མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མའི་སྙན་རྩོམ་ལེགས་བཏུས།
པདྨའི་མཛེས་སྡུག
ལྷ་སྲུང་རྒྱལ།
༡
གྱང་རྩི་ཞིག་ནས་སོ་ཕག་དག །
དམར་ཧྲེང་ངེ་རུ་འཕྱོན་མའི་གར། །
བྱེད་པ་བཞིན་དུ་བརྩིགས་པའི་ཟུར། །
ཁྱོད་རང་འབུད་ཅིང་འཇབ་བུ་འགའ། །
བརྐུ་ལ་རྒྱུག་ལྟར་ཕྲན་ལ་ལྟ། །
ཕ་སྲོལ་མ་ཡིག་ཁྱོད་ཀྱི་ལྟའི། །
མིག་འབྲས་བཞིན་དུ་ཉི་འོད་ཁྲོད། །
བཞད་ཅིང་བསུང་ལྡན་ཐག་པ་ཞིག །
སྦྲང་བུར་ཕོག་བཞིན་ང་རང་ཚོ། །
དམ་དུ་འདོགས་ཀྱང་སྦྲང་རྩིའི་རོ། །
ལྟ་བུའི་དགའ་བ་བསྙལ་བར་བྱེད། །
༢
ང་ཡིས་ཕལ་ཆེར་རི་འདབས་འདི་ཡི་ནགས། །
བསྐོར་ཞིང་བསྐོར་ཞིང་ཁྱེད་ལ་བཅར་པ་འདྲ། །
ང་ནི་རྐུན་པོ་ཞིག་དང་གཉིས་མེད་པར། །
འདོ་བ་ལྐོག་ཏུ་བསྐུངས་ཤིང་མེལ་ཚེའི་ཚུལ། །
ནགས་གསེབ་འདྲེན་བྱེད་བཙངས་ནས་ལྟ་བའི་ཚེ། །
ཁྱོད་རང་ངང་ཁྱུ་འཚོ་ཞོར་ཡར་མར་ལྟ། །
ཁྱོད་རང་ཁྱིམ་ལ་འཛུལ་ཞིང་སྒོ་འཁྱམས་འོང་། །
ཁྱོད་ཀྱི་ཨ་ཕ་ཡང་ནི་ཕ་ཡར་དེས། །
ཟུར་གཅིག་ཐག་པ་འཁེལ་ནས་ཁྱོད་རང་བཏགས། །
ཡར་མར་འགྲོ་བའི་རང་དབང་མི་སྟེར་ལ། །
ནགས་འདིར་བྲལ་བའི་དམིགས་བུ་མི་སྟོན་ཏོ། །
དེ་བཞིན་ང་ཡང་ཁྱོད་ཀྱིས་འདི་རུ་བཟུང་། །
ང་ཡིས་ཞག་མལ་གཏོང་བཞིན་ཁྱོད་རང་འཚོ། །
ང་ཡིས་རྟ་ཕོ་རྟོད་ཀྱིན་ཁྱོད་རང་འཚོ། །
༣
ཁྱོད་ནི་སྐབས་རེ་སློབ་ཁང་དུ། །
ང་ནི་དེ་བཞིན་མལ་ཁང་ན། །
རྨི་ལམ་དུ་མའི་རྩིག་པར་བསྙེས། །
མིག་དང་མཚུངས་པའི་སྒེའུ་ཁར་འགྲེང་། །
ཁ་བ་བབས་པའི་མཚན་མོ།
གསར་རུ།
མཚན་གཞུང་ལ
སྒེའུ་ཁུང་ལས་རླུང་བུ་འཕྱུར
ཉལ་ཐུལ་ལ་སེར་ག་ཤོར
མགོ་མཇུག་བར་གསུམ་ཙག་གིས་བསྡམས
སྒྲོལ་མའི་ལུས་པོ
དྲོད་ལ་འཇམ་པའི་འོ་འཛིན་ཟུང
ག་ལེ་ག་ལེར་ཡིད་ལ་འཁོར
སྣང་བརྙན་གྱིས་བསླངས་པའི་ཆགས་པ་མེ་དང་མཚུངས་པས
དགུན་གྱི་གྲང་ངར་དེའང་སྐད་ཅིག་མར་བརྗེད་པར་གྱུར
དེ་ནས་སླར་ཡང་རྨི་ལམ་གྱི་དབང་གིས་ཁྱེར་ཏེ
ཕུགས་བསམ་ཁྲོད་ཀྱི་མི་ཡུལ་དང་མི་ཚོགས་སུ་སླེབས
ང་རང་དགའ་སའི་མི་ཚོགས་འདྲེ་རུ་འགྱུར་ཉེན་ཆེ་ནའང
སྙན་ངག་གི་ནགས་ཚལ་ད་དུང་ཁྭ་ཏ་ཡིས་བཟུང་མི་འདུག
གནས་དེ་རུ་སྐྱུག་བྲོ་བའི་ངོ་གདོང་མང་ནའང
རང་བློར་འབབ་པའི་བུད་མེད་དང་མཉམ་དུ
རང་རྩིས་ཆེ་བའི་རོལ་མོ་ཁོ་ན་ལ་ཉན་ཆོག
བརྩེ་དུང་དང་རྨི་ལམ་གྱིས་མནར་བའི་མཚན་མོ་དེ
ནམ་མཁའ་དང་རྒྱ་མཚོ་ལ་དགའ་བའི་སྙན་ངག་པ་ལས
སུ་ལའང་གསང་ཆོག
༢༠༡༧. ༤. ༧ ཉིན་ཐོག་ཁང་བདུན་པའི་མལ་ཤག་ཏུ་བྲིས།
མཁའ་དབུགས་རབ་རིབ།
གསང་མྱུལ།
ཁྱོད་ག་ལེར་ཕེབས་ཟིན་པའི
ལམ་སྐྱ་མོའི་ཐང་གི
རྡོག་པ་ལྗན་ལྗིན་ལ་བསྲེས་མྱོང་བའི་ངལ་དུབ
དཔྱིད་ཀ་འདིའི་ཆེས་སྙི་ས་རུ་ཐིགས་བྱུང
དཔྱིད་ཉིན་ཞིག་ལ་དྲོས་འཁྱག་ཐེངས་དགུ་མྱོང
ཁྱོད་འཚུབ་སྣང་གིས་བགྲོད་པར་རྩོམ་དུས
མུན་ནག་ལུས་ལ་བསྒོས
རྡོག་པ་འཆང་བའི་སྒྲའང་སེམས་ཀྱི་གང་སར་མཆེད
མེ་དམར་པོ་གྲིབ་མར་སྡེབ་དུས
འཁོར་བགེགས་ལས་ཤི་ཟིན་པའི་མིའང་སྔངས་པར་བྱེད
ཉི་མའི་རྟ་ལ་ཞོན་པའི་ཟེར་བ་བརྒྱ་སྟོང
ལུས་ལ་འཕྲོས་ཙམ་ནས་སླར་ཡང་གཞན་ལ་ལྡེ
སྨུག་པའི་དཀྱིལ་གྱི་རླངས་པའི་རོ་བསྐ་བོ
ངའི་ལྕེ་ཡི་རྩེ་མོ་ལ་བརྡར
མི་འཇིག་པའི་གཞས་གཏོང་མཁན་དེ
ཁ་བའི་རྡུལ་ལ་རེག་པའི
སྐྱ་མདའི་གོང་གི་མི་ཕོ་དེའོ
གསང་བའི་མིག་ལྡོངས
རལ་གྲིའི་སོ་ལོག
ཁྱོད་སོང་ཤུལ་དུ་བརྒྱ་ལམ་གཡས་གཡོན
རྣོ་སྐུད་ཀྱི་ཚག་སྒྲ་མཆེད་པའི་སྨུག་འཐིབས
རྟ་ཁྱུ་རྨིག་པ་རྡོ་ལ་རྡེག
ཤེལ་ཆག་མང་པོ་ཡར་བརྩེགས་པས
བྱིས་པ་མང་པོའི་རྐང་བ་རྨས
སྒྲོག་གིས་བཅིངས་བའི་སྨྲ་བར
ངལ་གསོ་བའི་སྒོ་མོ་བརྒྱབ
ཕྱི་ནས་ནང་ལ་ལྡང་བའི
ཙག་ཤེད་ལ་ཆེ་ཆུང་མེད
ལག་རྡུམ་པའི་མེ་མདའ་བོར
དོང་ཙེ་བྲེ་གང་གིས་བླུས་པའི་རང་སེམས་ལྷན་པས་བཙེམ་ནའང
ཉི་མའི་ནང་གྲིབ་མ་སྲུབས་པ་ལྟར
མགོ་རལ་བའི་ནམ་མཁའ་འདིས
ཆར་ཆུ་བག་མེད་བྱོ
རྩི་ཏོག་ཡུ་བ་རླུང་གི་སོར་མོར་བརྡབས
ཚེས་རུ་ལྟར་མཁའ་ལ་དཔྱངས་པའི་ནོམ་པ་འདི
འོད་དཔག་མེད་ཀྱི་གཅེས་ནོར་རོ
ངའི་སྐོམས་གདུངས་ཁོ་ན་དེ་ལ་བངས
སྨག་རུམ་གྱི་རྫིང་བོ་ནས་བཅུས་པའི་ཆུ་འཁྱག་ཁྱོར་བ་གང
ཟླ་བ་སྒྲིབ་པར་བྱེད་པའི་སྤྲིན་པ་ཁྱར་ཁྱོར་གྱི་གྲིབ་གཟུགས་ལ་སྲེ
འོད་ཟ་ཟའི་གཏིང་གི་མུན་པ་བརྗིད་པོས
ངའི་ཤ་དང་རུས་སུ་མཆེད་པའི་ཁྲག་འཁྱག
ཉི་མའི་དྲི་ལ་གཡེང་ལ་བུ་མོ་ཚོའི་རྒྱབ་ཀྱི་འོད་ལྟར
རེག་པའི་མཐོངས་སུ་བོར
གཉིད་ཀྱི་གཏིང་ལ་འཁྱིལ་བའི
འབྲི་ཞོ་དཀྲུག་དཀྲུག་གནང་ཞིག
གནམ་གྲུ་མཁའ་རུ་གཤེགས་ཐེངས་རེ་ལ
ངའི་རྨི་ལམ་གྱི་རྡེའུ་རེ་རེར་འཚང་བའི་སྒྲ་དེ
ལོ་དུ་མ་འགོར་རྗེས་ཀྱི་ན་ཟུག་གི་མཆེད་ཁུངས་ལྟར
བྱེ་མའི་སྤར་མོ་ལས་རེག་པ་ཙམ་བྱུང
ལྗང་གླིང་གི་ཆུ་ཕྲན་རེ་རེ
ཁྱོད་ཀྱི་ཕ་རོལ་གྱི་སེང་གདོང་ལ་མཆོངས
མུ་གེ་དང་མྱ་ངམ་མེད་པ
ལྭ་བའང་མེད
སྔུར་བ་ཞིག་ངའི་རྣ་བ་དུ་ཡང་ཡང་མཆེད་ནའང
བུ་མོ་ཁ་ཅིག་གི་རྨི་ལམ་གྱི་ཞིམ་མངར་བའི་མྱོང་བའི་རོ་ནི་ཁ་བའོ
འབར་ཞུན་ལ་མེ་བསྒོས་ཚེ
འོད་ཀྱིས་མུན་པ་སྐད་ཅིག་ཉིད་ལ་ཐག་རིང་དུ་བདས་ཀྱང
རེ་བ་ནི་ཁྱོད་དང་ངའི་ཁོག་ནས་རྙིད་འགྲོ་བ་བཞིན་དཀོན་པ་ལ
ཚ་ཐབ་ཐོག་གི་མེ་ལྕེ
སྒེའུ་ཡོལ་གྱི་ཕྱི་ནས་མཐོང་ཐུབ
ཇ་དེམ་ལ་གདུ་བཞིན་པའི་ཆུ་ནི་ངའི་སེམས་པའོ
ཁྱོད་ཀྱིས་རླངས་པ་ཁོལ་ཁོལ་གྱིས
མཁའ་རུ་འཐག་པའི་ཆ་རྡུལ་གྱི་སླད་དུ
ཇ་དེམ་ལ་ཆུ་སྣོན་ཞིག
འུ་གཉིས་མེ་ཏོག་ཡིན་པའི་སྒྲུབ་བྱེད་དུ།
ཁ་དྲག
དབྱར་ཁ་རབ་ཏུ་ཚ་བས་རྔུལ་ཆུ་བཞུར་འོངས།།
དགུན་ཁ་ཤིན་ཏུ་འཁྱག་པས་ཁོག་འདར་རྒྱབ་འགྲོ།
སྒང་གཞོང་རྟ་རྒྱུག་བྱེད་དུས་ཉི་མའི་གུང་ཡིན།།
རླུང་གིས་རྩྭ་རྐང་སྒུལ་ན་ཕར་ཀར་འགྲོ་འོ།།
སྨུག་པས་བྲག་རི་བཏུམས་པའི་མཚམས་ཁང་སྒོ་ལ།།
འཁོར་བའི་འདམ་རྩྭ་སྐྱེས་པ་སུ་ལ་གསང་ངམ།།
ལམ་དེའི་སྣེ་ལ་བབས་པའི་རུ་བ་གན་གཉིས།།
མཁའ་རླངས་ནང་དུ་བསྐྱིལ་བའི་ཟངས་བ་ཆ་གཅིག །
ཀུན་རྟོག་ལྗང་མ་འཁྲིགས་པའི་ནགས་ཚལ་ཞིག་ཏུ།།
གྲིབ་མ་ཚེར་མགོར་གཡེང་བའི་ཕོ་རོག་ཞིག་སྟེ།།
གསུང་སྐད་ལྷ་ལ་འབུལ་བའི་སྟ་གོན་མེད་ཀྱང་།།
ལུས་ཀྱི་སྤུ་མདོག་སེམས་ཀྱི་ཁ་དོག་མིན་ནོ།།
སྐད་ཆ་རོལ་མོ་བྱས་ན་སྙན་པོ་ཡོང་བ།།
རི་མོ་ཚོས་ཀྱིས་བྱུགས་ན་མཛེས་པོ་ཆོག་པ།།
དེ་ཡི་རྒུ་ན་ལུས་པའི་ལོ་བརྒྱ་སྟོན་བརྒྱ།།
ངས་ཀྱང་ཁྱེད་ལ་ཕུལ་བའི་ཕྱེད་ཀ་ཡིན་ནོ།།
རྩིག་སྡེབ་འོད་ཀྱིས་མོག་པའི་སྐར་མའི་འོག་ཏུ།།
འཚོ་བའི་ཐག་ནག་དྲུད་ནས་རི་ལ་འགོས་སོང་།།
རྨི་ལམ་ཤ་གཟུག་བཙོ་བའི་ཐབ་རྡོ་སྒྲིག་ན།།
ཁྱོད་ཀྱང་བསིལ་བསིལ་ལྡང་བའི་རླུང་བུ་ཡིན་ན།།
སྣང་བའི་འཁུན་སྒྲ་འཛར་བའི་མེ་ལོང་གསིལ་བ།།
འཚོ་བའི་བྲག་ལ་བཏབ་པ་འོད་ཀྱིས་ཚོར་ཡོད།།
ཚིག་གི་གཞུང་ལ་འཁྱུག་པའི་ཡིད་བརྙན་ཉ་མོ།།
འུ་གཉིས་མེ་ཏོག་ཡིན་པའི་སྒྲུབ་བྱེད་དེ་འོ།།
ཞེ་འཁྱག་དུས།
འཇིགས་མེད་བསམ་གཏན།
ཐག་མི་རིང་སའི་ཉག་ཁར་བཙུགས་པའི་དར་ལྕོག་ནི
ཁྱོད་ཀྱི་སྐྲ་ལོ་བཞིན་རླུང་གིས་ཡང་ཡང་བསྐྱོད
ཏག་ཏག་ཉག་ཁ་དེར་ལྷུང་བའི་ཉི་མ་དེ་སྙིང་རྗེ
བསྐྱུར་མི་འདོད་པ་དག་བསྐྱུར་ནས་ཆས་དགོས་འདུག
ཉག་ཁ་འདི་དང་འདྲ་བའི་ཉག་ཁ་གཞན་ཞིག་ནས
ལ་གཞས་ཀྱི་ཁུག་ལ་གཅུད་པའི་མེ་ཏོག་དེ་ཁྱོད་ཡིན
དུས་ཚུགས་གྲངས་མེད་ཅིག་ལ་ཉག་ཁའི་དར་ལྕོག་ལ་རྫུས་ནས
ཕྱུགས་ཁྱུའི་རྗེས་ཀྱི་ཕྱུགས་ཁྱུ་དང་དེའི་རྫི་བོར་སྒུག་ཡོད་པ
ངས་གཏན་ནས་བརྗེད་མི་སྲིད
ད་ནངས་ཉག་ཁ་དེར་ཁ་བ་བབས་འདུག
ཁ་བའི་འདབ་མ་རེ་རེས་འཛུམ་སྟོན་བཞིན་དུ
ང་ལ་སྡང་སྡིགས་ཀྱི་མཆེ་བ་བགྲད
ནག་ཐིག་ཙམ་ལས་མེད་པའི་གྲོང་ཚོ་འདི་ནས
ང་ལ་རྐང་པ་སྤོ་སའི་སའང་མི་འདུག་པར་བཟོས
. . . . . .
ཉག་ཁའི་དར་ལྕོག་དེ་མཐོང་ཐེངས་རེ་རེར
ངས་ཁྱོད་ཅི་འདྲའི་དྲན་པ་ལ
སྙིང་ཉེ། ཁྱོད་ཀྱི་ཞལ་ངོ་དེ་ལྟར་གནག་དོན་ཅི།
སྙན་བཟང་ཁྱུང་གཤོག
ངས་སེམས་ཀྱི་རྨ་ཁ་དང་ན་ཟུག་ཡོད་ཚད
ནམ་མཁའ་འདིའི་ངོ་གདོང་ལ་བྲིས་ཀྱང
སྤྲིན་པ་དང་ཉི་འོད་ལ་སྔར་བཞིན་འཛུམ་སྟོན་དུ་འཇུག་ངེས
རླུང་ཁྲོད་དུ་ཁྱོད་ཀྱི་ཁ་ཕྱིར་འཁོར་དོན་ཅི
ཁྱོད་ཀྱི་སྐྲ་ལོ་ཁོ་ནས
ལྕང་སྡོང་གི་འོག་ཏུ་ང་ལ་གསང་བརྡ་གཞན་ཞིག་སྟོན
ཁངས་ཆར་འདྲེས་མ་ས་རྡུལ་བཞིན་འཚུབ་སྟངས་དེ
སྡུག་བསྲན་ཆེ་བའི་སུ་ཞིག་གི་མིག་ཆུ་དང་མཚུངས་ཨང
མྱུ་གུའི་རྩེ་མོར་ཡང་ཆབ་རོམ་ཆགས
དཔྱིད་ཀའི་མེ་ཏོག་ན་ནིང་གི་ཁ་ཆད་ལྟར་བཞད་སོང
རྡུལ་འཚུབ་དྭངས་རྗེས་ཀྱི་ནངས་མོ་འདི་ལ
སྙིང་ཉེ ཁྱོད་ཀྱི་ཞལ་ངོ་དེ་ལྟར་གནག་དོན་ཅི
སྲོད་ཁའི་ཉི་ཟེར་གྱི་ཀློང་དུ་དཔྱངས་པའི་ཁྱོད་ཀྱི་སྐྲ་ལོ།
_____བརྙན་འཕྲིན་ཟློས་གར《芈月传》ལ་བལྟས་རྗེས།
འདབ་དྲུག
བསླད་མེད་པའི་འདང་བརྩེ་སྐྲ་རྐང་གི་ཉག་མ་འགར་བརྒྱུས་ནས
སེམས་སོང་གང་ཞིག་གི་དྲན་པའི་དཔང་རྟེན་དུ་ཕུལ་བ་ནས
ཁྱོད་ཀྱིས་འཇིག་རྟེན་ལ་བཏབ་པའི་རྨི་ལམ་གྱི་མངའ་ཐང་ལ
ཉི་ཟེར་གྱི་བདེན་པས་བཏེགས་པའི་ལྷིང་འཇགས་ཤིག་བསྒོམ་ཡོད
ལོ་ཟླས་བདས་པའི་ན་ཚོད
རུས་རྐང་ལ་གཤགས་པའི་རིགས་དྲི
ལོ་རྒྱུས་ཀྱིས་བཀལ་བའི་འགན་འཁྲི
འདི་ཚང་མ་ནི་ཁྱོད་ཀྱི་ཞི་འཇགས་དཀྲོགས་པའི་འཐོར་རླུང་ལོས་ཡིན
ད་དུང ཤི་འབྲལ་ལྟ་བུའི་ལོག་རྟོགས་དེའི་དབང་གིས
ཁྱོད་ཀྱིས་ཞི་འཇམ་བདེ་སྐྱིད་ཀྱི་འཚོ་བར་བཅོལ་བའི་རེ་འདུན་བོར་ཅིང
ཞེ་སྡང་དང་ཤ་འཁོན་ཁོ་ན་སྙིང་ལ་བཅུག་ནས
བྱ་མི་འདོད་པའི་སྦྱོར་བ་གང་ཞིག་གི་སྣེ་མོར་འཇུས
དུག་ལྔའི་བཟི་ཆང་གི་གསོལ་སྟོན་ལ་དུས་དྲུག་ཏུ་རོལ་བའི་
འཁོར་ཚོགས་ཀྱི་དབུས་ནས
འགྲོ་འདུག་ལ་རྒྱལ་ཁྲིམས་དང་བཤད་ཡམས་ཀྱི་ལྕགས་ཟྭ་བསྐོན་པའི་
ཕོ་བྲང་དེའི་ནང་རོལ་ནས
ཁྱོད་ཀྱིས་རང་ཉིད་སྲས་མོའམ་ཡང་ན་རྒྱལ་མོ་རུ་རློམ་ནས་
ཡིད་ཚིམས་དང་ང་རྒྱལ་སྐྱེས་མྱོང་ངམ
ཡང་ན།
རང་ཉིད་ལྕམ་འོག་ཏུ་དཔྱངས་པའི་གཟེབ་ནང་གི་བྱིའུ་ཆུང་དེར་
འཁྲུལ་ནས་འཁང་སེམས་ཀྱི་མཆི་མ་འཐོར་མྱོང
མུ་མེད་པའི་ཆགས་སྡང་གི་མདུང་མགོར་འཛེར་བའི་
ཤི་གསོན་གྱི་ཟློས་གར་རེ་རེས
ཁྱོད་ཉིད་ཁོར་ཡུག་དེའི་ལོངས་སྤྱོད་དང་གོ་ས ཐོབ་ཐང
ཐ་ན་འཚོ་བ་ལའང་སྐྱུག་མེར་ལངས་སུ་བཅུག་མྱོང་བ་བདེན་གྲང
སེམས་དང་སྐྲ་ལོར་བརྒྱབ་པའི་མདུད་རྒྱ་གང་ཞིག
ཤི་གསོན་ལས་འགོངས་པའི་དཀའ་སྡུག་གིས་གྲོལ་མ་ཐུབ་པའི་ཁྱོད
སྒེར་སྤྱིའི་དོན་གཉིས་ཀྱི་བར་མཚམས་ནས་འགྲེང་དུས
གཙོ་ཕལ་གྱི་རྡུལ་ཟགས་བདེན་པའི་ཁྲོལ་ཚགས་ཀྱིས་འབྱེད་ལ
རྒྱལ་ཁམས་བདེར་འཁོད་ཀྱི་མཛད་པ་སྤེལ་དུས
ཁྱོད་ནི་ལྷ་མོའི་སྤྲུལ་བ་མ་ཞུགས་པའི་ལྷའི་བུ་མོ་ཞིག་གམ
དཔའ་བོའི་མིང་བྱང་མ་ཁུར་བའི་མིའི་བུ་མོ་མཛངས་མ་ཞིག
རྒས་འཁོགས་ཀྱི་གཉེར་རིས་གསལ་བའི་ངོ་གདོང
ས་སྲོད་ཀྱི་ནུབ་ཁའི་ཉི་ཟེར་ལ་ཕྱོགས་དུས
ཁྱོད་ཀྱི་མདངས་ཉམས་པའི་སྐྲ་རྐང་རེ་རེའི་སྣེ་མོར
གནམ་འོག་ཅིག་གི་ལས་དབང་དཔྱངས་ཡོད་ཨང
2016.1.26མཚན་མོར།
གསེར་སྒྲོལ་ཡིད་བཏགས་ནོར་བུ།
ཏཱ་ནི་ལྷ་རྒོད།
ཕ་ཡུལ་གསེར་མོ་ལྗོངས་ཀྱི།།
བདེ་ཆེན་ཆོས་འཁོར་མདུན་ན།།
བདག་གི་འཕྲིན་ལས་སྲུང་བའི།།
གསེར་གྱི་སྒྲོལ་མ་ཡོད་རེད།།
དད་སེམས་ནང་ལ་གཡོས་ནས།།
རྣམ་འགྱུར་ཕྱི་རུ་བཤམས་ཚར།།
ཁྱེད་སྐུ་གསེར་གྱི་ལི་མས།།
སྤྱན་འཛུམ་ང་ལ་བསྟན་ཡོང་།།
ཕ་ཡུལ་རེབ་གོང་ཟེར་བ།།
ཁྱེད་ལ་ཤིན་ཏུ་དད་པས།།
ཉིན་མཚན་དབྱེ་བ་མེད་པར།།
ཕྱག་སྐོར་དགུ་ཚིགས་གྲངས་ཡིན།།
ཁྱེད་སྐུ་ལང་ཚོ་རྫོགས་པ།།
བཅུ་དྲུག་གཞོན་ནུའི་སྤུན་ཡིན།།
ཐུགས་རྗེ་ལྕགས་ཀྱུའི་ནང་ལ།།
ང་རས་སྨོན་པ་སྤུངས་ཡོད།།
རྣམ་དཀར་དགེ་བའི་ལས་ལ།།
ཕུན་ཚོགས་བསྟན་པ་དར་བས།།
གསེར་སྒྲོལ་ཡིད་བཏགས་ནོར་བུ།།
འགྲོ་བའི་ཐང་ལ་བཞུགས་ཡོད།།
དུས་ཀྱི་གློག་འགྱུའི་ཀློང་ལ།།
བྱིན་རླབས་སྤྱན་ཆབ་བསིལ་བས།།
ན་ནིང་དགུ་ནིང་ཞིག་ལ།།
ངོ་མཚར་མཛད་རིས་བསྒྱུར་སྐད།།
འདུ་བྱེད་སྒྱུ་མའི་གར་ལ།།
དད་འདུན་མེ་ཏོག་གཏོར་ནས།།
མཚན་དཔེའི་ལང་ཚོ་དྲན་པ།།
ཁྱེད་སྐུ་མཇལ་བའི་ཤུགས་ཡིན།།
ཕ་ཡུལ་ཆུང་ཆུང་ཞིག་ལ།།
ཐུགས་སྣང་ཆེ་ཆེ་མཛད་དེ།།
འདི་ཕྱི་ཟུང་ལ་ཕན་པའི།།
མེ་ཏོག་འདི་རུ་འཁྲུངས་ཡོད།།
གཟུགས་སྐུ་གསེར་གྱི་མདངས་ལ།།
མིག་མཇལ་ཡང་ཡང་བྱུང་ན།།
རྒྱ་གར་མཛེས་མ་འདྲ་ལེ།།
དོན་བབས་བོད་ཀྱི་སྒྲོལ་མ།།
འཇིགས་བརྒྱད་གཡང་ལས་སྐྱོབ་པའི།།
སྒྲོལ་མ་དཀར་སྔོན་ཟུང་ལ།།
ཆུང་ནས་འདྲིས་ཚུལ་མིན་ན།།
ཡིད་ཀྱི་རྦ་རླབས་འཕྱུར་ཡོང་།།
ཆུང་དུས་ངག་ལས་མཇལ་བ།།
གཞོན་དུས་པར་ལས་མཇལ་བ།།
ད་ལྟ་གསུང་ལས་མཇལ་བ།།
མཇལ་གསུམ་ཡིད་ཀྱི་བདག་མོ།།
གཟུངས་སྔགས་ཐུང་ཐུང་ཞིག་ལ།།
བྱིན་རླབས་རི་འདྲ་ཡོད་འདུག།
ཁྱེད་སྐུ་གསེར་མདངས་ལྡན་མ།།
ད་རེས་ངག་ཏུ་འཁྱུད་དོ།།
དྲན་ཐེངས་ཤིག
གསེར་རྡེའུ།
ལས་ཀྱི་ལམ་ཁར་བབས་པའི།།
བུ་མོ་ཤ་དཀར་ངག་འཇམ།།
དགུན་གསུམ་གྲང་ངར་ཁྲོད་དུ།།
སྦས་བའི་དྲོད་ཁོལ་དེ་ཡིན།།
ཡིད་ཀྱི་མཚོ་ཆུང་ཁ་རུ།།
འཛུམ་པའི་པད་མ་དཀར་པོ།།
ལས་ཀ་ཙག་ཙིག་ངོགས་ཀྱི།།
སེམས་ཀྱི་ཁེན་ས་དེ་ཡིན།།
བདག་སེམས་རི་བོའི་མགུལ་བར།།
འཁྲུངས་བའི་སུ་རུའི་མེ་ཏོག།
གཡང་དཀར་འབའ་འབའི་རྗེས་ཀྱི།།
མིག་གི་ལོངས་སྤྱོད་དེ་ཡིན།།
སེམས་ཀྱི་སྤང་ཐང་པང་དུ།།
བཞད་པའི་མེ་ཏོག་དམར་པོ།།
དཔེ་ཀློག་ཐན་ཐུན་བར་གྱི།།
འདང་རྒྱག་ལྷག་མ་དེ་ཡིན།།
བདག་ཡིད་ནམ་མཁའི་མཐའ་ན།།
གསལ་བའི་དུང་གི་ཟླ་བ།།
དོ་ཞག་མིག་མཐའ་བརླན་པའི།།
སེམས་ཀྱི་གསང་བ་དེ་ཡིན།།
མཚན་གྱི་ཟླ་བ་མཐོང་ནས།།
སེམས་ཀྱི་ཟླ་བ་ཡིན་པའི།།
སྙིང་སྡུག་སྲོག་གི་ཆ་ཁྱོད།།
དྲན་པའི་དཀྱིལ་ན་ཡོད་རེད།།
སྙིང་གཏམ།
བློན་འབར།
ནམ་ཞིག་ང་ཡི་མགྲིན་པ་འགག་པར་གྱུར་ནས།།
ཁྱོད་ལ་སྙིང་སྡུག་ལགས་ཞེས་ཞུ་པར་ཁག་ན།།
ཁྱོད་ཀྱིས་སྡུག་པའི་མཆི་མ་གཏོང་པར་མ་བྱེད།།
ང་ཡི་མིག་འདིས་སྡུག་དེ་ཐེག་པར་དཀའ་འོ།།
ནམ་ཞིག་ང་ཡི་ལག་ཟུང་འཁོབས་པར་གྱུར་ནས།།
ཁྱོད་ཀྱི་འཇམ་ནེམ་ཞལ་ལ་རེག་པར་དཀའ་ན།།
ཁྱོད་ཀྱིས་འཇོ་སྒེག་ཡིད་འཕྲོག་གོམ་འགྲོས་མ་བསྒྱུར།།
ང་ཡི་ལུས་འདིས་འདོད་པའི་དགའ་བ་མི་ཚིམས།།
ནམ་ཞིག་ང་ཡི་མིག་དབང་ཉམས་པར་གྱུར་ནས།།
ཁྱོད་ཀྱི་མཛེས་པའི་ཞལ་རས་མཐོང་པར་དབེན་ཚེ།།
སྙན་པའི་སྐད་ཀྱིས་བདག་གི་རྣ་དབང་གསོ་རོགས།།
མ་མཐོང་སྡུག་བསྔལ་དེ་ཡིས་ལན་གཅིག་ཟློག་ཆོག །
ནམ་ཞིག་ང་ཡི་རྐང་པ་ཞ་བར་གྱུར་ཚེ།།
ཁྱོད་ལ་ཚོང་ཁྲོམ་ཉུལ་རོགས་སུ་ཡིས་བྱེད་དམ།།
ང་ཡི་གྲིབ་མ་འདི་ལ་བཀོད་པ་ཡོད་ཚེ།།
ཉིན་མཚན་དུས་དྲུག་ཁྱོད་ལ་སོ་ལྟ་བྱས་ཆོག །
ང་ཡི་ངག་གི་སྒོ་མོ་ཡངས་པར་ཕྱེས་ཀྱང་།།
སྙིང་གི་གཏམ་དག་དུས་གཅིག་བརྗོད་པར་ཁག་པས།།
ཚིག་གི་རིས་འདི་མཛུབ་མོས་ཞིབ་པར་གཏགས་པ།།
ཚེ་གཅིག་དགའ་མ་ཁྱོད་ཀྱི་ཞེ་ལ་འཕྲོད་ཞོག །
༢༠༡༧-༣-༡༤
བུད་མེད་ལ་གཏད་པའི་མེ་ཏོག
བློན་བན་མཁར།
སྤང་ལ་བཞད་པ་ཡིད་ཀྱི་མེ་ཏོག །
འདབ་མ་གཡོ་བ་འབོད་པའི་གཡབ་མོ།།
ཆུ་ཐིགས་ཟེགས་པ་འདོད་པའི་རི་མོ།།
འདྲེན་བྱེད་སྟོང་གི་འཁུན་སྒྲ་ཐན་ཐུན།།
མིག་ཟུང་ཀེམ་ཀེམ་གཡོ་བའི་འོག་ན།།
ཆགས་པ་ཁྲི་ཡིས་འོ་དོད་འབོད་སྐད།།
ཕྱེད་མ་བཙུམས་ཀྱི་མཆུ་ཡི་སྦུབས་སུ།།
སྐྱེས་པ་ཕྱེ་བ་ཁྲག་ཁྲིག་ཉར་ཚད།།
ལུས་ཀྱི་འགུལ་ཚད་གསེར་ལ་འཇལ་ཞོར།།
ངག་གིས་ཤོར་ཚད་མནའ་ལ་གཏད་དེ།།
མཆི་མས་མཁུར་འདབ་ཅུང་ཟད་བརླན་ཚེ།།
ཐམས་ཅད་ཉོབ་ཅིང་ཉོག་པར་བྱེད་དོ།།
དྲི་བསུང་སྟོང་གིས་ལུས་པོ་གསོ་སྟངས།།
རྫས་མཆོག་ཁྲི་ཡིས་ཞལ་རིས་འབྲི་ཚུལ།།
སྔོན་བྱུང་གཏམ་གྱི་དུར་བྱང་མ་རེད།།
མངོན་གྱུར་ལྟད་མོའི་ཡུལ་དུ་འཕོས་སོ།།
ལུས་ཀྱི་ཉམས་དེས་འཇིག་རྟེན་དཀྲོག་ཅིང་།།
མིག་གི་ཟུར་དེས་བདེ་འགྲོར་དྲངས་ན།།
འཁོར་བར་ལྟུང་བའི་ཉེས་ཅན་ཁྱོད་ཅེས།།
སྡིགས་མཛུབ་དེ་ཡང་སུ་ཡིས་ཕོད་དམ།།
དཔའ་བོ་དག་ཀྱང་ཁྱོད་ལས་ཞུམ་ཞུམ།།
མཁས་པ་རྣམས་ཀྱང་ཁྱོད་ལས་ལྐུགས་ལྐུགས།།
འཇིག་རྟེན་འདི་ན་ཁྱོད་ལས་རྒྱལ་རྒྱལ།།
སུས་ཀྱང་རྣ་བའི་བཅུད་དུ་མ་གོ །
སྙན་ཚིག་སྟོང་གི་སྲོག་གི་ཀ་བ།།
འགྱེལ་བ་ཕར་ཟད་གནམ་ཡང་འདེགས་པ།།
སྲིད་པ་འཁོར་བ་མ་སྟོང་བར་དུ།།
ཁྱོད་ལ་འཁྲེང་ཞིང་ཁྱོད་ལ་མོས་སོ།།
ཁྱོད་ནི་བསྟོད་པའི་ཡུལ་དུ་གྱུར་ཅིང་།།
དགའ་དང་དུངས་བའི་ཕུང་བོར་སྲིད་ན།།
ཚིག་གི་མེ་ཏོག་ཆུན་པོ་འདི་ཡིས།།
དུས་ཀྱི་འདེབས་པ་ཐེངས་ཤིག་བྱ་འོ།།
དོ་ནུབ་ང་བྱ་ཞིག་ཡིན་འདོད།
བྱ་མདོ་བདེ་སྐྱིད་སྒྲོལ་མ།
གཉིད་ཀྱི་མལ་ཁྲིར་བསྡད་ནས
ཨ་རིའི་གཞས་མ་ཁེ་ལེ་ཁི་ལར་ཁི་ཟན་གྱིས་བླངས་པའི་གླུ་གཞས་ཤིག་ལ་ཉན་ཞོར
ཁང་བའི་ནམ་མཁར་མིས་བཟོས་སྤྲིན་པ་ལེབ་མོ་ཞིག་བཞག
ཁ་དོག་ནག་པོར་བསྒྱུར་རྗེས
དེ་ལས་ཆུ་ཐིགས་འགའ་ཟགས་ནས་ངའི་གདོང་ལ་དོང་ཞིག་བརྐོས
དོང་དེ་ལས་སྐྱོ་སྣང་དང་སེམས་ཁྲལ
མ་འོངས་བ་སོགས་རླངས་པར་གྱུར་ནས་ཕྱིར་ནམ་མཁར་ཐིམས
དོ་དགོང
ཁང་བའི་ནམ་མཁའ་འདིའང་ནམ་རྒྱུན་དང་བསྡུར་ན་ཁོད་ཡངས་འདྲ
ཁོད་ཡངས་པའི་ཁང་བའི་དབྱིངས་ནས་རང་དབང་གི་བྱ་ཆེན་ཞིག་འཕུར་བྱུང
དེའི་གཤོག་འོག་ལ་རླུང་བུ་མ་གཡུགས་ཀྱང
ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ་མཐར་ཁང་བའི་ནམ་མཁའ་ལས་བརྒལ་སོང
ངས་དེར་བལྟས་བལྟས་རྗེས
"གལ་ཏེ་ངའང་གཤོག་པ་ཐོགས་པའི་བྱ་ཞིག་ཡིན་རྒྱུ་ན
ངས་ལོ་རྒྱུས་ཀྱི་མདའ་མདུང་ཁུར་ནས
མཐར་གཙང་བོ་ཞིག་གམ་རྒྱ་མཚོ་ཞིག་གི་འགྲམ་ངོགས་སུ་དབབ་འདོད་"ཅེས་ངག་ནས་སྐད་ཆ་ཞིག་ཤོར
གཞས་ལ་ཉན་དུས་ཀྱི་སྐད་ཅིག་མ་ནི་ད་གཟོད་རང་ཉིད་ཀྱི་འཇིག་རྟེན་ཤ་སྟག་རེད
གཞས་ཚིག་འགས་གཏིང་ས་ཞིག་ཏུ
ངག་ནས་བཟློ་མ་ཐུབ་པའི་སྐད་ཆ་དང་ཐོབ་ཤོར་གྱི་རྨ་ཁ་རེ་རེ་ལ་ཟུག་གཟེར་བསླངས་པས
རུས་རྐང་ནས་འཛག་པའི་དབྱངས་རྟ
མིག་ཆུའི་རྒྱུན་ལ་འདྲེས
ངལ་དུབ་ཀྱིས་མནར་བའི་
མིག་ཟུང་དང་སྨིན་མའི་བར་གྱི་སྟོང་ཆའི་མཚམས་ན
ད་དུང་བྱ་ཆེན་དེས་ཡང་བསྐོར་བསྐྱར་བསྐོར་རྒྱགས་པའི་སྣང་བ་ཞིག་བྱིན་ཡང་དེ་ནི་རྨི་ལམ་མོ
འཕྲུལ་སྣང་ངོ
"འདབ་ཆགས་ཁྲེལ་མེད་ཅིག
གལ་ཏེ་ང་རང་བྱ་ཆེན་དེ་ཡིན་རྒྱུ་ན་ངས་རང་ཉིད་ཀྱི་ནམ་མཁའ་ཁོ་ན་སྲུང་འདོད"ཅེས་ཡང་བསྐྱར་ཁེར་ལབ་ཅིག་ཤོར
མིས་བཟོས་ཆར་བ་འབབ་མཚམས་བཞག
གླུ་གཞས་ཀྱང་བཏང་ཚར
ཡུན་གྱིས་ཉལ་ཁྲིའི་སྔས་འགོར་འཇའ་ཚོན་ཤིག་ཀྱང་ཤར་འདུག
དོ་ནུབ
ང འཇའ་ཚོན་གྱི་སྟེང་རོལ་ན་འཕུར་བའི་བྱ་ཞིག་ཡིན་འདོད
2017,3,16མཚན་མོར།
མཛའ་གཞས་ཀྱི་ལྷག་རོ། (ཁག་བདུན་པ)
སྒྲོལ་མ་འཚོ།
ཐགས་མགོ་གཡས་འཁྱིལ་བསམ་ནས།།
རྒྱུ་སྤུན་བསྒྲིལ་ནས་སླེབས་ཡོད།།
ཐགས་ལ་ཨ་ཅེ་འབྲོག་མོས།།
སྐྱོ་རོགས་ཡོད་འགྲོ་མ་བསམ།།
ཡར་འབྲོག་གཡུ་མཚོ་བསམ་ནས།།
ཀོ་གྲུ་འཕྲེད་ལ་བཏང་ཡོད།།
གཡུ་མཚོར་ཉ་མོས་སྐྱོ་རོགས།།
ཡོད་འགྲོ་བསམ་པ་མ་བྱུང་།།
སུ་རུའི་མེ་ཏོག་བསམ་ནས།།
སྦྲང་མས་གཡས་བསྐོར་བརྒྱབ་ཡོད།།
སུ་རུར་འདྲེ་བྱ་སྲེག་པས།།
གཡོན་བསྐོར་བརྒྱབ་ཡོད་མ་འདོད།།
གཡང་འཁྱིལ་ཐབ་ཚང་བསམ་ནས།།
རླུང་བུས་དབྱང་རླུང་བསྣམས་ཡོད།།
ཐབ་ཀར་སླ་ང་ནག་པོས།།
སྐྱོ་རོགས་ཡོད་འགྲོ་མ་བསམ།།
རྫ་རིའི་ཆུ་མགོ་བསམ་ནས།།
འབྲོང་གཡག་རྫ་ལ་ཕྱིན་ཡོད།།
ཆུ་མགོར་ཀླུ་རྒྱལ་བཙན་པོས།།
སྐྱོ་རོགས་ཡོད་འགྲོ་མ་བསམ།།
ལྷ་བསང་ཀླུ་བསང་གཏང་བར།།
ཤུག་པས་བྲག་ཚང་བསྐྱུར་ཡོད།།
བསང་ལ་བསང་རྩིས་སྐྱོ་རོགས།།
ཡོད་འགྲོ་བསམ་པ་མ་བྱུང་།།
བུ་མོས་ཕོ་ལྷ་བསམ་ནས།།
གླིང་དཀར་སྟོད་ལ་སླེབས་ཡོད།།
ཕོ་ལྷར་གཞི་བདག་སྐྱོ་རོགས།།
ཡོད་འགྲོ་བསམ་པ་མ་བྱུང་།།
སྒེའུ་ཁུང་ཕྱི་རོལ་ཏུ་བལྟས་པ།
གསའ་སྨྱུག
ཉིན་གཅིག་གི་ཟིང་ཟིང་འདི་ལྟར་འཇགས་དུས
ངས་ད་གཟོད་རང་ལ་དབང་བའི་ལྷིང་འཇགས་ཤིག་བྲི་ཆོག
དོ་དགོང ང་དབྱི་ཀྲོའུ་ཧྥུན་མགྲོན་ཁང་དུ་ཡོད
རང་ཁེར་བུས་འཇིག་རྟེན་གཞན་ཞིག་གི་གཡོར་གྲུ་སྐྱོར་ཡོད
སྒེའུ་ཁུང་འདིའི་ཕྱི་རོལ་ན་ཅི་ཡང་མེད
འཇིག་རྟེན་རིལ་མོ་དེའི་ངོ་གདོང་ཙོག་པོ་ལས
ཉིན་གང་བོར་ཨ་ཐང་གིས་བརྒྱུགས་པའི་ཙོང་ཆུ་འདི་སྙིང་རྗེ
དྭངས་གཙང་བདུད་ཀྱིས་འགེམ་ཤུལ་ན
ཁོ་ལ་རུལ་དྲི་འཐུལ་བའི་འགྱིག་ཤོག་གི་བེམ་རོ་དག་ལས་ཅི་ཡང་ལྷག་མེད
སྐབས་འདིར ངས་སྒེའུ་ཁུང་ཕྱི་རོལ་ལ་བལྟ་མི་ཕོད
དངངས་སྐྲག་སློང་བྱེད་ཀྱི་ཤ་གཟུགས་མང་པོས
ཕན་ཚུན་གྱི་ལུས་སྟེང་ན་ཁྲག་གི་དངུལ་ལོར་དཔར་ཀྱིན་འདུག
ད་ནི་ངས་སྒེའུ་ཁུང་འདིའི་སྒོ་རྒྱག་རན
མཐོང་མི་འདོད་པ་དག་གཏན་དུ་མ་མཐོང་ན་དགའ
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།