མགོ་ལོག་ཆུ་ཐིགས་ཀྱི་བཅད་མ་བདམས་བཀོད།
ཕྲན་ནི་སྤྱི་ལོ་༡༩༩༦ ལོའི་ཟླ་༧ ཚེས་ ༨ ཉིན་སྨད་ཕྱོགས་ཁམས་ཁུལ་གྱི་ས་ཆ་ཞིག་ནས་ཚེ་སྲོག་གི་ཉག་མ་གསར་དུ་རྙེད་པའི་ཆེས་སྤྱིར་བཏང་གི་མི་ཕལ་བ་ཞིག་ཡིན་ལ། དེ་ནས་རིམ་བཞིན་སྤྱིར་སྐྱེ་དགུའི་གཤིས་ཀྱི་རབ་བྱེད་ལྟར་འཚོ་བའི་གོམས་གཤིས་ལ་དལ་གྱིས་ལོབ་པར་བྱས། ངའི་རུས་མིང་ལ་ཉན་ཤུལ་གདུགས་དཀར་བཀྲ་ཤིས་དང་པིར་མིང་ངམ་དྲྭ་མིང་ལ་མགོ་ལོག་ཆུ་ཐིགས་སུ་འབོད་པ་ཡིན། ཕྲན་ནི་སློབ་གྲྭ་ཆེ་ཆུང་སོགས་གང་ཡང་མ་བརྒྱུད་དེ། རང་དགོན་གྱི་ཞང་བོའི་མདུན་ནས་ཀ་ཁའི་དབྱངས་རྟ་ཐོག་མ་ངག་ལ་གྱེར་ཞིང་མཐུད་མར་ཡིག་ངོས་ཟིན་པ་ཙམ་ནས་བུད་དེ་ས་མཐའ་དང་སྡེ་མཐར་མང་ཙམ་ཉུལ་མགོ་བརྩམས། དེ་ནས་འཚོ་བའི་བདེ་སྡུག་དང་སྲིད་པའི་ཆག་འཇིག་སོགས་གང་མང་ཞིག་ལ་ཉམས་མྱོང་དང་རྒྱུས་ལོན་བྱས་རྗེས་ད་གཟོད་སྙན་ངག་ཅེས་པའི་གྲིབ་གཟུགས་དེ་ངོས་ཟིན་པ་ཡིན། དེ་ནས་བཟུང་སྙན་ངག་ནི་ངའི་འཚོ་བའི་གྲུབ་ཆ་དང་རེ་བའི་རྨི་ལམ་དུ་གྱུར་བ་ཡིན། རྗེས་མར་གཞུང་ལུགས་སོགས་ལ་མང་དུ་སློབ་པའི་སྐལ་བ་མ་ལྡན་ཡང་རང་ཚོད་ཀྱིས་སྲོལ་རྒྱུན་སྙན་ངག་སྟེ་མེ་ལོང་མ་དང་སྤྱི་དོན་ད་དུང་ཚངས་སྲས་བཞད་སྒྲ་སོགས་ལ་སྦྱང་བ་ནུས་ཚོད་ཀྱིས་བྱས་པ་ཡིན་ལ། མ་ཟད་དེང་རབས་སྙན་ངག་སྟེ་ནུབ་ཕྱོགས་དེང་རབས་སྨྲ་བའི་དྲི་གཞི་ལྔ་བརྒྱ་དང་བཅད་གསར་སྤྱི་དོན་སོགས་ལ་ཡང་སྦྱང་བ་རག་ཙམ་རེ་བྱས་ཀི་ཡིན། དགའ་སྐྱོའི་གཤོག་ཟུང་མྱུར་བའི་འཚོ་བའི་ནང་དུ། ངས་ཚོར་འདུའི་ཉག་མ་རེ་སྙན་ངག་གི་ཁམས་ལ་བསྟིམ་འདོད་ལ། འཚོ་བའི་རྐང་རྗེས་མཐའ་དག་སྙན་ངག་གི་ཡུལ་ལ་དཔར་འདོད་ཡོད། ཐ་ན་ངས་རང་གི་ཚེ་སྲོག་གི་བསྔོ་བ་ཡང་སྙན་ངག་གིས་བྱ་འདོད་ཡོད།
ཁོ་མོ་གཉིད་རྒྱབ།
གྲོང་གསེབ་འདི་ཡི་གློག་སྒྲོན་མཐའ་དག།
ཕྲེང་བར་བརྒྱུས་ནས་ཐར་ཆགས་ཉིད་དུ།།
གཟིམས་པར་བྱས་ནས་མུན་པར་བྱིང་ན།།
ང་རང་གཅིག་པུ་ཁེར་རྐྱང་ཡིན་འདྲ།།
གམ་ན་ཡོད་པའི་མཛའ་མོའི་གཞས་ཆུང་།།
ཁོ་བོ་དཀྲོག་པའི་རོལ་མོ་ཡིན་འདྲ།།
སྒེའུ་ཁུང་ནང་གི་སྐར་ཚོགས་དག་ཀྱང་།།
དེ་ལ་ཉན་ནས་དམུལ་དམུལ་བྱས་སོང་།།
དབྱངས་རྟ་སྙན་པའི་མཚན་མོ་འདི་ལ།།
ཁོ་མོའི་རྨི་ལམ་དལ་གྱིས་དཀྲོལ་བཞིན།།
ལུས་སེམས་ངལ་བའི་ལོ་ཟླ་འདི་དག།
གཙང་བོ་འགྲམ་ནས་ཁྲུས་ལ་རོལ་འགྲོ།།
ཁང་ཆུང་ཞིག་གི་བརྟན་བརླིང་དཀྲུགས་ནས།།
རྡོ་རྗེ་འཆང་གི་གར་སྟབས་བརྒྱུར་ན།།
སྲིད་པ་རྒད་པོའི་གནའ་གཏམ་དེ་དག།
རླུང་བུ་ཞིག་གི་ཟོོར་ནས་བསྐུར་ཏོ།།
2015.9.1མཚན་སྨད་དུ།
འདྲིས་འདྲིས་ནང་གི་མཛའ་བརྩེ།
ང་ཚོ་འདི་ཞིག་ནས་འཕྲད་ཅིང་།།
ནང་སེམས་ཕན་ཚུན་ལ་འདྲིས་ཡོད།།
འདྲིས་འདྲིས་ནང་སེམས་ཀྱི་བརྩེ་བ།།
ལོ་ཟླའི་རུམ་ཁུག་ཏུ་ཉར་ཡོད།།
ག་ས་གང་ས་ནས་ཡིན་པའི།།
བདག་གི་སྤུན་ཟླ་འམ་གྲོགས་པོ།།
ས་ཆ་གང་ཞིག་ཏུ་ཕྱིན་ཡང་།།
ཁོག་ནས་ཡལ་རྒྱུ་ཞིག་མེད་ཨང་།།
མཛའ་བརྩེའི་དར་སྐུད་ཀྱི་མདུད་པ།།
རྡོ་རྗེ་ཕ་ལམ་གྱིས་བརྒྱན་ཡོད།།
གྲོགས་ཀྱི་བརྩེ་བ་དག་བཤད་ན།།
སྨྲ་བའི་ངག་སྒོ་དེ་འགག་གི།
ནང་སེམས་འདྲིས་འདྲིས་ཀྱི་གྲོགས་པོ།།
དགུན་ཁའི་གྱོན་པ་ཞིག་ཡིན་འདྲ།།
གྱོན་ན་དྲོད་ཁོལ་དེ་མི་རྟོགས།།
ཕུད་ཚེ་གྲང་བ་དེ་ཤེས་ཡོང་།།
2015.8.29
དུར་ཁྲོད་ཀྱི་ལང་ཚོ།
ཆུ་ལ་བྲིས་པའི་མི་ཚེའི་རྒྱུ་སྐུད་དང་དབྱངས་རྟ།།
སེམས་ལ་དཔར་བའི་ལོ་ཟླའི་ཡི་གེ་ཡི་རྨ་ཁ།།
འཁོར་བའི་གཏིང་གི་མེ་ལྕེའི་ཐ་སྙད་དང་འུར་སྒྲ།།
འགྲུལ་བའི་མཐའ་ན་འཁོར་བའི་ལོ་རྒྱུས་ཀྱི་ལྡེ་མིག།
ཤི་བོའི་སྤུར་ལ་དུང་བའི་བྱ་ཁྱུ་དང་གཞན་དག།
གསོན་པོའི་གཤིས་ལ་ཟུག་པའི་དགའ་སྐྱོ་ཡི་ཟོལ་པོ།།
རྩྭ་སྐྱའི་སྐེ་ལ་བྲིས་པའི་འབྱུང་འགྱུར་གྱི་མེ་ལོང་།།
སྡོང་ལོའི་རྒྱབ་ལ་དོད་དང་རླུང་བུ་ཞིག་ལྡང་ཡོང་།།
ང་དང་སྨག་གི་ལང་ཚོ་དུར་ཁྲོད་ནས་མཆེད་ཅིང་།།
དུར་ཁྱིའི་ཟུག་སྐད་དབྱངས་ལ་གྱེར་བའང་མི་ཉུང་།།
གཙང་མར་བཙོག་ཏུ་འཛིན་པའི་གོམ་གཤིས་དག་དོར་བ།།
ཁོ་བོ་ཡེ་ནས་གྲོལ་བའི་བརྡ་རྟགས་སུ་མཆིས་ལགས།།
རི་ལ་དེད་པའི་འཇའ་སྣེའི་ཁ་དོག་གི་ཚབ་ཏུ།།
མཆོད་མེ་ཀོང་བུ་གང་གིས་དགེ་རྩ་ཞིག་བསྔོས་ཡོད།།
འབྲུ་ཆུའི་རྒྱུན་ལ་བསྟིམ་པའི་དུར་ཁྲོད་ཀྱི་ལང་ཚོ།།
རི་བོའི་ཕར་ནས་མཆེད་པའི་རང་དབང་གི་མེ་རླབས།།
2015.9.3
རི་ཞོལ་གན་ནས་འགྲོ་དུས།
སེམས་ཀྱི་གསེབ་ན་རྟག་ཏུ་གནས་པའི་ཁོ་བོའི་ནང་མི།།
མི་ཚེ་འདི་ཡི་གྱོན་གོས་ཡིན་པའི་བདག་གི་ནང་གྲོགས།།
རི་ཞོལ་གན་ནས་ལམ་ལ་ཆས་ནས་རྒྱང་ལ་བཞུར་དུས།།
ཚབ་ཚུབ་འཚོ་བའི་གཉིད་ཐུན་གཅིག་གིས་ཞུ་ལོང་མ་ཡོད།།
གཉིད་ཐུན་སྔོན་མའི་འཚོ་བ་མཐའ་དག་རྨི་ལམ་ཡིན་པས།།
ཁོ་བོ་སད་པའི་གོ་རིམ་འདི་ནས་ཁྱེད་ཅག་མཇལ་སོང་།།
ལོ་ཟླ་དེ་ཡི་ཁ་དོག་ཡོད་ཚད་བརྩེ་བའི་སྒྲོམ་དུ།།
རས་སྐུད་དམར་པོས་མདུད་པ་བརྒྱབས་ནས་དམ་པོར་ཉར་ཡོད།།
འབྱུང་འགྱུར་ལམ་གྱི་ཁ་དོག་འདི་དག་འདྲ་མིན་ཡིན་ཡང་།།
སྣང་བའི་ཤོག་ངོར་རྟག་ཏུ་ཚོན་གྱིས་མཛེས་པས་ཕྱུག་ཡོད།།
ཁྱེད་ཅག་དེ་ན་སྐར་ཚོགས་བཞིན་དུ་ལྷིང་ལྷིང་འཚེར་ཡོད།།
ཁྱེད་ཅག་དེ་ན་དབྱངས་གསལ་ལྟར་དུ་ལམ་མེར་གསལ་ཡོད།།
2015.9.12
ཁ་དོག་བཀྲ་བའི་ཉིན་ཞག
འཚོ་བའི་མེ་ཏོག་ལ་ཆར་ཐིགས་ལྷུང་བའི་ཉིན་ཞག།
ཁོ་བོའི་ལང་ཚོ་ལ་སྐད་ངག་རྒྱས་པའི་ལོ་ཟླ།།
རྨ་བྱའི་སྒྲོ་མདངས་ལས་ཚོན་ཁ་ཆད་པའི་ཐིག་ལེ།།
ཉི་ཟླའི་ལག་ཟུང་ལ་དར་དཔྱངས་འཐེན་པའི་མུན་པ།།
ཁོ་བོ་ཡོད་ས་ནས་བསིལ་ཟེར་གཏོར་བའི་རླུང་བུ།།
རི་མགོའི་དར་ལྕོག་ལས་རོལ་མོ་དཀྲོལ་བ་སྙན་སོང་།།
ང་ཡི་ཕྱི་ནང་ལ་འཇའ་ཚོན་བཀྲ་བའི་སྔ་ནུབ།།
མཚན་མོའི་སྒེའུ་ཁུང་ནས་ཆར་བའི་ཤག་སྒྲ་ཐོས་སམ།།
ཡང་ན་ལམ་སྒྲོན་ལས་ཆུང་འདྲིས་མཇལ་བར་བྲེལ་ལམ།།
ལོ་ཟླ་འདི་དག་ལ་ཁྱོད་ཀྱིས་དཀའ་ལས་མྱངས་སོང་།།
ལམ་སྣེའི་མདུད་པ་དེར་དགུ་ཚིགས་ཡོད་པ་དྲན་ན།།
ལག་མགོའི་ཕྲེང་བ་དེར་བགྲང་བྱ་བརྩི་བར་ཉུལ་འགྲོ།།
ངེད་གཉིས་གཙང་བོ་ལ་རྦ་རླབས་འཕྱོ་བ་དྲན་ན།།
མདུན་གྱི་ལམ་བུ་ལ་ཐིག་གིས་འབྱུང་འགྱུར་དོད་ཡོང་།།
འཚོ་བ་བདེ་མོ་འདིའི་སྔོན་རྒྱབ་ཕྱགས་དར་བྱས་ཚེ།།
རྫ་ཆུ་གངས་ཆུ་བཞིན་གཙང་ཞིང་དྭངས་བ་ཡིན་ལ།།
བཏུངས་ཀྱང་མྱོང་བ་ཡིན་བཏུང་བར་སྤྲོ་བ་ཡིན་པས།།
ལོ་མའི་དཀྱིལ་འཁོར་དག་འདི་ཡིས་མཉེས་པར་བྱོས་ཤིག།
2015.9.17
ཁོ་མོར་སྙན་ངག་ཅིག་བྲིས་ན།
དགའ་བ་དུང་བ་མི་གླེང་སོ་སོའི་སེམས་ནས་གསལ་རེད།།
སེམས་པའི་སྒམ་ཆུང་ནང་གི་འོད་ཟེར་འཕྲོ་བའི་གཞི་ཡིན།།
ཚེ་འདིའི་མུ་ཏིག་ཕྲེང་བ་ཁྱོད་ཀྱི་མགུལ་ལ་བཏགས་ཏེ།།
བརྩེ་དུང་འཚོ་བའི་མེ་ཏོག་མི་ཡུལ་ཁམས་ནས་བཞད་པ།།
ངེད་གཉིས་ཕན་ཚུན་བར་ལ་དུང་བ་ཟབ་པའི་རྒྱུ་ཡིན།།
ཉིན་མོའི་ཉི་ཟེར་ཡིན་པའི་བདག་གི་སེམས་ཀྱི་དྲོད་ཐིག།
མཚན་མོའི་ཟླ་བ་ཡིན་ཞིང་བསིལ་ཟེར་འཇོ་བའི་དགའ་མ།།
ཉིན་ཞག་ལོ་ཟླའི་གསེབ་ཀྱི་འདོད་དགུ་སྩོལ་བའི་སྒེག་མོ།།
ཁྱིམ་གཞི་དྲོད་ཀྱིས་ཕྱུག་ཅིང་ལུས་སེམས་བདེ་བར་འགོད་པར།།
ལྷ་སའི་ཇོ་བོའི་མདུན་ནས་གུས་པའི་འདུན་པ་ཞུ་འགྲོ།།
ངེད་གཉིས་ཡོང་བའི་ལམ་དེ་བདེ་ཆེན་ཐང་གི་ཟུར་ཡིན།།
ངེད་གཉིས་འགྲོ་བའི་ལམ་ནི་བསིལ་འཇམ་དབྱར་གྱི་ལྗོངས་ཡིན།།
ནང་སེམས་འདྲིས་པའི་ཡིག་ཚགས་ནམ་མཁའི་ལྷ་ལ་བསྟན་ན།།
མི་འགྱུར་སྨོན་པའི་གསོལ་འདེབས་དཀར་པོའི་དུང་ལ་སིམ་སྟེ།།
དུས་བཞིའི་འགྱུར་ཁུག་སྙན་མོ་ཕན་ཚུན་སེམས་ནས་དཀྲོལ་དགོས།།
2015.9.22
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།