུ་འཁོར་གསུམ་རྐང་འཁོར་ལ་བཞོན་ཏེ་སོང་ན་ཆུ་ཚོད་ཕྱེད་ཀ་ཙམ་ལ་འགྲོ་དགོས་པས།མོའི་འཚོ་བ་དེ་ནི་བསྐྱར་ཟློས་ཡང་ཟློས་ངང་ནས་རོལ་དགོས་པ་ཞིག་རེད།གཉེན་ཉི་མའི་མགྲོན་པོ་ག་ལེར་ནུབ་རི་ཆེན་པོའི་ཕང་བར་བཞུད་དུས། ཨ་ཅག་གསལ་སྒྲོན་གྱིས་ཤ་ཁྲོམ་བསྡུས་ཤིང་་འཁོར་གསུམ་རྐང་འཁོར་བཞོན་ཏེ། ཉང་བྲན་ལམ་གྱི་བཞི་མདོ་བརྒྱུད་ནས་བྱ་འཕུར་བ་ལྟར་ཁྱིམ་དུ་ལོག  གལ་ཏེ་རྣམ་ཀུན་ཡིན་ན་རང་གི་བུ་བསྟན་འཛིན་སྔོན་དུ་ལྕགས་རྟ་བཞོན་ནས་ལྡོག་གིན་ཡོད་ཅིང་། རང་ལཁ་ཟས་དྲོན་མོ་རེ་དང་ཆུ་ཁོལ་མ་རེ་བཟོས་འགྲོ་མོད། དོ་ནུབ་རེས་གཟའ་པ་སངས་ཡིན་པས།བུ་བསྟན་འཛིན་ཁྱིམ་མཚེས་ཀྱི་ཕྲུ་གུར་ཁྱིམ་སྦྱོང་གསབ་འཁྲིད་བྱེད་པར་སོང་ཡོད་པམོའི་སེམས་སུ་གསལ་པོ་ཡིན། དྲང་པོར་བརྗོད་ན། མོ་གྲོང་ཁྱེར་དུ་བསྡད་པའི་མི་ལོ་ཉི་ཤུའི་རིང་ལ།སེམས་ཀྱི་དྲོད་འཁོལ་སྦྱིན་མཁན་དང་སྐྱིད་སྡུག་གི་འཚོ་བ་གླེང་ས་གཅིག་པུ་ནི་བུ་བསྟན་འཛིན་ལས་མ་འདས།  བུ་བསྟན་འཛིན་འགྲོ་ཤེས་འདུག་ཤེས་དང་བཟའ་ཤེས་བསམ་ཤེས་བྱེད་མཁན་ཞིག་ཏུ་གྱུར་ནས།ད་ལྟའི་བར་དུ་ཁོས་ཨ་ཕ་མིག་གིས་མཐོང་མྱོང་མེད་ལ་ཨ་མར་ཡང་འདྲི་མ་མྱོང་།མདོར་ན་ཁོས་འཇིག་རྟེན་བུ་ཕྲུག་ཀུན་གྱིས་འབོད་པའི་ཨ་ཕ་ཞེས་པའི་ཐ་སྙད་དེ་ཁོའི་ངོས་ནས་བརྗོད་ན་ཆ་མེད་རྒྱུས་མེད་ཅིག་ཏུ་སྣང་།

ཨ་ཅག་གསལ་སྒྲོན་ནི་རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་ཕ་མེད་ཀྱི་ཕྲུ་གུ་ཞིག་འཁྲིད་ཅིང་། ད་དུང་འཚོ་རྟེན་དུ་དམར་ཚོང་གི་ལས་ཀ་ཞིག་བསྒྲུབས་དགོས་པས། མཐའ་སྐོར་གྱི་མི་མང་པོས་མོ་དང་འགྲོག་པར་མི་འདོད་ལ།རྒྱུན་དུ་མོར་འཚམས་འདྲི་དང་གླེང་མོ་བྱེད་མཁན་ཡང་ཧ་ཅང་ཉུང་། དོན་དེས་བུ་བསྟན་འཛིན་གྱི་བྱིས་དུས་ལ་ཡང་སེམས་ཀྱི་རྨ་ཁ་ཡང་ཡང་བཟོས་མྱོང་།

བུ་བསྟན་འཛིན་ལ་བྱིས་དུས་ཀྱི་རྩེད་རོགས་མེད་ནའང་། ད་ལྟ་ཁོ་ནར་སོན་ཞིང་སྐྱེས་སྟོབས་ཀྱི་ལང་ཚོ་རྒྱས་ཡོད་པར་མ་ཟད།  ཕོ་ཁྱོ་ག་ཞིག་གི་ལང་ཚོ་ཡོངས་སུ་རྫོགས་ཡོད་པས། འཛིན་གྲྭའི་ནང་གི་སློབ་བུ་མང་བོ་ཞིག་གི་དྲོ་སྐྱིད་དང་ན་ཆུང་མང་པོའི་སྙིང་གཏམ་འཐོབ་ཀྱིན་ཡོད།

འདུ་འཛིའི་གྲོང་ཁྱེར་དང་གྲང་ཤུར་ཤུར་གྱི་མི་བུ་མང་པོའི་མིག་མདའི་འོག  ཨ་ཅག་གསལ་སྒྲོན་ལ་སེམས་པའི་དྲོད་འཁོལ་སྦྱིན་མཁན་གཅིག་པུ་ནི་བུ་བསྟན་འཛིན་ཡིན། བུ་བསྟན་འཛིན་གྱི་ཁ་ཞེ་མེད་པའི་སྲི་ཞུ་དང་སེམས་རྩ་འཁོལ་བའི་རྣམ་འགྱུར་དེ་དག་གིས། ཨ་ཅག་གསལ་སྒྲོན་གྱི་འཚོ་བར་གསོན་ཤུགས་ཀྱི་མེ་ཕུང་ཞིག་སྤར་ཡོད། དོ་ནུབ་ཨ་ཅག་གསལ་སྒྲོན་སྔོན་དུ་ལྡོག་དགོས་པས། མོས་ཚོང་འཕྲོར་ལུས་པའི་ནོར་ཤ་ལག་མགོ་ཙམ་དེས། དོ་ནུབ་བུ་བསྟན་འཛིན་ལ་ཟ་མ་ཞིམ་པ་ཞིག་བཟོ་དགོས་སྙམ།

མོ་ཁྱིམ་དུ་འབྱོར་བ་ན།  བུ་བསྟན་འཛིན་གྱིས་གྱོན་གོས་བཀྲུས་པ་རྣམས་སྡུད་གསོག་བྱེད་ཞོར་མེ་སྟ་བསྒྲིགས་ནས་ཁོ་པས་དགའ་ཤོས་བྱེད་པའི་ཕྱུར་རུལ་ཞིམ་པོ་ཞིག་བསྐོལ།    དོ་ནུབ་ཀྱི་ཚ་ཚ་འུར་འུར་གྱི་གླེང་མོ་དང་སྤྲོ་སྣང་གི་རྣམ་པ་དེ་ནི།  རྒྱུན་ལྡན་དང་འདྲ་བར་མ་བུ་གཉིས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་དང་བདེ་སྐྱིད་ཀྱི་གཞི་མ་ཞིག་ཏུ་གྱུར་འདུག

ཕྱི་ཉིན་ཞོགས་པར། བུ་བསྟན་འཛིན་གྱིས་སྔར་བཞིན་དེ་རིང་ནི་གཟའ་མཇུག་ཡིན་པས།  ཁོ་ཤ་འཚོང་བར་འགྲོ་རྒྱུར་ཨུ་ཚུགས་མཐར་སྐྱེལ་གྱིས་ཨ་ཅག་གསལ་སྒྲོན་ལ་ངལ་གསོ་ཉིན་གཅིག་ཐོབ་རེ་བྱས་ནའང་།  མོས་མཐའ་གཅིག་ཏུ་མོས་མཐུན་མ་བྱས་པར། བུ་བསྟན་འཛིན་གྱི་ལག་ནས་འཁོར་གསུམ་རྐང་འཁོར་ཚུར་ལེན་བཞིན་"ཤ་འཚོང་རྒྱུ་དེ་གོས་འཚོང་བ་དང་མི་འདྲ། གོས་འཚོང་བར་ཁང་པ་གླ་རྒྱུའི་དངུལ་ཕོན་ཆེན་དེ་འདྲ་ཞིག་མེད་པས། རྗེས་སོར་ངེད་གཉིས་ཕྱུག་པོ་ཆག་ན་གོས་ཟོང་ཚོང་ཁང་ཞིག་འཛུགས། དེའི་དུས་ཁྱོད་སྐབས་རེར་ཨ་མའི་ཚབ་ལ་སོང་ཆོག་"ཟེར།  བུ་བསྟན་འཛིན་གྱིས་དངུལ་སིལ་མ་བླུགས་པའི་ཁུག་མ་ཨ་མའི་ལག་ཏུ་སྤྲོད་བཞིན་"ཁྱེད་ཀྱིས་ལག་ཤུབས་ཤིག་གྱོན་ན་བཟང་།  ལྟོས་དང་། ལག་གི་ཕྱི་ནང་ལ་སེར་ཁ་མང་པོ་གས་འདུག" ཅེས་སླར་ཡང་དྲན་བསྐུལ་ཞིག་བྱས།  ཨ་ཅག་གསལ་སྒྲོན་དགོད་ཞོར་དུ་"ལག་ཤུབས་ཉོ་བའི་དངུལ་གྱིས་ཇ་ཁུག་མགོ་སྦྲེལ་(ཇ་དང་ཚྭ་གཉིས་ཀ)ཁུག་ཐུབ་"ཅེས་བསྟན་བཤིག་སློང་བཞིན་སྲང་ལམ་བརྒྱུད་ནས་གཞུང་ལམ་གྱི་ཕྱོགས་སུ་ཐོན། དེ་ཡང་རྒྱུན་ལྡན་ལྟར་གཟའ་མཇུག་སྐབས་སུ། ཁོ་གཉིས་བར་ཕན་ཚུན་བསམ་གཞིགས་དང་ཕན་ཚུན་ཨུ་ཚུགས་བྱེད་རེས་བྱེད་པའི་རྣམ་པ་རྒྱུན་ལྡན་ཅན་ཞིག་ཏུ་གྱུར་ཡོད།

ཨ་ཅག་གསལ་སྒྲོན་གྱི་ཚོང་ཁྲོམ་གྱི་ཁ་སྤྲོད་དུ་'དགེ་སྐྱོང་ཆོས་རྫས་ཚོང་ཁང་'ཞེས་པའི་གསེར་མདོག་གི་སྒོ་བྱང་ཆེན་པོ་ཞིག་བཀལ་ཡོད་པ་དེ་ནི་ཨ་ཅག་ཉི་མའི་ཆོས་རྫས་ཚོང་ཁང་རེད།  ཨ་ཅག་ཉི་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན་ཅིང་། ད་ལོ་རང་ལོ་ལྔ་བཅུ་ལྷག་ལ་སོན་ཡོད་མོད། ཁོ་མོའི་དམར་མདངས་ཆགས་པའི་མཁུར་མགོ་དང་རྒྱགས་ཤིང་བག་ལྷོད་པའི་གཟུགས་བྱད་དེས། སྐུ་དྲག་ལྟ་བུའི་ལྷ་ས་བ་ཞིག་གི་འཆོར་ཉམས་ལེགས་པར་མངོན་ཐུབ།

དེར་མ་ཟད་ཁོ་མོའི་རྒྱ་ཆེ་བའི་ཆོས་རྫས་ཚོང་ཁང་དེ་ནི་མོ་ལ་དབང་བའི་ཁང་པ་ཞིག་ཡིན་པ་དང་།མོའི་ཟླ་བོ་ནི་ཁུལ་དེའི་ཨུ་ཡོན་ལྷན་ཁང་གི་འགོ་འཁྲིད་ཆུང་ཆུང་ཞིག་ཡིན་ཐོག  བུ་མོ་ཡང་གྲོང་ཁྱེར་དུ་ལས་བགོ་བྱས་ཟིན་པས། ཨ་ཅག་ཉི་མའི་ཁྱིམ་གྱི་ཆ་རྐྱེན་སོགས་གང་ཐད་ནས་ཅི་དགོས་ཐོགས་པ་མེད་པ་ཞིག་རེད།

ཡིན་ནའང་ཨ་ཅག་ཉི་མའི་བསམ་པར་རང་ཉིད་དཀར་ཕྱོགས་དགེ་བའི་རྒྱུ་ལ་མོས་ཤིང་། ཚོགས་བསགས་སྒྲིབ་སྦྱོང་བྱེད་ཆེད་ཆོས་རྫས་ཚོང་ཁང་འདི་འདྲ་ཞིག་ཕྱེ་ནས་འཁྲིས་ཀྱི་ར་མོ་ཆེར་གནས་སྐོར་ཆོས་མཇལ་ལ་ཕེབས་མཁན་ཚོར་དགེ་ལས་ལ་འབུངས་བར་སྟབས་བདེ་དཔག་མེད་ཅིག་བསྐྲུན་ཡོད་སྙམནའང་།   ཨ་ཅག་གསལ་སྒྲོན་གྱིས་རང་གི་ཁ་སྤྲོད་དུ་སྡིག་ ལས་ཀྱི་ཤ་ཁྲོམ་དེ་འདྲ་ཞིག་ཕྱེ་བར་ཡིད་ཤིན་ཏུ་མ་རངས།

རྒྱ་སྟག་ར་མོ་ཆེའི་ཉེ་འགྲམ་དུ། ཨ་ཅག་ཉི་མས་ཕྲེང་བ་ལག་ཏུ་ཐོག་ནས་ཆོས་རྫས་འཚོང་བ་དང་ཨ་ཅག་གསལ་སྒྲོན་གྱིས་གྲི་གུ་ཐོག་ནས་ནོར་ཤ་འཚོང་ལུགས་འདིར་བསམས་ན། ཁོ་གཉིས་ནི་རྒྱ་སྟག་ར་མོ་ཆེའི་བྱང་སྒོ་སྲུང་བའི་ཞི་ཁྲོའི་སྲུང་མ་གཉིས་དང་ཡང་ཧ་ཅང་འདྲ། 

ཨ་ཅག་ཉི་མས་དད་ལྡན་པ་དེ་དག་གིས་མོའི་ཚོང་ཁང་ནས་མཆོད་མར་དང་སྤོས། ད་དུང་མཇལ་དར་སོགས་ཉོས་ནས་ར་མོ་ཆེར་མཇལ་སྐོར་དུ་འགྲོ་སྐབས། དད་ལྡན་པ་དེ་ཚོར་རང་གི་ཡང་དག་པའི་དགེ་བའི་སྐུལ་སློང་ལ་གསལ་འགྲེལ་དང་། ཨ་ཅག་གསལ་སྒྲོན་གྱི་མ་རབ་ཀྱི་སྡིག་ཉེས་ལ་ཐེར་འདོན་བྱེད་པ་ཐེངས་མ་གཅིག་གཉིས་ཙམ་ཞིག་མིན་ཏེ། གཅིག་བྱས་ན་དད་ལྡན་པ་ཚང་མ་དཀར་པོ་དགེ་བའི་ལས་ལ་ཕྱོགས་ནས་མོའི་ཆོས་རྫས་ཁོ་ན་ཉོས་འགྲོ་བ་ལས། མི་དགེའི་སྡིག་ཉེས་ལ་འཛེམ་སྟེ་ཨ་ཅག་གསལ་སྒྲོན་གྱི་ཤ་བྲིན་ཁ་མ་རྒྱུག་པར། མོ་གང་མྱུར་གནས་དེ་ནས་སྤོར་ན་བཟང་སྙམ་པ་ཡང་ཡིན་ཤས་ཆེ།

ཡིན་ནའང་དད་ལྡན་པ་དེ་དག་ལ་ཨ་ཅག་ཉི་མ་ལྟ་བུའི་དཀར་ཕྱོགས་དགེ་བའི་བློ་རྣལ་མ་ཞིག་མེད་པའམ་ཅི་སྟེ།  ཁོ་ཚོས་ཨ་ཅག་ཉི་མའི་ཚོང་ཁང་ནས་ཆོས་རྫས་རེ་ཉོས་ནས་ར་མོ་ཆེར་མཇལ་སྐོར་ལ་སོང་རྗེས།  ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་ནས་ཀྱང་ཤ་རྒྱ་མ་རེ་གཉིས་ཉོས་ནས་ཁྱིམ་དུ་ལྡོག་པར་བྱེད།  སྣང་ཚུལ་དེ་ཡང་ཨ་ཅག་ཉི་མས་མཐོང་བ་ཐེངས་གཅིག་གཉིས་ཤིག་མིན།   མ་མཐར་ཡང་ཨ་ཅག་ཉི་མས་ནོར་ཤ་ཐག་རིང་གི་ཚལ་ཁྲོམ་ནས་ཉོ་བ་མ་གཏོགས། སྒོ་ཁའི་ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་ནས་ཤ་གཏན་ནས་ཉོ་བར་མི་བྱེད།

ཉི་མ་ལྷ་སར་འཛོམས་པའི་མགོ་ནག་བོད་མི་དེ་དག་ཆོས་མཇལ་དུ་འགྲོ་མཁན་གྲངས་ཀྱིས་མི་ཟིན་ལ།  ནོར་ཤ་ཉོ་མཁན་ཡང་དེ་ལྟར་གྲངས་ཀྱིས་མི་ཟིན།  དེ་བས་ཨ་ཅག་ཉི་མ་དང་ཨ་ཅག་གསལ་སྒྲོན་གྱི་དཀར་དམར་གྱི་ཚོང་ཁང་གཉིས་ཀ་ཡང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད།  ཨ་ཅག་ཉི་མའི་སེམས་སུ་ཆོས་རྫས་ཚོང་ཁང་དེ་སྔར་ལས་བྲིན་པ་དང་ཁེ་བོགས་ཆེ་ཙམ་ཐོབ་ན། ད་ཡོད་ཀྱི་རྩེག་སུམ་ལྡན་གྱི་ཁང་པ་དེ་བཙོངས་ཏེ་ནང་ས་ནས་ཁང་པ་ཞིག་ཉོས་ཐོག  མོའི་ཟླ་བོ་དང་བུ་མོ་གཉིས་ཀྱི་ལས་གནས་གཅིག་པ་དག་གི་ཁྲོད་དུ་འདྲ་མཉམ་གྱི་མགོ་འཕང་ཞིག་འདེགས་ཐུབ་ན་ཅི་མ་རུང་སྙམ།

དེ་དང་འདྲ་བར་ཨ་ཅག་གསལ་སྒྲོན་གྱིས་ཀྱང་རང་ཉིད་ཀྱི་ཤ་ཚོང་ལ་བྲིན་ཁ་རྒྱུག་པོ་བྱུང་ནས། རང་གི་བུ་བསྟན་འཛིན་ཡང་རང་ཉིད་ལྟར་དུས་ནམ་ཡང་བོགས་གཏོང་ཁང་པ་ཞིག་གི་ནང་དུ་སྡོད་མི་དགོས་པར།  རང་ལ་དབང་བའི་ཁང་ཆུང་བྲེ་གང་ཙམ་ཞིག་ཉོ་ཐུབ་ན་ཅི་མ་རུང་སྙམ་པ་དེ་རེད།

ཚོང་གི་སྒོ་མོ་སོ་སོར་ཕྱེ་ཤིང་ཚོང་རྫས་ཀྱང་མི་འདྲ་མོད། མོ་གཉིས་ཀྱི་ཕུགས་འདུན་ནི་ཧ་ལམ་དོན་གཅིག་གི་སྣེ་མོར་བབས་ཡོད།   ཨ་ཅག་ཉི་མའི་ཆོས་རྫས་ཚོང་ཁང་སྒོ་ཕྱེ་བ་ཅུང་སྔ་སྟེ།  དེ་ནི་ཆོས་མཇལ་དང་གླིང་སྐོར་ལ་འགྲོ་མཁན་རྣམས་ཞོགས་པ་སྔ་མོ་ནས་ཡོང་གི་ཡོད་པས་ཡིན།  མ་གཞི་ཨ་ཅག་གསལ་སྒྲོན་ལངས་བ་ཨ་ཅག་ཉི་མ་ལས་ཆུ་ཚོད་གཉིས་གསུམ་གྱི་སྔ་མོད། ཨ་ཅག་གསལ་སྒྲོན་ཤ་ཁྲོམ་དུ་བཤམས་པ་ཅུང་འཕྱིས་པ་ཡིན།  མོས་རྩག་རྩིག་གི་ཁྱིམ་ལས་རྣམས་གྲུབ་རྗེས།འཁོར་གསུམ་རྐང་འཁོར་བསྐོར་ནས་ར་མོ་ཆེའི་ཉེ་འདབས་བར་ཆུ་ཚོད་ཕྱེད་ཀ་ཙམ་ལ་ཡོང་དགོས་པས། སྐབས་རེར་ཤ་ཉོ་མཁན་འགས་མོའི་ཤ་ཁྲོམ་གྱི་སྒོ་རུ་བསྒུགས་ནས་སྡོད་དགོས་པའང་ཡོད།    དེའི་དུས་ཨ་ཅག་ཉི་མའི་སེམས་སུ་ལྟས་ངན་འདི་དག  ལེགས་ཉེས་མི་ཤེས་པའི་མི་འདི་དག  ཤ་ཡིན་ཅིག་མིན་གཉིས་མོའི་ས་ནས་ཉོ་དགོས་པ་རེད་དམ།  དེ་ནི་བཟང་པོ་ལ་གསོལ་རས་མེད་པར་ངན་པ་ལ་ཇ་ཆང་ཞེས་པ་རང་རེད་སྙམ་བཞིན་བཅོས་ མིན་གྱི་ཞེ་སྡང་རེ་ཡིད་ལ་སྐྱེས་ཡོང་བས། མོས་འདོན་བཞིན་པའི་སྐྱབས་འགྲོའི་མགོ་རྔ་ཡང་འཁྲུགས་འགྲོ།  ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་གནས་དེར་སྤོར་པ་ནས་བཟུང་།  ཨ་ཅག་ཉི་མ་དང་མོའི་ཟླ་བོའི་བར་ཡང་ཁ་རྩོད་ཡང་ཡང་ཤོར་གྱིན་འདུག

མོས"ཁྱེད་མཐོ་ནའང་འདྲ། དམའ་ནའང་འདྲ། གང་ལྟར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཅིག་ཡིན་པས། དོན་དེ་འདྲ་ཞིག་ལ་ཐེ་ཇུས་བྱེད་དབང་མེད་ན་ཡ་ང་བ་རེད་ཨང་" ཞེས་པ་ན། ཟླ་བོས"ང་མགོ་འཁྲིད་ཆུང་ཆུང་ཞིག་ཡིན་ནའང་། མི་ལ་དོན་མེད་དུ་རྙོག་དྲ་བཟོས་ན་ག་ནས་འགྲིག" ཅེས་ལན་ལྡོན།

"ཧིན།  ཁྱེད་ལེགས་ཉེས་དང་བླངས་དོར་མི་ཤེས་པའི་ཆོས་མཇལ་བ་དེ་དག་དང་གཅིག་མཚུངས་རེད།  ཡར་ཆོས་ཁང་ལ་འགྲོ་དུས་དགེ་སེམས་ཆེ་མདོག་གིས་ཆོས་རྫས་ཉོས། འགྲོ་བ་རིག་དྲུག་མ་རུ་སྒོམ་པའི་སྨོན་ལམ་བཏབ། མར་ལམ་ཁ་ནས་ཤ་ཉོས། རིགས་དྲུག་མ་ལ་སྒོམ་པ་གཏིང་བརྗེད་དུ་བཏང་།  ཁྱོད་འདྲ་བ་ཡུལ་གྱི་རྒྱལ་པོར་བརྐོས་ཀྱང་ང་ཚོར་ཕན་པའི་ལས་ཞིག་སྒྲུབ་མི་ཐུབ་པ་ཁོ་ཐག་ཡིན།"

"མ་གཞི་ནས་རང་རང་སོ་སོས་ཚོང་བརྒྱབ་ནས་བསྡད་པར་དེ་ལ་སྐྱོན་ཅི་ཡོད། ཡིན་ཅིག་མིན་གཉིས་མིའི་བྱ་བར་ཐེ་ཇུས་བྱས་ནས་ཅི་ཕན།"

"རྣ་ཅོག་ཐུང་ཡང་སྔ་མ་རེད། རྭ་ཅོ་རིང་ཡང་རྗེས་མ་རེད།  ཧིན། ངས་དཀར་ཕྱོགས་ཀྱི་ཆོས་རྫས་བཙོངས་ནས་དགེ་བ་སྒྲུབ་དུས།  མོ་ཕྲག་དོག་ལངས་ནས་ངའི་སྒོ་ཁར་དམར་ཚོང་གི་ཤ་ཁྲོམ་ཕྱེ་བ་དེ།  ང་ལ་བསམ་གཟས་ནས་བརྙས་བཅོས་བྱས་པ་མ་རེད་དམ།  ཉི་མ་སང་ཉིན་རང་སྤོ་རུ་ཆུགས  "

"་་་་་་་་་་་་་་་་་་་"

ཨ་ཅག་ཉི་མ་བཟའ་མི་གཉིས་ཀྱི་བར་ལ་དེ་ལྟ་བུའི་རྩོད་གཞི་ཡང་ཡང་བྱུང་བའི་རྐྱེན་གྱིས། ཨ་ཅག་གསལ་སྒྲོན་ལ་ཡང་ཆད་པ་ཡང་ཡང་ཕོག་གིན་འདུག  དེ་ཡང་སྡེ་ཁུལ་གྱི་བདེ་འཇགས་མི་སྣ་ཁ་ཤས་ཡོང་ནས། སྐབས་རེར་ཁྱོད་ཀྱི་ཤ་ཁྲོམ་གྱིས་ལམ་འགྲོ་བ་ཚོའི་ལམ་བཀག་འདུག་ཟེར་བ་དང་། ཡང་ན་ཤ་ཁྲོམ་བཀྱག་འཇོག་སྟངས་དེ་ཁྲོམ་གཞུང་གི་སྒྲིག་སྲོལ་དང་འགལ་བ་རེད་ཟེར་བ་སོགས་སྨྲས་ཏེ། ཉེས་པ་སྒོར་མོ་བརྒྱ་ཉིས་བརྒྱ་ཡིས་ཆད་པ་བཅད་འགྲོ་བས།   ཨ་ཅག་གསལ་སྒྲོན་གྱིས་དགོངས་སེལ་གྱི་ཞུ་བ་ཇི་ལྟར་འཐེན་ཡང་ཕན་ཅི་ཡང་མ་ཐོགས།   ཡང་གཅིག་བསམས་ན་དེ་ནི་ཨ་ཅག་ཉི་མིའི་ཟླ་བོས་རང་ཉིད་ཆོས་མཇལ་བ་དེ་དག་ལྟར་མི་ནུས་མེད་ཅིག་མིན་པ་རང་ གི་བཟའ་ཟླའི་མདུན་དུ་ར་སྤྲོད་ཅིག་བྱེད་རྒྱུའི་ཆེད་དུ་ཡིན་ཤས་ཀྱང་ཆེ།

ལོ་གཅིག་གི་དབྱར་དགུན་གྱི་གནམ་ངོ་ནི་མི་ཞིག་གི་སེམས་ཁམས་ལྟར་ཤིན་ཏུ་ནས་གྱ་གྱུ་དང་ཡ་ཡོ་ཆེ་བ་ཞིག་རེད་།  དབྱར་གཞུང་གི་ནམ་ཟླ་རུ་རླུང་ཡན་བར་མེད་ལྡང་ཞིང་དྲག་ཆར་ཆུ་འཕོས་པ་ལྟར་འབབ་ཡོང་སྐབས། ཨ་ཅག་གསལ་སྒྲོན་གྱིས་ཀོ་བའི་སྟོད་གོས་དེ་ཕུད་ནས་ཤའི་སྟེང་ལ་འགེབས་པར་བྱེད་ཅིང་།   རང་ཉིད་ཙི་གུ་ཆུ་ནང་དུ་ལྷུང་བ་ལྟར་གཤེར་བར་བྱས་ནའང་འཚོང་རྒྱུའི་ཤ་དེ་བརླན་དུ་མི་འཇུག   དེའི་དུས་ཨ་ཅག་ཉི་མས་ལྕགས་སྒོ་ཤེད་ཀྱིས་འཐེན་ཞིང་ཡང་ཐོག་ཏུ་འཛེགས་ནས་ཇ་ཚན་ཕོར་པ་གང་འཐུང་བར་འགྲོ་བཞིན་ཡོད་ཅིང་།  སྒེའུ་ཁུང་ནས་ཆར་པ་ཆད་མིན་བལྟས་ཙམ་བྱས་རྗེས་ཤོད་དུ་བབ་ནས་སྔར་བཞིན་ཚོང་ཁང་གི་སྒོ་ཕྱེ་འགྲོ་བ་རེད།   དུས་མཚུངས་སུ་སྲང་ལམ་ནས་ལྡང་ཡོང་བའི་དགུན་དུས་ཀྱི་གྲང་རླུང་སྤུ་གྲི་འདྲ་བ་དེས།  ཨ་ཅག་གསལ་སྒྲོན་གྱི་ངོ་གདོང་དང་ལུས་པོར་སྦར་ཤད་ཅི་ཙམ་བྱས་ནའང་། མོས་ལྷག་འཕྲོར་ལུས་པའི་ཤ་རྒྱ་མ་རེ་གཉིས་དེ་ཉོ་མཁན་ཞིག་ཡོང་རྒྱུར་བསྒུགས་ནས་སྡོད།   དེའི་དུས་ཨ་ཅག་ཉི་མ་ནི་གློག་གི་མེ་ཐབ་ཡོད་སའི་མདུན་དུ་ལག་ནང་གི་ཕྲེང་བ་བར་མེད་དུ་འདྲེན་པར་བྱེད་ལ། ཆོས་རྫས་ཚོང་ཁང་བརྒྱུད་ནས་འགྲོ་བའི་འགྲུལ་པ་ངོ་ཤེས་དག་ལ་སེམས་རྩ་འཁོལ་བའི་ཁ་ཏ་རེའང་བྱེད།

སྐྱིད་ཆུ་སྔོན་མོས་དར་དཀར་གྱི་ན་བཟའ་རྒྱང་དུ་སྤྱུགས་ཤིང་།   ཁུ་བྱུག་སྔོན་མོས་སྙན་པའི་གྲེ་འགྱུར་ལྷང་ལྷང་སྒྲོག་དུས།  ལྷ་སའི་ཁོ་ར་ཁོར་ཡུག་ཀུན་ནས་ལྗང་མདོག་གི་མྱུ་གུ་གསར་པ་རེ་རྒྱས་ཏེ།   དཔྱིད་དཔལ་གྱི་སྒེག་མོ་མངོན་པར་བསླེབས་པ་སྟོན།   དུས་མཚུངས་སུ་ས་ག་ཟླ་བའི་དཀར་ཟས་ཀྱི་དུས་སྟོན་ཡང་ཉེ་བར་བཅར་ཟིན་པས།  དེ་ནི་ཨ་ཅག་ཉི་མས་ཕྲེང་བ་རྒྱབ་ཏུ་བསྐྱུར་ནས་བྲེལ་བྲེལ་ཚུབ་ཚུབ་བྱེད་པའི་དུས་ཚོད་ཅིག་རེད།   ས་ག་ཟླ་བའི་ནང་བོད་མི་སྤྱིས་དཀར་ཟས་ཁོ་ན་ལས་དམར་ཟས་ཟ་མཁན་ཉུང་བར་བརྟེན།  ཨ་ཅག་གསལ་སྒྲོན་གྱིས་ཀྱང་དུས་སྐབས་དེར་ཤ་ཁྲོམ་གྱི་སྒོ་ཕྱེ་མེད།  དད་ལྡན་པ་དེ་དག་ཀྱང་ར་མོ་ཆེར་ཆོས་མཇལ་དུ་སོང་ནས།  ཇོ་བོ་མི་སྐྱོད་རྡོ་རྗེའི་མཇལ་ཁ་གྲུབ་ཟིན་རྗེས་ཐད་དཀར་ཁྱིམ་དུ་ལྡོག་བཞིན་ཡོད་པས།  དེ་ནི་ཨ་ཅག་ཉི་མས་མཐོང་འདོད་པ་དང་ནམ་ཡང་རེ་སྒུག་བྱེད་པའི་སྣང་ཚུལ་ཞིག་རེད།  དད་ལྡན་པ་རེ་བཞིན་ཡོང་བ་ལ། ཨ་ཅག་ཉི་མས་དགའ་བའི་ཉམས་དང་དགོད་པའི་འཛུམ་གྱིས"ཁྱོད་ཚོ་དད་ལྡན་པ་རྣམ་དག་རེད། ཟླ་འདིར་དམར་ཟས་ཡེ་ནས་མཆོད་མི་ཉན་"ཞེས་དྲན་སྐུལ་ཡང་ཡང་བྱེད།

ས་ག་ཟླ་བའི་ཉིན་གཉིས་པར།  ཨ་ཅག་ཉི་མའི་ཚོང་ཁང་ནང་ཉེན་རྟོག་པ་ཁ་ཤས་འཛུལ་ཡོང་།

མོས་ཡ་མཚན་ངང་ཉེན་རྟོག་པ་དེ་དག་གི་ངོ་ལ་བལྟ་བཞིན་སེམས་ནང་མི་འདི་ཚོ་ཆོས་རྫས་ཉོ་བ་ནི་ཡིན་མི་སྲིད།  ཡང་སྙིང་འདིར་ཡོང་ནས་ག་རེ་བྱེད་རྩིས་ཡོད་དམ་སྙམ། དེ་དག་ལས་ལག་ཏུ་སྨྱུག་ཤོག་བཟུང་བའི་ཉེན་རྟོག་པ་རྒྱག་རིལ་དེས་ཨ་ཅག་ཉི་མར་གཏད་ནས་“ཨ་ཅག་ལགས།  ང་ཚོ་ནི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཡིན། ཁ་ཉིན་དགོང་མོ་ཨ་ཅག་གསལ་སྒྲོན་ཤ་ཁྲོམ་བསྡུ་སྐབས་ཆུ་ཚོད་ག་ཙམ་རེད།   མོ་ལྡོག་དུས་ད་དུང་མི་གཞན་མཉམ་དུ་ཡོད་དམ་”ཞེས་དྲིས་བྱུང་།   བསམ་ཡུལ་ལས་འདས་པའི་དྲི་བ་དེ་དག་གིས་ཨ་ཅག་ཉི་མ་ཅུང་ཧད་པར་བྱས།   མོས་“ག་རེ།  ཁྱོད་ཚོ་འདྲི་དགོས་སའི་མི་ལ་མི་འདྲིས་བར། དོན་དེ་ང་ལ་དྲིས་ནས་ཅི་བྱེད། མ་གཞི་ནས་ཨ་ཅག་གསལ་སྒྲོན་ག་དུས་ལྡོག་མིན་དང་སུ་ཡོད་མིན་ལ་ངར་འབྲེལ་བ་ཅི་ཡང་མེད་”ཅེས་ཚིག་ལན་ཁོང་ཁྲོའི་ངང་བཏབ།

“མ་རེད།  ཨ་ཅག་ཁྱེད་སྐུ་རླུང་མ་གནང་དང་།  འོ་ན་ཨ་ཅག་གསལ་སྒྲོན་གྱིས་རྣམ་ཀུན་མི་གཞན་ལ་ཁ་དགྲ་སྣ་དགྲ་བསག་པ་དང་།  ཡང་ན་མི་གཞན་ལ་འཁོན་འཛིན་ཡོད་པའི་དོགས་གཞི་དེ་འདྲ་ཡོད་པ་ཁྱེད་ཀྱིས་ཨེ་ཤེས”ཞེས་ཉེན་རྟོག་པ་རྒྱག་རིལ་དེའི་འཁྲིས་སུ་ཡོད་པའི་གསར་བུ་དེས་ཡང་བསྐྱར་དྲིས་བྱུང་།  “ཧིན། ངའི་སེམས་སུ་ཁྱོད་ཚོ་ཆོས་རྫས་ཉོ་མཁན་རེད་བསམ་བྱུང་།   ད་ཡིན་ན་ཁྱོད་ཚོ་སོང་ཞིག  མོས་མི་གསད་རྟ་འདེད་བྱས་ནའང་ང་དང་འབྲེལ་བ་ཅི་ཡང་མེད། ངས་མོ་ནང་བཞིན་  དམར་ཚོང་བརྒྱག་མི་ཐུབ་ལ་གྲི་གུ་ཡང་འཛིན་མི་ཤེས།   ཁྱོད་ཚོ་ད་དུང་མ་སོང་ན་ངའི་ཁེ་དབང་ལ་གནོད་པ་སྐྱེལ་གྱིན་འདུག་ཅེས་ང་སྡེ་ཁུལ་ཨུ་ཡོན་ལྷན་ཁང་ལ་སྙན་གསེང་ཞུ་རུ་འགྲོ་རྒྱུ་ཡིན”ཅེས་སྐད་ངན་ཁ་མེད་སྣ་མེད་དུ་བརྒྱབ་བྱུང་བས།  མཇུག་མཐར་ཉེན་རྟོག་པ་དེ་དག་ཀྱང་འུ་ཐུག་ངང་ཕྱིར་ཐོན་དགོས་བྱུང་།     ཉེ་དུས་ཨ་ཅག་ཉི་མའི་བློ་ཁ་ཅུང་བདེ་བར་ཕབས་ཐུབ་པ་ཞིག་ལ།  ས་ག་ཟླ་བའི་དུས་ཚོད་ཡོལ་ཟིན་ཡང་ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་ད་དུང་འདོན་མཁན་མ་བྱུང་།    མོས་རེ་བ་ཉག་ཅིག་འཆང་བཞིན་ཡོད་པ་ནི་ཨ་ཅག་གསལ་སྒྲོན་གྱིས་ཤ་ཁྲོམ་ས་ཆ་གཞན་ཞིག་ཏུ་སྤོ་བའམ།  ཡང་ན་ཚོང་བསྒྱུར་བྱས་པར་རེ་བ་བྱེད་མོད།  འོན་ཀྱང་ཤ་འཇོག་སའི་ཁྲོམ་བཀྱག་དེ་གནས་དེར་ཁེར་རྐྱང་དུ་སྣང་བས་མོའི་རེ་བ་བཞིན་དོན་ཐོག་ཏུ་སྨིན་མ་བྱུང་།

ཞོགས་ཆར་སིམ་སིམ་ཞིག་གིས་ལྷ་ལྡན་གྱི་ཁྲོམ་གཞུང་ཆག་ཆག་ལེགས་པར་བཏབ་པས། བགྲོད་མང་བའི་ར་མོ་ཆེའི་རྡོ་གཅལ་དེ་དག་ལས་སྣུམ་ཐིང་ཐིང་གི་རྣམ་པ་ཞིག་ལྷེམ་མེར་མངོན།  ཞོགས་པ་དེར་གར་ཡོང་ཆ་མེད་ཀྱི་ན་གཞོན་ཞིག་ཨ་ཅག་གསལ་སྒྲོན་གྱི་ཤ་ཁྲོམ་དེའི་འཁྲིས་སུ་ཡོང་།

ཨ་ཅག་ཉི་མས་ཕྲེང་བ་འདྲེན་མཚམས་བཞག་ཅིང་། རྣམ་རིག་སྒྲིམ་བཞིན་མིག་གིས་ལྟ་ཡག་ཅིག་བྱེས་རྗེས།    འོ། ན་གཞོན་འདི་ཨ་ཅག་གསལ་སྒྲོན་གྱི་བུ་མ་ཡིན་ནམ།  ཁོ་ཤ་ཁྲོམ་དུ་ཤ་ཚོང་རྒྱག་པར་ཡེ་ནས་ཡོང་མྱོང་མེད་མོད། དེ་རིང་ཁོ་འདིར་ཡོང་དོན་ཅི་ཡིན་ནམ།  འོ་ན་ཁོའི་ཨ་མ་གང་དུ་བུད་སོང་བ་ཡིན་ནམ། ཁ་ཉིན་ཉེན་རྟོག་པ་དེ་དག་ངའི་སར་ཡོང་སྟངས་ལ་བལྟས་ན།  མོས་ལས་ཀ་ཡག་པ་གཅིག་ལས་ཡོད་པ་མི་འདུག  ཐོག་མར་དོགས་གཅོད་དང་དེ་ནས་ཐེ་ཚོམ་གྱི་དྲི་བ་རེ་གཉིས་ཁོ་མོའི་ཀླད་པ་རུ་རླུང་ཡན་བཞིན་ལྡང་འོངས།

ཡུད་ཙམ་སོང་རྗེས་སྟོང་སྐུད་དམར་པོའི་ཕོན་ལྕོག་བརྒྱབ་པའི་ཨ་ཕོ་ཞིག་ར་མོ་ཆེ་བརྒྱུད་ནས་ཁོའི་འཁྲིས་སུ་ཡོང་།  ཁོ་གཉིས་ཀྱིས་ལབ་གླེང་ཡུད་ཙམ་བྱས་རྗེས།  ཨ་ཕོ་དེས་གཞོན་ནུའི་ལག་ཏུ་སྒོར་མོ་ཁ་ཤས་སྤྲད་པ་དང་སྦྲགས། ཁྲོམ་བཀྱག་འཁྲིས་ཀྱི་ཁྱིམ་མཚེས་ཚོང་ཁང་གི་སྦྱིན་བདག་མར་མིག་ལྟོས་བྱེད་དགོས་པའི་མངག་བཅོལ་བྱས་འཕྲལ་གནས་དེ་དང་བྲལ།  ན་གཞོན་དེས་ཨ་པོའི་ཕྱི་བཞིན་བལྟས་ནས་བསམ་བློ་ཡུད་ཙམ་བཏང་རྗེས། ཐད་ཀར་ཨ་ཅག་ཉི་མའི་ཚོང་ཁང་གི་ཕྱོགས་སུ་དམིགས་ ནས་ཡོང་། ཨ་ཅག་ཉི་མས་ཡ་མཚན་གྱི་གནས་ཚུལ་མང་པོ་ཞིག་ཤེས་འདོད་བྱུང་།   དེ་བས་མོས་ལག་ནང་གི་བལ་སོའི་ཕྲེང་བ་འདྲེན་མཚམས་བཞག་ནས་ཁོའི་གདོང་ལ་བལྟ་ཡག་ཅིག་བྱས།  ཕར་བལྟས་ཚོད་ལ་ན་གཞོན་དེའི་མིག་ཟུང་དུ་ཁྲག་མདའ་རྒྱུག་པ་ལྟ་བུའི་དམར་ཤས་ཤིག་འཐེན་ཡོད་ལ། མིག་ལྕིབས་ཀྱང་སྐྲངས་ནས་སྦལ་པའི་མིག་ལྟར་ཆགས་ཡོད།   གཞོན་ནུ་དེས་ཨ་ཅག་ཉི་མའི་ཆོས་རྫས་ཚོང་ཁང་ནས་མཆོད་མར་དང་སྤོས། ཁ་བཏགས་སོགས་མང་པོ་ཞིག་ཉོས་ནས་འགྲོ་རྩིས་བྱེད་སྐབས།  ཨ་ཅག་ཉི་མས་ངང་སྒུག་བྱེད་མ་ཐུབ་པར། དེ་མ་ཐག་ན་གཞོན་དེའི་ངོ་ལ་བལྟས་ནས་"བུ།  ཕ་གིའི་ཤ་ཁྲོམ་དེ་ཁྱེད་ཚང་གི་ཡིན་ནམ། ཡང་ན་་་་་"ཞེས་དྲིས།

ན་གཞོན་དེས་ཁ་ཕྱིར་འཁོར་ཞིང་མགོ་བོ་ལྕོག་ཙམ་ཞིག་བྱས་རྗེས་སླར་འགྲོ་  རྩིས་བྱེད་སྐབས།ཨ་ཅག་ཉི་མར་བྲེལ་ཚབ་ལངས་ཏེ་"འོ་ན་ཁྱོད་ཀྱི་ཨ་མ་མི་ཡོང་བ་ཅི་ཡིན་ནམ"ཞེས་བསྐྱར་འདྲི་ཞིག་བྱས་སོང་། ན་གཞོན་དེས་ཨ་ཅག་ཉི་མའི་ངོ་ལ་ལྟ་ཡག་ཅིག་བྱས་རྗེས་གཤམ་གྱི་དོན་རྣམས་དྲང་པོའི་ངག་གིས་སྨྲས་བྱུང་། "ཁྱེད་ཁྱིམ་མཚེས་ཤིག་གིས་ངོས་ནས་ངའི་ཨ་མར་ཐུགས་འཁུར་དེ་འདྲ་གནང་བར་བཀའ་དྲིན་ཆེ།  ངས་ཤ་ཁྲོམ་དེ་ད་ཅིའི་ཨ་ཕོ་དེར་བཙོངས་ཟིན། དོན་ངོ་མར་བོད་ཟླ་གསུམ་པའི་གནམ་གང་གི་ནུབ་མོར།  ངའི་ཨ་མས་ཤ་ཁྲོམ་བསྡུས་ཤིང་། འཁོར་གསུམ་རྐང་འཁོར་ལ་བཞོན་ནས་ལྡོག་སྐབས།  ཟོང་འདྲེན་རླངས་འཁོར་ཆེན་པོ་ཞིག་གིས་བརྡེགས་ནས་འཁོར་བགེགས་བྱུང་སོང་། ཡིན་ནའང་བློ་ཕམ་པ་ཞིག་ལ།ཁ་ལོ་བ་དེས་མྱུར་སྐྱོབས་མ་བྱས་པར་དོན་རྐྱེན་བྱུང་ས་ནས་བྲོས་བྱོལ་བྱས་འདུག   ངས་གནས་ཚུལ་དེ་ཕྱི་ཉིན་མ་གཏོགས་ཅི་ཡང་ཤེས་མ་བྱུང་།ང་སྨན་ཁང་དུ་འབྱོར་སྐབས།སྨན་པས་ང་ལ་སྨན་ཡོན་འདང་ངེས་མེད་ན་ཨ་མ་སྐྱོབས་ཐབས་ཡོད་པ་མ་རེད་གསུངས་བྱུང་། ང་མགྱོགས་མྱུར་ངང་ཁྱིམ་དུ་སོང་ནས་ཨ་མའི་དངུལ་སྒམ་དེ་ཁ་ཕྱེ་སྐབས། དེའི་ནང་ཁོང་གིས་དངུལ་སྒོར་མོ་ཁྲི་བཅུ་ལྷག་བསག་འདུག

དེ་ནི་ཨ་མའི་མི་ལོ་ཉི་ཤུ་ལྷག་གི་རྔུལ་ཁྲག་སྟེ།ཟ་མཁས་འཐུང་མཁས་དང་མི་ཁ་མང་པོ་རྒྱབ་ཏུ་འཁུར་ནས་བསག་ཤིང་ང་ལ་བཅངས་པའི་ལྷག་བསམ་གྱི་ཉིང་ཁུ་རེད།དེ་ལས་ངས་གཏའ་དངུལ་སྒོར་ཁྲི་གཉིས་སྨན་པའི་ལག་ཏུ་བཞག་པ་དང།ངའི་ཨ་མ་ཡིན་ཅིག་སྐྱོབས་ཐབས་གནང་རོགས་ཞུས་པ་ཡིན།ཉིན་ཉི་ཤུ་ལྷག་ཙམ་རིང་འཆི་གསོན་གྱི་འཐབ་རྩོད་དྲག་པོ་བྱས་པ་བརྒྱུད།  ཨ་མའི་དྲན་པ་རབ་རིབ་ཅིག་གསལ་འོངས། མོས་རང་ཉིད་སྨན་ཁང་དུ་ཡོད་པ་ཤེས་རྗེས།ག་ལེར་ངའི་ཕྱོགས་སུ་གཏད་ནས་ངག་དམའ་མོས་“བསྟན་འཛིན།སྨན་ཡོན་ག་འདྲ་ཤོར་སོང་ངམ།ང་འཆི་དགོས་བྱུང་ཡང་འཆི་རུ་ཆུགས།ཨ་མར་ལས་ངན་གྱི་རྣམ་སྨིན་འཁོར་བ་རེད།ཨ་མས་བསགས་པའི་དངུལ་དེ་དོན་མེད་དུ་བེད་སྤྱོད་མི་གཏོང་བར། དངུལ་དེ་བུ་རང་སློབ་གྲྭ་ཐོན་རྗེས་ཁང་པ་ཉོ་སྤྱད་བྱོས”ཞེས་དབུགས་འཚངས་བཞིན་ནན་ནན་གྱིས་བདག་ལ་བཤད་བྱུང་།

ངས་རང་དབང་བྲལ་བའི་ངུ་འབོད་ལ་བཟོད་བསྲན་གྱི་ཨམ་གཙིག་བསྡམས་ཀྱིན་མགོ་བོ་ལྕོག་ལྕོག་བྱེད་དགོས་བྱུང་།

གཟའ་འཁོར་སྔོན་མར་སྨན་པས་ངའི་ཨ་མར་ཁྲག་འདང་གི་མི་འདུག་གསུངས་བྱུང་བས།ངས་སྨན་པར་རང་གི་ལུས་པོ་ནས་ཨ་མར་ཁྲག་འཚག་རྒྱུའི་རེ་བ་མཐའ་གཅིག་ཏུ་བཏོན་པ་ལྟར།སྨན་པས་ང་ཁྲག་ལེན་ཁང་དུ་ཁྲིད།ཡིན་ནའང་ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་སྨན་པ་དེས་བརྟག་དཔྱད་ཟིན་རྗེས་"ཁྱོད་སུ་ཡིན་ནམ"ཞེས་ང་ལ་དྲི་བ་གློ་བུར་བ་ཞིག་བཀོལ་བྱུང་། ངས་ཁོ་ལ་ཐེ་ཚོམ་ཅི་ཡང་མེད་པར་"ང་ཁོང་གི་ཕྲུ་གུ་ཡིན་"ཞེས་བརྗོད་པས་སྨན་པ་དེས་"ཁྱོད་དང་ད་ལྟའི་ནད་པ་དེའི་བར་ཤ་ཁྲག་གི་འབྲེལ་བ་ཅི་ཡང་མི་འདུག"ཅེས་བློ་ཡུལ་ལས་འགོངས་པའི་གཏམ་དེ་འདྲ་ཞིག་སྨྲས་བྱུང་།  གློ་བུར་གྱི་ཐོགས་མདའ་ལྟ་བུའི་སྨན་པའི་སྐད་ཆ་དེས་ང་རང་རེ་ཞིག་བེམ་པོར་བཏང་།

"ཉིན་འགའི་སྔོན་དུ།  ཨ་མ་མི་ཡུལ་འདི་ནས་ང་དང་གཏན་དུ་བྲལ་སོང་།  ཁོང་འདས་ཁར་ངའི་ལག་པ་ནས་དམ་པོར་བཟུང་སྟེ་ངག་དམའ་མོས་“ངས་བུ་ཁྱོད་ལ་བྱམས་སྐྱོང་མཐར་ཕྱིན་པ་ཞིག་བྱེད་ཐུབ་མ་སོང་།  དྲང་པོར་བཤད་ན་རང་ཨ་མའི་བུ་ངོ་མ་མིན།  དང་ཐོག་ཨ་མ་ལྷ་སར་བསླེབས་སྐབས་མི་གཞན་དང་ཁ་འགྲོག་ནས་གྲོང་ཁྱེར་གྱི་ཨར་ཁང་ཆུང་ཆུང་ཞིག་ཏུ་ཞབས་ཞུ་བྱས་ནས་བསྡད་པ་ཡིན།   འོན་ཏེ་དྲག་ཆར་འབབ་པའི་མཚན་མོ་ཞིག་ལ།  ང་ལས་ཀ་གྲོལ་ནས་ལྡོག་སྐབས། གློ་བུར་དུ་གད་སྙིགས་བླུགས་སྣོད་ལས་ཕྲུ་གུའི་ངུ་སྒྲ་ཞིག་ལྷང་ལྷང་གྲགས་བྱུང་།   དེའི་དུས་ཕལ་ཆེར་ཁྱོད་བཙས་ནས་ཟླ་ཁ་ཡང་གང་མི་འདུག   ཡིན་ནའང་ངས་མཉམ་འཇོག་བྱས་པ་ཞིག་ལ། ཁྱོད་ཀྱི་ལྟེ་བའི་གོང་དུ་གཟིག་གི་ཐིག་ལེ་འདྲ་བའི་ཤ་རྟགས་གོར་མོ་ཞིག་འདུག  དེ་ནི་ཧ་ཅང་དམིགས་བསལ་ཞིག་རེད།  སྐབས་དེར་ངའི་སེམས་སུ་བུ་རང་ང་ལ་སྐྱེས་པའི་བུ་མིན་ཡང་།  ཕལ་ཆེར་ལས་ཀྱིས་བསྐོས་པའི་བུ་ཞིག་ཡིན་ངེས་སྙམ་ནས་སྙིང་རྗེ་བཟོད་གླགས་བྲལ་བ་ཞིག་སྐྱེས་བྱུང་། མཚན་མོ་དེར།  ངས་བུ་རང་ལ་བྱམས་སྐྱོང་མཐར་ཕྱིན་པ་བྱས་ནས་ཆེར་ལོངས་སྐབས། མི་ཚོགས་དང་འདྲེས་པ་ཞིག་བཟོ་རྒྱུའི་སེམས་ཐག་བཅད་པ་ཡིན།    དེ་ནས་བཟུང་ང་སླར་ཡང་ཨར་ཁང་དུ་ཞབས་ཕྱི་ཞུ་བར་མ་ཕྱིན་པར།  ངའི་གྲོགས་མོ་ཞིག་གི་ཟླ་བོ་ཤ་འཚོང་མཁན་ཡིན་པས། དེ་གར་མ་རྩ་མི་དགོས་པ་བྱས་ནས་ཤ་ཕྲན་བུ་ཁོའི་ས་ནས་བླངས་རྗེས་ས་ཆ་གཞན་ལ་ཚོང་བར་ཕྱིན་པ་དང་།  ཁེ་བབ་ཕྲན་བུ་ཐོབ་པའི་རྗེས་ད་ལྟའི་ཤ་ཁྲོམ་དེ་ཕྱེ་བ་ཡིན།  ཨ་མས་བུ་རང་ལ་དགོངས་དག་ཞུ་རྒྱུ་ཡིན།ཨ་མས་ཁྱོད་ལ་བྱམས་སྐྱོང་མཐར་ཕྱིན་པ་བྱེད་ཐུབ་མ་སོང་།ངས་བུ་ཁྱོད་ཀྱི་དོན་དུ་བློས་བཏང་བ་དེ་དག་ད་ལྟ་ལ་བསམས་ནའང་ང་ལ་ཡིད་ཕམ་དང་གནོང་འགྱོད་བྱེད་དགོས་པ་གང་ཡང་མ་བྱུང་།  ང་འཇིག་རྟེན་འདིའི་ཐོག་བསླེབས་པ་ནས་ད་བར་དུ་སེམས་ཀྱི་དྲོད་འཁོལ་སྦྱིན་མཁན་ནི་བུ་ཁྱོད་གཅིག་པུ་ཡིན།སྔོན་ནས་ཨ་མས་འུ་གཉིས་ལ་ཁང་ཆུབ་ཞིག་ཉོ་ཐུབ་ན་བསམས་ནས་འབད་པ་བྱས་ཀྱང་། ཡིན་ནའང་་་་་་་”ཞེས་མགྲིན་པ་བརྣངས་ནས་སྨྲ་བ་ཡང་འགགས་སོང་།    ཁོང་གི་མིག་ཟུང་ལས་མཆི་མ་ཐིགས་པ་གཅིག་བཞུར་བ་དང་འབྲེལ་ག་ལེར་མགོ་བོ་ཡང་དང་གར་སྨད་སོང་།  ཁོས་མུ་མཐུད་ནས་Ÿད་ལྟ་ངས་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་མདུན་དུ་ཕྱིན་ནས། ངའི་ཨ་མས་མི་ཚེ་གཅིག་འཁུར་བའི་མི་ཁ་དང་།  མི་ཚང་མས་ཕ་གསོད་ཀྱི་དགྲ་ལྟར་སྡིག་པའི་མ་ཉེས་འདི་དག་ལ་དག་སེལ་གནང་རོགས་ཞུ་རྒྱུ་ཡིན།   ངས་བསམས་ན་ཁོང་གིས་མ་གཏོགས་ངའི་ཨ་མར་དཔང་པོ་དང་རྒྱབ་རྟེན་གནང་ཐུབ་ཀྱིན་ཡོད་པ་མ་རེད།   ཁོང་གིས་ངའི་ཨ་མའི་ནག་ཉེས་དང་མི་ཁ་དེ་དག་ལ་གུ་ཡངས་གནང་ངེས་པར་མ་ཟད།  ད་དུང་ང་ཁོང་ལ་ཡིད་ཆེས་ཡོད། ཁོང་གིས་མ་གཏོགས་ངའི་ཨ་མར་མགོན་སྐྱབས་གནང་ཐུབ་ཀྱིན་མ་རེད། ཁོང་གིས་ངའི་ཨ་མར་དུས་གཏན་ནས་གཏན་དུ་མགོན་སྐྱབས་གནང་ངེས་རེད།  ཁོང་གིས་མགོན་སྐྱབས་གནང་གི་རེད" ཁོས་དེ་ལྟར་ཡང་ཟློས་བསྐྱར་ཟློས་ཀྱི་ཁེར་ལབ་ཁ་ཤས་བརྒྱབ་རྗེས།  ཨ་ཅག་ཉི་མའི་ཆོས་རྫས་ཚོང་ཁང་དང་བྲལ་ཏེ་ར་མོ་ཆེའི་ངོས་སུ་གོམ་སྟབས་བསྒྱུར་ནས་ཚབ་ཚུབ་ཏུ་ཐོན་སོང་།

སྐབས་དེར་ཨ་ཅག་ཉི་མས་འདོན་བཞིན་པའི་སྐྱབས་འགྲོའི་མགོ་རྔ་ཡོངས་སུ་འཁྲུགས་ཤིང་།སྔར་ཡོད་མ་མྱོང་བའི་ཚོར་བ་སྐྱུར་མོ་ཞིག་སྙིང་དང་རུས་པའི་ཆེས་གཟབ་ས་ནས་སྐད་ཅིག་ཏུ་ཕྱུང་། 

‘གཟིག་གི་ཐིག་ལེ་འདྲ་བའི་ཤ་རྟགས་གོར་མོ།དཀོན་མཆོག་མཁྱེན།དེ་འདྲ་ཡིན་མི་སྲིད། ’མོའི་སེམས་སུ་དེ་ལྟར་དྲན་བཞིན་གོམ་པ་རེ་གཉིས་མདུན་དུ་སྤོས་ནས་མི་ཚོགས་ཀྱི་ཁྲོད་དུ་ཡལ་བཞིན་པའི་གཞོན་ནུ་དེའི་རྒྱབ་གཟུགས་ལ་སླར་ཡང་ཐེངས་ཤིག་བལྟ་དགོས་བྱུང་། དུས་མཉམ་དུ་མོའི་དྲན་ངོས་སུ་མི་ལོ་ཉི་ཤུའི་གོང་གི་འདས་དོན་རིང་མོ་ཞིག་གློག་བརྙན་བསྟན་པ་ལྟར་ཝ་ལེར་འཆར་ཡོང་།མཚན་མོ་དེར།ཕྱི་རོལ་དུ་དྲག་ཆར་འབབ་བཞིན་ཡོད་པས།ཕལ་ཆེར་ལམ་འགྲུལ་ཡོངས་སུ་ཆད་འདུག   ཨ་ཅག་ཉི་མ་ནི་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟར་འདུག་པའི་གནས་དང་འགྲོ་བའི་ལམ་མེད་པ་ལྟར་ཚབ་ཚུབ་ཏུ་གྱུར་ཡོད། དཀར་མདངས་འཕྲོ་བའི་གློག་འོད་དེའི་འོག   ཕྲུ་གུ་ཆུང་ཆུང་དེ་མཛུབ་མོ་ཁ་ནང་ལ་བཅུག་ནས་མོའི་གདོང་ལ་ཧུར་རེར་ཅེར་ཡོད་པས། ཨ་ཅག་ཉི་མའི་མིག་ཟུང་ནས་མཆི་མའི་རྒྱུན་ཞིག་ཤམ་ཤམ་དུ་བཞུར་གྱིན་འདུག   

“གང་ལྟར་ཁྱོད་འདི་ལྟར་སྟོད་སྨད་ཀུན་ཏུ་ཁྱི་སྨྱོན་བཞིན་འཁྱམ་ནས་ལོ་གཉིས་འགོར་ལ་ཉེ། ད་ཁྱོད་མགྱོགས་པོ་ལྷ་སར་ལོག་ཤོག  ང་ཚོ་ཟླ་བ་གཅིག་ལྷག་ཙམ་རིང་ནང་སར་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན།  ལྡེ་མིག་ཁྱིམ་མཚེས་ལ་བཅོལ་ཆོག   ཁྱི་སྨྱོན་བཞིན་འཁྱམས་འཁྱམས་ནའང་། མཐར་ཐུག་མི་ལ་མི་སྨོན་པའི་འཚོ་བ་ཞིག་སྐྱེལ་དགོས་པ་ཁྱོད་ཀྱིས་ཤེས་གསལ་ལྟར་རེད།ད་ལྟ་ཁྱོད་ཀྱི་པ་ལགས་དང་ཁོང་གི་སློབ་གྲོགས་རྒན་ཕུན་ཚོགས་ཀྱི་བུ་རྒན་པ་དེ་ལྷ་སར་ལས་བསྐོས་བྱས་འདུག  ཁྱོད་གཉིས་ཆུང་དུས་ནས་སློང་རྟེན་བྱས་ཟིན་པས།  ད་ལྟ་ཁྱོད་གང་མྱུར་ལོག་ཡོང་ནས་ཁོ་དང་གཉེན་སྒྲིག་བྱེད་དགོས། ཤེས་སོང་ངམ”སྐད་ཆ་དེ་ནི་ཨ་ཅག་ཉི་མའི་ཨ་མས་ཁ་ཉིན་ལམ་འགྲུལ་ངོ་ཤེས་ཤིག་བརྒྱུད་ནས་བསྐུར་ཡོང་བའི་འཕྲིན་ཡིག་གི་ནང་དོན་རེད།

“ཉི་མ།  ཁྱོད་མ་འགྲོ་དང་།  རང་ལ་ད་ལྟ་ངའི་ཕྲུ་གུ་འཁོར་ཡོད་པས།  ཁོ་ཚོས་ཁྱོད་མནའ་མར་ལེན་མི་སྲིད།  དེ་ལས་ངེད་གཉིས་ཡུལ་ངེས་མེད་དུ་འགྲོ། ཨེ་ཆོག་གམ”སྐད་ཆ་དེ་ནི་ཉིན་ཤས་གོང་མོ་ཉིང་ཁྲི་ནས་ཐོན་ཁར་མོའི་དགའ་རོགས་དབང་ཆེན་གྱིས་རླངས་འཁོར་འབབ་ཚུགས་ནས་བཤད་པའི་སྐད་ཆ་དེ་རེད།

བསམ་གཞིགས་དེ་དག་གི་ཁྲོད་མོས་སླར་ཡང་བསྒྲིལ་ཐུམ་དེའི་ཁ་ཕྱེ་བ་ན།  གཟིག་གི་ཐིག་ལེ་འདྲ་བའི་ཤ་རྟག་གོར་མོ་དེར་བལྟ་ཙམ་བྱེད་བཞིན།  སེམས་ནང་གལ་ཏེ་ཤ་རྟགས་འདི་ཁྱོད་ཀྱི་དཔྲལ་བར་ཡོད་ན་ཇི་འདྲའི་བཟང་ཨང་།  ངས་ནམ་ཞིག་མི་ཚོགས་ཁྲོད་ནས་ཁྱོད་ངོ་ཆོད་ཀྱང་སྲིད་སྙམ།  དེ་འཕྲལ་ཨ་ཅག་ཉི་མས་ཕྲུ་གུ་དམ་པོར་བསྒྲིལ་རྗེས།སྒོ་ཐེམ་བརྒྱུད་ནས་སྲང་ལམ་དུ་ཚབ་ཚུབ་ཏུ་ཐོན་སོང་།

མོའི་འཚབ་འཚུབ་ཀྱི་གོམ་སྟབས་དེ་ནི་ད་གིན་བུ་བསྟན་འཛིན་ཚབ་ཚུབ་ཏུ་འགྲོ་བཞིན་པའི་རྒྱབ་གཟུགས་དེ་དང་ཧ་ཅང་འདྲ།  ཧ་ཅང་འདྲ། 

             (རྩོམ་འདི་༢༠༡༤ལོའི་སྦྲང་ཆར་དུས་དེབ་གསུམ་པ་ནས་བདམས།)

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨེ་ཉི་མ་ཚེ་རིང་གི་བརྩམས་སྒྲུང་ཁག་གཉིས།

2016-01-07 ཨེ་ཉི་མ་ཚེ་རིང་།༼ ལྷོ་ཁ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།