ཨ་རིག་རྗེན་པའི་སྙན་ངག་བདམས་བཀོད།
སྐྱེས་མིང་ལ་སྐལ་བཟང་སྐྱབས། ཕ་ཡུལ་འབྲོག་སྡེ་རྨ་ཆུ་ནས་ཡིན། དུས་རབས་གོང་མའི་ལོ་རབས་དགུ་བཅུ་བར་མི་དམངས་སྨན་ཁང་གི་ནད་ཁང་ཐབས་ཆག་ཅིག་ནས་མ་དྲིན་མོ་ཆེའི་མངལ་ལས་ལྷུང་། ཆུང་དུས་སུ་ཡི་གེའི་སྦྱོར་ཀློག་ཙམ་དྲིན་ཆེན་ཕ་མ་གཉིས་ཀྱི་མདུན་ནས་བློ་ངོས་ལ་བྱང་ཙམ་བྱས། རིམ་པར་སློབ་གྲྭ་ཆུང་འབྲིང་ནས་ཐོན་ཞིང་། ད་ལྟ་ཁྲིན་ཏུ་གྲོང་ཁྱེར་གྱི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་དངོས་གཞི་རིམ་པའི་སློབ་མ་ཡིན། དུས་ཚོད་གཏོང་ཐབས་ལ་དེབ་ཀློག་པ་དང་གློག་བརྙན་ལ་ལྟ་བ་དང་རོལ་ཆས་རེར་འཇུ་བ་སོགས་བྱས། མཚམས་རེར་ཡོམ་འགུལ་དང་བྷི་ལོ་སི་དང་གློག་རྡུལ་དབྱངས་སོགས་ཀྱི་ཁྲོད་སྨྱོས་ཤིང་འཛིང་བ་ཡིན། ལན་རེར་གནའ་བོའི་དབྱངས་དང་དམངས་གཞས་དང་ཆོས་དབྱངས་སོགས་ཀྱི་ཁྲོད་ལྷོད་ཀྱིས་བབས་པ་ཡིན། མི་ལ་རས་པར་དགའ། གཞན་ཕ་མ་དང་ཕུ་ནུ་དང་ན་རྒས་པའི་གྲོགས་པོ་དེ་ཚོར་དགའ།
སྙན་ངག་ཅིག་བྲི་བར་དུས་ཚོད་མང་བོ་ཞིག་བཀོལ་བ་ཡིན། སྙན་ངག་འབྲི་སྐབས་ནི་ཡར་འགྲེང་བའམ་སར་སྡོད་པའམ་མར་ཉལ་བ། ལམ་ལ་བགྲོད་པ་སོགས་དུས་དང་རྣམ་པ་གང་འདྲ་ཡིན་ཡང་ང་ལ་ཁྱད་པར་མི་འདུག
ལྷ་ས།
ལྷ་ས་ལ་སྒོ་མིག་མང་བོ་ཡོད་པས
ཁྱེད་ཀྱི་གསང་བ་མཐའ་དག་མཐོང་ངེས
ལྷ་སའི་སྒོ་མིག་མང་པོར
མཚན་མོ་མང་བོའི་ངོ་གདོང་སྦས་ཡོད
ངོ་གདོང་རེ་རེའི་གསེང་ལ་མིག་ཟུང་རེ་སྦས་ཡོད
རྨི་ལམ་ནས་སྒྱུ་མའི་གར་མ་ཞིག་གཅེར་བུར་ལུས་པ
བདག་གིས་ལོ་མང་ལ་ཉར་ཚགས་བྱས་པས་ས་རྡུལ་སྲབ་མོ་ཞིག་གིས་བཏུམས་ཤིང
སེམས་པའི་གཏིང་སར་སྦས་པའི་རྡོ་ལེབ་ཅིག་ལ
དུས་ཀྱིས་གསུབ་པ་མེད་པའི་རི་མོ་ཞིག་བརྐོས་པ
སླར་ཡང་བུ་ག་ཆུང་ངུ་ཞིག་ནས་མཐོང་བའི་རྒྱང་རིང་གི་ལྷ་ས
ལྷ་ས་ལ་སྒོ་མིག་མང་བོ་ཡོད་པས
མཚན་མོར་ཞག་སྡོད་བྱེད་སའང་དེ་ལྟར་མང་བོ་ཡོད
ལྷ་སའི་སྒོ་མིག་རེ་རེ་ནག་རོག་གེར་ཡོད་པ
ང་ཡི་ལྷ་སའི་ཕྱོགས་ཀྱི་བག་ཆགས་ཟབ་ཤོས་དེ་ཡིན་ངེས
གྱང་ལྡེབས་སུ་བཀོད་པའི་མཛེས་རིས་རྗེན་པ་ཞིག་ལ་འཐམ་སྟེ
ཚངས་མགུར་གྱི་ཚན་པ་ཞིག་བླངས་རྗེས
ངའང་ལོ་ཟླས་མཉེད་ཀྱིན་པའི་བགྲེས་པོ་སྒུར་བོ་ཞིག་སྟེ
འཆི་བ་ལ་ཉེ་བར་གཅར་གྱིན་རྨི་ལམ་ནས་ལྷ་ས་བོར་འགྲོ་བར་སེམས་ཁྲལ་བྱས
ལྷ་ས་ནི་ས་རྡུལ་གྱིས་བྲིས་པའི་ལྡེབས་རིས་རྙིང་བ་ཞིག
ལྷ་ས་ནི་ས་སྲོས་སུ་སེམས་ལ་འཁོར་ཡོང་བའི་འགྲུལ་བ་ཞིག
ལྷ་ས་ནི་བརྗེད་དུ་མེད་པ་གང་ཞིག
སེམས་ལ་ཉར་ཆོག་པའི་ངོ་གདོང་ཡག་པོ་ཞིག
འབྱིན་རྔུབ་བྱས་ཆོག་པའི་མཁའ་དབུགས་འཇམ་པོ་ཞིག
མཚན་མོ་སླེབས་དུས
ང་ཚོ་ཐབ་རྩར་འདུས་ནས་ལྷ་ས་གླེང་ཆོག
ལྷ་ས་ནི་ཆེས་མཇུག་མཐའི་དགོང་ཚིགས་ཤིག
2013/8
ཤིང་གི་མལ་ཁྲི་ཞིག་ཉོས་པ།
བདག་གིས་གྲོང་ཁྱེར་གྱི་ཁང་བའི་བརྩེགས་པའི་ཁུག་ན་འདུག་ཁང་ཞིག་གཡར་ཡོད
བགྲེས་པོ་ཞིག་དང་ཁྱི་གུ་ཞིག་གིས་ཀྱང་ང་ཡི་གན་ན་ཁང་མིག་ཅིག་གཡར་ཡོད
སྲང་ལམ་འདིའི་གློག་འོད་ཀྱིས་མཚན་མོ་མང་ཚད་ཅིག་རིང་བོར་འཁེལ་ཡང
ང་དང་ཁྱི་གུ་དང་བགྲེས་པོ་གསུམ་སུན་པོར་བཟོས་མི་འགྲོ
ཟླ་མཇུག་རེ་རེར་ཁང་བདག་མས་ལག་པ་ཐག་རིང་ནས་ངའི་སར་བསྲིངས་ནས
ཁྱི་གུ་དང་བགྲེས་པོའི་སར་བསྲིངས་ནས
རང་གིས་ཀྱང་ཁྱི་གུ་ཞིག་གསོ་འདོད་པ་མདང་གི་རྨི་ལམ་ལ་རྨིས་པ་ཞུས་ཤིང
ནམ་སྨད་ལ་ར་བཟི་བ་ཞིག་འོང་ནས་འདུག་ཁང་གཡོར་དུས
ཁང་མིག་འདི་དག་རྨི་ལམ་གྱིས་བསླད་འགྲོ་བའང་ཞུས་བྱུང
ང་ཡི་རྨི་ལམ་རས་ཕད་ནག་པོ་ཞིག་གི་ཁུད་ལ་གཅུད་ཡོད
ང་ཡི་རྨི་ལམ་སུ་ཡི་གསང་བ་ཞུ་སའི་ནམ་མཁའ་ལ་འབྱར་ཡོད
ང་ཡི་རྨི་ལམ་མི་ཚོས་འདོད་པས་ཟེད་པའི་སྙིམ་པར་བསྐྱུགས་ཡོད
ང་ཡི་རྨི་ལམ་སུ་ཞིག་ཁེར་བུར་སྡོད་དུས་བཞད་གད་འཆོར་བའི་འཁྲབ་སྟོན་རིགས་ཤིག
ང་ཡི་རྨི་ལམ་ང་ཡི་འདུག་ཁང་གི་རྩིག་ངོས་སུ
གཟེར་རྡེའུ་རིང་བོ་རིང་བོ་འགས་དམ་པོ་དམ་པོར་བརྡབས་ཡོད་པས
ང་ཡི་རྨི་ལམ་མེང་ནཱ་ལི་སའི་འཛུམ་མདངས་ལྟར་མཁྲེགས་པོར་གྱུར་ཡོད
ནམ་ཞིག་ཙག་བསེར་སྡོམ་པོ་ཞིག་གིས་ང་ཡི་གདོང་བར་རྡེག་རྒྱུ་བྱུང་ན
ཤིང་གི་མལ་ཁྲི་ཞིག་ཉོས་ནས་དགུན་རོལ་བར་ལྡོག་འགྲོ
ང་ཡི་རྨི་ལམ་ཁ་བ་དང་ལྷན་དུ་ཁྱེད་ཀྱི་རི་བོར་ལྷུང་ངེས།
2013/10/12
མེང་ནཱ་ལི་ས(MonaLisa)ནི་ནུབ་གླིང་གི་རིག་རྩལ་བསྐྱར་དར་སྐབས་ཀྱི་གྲགས་ཆོད་པའི་སྒྱུ་རྩལ་བ་ཏཱ་ཝིན་ཁེ(DaVinci)ཡི་བརྩམས་ཆོས་ཤིག་ཡིན་ལ་ད་ལྟ་ཧྥ་རན་སུའི་ལི་བེར་བཤམས་སྟོན་ཁང(Louvre Museum)གི་རྩིག་ངོས་གང་ཞིག་ཏུ་ཐུར་དཔྱངས་ནས་ཡོད།
འཚོ་བ་དཀྱུས་མ་ཞིག་དང་དེའི་ཁྲོད་ཀྱི་ཟུག་གཟེར་ལྷག་པ་དག
ནམ་སྨད་ལ་ང་རང་ཅི་བྱ་གཏོལ་མེད་ངང་ལུས་པ་ཁྱེད་ལ་བཤད་འདོད་ནས
འདུག་ཤག་གི་སྟོང་བའི་མཁའ་དབུགས་ཁྲོད་ལག་སྙོབས་བྱས
རྨི་ལམ་འཁྲུག་པའི་མཚན་མོ་ཞིག་ལ་སུ་ཡི་གཟུགས་སྣང་རབ་རིབ་ཅིག
ང་ཡི་མཐོང་ལམ་དུ་ཡང་ཡང་མངོན་འོངས
གློ་བུར་མི་ཞིག་དྲན་པ་ཁྱེད་ལ་བཤད་པར་རྩོམ་དུས་དེའང་བརྗེད་དུ་བོར
ང་རང་ཞེད་པས་ཐག་རིང་ལ་བདས་ནས་ཁྱེད་ཀྱི་ཉེ་སར་ཐོན་ཞིང
དགུན་ཁའི་འུག་པ་དག་ཀྱང་ང་ཡི་ཁང་ལེབ་འདིའི་སྒང་ལ་བུད་ནས
ཀུ་ཅོ་དང་སྡུག་ཡུས་ཀྱི་ཨག་ཞག་འཕེན
ང་ཡི་ཉེ་འགྲམ་གྱི་མི་དག་དུས་ཁེལ་བའི་འཕྲུལ་ཆས་ཤིག་དང་ཤིན་ཏུ་འདྲ
ཐ་གུ་རེའི་སྣེ་མོར་དཔྱངས་པ་ལྟ་བུའི་གདོང་བའི་ཚོགས་ནི་ང་ལ་གཟས་འོང་བ་ལྟར་སྣང
ནངས་མོ་རེ་རེར་ལྕགས་སྒམ་གྲུ་བཞི་ཞིག་ལ་ཅ་ལག་བཞིན་འཚང་གིན
བྲེལ་ཟིང་གི་ཚེར་མ་དག་རབ་ཏུ་འཛིང་བའི་ཁུག་ལ་ཡིབ་འགྲོ
ཆ་མེད་པའི་མི་མང་བོ་དང་ངོ་ཤེས་སུ་མཐུན་རྗེས
ང་རང་ཁོ་ཚོའི་འཕྲུལ་བའི་ཁྲོད་ཀྱི་རི་དྭགས་ཤིག་ཡིན་ན་བསམ་བྱུང
རྩིག་པའི་ངོས་སུ་འབྱར་བའི་འབག་སྐུ་དེ་དག་ཀྱང་ཡིན་སྲིད
ང་རང་ཞར་བ་ཞིག་ཡིན་སྲིད་ལ་འོན་པ་ཞིག་ཀྱང་ཡིན་ངེས
དོན་དམ་ང་ནི་འཁོས་ཀ་ཞན་པའི་སྣུམ་མཚོན་རི་མོ་དེའི་ནང་གི་མི་ཞིག་ཡིན
ཉིན་མོའི་དུས་སུMarina Abramovicནང་བཞིན
གཅེར་བུར་མི་ཚོགས་ཀྱི་ཁུད་ལ་འགྲེང་ཡོད
སྤྲིན་པ་ནད་པ་དག་ཡར་བཏེགས་པའི་སོ་ཕག་དང་ཤེལ་ལེབ་བརྩེགས་པའི་ཁུག་ཏུ
སྡིག་པ་ར་ཙ་དང་སྐྱག་སྦྲང་དང་ཁྭ་ཏའི་ཚོགས་ལ་འཁྲབ་སྟོན་འབུལ་མཁན་དེའང་ངའོ༎
2013/12
Marina Abramovic (1946.11.30-) ཡོ་གོ་སེ་ལ་ཝེའ་ཡི་མིང་དུ་གྲགས་པའི་སྤྱོད་པའི་སྒྱུ་རྩལ་མཁན་མ།
ཀུ་རེ་ལྷག་མ།
ཁྱེད་ཀྱི་ཆུང་མ་ཞག་མ་གཅིག་ལ་ང་ལ་གཡར་རོགས
ངས་མོར་གཏམ་རྒྱུད་མང་བོ་བཤད་ངེས
རྗེས་སུ་མོས་ཁྱེད་ལའང་བཤད་ཆོག
དེ་སྔ་ཁྱེད་རང་འགྲོ་སའི་རྒྱལ་ཁབ་དེ་རུ
ཁྱེད་ནི་གཟུགས་པོ་ཆེས་ཐུང་བའི་མི་དེར་ཆགས་ཤིང
མི་མང་བོ་ཁྱེད་དང་མཉམ་པོར་པར་བསྐྱོན་པར་སླེབས
ཁྱེད་རང་སྒྱུ་རྩལ་བཤམས་དངོས་ཤིག་སྟེ
ནམ་ཟླ་དང་ཁ་ཕྱོགས་མེད་པའི་སྲང་ལམ་འདི་རུ
ཁྱེད་ཀྱིས་ད་དུང་ཅི་ཞིག་དྲན་སྲིད
ང་ལ་མེ་ཏོག་ཅེས་པའི་བུ་མོ་དེ་མ་གླེང་རོགས
མོས་ཀྱང་ང་ཡི་ལུས་འོག་ནས་འཕག་འཚག་བརྒྱབ་མྱོང
ཁྱེད་ཀྱི་མིང་ཙམ་འདྲི་མཁན་ཡང་མ་བྱུང་བའི་ས་ཆ་དེ་རུ
ཨ་མ་རྣམས་གཅེར་བུར་བུད་འདུག
མུན་པ་ནི་ཁྱེད་ཀྱི་ལྭ་བ་མ་ཡིན་ལ
ཁྱེད་ཀྱི་ལྭ་བ་ནི་ཐོབ་ཐང་དང་རང་ཉིད་འཇུག་སའི་ལྕགས་སྒམ་དེ་རེད
ཁང་བའི་བརྩེགས་པ་དག་བརྡིབས་རྗེས
ངེད་གཉིས་ཀྱིས་མཉམ་པོར་དགུན་ཁར་སྒུག་ཆོག
ཁྱེད་ཀྱི་མགོ་བོ་རྒྱུ་སའི་འཕྲུལ་གྱི་སོ་སྒོར་དེ་ནི
དམྱལ་བ་དང་ཀུ་རེ་ལབ་མཁན་གྱི་ཆུ་སྲིན་དེའི་ཁ་དང་མི་འདྲའམ
ཁྱེད་འདི་མི་སྣང་སྐྱིད
ཁྱེད་ཀྱིས་སླར་ཡང་ང་ལ་གཅིན་པ་སྦོས་སུ་བཅུག་སོང
སེ་ལན སེ་ལན
སྐྱོ་སྐྱོས་མལ་ཁྲིའི་སྒང་ན་ཁྱེད་རང་སླེབས་པར་སྒུག་ཡོད
ཁྱེད་ནི་ཕེ་ཁཱ་སོ*ལ་ཆགས་མྱོང་བའི་བུ་མོ་དེ་ཡིན་ནམ
ཁྱེད་ཀྱི་འཛུམ་མདངས་མཁྲེགས་པོར་འགྱུར་འདུག
2015/1/2 ནམ་སྨད་ལ།
Pablo Picasso(1881-1973) སི་ཕཱན་གྱི་མིང་དུ་གྲགས་པའི་རི་མོ་བ།
རྩྭ་ཐང་མེར་ཤོར་བ་དང་ནོར་རྣམས་ཤི་བ་སོགས།
རྩྭ་ཐང་མེར་ཤོར་བ་དང་ནོར་རྣམས་ཤི་བ་སོགས
ལུག་དང་རྟ་དང་སྒོ་ཁྱི་སོགས་ཤི་བ
ཁང་བ་སོགས་བརྡིབས་པ
ཆུང་མ་དང་ཕྲུ་གུ་བཏེགས་པའི་མི་ཕོ་ཞིག
ཆུ་ལ་ལྕེབས་པ་སོགས
2015/2/14
མུན་པ་བརྒལ་བའི་མི་གཉིས།
--- སློབ་ཆེན་གྱི་མཆེད་གྲོགས་ཨ་རིན་ལ་ཕུལ།
དབྱར་ཁ་ནི་ངེད་གཉིས་ལ་ཆེས་བློ་ཉེ་བའི་གནས་ལུགས་དེ་ཡིན
དུས་ལྟར་ཕྲད་ཅིང་དུས་ལྟར་བྲལ་འགྲོ
ངེད་གཉིས་ཀྱིས་བྷོབ་དྷི་ལེན*ལ་ཉན་ཞོར
མུན་པ་བརྒལ་ཞིང་རྫིང་བུའི་ནང་ནས་གཅེར་བུར་བུད
ཁྱེད་ཀྱི་ཡིད་ལ་དྲན་སྲིད་པའི་བུ་མོ་དེ་ངས་ཀྱང་དྲན་སྲིད
འདི་ནི་ངེད་གཉིས་གཅིག་པུར་དབང་བའི་གསང་བ་དེ་ཉིད
སུ་ལའང་བཤད་སྙིང་མེད་པར་ལྷག་པའི་སྐད་ཆ་དེ་ཉིད
ང་རང་ཁྱེད་ལ་གདོང་གཏད་ནས་དགོད་དུས་ཁྱེད་ཀྱི་མིག་ནང་ནས་མངོན་སྲིད་པ་དེའང
ད་ལྟ་ཁྱེད་རང་བཟི་སྣང་གིས་ཁེབས་པའི་རྡོ་བཅལ་དེའི་སྒང་ལ་ཡར་འགྲེང
སྐད་ཆ་དང་བྱ་བྱེད་མེད་པར་ཡུན་རིང་བོར་ལུས
འཇིག་རྟེན་འདིའང་རེ་ཞིག་དབུགས་ཆད་པ་ལྟར་ལུས
ངེད་གཉིས་ནི་འཇིག་རྟེན་འདིར་ཆེས་དབུལ་བའི་མི་གཉིས་ཏེ
སྡོང་བོའི་སྟེང་ལ་འགོས་ནས་རྒྱང་རིང་ཨེ་མཐོང་བལྟས
རྒྱང་རིང་ནསT.S.ཨེལ་ཐི*དང་བྷོར་ཧེ་*སླེབས་འོང
ཨེ་རྒོང་ཤེ་ལི*དང་ཁོའི་ནད་ཀྱིས་བཟུང་བའི་ཕུང་བོའང་སླེབས་འོང
ངེད་གཉིས་ཀྱི་དགའ་རོགས་དག་གཅེར་བུར་བུད་ཅིང་ཕྱོགས་སུ་རྒྱུགས་ནས་སླེབས་འོང
མི་རྣམས་མཚན་མོའི་ཁུད་ལ་གཅུད་ནས་གང་ལ་འཁྱེར
རྡོ་བ་དང་ཆུ་དང་ལྕགས་ཀྱི་རི་བོ་དང་རི་དྭགས་ཚོགས་ཀྱི་རྨི་ལམ
འདི་དག་ཐམས་ཅད་ངེད་གཉིས་ལ་དབང་བའི་ནོམ་པ་དག
ང་ཡི་ཆང་གྲོགས་ལགས
ཁྱེད་རང་དཀའ་བའི་ལས་ཁག་པོ་གང་ལ་ཕྲད་ཅིང
ང་རང་ཁྱེད་ཀྱི་སླད་དུ་འཆི་སྲིད
ངའི་ཆུང་མ་དང་ཡི་གེ་དག་ཀྱང་ཁྱེད་ཀྱི་སླད་དུ་ཆུ་ཀླུང་ལ་བཏང་ཆོག
ཁྱེད་རང་ང་ཡི་མཁའ་དབུགས་ནང་འབྱར་བ་དེ་ཉིད
ངས་ཀྱང་ཐ་མག་དང་ཝུ་ཆང་བག་མེད་པར་སྤྱད
ཁྱེད་རང་ནང་བཞིན་འཆི་བ་ལ་ཉེ་བར་བཅར
མུན་པ་འདི་བརྒལ་པའི་ཕ་རོལ་གྱི་ལུང་པ་ནི་ལྭ་བ་མེད་པའི་མི་རྣམས་ཀྱི་རྒྱལ་ཁབ་ཡིན
དེ་རུ་མུ་གེ་དང་འཐབ་འཁྲུག་མེད་པ ཆགས་པའི་སྐོམ་པ་མེད་པ
རིགས་རུས་དང་མིང་དང་འཁྲུངས་སྐར་ཡང་མེད་པ་དེ་རུ
སྟོང་བའི་གར་ལ་ཡན་འགྲོ
དེ་ཡི་མཐའ་རུ་འཆི་བ་ཡོད་པ་ནི་འོད་སྣང་དེའོ།།
2015/6/22 ནམ་སྨད་ཀྱི་ཆུ་ཚོད་གསུམ་པར་འགྲུབ།
* Bob Dylan (1941.5.24-) ཨ་རུའི་གཞས་པ་དང་རྩོམ་པ་བོ་གྲགས་ཅན་ཞིག
* T.S.Eliot(1888-1965) དབྱིན་ཡུལ་གྱི་སྙན་ངག་པ་གྲགས་ཅན་ཞིག
* Jorge Luis Borges(1899-1986) ཨར་རྗེན་ཐེན་གྱི་མིང་དུ་གྲགས་པའི་སྙན་ངག་པ་དང་བརྩམས་སྒྲུང་མཁན།
* Egon Schiele(1890-1918) ཨོ་སི་ཁྲིར་གྱི་རི་མོའི་སྒྱུ་རྩལ་བ་གྲགས་ཅན་ཞིག
འདི་དག་གི་ཕྱེད་ཀ
སྐད་ཆ་མེད་པའི་མི་ལགས
སེམས་སུ་རང་ཉིད་རྒས་པའི་དུས་ཀྱི་ངོ་གདོང་དག་དཔར
མི་མང་བོ་ཕྱོགས་སའི་ཁང་བ་དེ་ཧ་ཅང་མཐོ
སྤྲིན་པ་ཞིག་རྩེ་ལ་བཏེགས་པ་དེའོ
ང་ཚོ་རང་སོའི་གཟུགས་པོར་འཐམ
ཤ་རུས་དང་ཐ་སྙད་དག་ས་ལ་བརྡབས
འདས་པའི་དུས་ཚོད་ཧ་ཅང་རིང་བ
ནམ་མཁའ་ན་ཅི་ཡང་མེད་པ་དེ་ཉིད
སུ་ཞིག་གླེང་པའི་སྐབས་ནི་དགུན་ཁ་ལ་ཁེལ་འདུག
ད་ནི་ཞི་ཞིང་དལ་བར་གོམས་པར་བྱ
དགུན་ལྭ་དྲོན་མོ་དག་ལུས་པོར་འབྱར་རྗེས
ང་ཚོ་ལ་གཏམ་རྒྱུད་ཅི་ཡང་མེད་པ་སླར་ཡང་ནམ་མཁའ་འདིའོ
ཝེ སྙིང་ཉེ་བའི་མི་ཚོ
ངེད་ཅག་མཉམ་པོར་རུབ་ནས་ཅི་ཞིག་བགྲོའམ
གལ་སྲིད་ཉེ་འཁོར་གྱི་ཙག་ཙིག་དག་རེག་པ་མེད་པར་ཡལ་དུས
ང་ཚོའི་བར་ཐག་ཀྱང་ཧ་ཅང་རྒྱང་རིང་བ་དེ་ཙམ་མོ
2015/9/7
མི་ལ་རས་པ།
ང་ཚོས་མིང་ལ་ཅི་ཟེར་བ་སོགས་སོ་སོར་མཚམས་སྦྱར
གཟུགས་པོ་ཐུང་བའི་མི་གཉིས་དང་ང་རང
སྟེགས་བུ་ཞིག་ལ་ཡར་འགྲེང
མི་ཚོགས་ཀྱི་གདོང་བ་བདལ་བའི་འཁོར་བའི་གྲོང
དུས་ཚོད་ཀྱི་ནང་ལ་ཐོགས་པའི་སྐྱོ་ཡུས་ཡོད་དོ
ང་ཡིས་ཁྱེད་ལ་ག་ལེར་འགྲེལ་ཡོང
ཡི་གེ་རུབ་པའི་ཅོག་ཙེ་འདིའི་མཐའ་རུ་ཙོག་པའི་རྟོག་གེ་བ་གཉིས
ཁཱོ་ཧྥེ་ཕོར་བ་གང་རེ་བཏུང་དང
དེ་ནས་རྒ་འཆི་དང་སྐད་ཆ་དང་ཞེན་ཆགས་མཐའ་དག
མེ་ལ་སྦར་ནས་ཐལ་བ་རླུང་ནང་ལ་ཐོངས་ཤིག
ང་ཡི་ལྕེ་རྩ་བྲེགས་པའི་ཡུམ་ཆེན་ལགས
མཚན་མོ་གྱོན་ནས་འདོད་པའི་ཁམས་སུ་གར་ལ་ཡན
སྒྲུང་ནང་གི་སྨད་འཚོང་མས་ནུ་མ་ཟུང་གིས་འཇིག་རྟེན་གྱི་འཁྱག་པ་བསྲོས
དེ་ནས་སླར་ཡང་ཁེར་རྐྱང་བགྲོ་བར་བྱ
མི་ཞིག་གིས་མིག་ཤེལ་དང་ཞྭ་སོགས་བོར་བའི་གཏམ་རྒྱུད་ཅིག
ང་རང་ཤེལ་གྱི་ཁང་བའི་ནང་བཞུད་པའི་འདས་སོང་སོགས
དེ་ནས་རི་དྭགས་རྔོན་པ་དང་ནགས་ཚལ་བརྒལ་བ
ཆུ་ནང་ལ་བཞུར་བའི་ང་ཡི་ལུས་པོ་དག
ཀུན་རྫོབ་ཀྱི་མཐའ་ལ་བསྐྱེད་པའི་སྐྱི་ཡ་བའི་རོལ་དབྱངས
མི་ཚོགས་རྒྱང་ལ་དབེན་ཤུལ་གྱི་ཕ་ཡུལ་གད་པ
མེ་ཡི་འོབས་དང་རྡུལ་གྱི་ཐ་སྙད
བསྐྱར་ཅིང་ཟློས་པ་ནི་གོམ་པའི་འདེགས་འཇོག་གོ
མོ་ཊའི་གཙང་བོ་དམར་བོའི་ནང་ལྕེབས་པའི་ཁུ་སིམ་པའི་མི
ཁང་བའི་རྩེག་པས་སྒྲིབ་པའི་ཉོན་མོངས་ཀྱིས་མྱོས་པའི་མི
མུན་པ་ཞི་བ་དང་འུར་ཟིང་འཇགས་པའི་བསྐལ་བའི་མཐའ་རུ
རབ་ཏུ་འབྱམས་པའི་བདག་མེད་པ་མང་བོ་གཅེར་བུའི་ཞིང་ལ་གཤེགས་པར་བྱ
ངེད་ཅག་གི་ཁེར་རྐྱང་ནི་ཉ་སོག་གི་རུས་པ་ཕྲ་མོའི་རྩེ་ཡི་འོད་ཕྲ་མོ
སེམས་ཉིད་བོར་བའི་ལུས་པོའི་བོངས་ཆེན་པོ
སྐད་ཆ་ཡིས་མ་རྙེད་པའི་འཇིག་རྟེན་ལས་འགོངས་པའི་གཞན་དེའོ
2015/11
མི་ཞིག་ཤི་བའི་རྗེས་སུ་ཀུ་ཅོ་བཏོན་པ་ལྟ་བུ།
ཉེ་ཆར་ང་རང་བར་ཆད་སྣ་ཚོགས་ཤིག་ལ་ཕྲད་ཅིང་སུ་ལའང་ཤུབ་བུར་མ་བཤད
ཁང་བའི་སྒོ་དང་སྒེའུ་མིག་གཏན་ཞིང་གློག་དང་བཅས་པའི་འོད་ཐམས་ཅད་གཟིམས
དེ་ལྟ་ཡིན་ཡང་མགོ་ནང་གི་ཟང་ཟིང་གི་འཁྲུལ་བ་ཆེན་པོ་དེས་ང་རང་རབ་ཏུ་གཙེ་བར་བྱེད
ངས་ནི་མི་རྣམས་ལ་འཆི་བའི་ཞི་ཞིང་འཇམ་པའི་ཆ་དེ་དགྲོལ་ཆེད
སྐད་ཆ་དང་གྱེས་བྲལ་ཕུལ ཉོན་མོངས་སྒྲིབ་བྱེད་ཀྱི་གོས་རྣམས་ཀྱང་ཕུད
འོད་དང་མུན་པ་བསལ་བའི་དུས་ཚོད་ཀྱི་ནང་དུ་ཁུ་སིམ་ངང་ཡར་འགྲེང
དེ་ལྟ་ཡིན་ཡང་ང་ཡི་ལག་པས་ཐག་ཉེ་རིང་གང་ལའང་བསྙབ་ཐུབ་མ་སོང
ཡུལ་ཕྱོགས་ཆ་མེད་ནས་ཡིན་པའི་མི་དེ་ང་ཡི་གམ་ལ་སླེབས
མི་དེ་དང་འགྲོགས་པའི་གྲིབ་མའི་ནང་ལ
འཇིག་རྟེན་གྱི་མག་མོག་ཡོད་དོ་མཚོན་བྱེད་ཀྱི་ཐ་སྙད་མང་བོ་འབྱར་འདུག
ཨང་ཀི་མང་བོ་ཐར་ཐོར་གྱིས་ང་ཡི་མིག་ནང་ལ་འབབ་པ
སྐད་ཅིག་དང་རྟག་བརྟན་ལ་སོགས་པ་ལུས་པོའི་ནང་ནས་མར་ཟགས
ང་ཡི་རེག་པར་འོང་བའི་ཁྱེད་ཀྱི་སྐད་ཆ་ཡིས་ད་ནི་སྟོང་བ་བཟུང་ཟིན
གཉིས་སྣང་གི་གཟུགས་རྣམས་ང་ཡི་མཐའ་འཁོར་ནས་རབ་རིབ་རྒྱུ་བ
སྒྲ་རྣམས་འར་འུར་འཛིང་བ ཆོས་རྣམས་ཡོད་ནས་མེད་པ
གློག་གི་ནང་ལ་ལྕེབས་པའི་གཞོན་པ་དང་དེའི་གཉེན་ཚན
འདི་ག་ནས་བོར་བའི་ནམ་ཟླ་དང་ཁ་ཕྱོགས་དག
མི་ཚོས་གཏན་དུ་ཕྱིར་བཙལ་ངེས་མིན
མཛུབ་མོ་བགྲང་ནས་ཉིན་མཚན་མང་བོ་མྱོང་རེག་ལ་ཡོད་པ་ལྟ་བུར་བཟོ་མཁན་གྱི་མི
མི་དེ་ཤི་བའི་རྗེས་སུ་ང་ཡིས་ཀུ་ཅོ་ཆེན་པོས་རང་ཉིད་ཀྱང་རྨེག་མེད་དུ་གཞོམ་རྩིས་ཡིན
དེ་བས་ན་མ་འོངས་པ་དང་དེ་ཡི་འཕྲོར་ལུས་པའི་དུས་ཚོད་དག
སྲ་མོའི་གཟུགས་སུ་བཟོས་ནས་སྟོང་བའི་དབྱིངས་སུ་གདེག་ནས་འགྲོའོ
ང་ལ་བདེ་མོ་འཇོག་བྱེད་ཀྱི་མེ་ཏོག་དག་སོ་སོའི་མཆུ་ལ་འཛུགས་རོགས
2016/3
ཉི་ཧོང་གི་སྙན་ངག་མ YOKOTAWADAདང་མཉམ་དུ།
མོའི་སྙན་ངག
༡
གནམ་གཤིས་འཇམ་ཐིང་བར་འདུག
མོས་མོ་ཊ་བཏང་ནས་གྲོང་མཁར་དེ་བརྒལ
ལམ་བར་དུ་སུ་དང་གང་ལའང་བརྡབ་མ་སོང
སེམས་ངལ་དག་ཞི་བར་འཇགས་ཤིང་སླར་ཡང་འཕྱུར་འོང་བ
D.D.Bridgewater*ཡི་གྲེ་བ་ལྷོད་མོས
མོ་རང་རེ་ཞིག་བག་ཕེབས་པ་བྱུང
མོས་རང་དང་ལུས་འབྲེལ་མྱོང་བའི་སྐྱེས་པ་དག་སྟོང་འདང་ནང་བཏགས
ཁོ་ཚོ་སོ་སོར་གཟུགས་བྱད་དང་ཆ་ལུགས་མི་འདྲ་བར་ཡོད་རྐྱེན
མོས་སུའང་ཡིད་ལ་དྲན་སྲིད་ཅིང་གློ་བུར་བ་གང་ཞིག་གིས་བརྗེད་པར་ཡང་བྱེད
གལ་སྲིད་ནམ་ཞིག་གི་ཚེ་ཁོ་ཅག་ཡོད་དོ་མཚན་མོའི་ཌི་སི་ཀོ་གར་ཁང་ལ་འཛོམས་པ་བྱུང་ན
མོས་ཁོ་ཚོ་རེ་རེར་ཝུ་ཆང་བར་མེད་པར་འདྲེན་ངེས་ཤིང
སོ་སོར་ལག་རྡང་སྦྲེལ་ནས་སྣང་བར་འགྲོ་བའི་ཞབས་བྲོ་རེའང་ལྡིང་ངེས
ཁོ་ཅག་གི་དགོད་སྒྲའི་ཁྲོད་འབྱར་བའི་སྐྱོ་སྣང་ནི་སུས་ཀྱང་ཚོར་ངེས་མིན
མོས་ཉེ་ཆར་གམ་ལོགས་སུ་དོན་བྲོད་པོ་གང་བྱུང་བ་ཚོགས་སུ་ལབ་ནས་ཟིད་ཐུང་བར་བྱ་ངེས
སྐབས་ཤིག་ནས་མོས་སུའང་ཡིད་ལ་དྲན་མི་སྲིད་ལ
རང་གི་ལུས་པོ་རྣམས་རླུང་ནང་ལ་སྤུར་ཞིང་སྤྲིན་པའི་ཡང་སྟེང་ལ་བསྐྱོན
༢
མོས་རང་གི་རྡོག་པས་མནན་པའི་ལམ་སྣ་དེ་དེད་ནས་ཕར་ཕྱིན་ཞིང་ཚུར་ལོག
མི་རྣམས་དང་འགྲོགས་ནས་མ་འོངས་པ་ལ་སྒུག
ད་ལྟའི་དགུན་ཟླ་འཁྱག་པ་བསྲོ་བྱེད་ལ་ཁྱོ་ག་སྔོན་མ་བོས
འདམ་ནང་གི་རྐང་རྗེས་དེ་རང་གི་སྒོ་རར་འདུག་པས
ཁྱིམ་ནང་གི་ཅ་ལག་རློན་པ་དག་ལ་འཁྲེང་ཞིང་གཉིད་ཆག་པར་བྱས
གློག་ལམ་ངན་ངོན་དག་ལ་ཆད་གེགས་རེ་འབྱུང་བར་ཡང་སེམས་ཁྲལ་ཤོར
མེ་ཡིས་ཚིག་པ་དང་ཆུ་ལ་ཤོར་བའི་དྲན་པ་དག
སིལ་ཏོག་གཏུབ་གྲི་རྣོན་པོ་དེ་ཡི་སོ་ཁ་ལ་གནས་པའི་ཤ་ཁྲག་གི་འབོག
༣
གཏམ་རྒྱུད་ནང་གི་ཐ་སྙད་ཀྱི་ཚོགས་པས་བསྒྲིགས་པའི་འཁོར་བ
དལ་བ་མེད་པའི་གནས་སུ་རང་ཡན་ལ་རྒྱུ་བ
དགའ་སྐྱོས་མ་ཐེག་པར་ལྷག་པ་ལ་ཅི་དང་གང
མོས་དགོང་ཚིགས་སྟབས་བདེ་མོ་ཞིག་གཡོས་ཤིང
བཟའ་མི་དག་གར་སོང་བཙལ་བར་ཕྱིན
མེ་ཏོག་རྙིད་པའི་ལྡུམ་ར་ཞིག་ལ་སྐྱོ་ངལ་ཡོད་དོ་ཕྱུང
ཕྱིར་དྲན་ནང་སོས་པའི་གདོང་བ་དག་གིས་མོའི་ཕྱོགས་སུ་འཛུམ་མུལ
མཚན་མོའི་མི་ཡི་རྨི་ལམ་ནང་ཐིམ་པའི་སྐད་ཆ་དག
རྩྭ་ཡི་ནང་ལ་འཇགས་པའི་མཁའ་དབུགས་ཇི་བཞིན
༤
ཉིན་ཞིག
མོས་ལྭ་བ་རྣམས་གཙང་མར་བཀྲུས
སྐྲ་དང་གདོང་བ་དང་ལུས་པོའང་གཙང་མར་བཀྲུས
ཁང་བརྩེགས་ཀྱིས་བཏེགས་པའི་ནམ་མཁའ་དེའང་འབྱིད་ཙམ་བྱས
རི་མོའི་ནང་གི་བུད་མེད་སྒྲེན་མ་དེར་ལད་མོའི་ཚུལ་གྱིས
རང་གི་འདུག་ཤག་གི་སྟོང་བའི་མཐུལ་ལ་གཅེར་བུར་བཅལ
མོའི་ཡིད་ལ་ཤི་ཟིན་པའི་རང་གི་མི་རྣམས་དྲན
མི་དེ་རྣམས་འདུས་བྱས་ལས་འདས་ཤིང་རང་དབང་གིས་རྒྱུ
སླར་ཡང་ཉིན་ཞིག་ལ
མོས་རང་ཉིད་ཀྱང་མི་དེ་རྣམས་དང་འགྲོགས་ནས་སྟོང་བའི་ནང་རྒྱུ་བ་རྨི་ལམ་ལ་རྨིས
ནམ་ནངས་སུ་མོས་འཇིགས་སྔངས་ཤིག་དང་བཅས
རང་གི་ལུས་པོ་ཡོངས་ལ་ལག་མྱངས་ཐེངས་ཤིག་བྱས
༥
ཉིན་ཞིག
མོས་ཡི་གེ་རྣམས་རང་གི་གྱང་དང་སྐྱི་པགས་ལ་བྲིས
ཉི་ཁྱམས་སུ་མེ་ཏོག་ཅིག་གསོས
དེ་ནས་སུ་ཞིག་སླེབས་འོང་བར་ཆུ་ཚོད་གསུམ་ལ་སྒུག
༦
སུའང་སླེབས་པ་མེད་པའི་དུས་ཚིགས་ཤིག་ལ
མོ་རང་མི་ཚོགས་ཀྱི་རྒྱང་རིང་ལ་བྲོས
ཤར་ནུབ་མེད་པའི་རྨི་ལམ་གྱི་སྲུབ་ཀར་ཟགས
2016/4
* Dee Dee Bridgewater ཨ་རུའི་རྗེ་ཟི་གཞས་མ་གྲགས་ཅན།
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།