སེང་རྡོར་གྱིས་ཉེ་ཆར་བྲིས་པའི་བརྩམས་སྒྲུང་དང་ལྷུག་རྩོམ།

༈ ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུ།

འཇིག་རྟེན་འདིའི་ལྷོ་སྤྲིན་བྱང་དུ་མྱུར་མྱུར་འགྲོ་ཞིང་ཤར་སྤྲིན་ནུབ་ཏུ་བྲེལ་བྲེལ་བརྒྱུགས་པའི་མཚན་མོ་ཞིག་ལ། བུ་མོ་ང་རང་རྨ་ཆུ་ལུ་མའི་འགྲམ་རྒྱུད་ཀྱི་སྡེ་བ་ཆུང་ཆུང་ཞིག་ཏུ་སྐྱེས་སོ་སྐད། སྡེ་བ་དེའི་ཁྱིམ་ཚང་དག་ནི་ལ་ལུང་སོ་སོར་འཐོར་ནས་གནས་ཡོད་པ་དང་། ས་ཆགས་རེ་ན་ཁང་བ་སྐྱ་ལེབ་རེ་ཡོད་པ་དེ་འདྲའོ།། སྡེ་དཀྱིལ་དུ་མཆོད་རྟེན་དཀར་པོ་ཞིག་ཡོད་པའི་ཐད་དུ་སྐབས་རེར་འཇའ་ཕྲ་མོ་ཞིག་གསེག་གིས་འཆར་ལ། སྐབས་རེར་སྤྲིན་སེར་འབོལ་ལེ་ཞིག་ཆེས་དམའ་བར་འཁྲིགས་པར་ཐལ། ངའི་ཁྱིམ་ཡང་མཆོད་རྟེན་དེའི་ཐག་ཉེར་ཡོད་ལ། ངའི་བྱིས་དུས་ཀྱི་དྲན་སྣང་ཞིག་ལ་ཉིན་མོར་མཆོད་རྟེན་དེ་ཉི་འོད་ཀྱིས་བསྐོར་ཡོད་ཅིང་མཚན་མོར་མཆོད་རྟེན་དེ་ཟླ་འོད་ཀྱིས་བསྐོར་ཡོད་དོ།།

ཨ་མས་བཤད་ན། ང་སྐྱེས་པའི་མཚན་མོ་དེར་ནམ་མཁའི་ཟླ་བ་ནི་སྤྲིན་བར་ཞིག་ནས་སྤྲིན་བར་གཞན་ཞིག་ལ་མྱུར་སྟབས་ཀྱིས་ལྷུང་ནས་འགྲོ་བ་འདྲ་བོ་རེད་ལ། སྡེ་དཀྱིལ་གྱི་མཆོད་རྟེན་དཀར་པོ་དེ་ཁོ་ན་གཡོ་མེད་འགུལ་མེད་དུ་བསྡད་འདུག་ཟེར་རོ།། ཨ་མའི་སྐད་ཆ་དེ་ལ་དངོས་བསྟན་གྱི་གོ་རྒྱུ་དེ་ལས་མི་འདུག་ལ་ཤུགས་བསྟན་གྱི་གོ་བ་འདྲ་ཡོད་མེད་ངས་ཀྱང་མི་ཤེས་སོ།།

ང་ལག་ཆགས་རྗེས་རྨོ་མོས་ང་ལ“བུ་མོ་ཁྱོད་རང་སྐུ་དྲག་དང་དཔོན་ཆེན། བླ་མ་དེ་འདྲའི་སྲས་མོར་འཁྲུངས་མ་ཐུབ་ཀྱང་། བསམ་པ་ཧ་ཅང་བཟང་ཞིང་གཤིས་རྒྱུད་ཧ་ཅང་དྲང་བའི་ཕ་མ་གཉིས་ཤིག་གི་བུ་མོར་སྐྱེས་ཐུབ་ཡོད་ལ། རྒྱུ་ནོར་ལོངས་སྤྱོད་ཀྱང་མི་ལ་སྨོན་མི་དགོས་པ་ཞིག་མཆིས”སོགས་ཟེར་རོ།།

རྨོ་མོས་བཤད་པ་བདེན་པ་རེད། གཞུང་དྲང་གི་ཕ་མ་གཉིས་དང་ཕུ་བོ་ཨ་ཅེ་སོགས་ཀྱི་གཉོར་སྐྱོང་ལ་བརྟེན་ནས་བུ་མོ་ང་རང་མིག་རྡེབ་ཡུན་ཙམ་ལ་ལག་ཆགས་ཤིང་ཇ་ཁོལ་ཡུན་ཙམ་ལ་བསམ་ཤེས་པར་ཐལ། རང་གིས་རང་ལ་ཉམས་ཤིག་བཞག་དུས། བྱིས་པའི་གནས་ཚད་ག་ལེ་ག་ལེར་རྫོགས་འདུག  འདྲ་ཆགས་ལ་མི་ཆགས་ཀྱི་བསམ་ཚུལ་སྣ་ཚོགས་ཀྱང་བདོ། ཅི་མ་ཡིན་ཞིག་ལ་སློབ་གྲྭ་ཆུང་འབྲིང་ཡང་རིམ་པར་བཏོན་ཐལ་ལོ།།

སོ་སོས་སོ་སོར་གཤིས་ཀྱིས་ཉམས་ཤིག་བཞག་དུས། ངང་གིས་གོས་གསར་བརྗེ་བ་དང་། རྒྱན་གསར་འདོགས་པ་དང་། རང་བཞིན་གྱིས་སྐྲ་ཤད་པ། ཅི་མི་སྙམ་པར་རྣ་ལུང་འདོགས་པ་སོགས་ལོབས་ནས་འདུག་སྟེ། ད་དུང་ཉིན་རེ་ཞག་རེའི་མཚམས་ནས་ཁ་མགུལ་སྐེ་མགུལ་ཕྱེས་པ། ཟླ་རེ་ལོ་རེའི་མཚམས་ནས་དཀར་ཐག་དམར་ཐག་ཆོད་པ། རྒྱུ་མེད་རྐྱེན་མེད་ཅིག་གིས་གློ་བུར་དུ་ངོ་ཚ་སྨིན་པོ་ཞིག་ཀྱང་བྱུང་ངོ་།། རང་གིས་རང་ཉིད་ལ་སྐད་འཇམ་ངག་དལ། ཆེ་བཀུར་ཆུང་བྱམས། འགྲོ་ཤེས་འདུག་མཁས་ཤིག་ཀྱང་ཡོང་དུ་བཅུག་ཐལ་ལོ།། དེ་དང་ཆབས་གཅིག་དགོད་མི་དགོས་ས་ཞིག་ལའང་དགོད་རྒྱུ་ཡོང་བ་དང་མཚར་མི་དགོས་ས་ཞིག་ལ་མཚར་རྒྱུ་ཡོང་བ་སོགས་མདོར་ན་རང་ལུས་ཀྱི་གནམ་ས་གཡོས། རང་སེམས་ཀྱི་མེ་ཏོག་འདར། རང་རྒྱུད་ཀྱི་གཙང་བོ་བྲུག་པ་སོགས་ནད་རྟགས་དང་འཆི་རྟགས་གང་ཡང་མ་ཡིན་པའི་རྟགས་གཞན་མང་པོ་ཞིག་ཚང་ནས་འདུག་གོ།།

ཉིན་ཞིག་ཨ་ཅེས་ང་ལ། “བསམ་གཏན་ལྷ་མོ། ཁྱོད་ཀྱི་དཔྱི་འདལ་བ་དང་། ཚང་སྒྲོམ་རྒྱས་པ་སོགས་ལ་ལྟོས་དང་། ད་ལྟ་ལང་ཚོ་སྨིན་ཐག་ཆོད་ནས་མོ་གསར་གྱི་བཟང་སྒང་རེད་ཡ། ཞི་ལུ་ཞིག་དང་འགྲོག་ན་བཟང་རྒྱུ་རེད། རྒྱུན་དུ་ཨ་མའི་གམ་ནས་གཉིད་འདུག་རྒྱུར་ངོ་མི་ཚའམ”སོགས་ཟེར་རོ།། 

ངས་དེ་དུས་མ་ཤེས་པ་རེད་མ་གཏོགས། སྤྱིར་ནའང་མོ་ལོ་བཅུ་དྲུག་བཅུ་བདུན་དེ་ལོ་ཚོད་དམིགས་བསལ་བ་ཞིག་ཏན་ཏན་ཡིན་ས་རེད། ཕྱིས་ཕྱིས་སུ་ངས་ཁ་བཏོན་མང་པོའི་ནང་ནས་མཐོང་བ་ནི་སྔོན་སྔོན་གྱི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་ཀྱང་ལྷ་མོ་མཛེས་མ་དག་ལ“བཅུ་དྲུག་ལོན་པའི་ལུས་དང་ལྡན”ཞེས་བསྟོད་པ་མཛད་འདུག་ཨང་། 

གང་ལྟར་རང་སྡེའི་རྒན་མོ་བསམ་ཤེས་དག་དང་རང་ཁྱིམ་གྱི་ཨ་མ་ཨ་ཅེ་སོགས་ཀྱིས་ང་ལ་རབ་གཉེན་རྟགས་རྒྱག་པ་དང་འབྲིང་དགའ་རོགས་སྒྲིག་པ། མཐའ་མ་ཡང་རྩེ་རོགས་དགོད་རོགས་ཤིག་ཅིས་ཀྱང་ཚོལ་ཞེས་མང་ནས་མང་དུ་བསྐུལ་བྱུང་། ངའི་ཨ་ནེ་ཞིག་གིས་ཀྱང“བསམ་གཏན་ལྷ་མོ། ད་སྐབས་ཁྱོད་ལ་རེ་བ་བྱེད་པའི་ཞི་ལུ་ཉུང་ཉུང་མ་རེད། རང་བློར་འབབ་པ་ཞིག་དང་མཐུན་རྒྱུ་བྱོས་དང་བཟང་ནི་རེད། གཞུག་ནས་ལུས་ལང་ཚོ་ཡལ། ཉམས་བཀྲག་མདངས་ཤོར། སྟོབས་གཟི་བྱིན་ཡལ་ཚར་དུས་ཞི་ལུ་དགའ་ཞིག་ལག་ལ་ཡོང་དཀའ་ནི་རེད”སོགས་ཟེར་རོ།། སློབ་གྲྭའི་ནང་ནས་ཀྱང་ཞི་ལུ་མང་པོས་ང་སྲང་ན་ཡོད་དུས་རྗེས་ནས་འདེད། ང་ཁྱིམ་ནང་སྡོད་དུས་སྒོ་ནས་འཇབ། ང་ཁ་རོག་སྒོམ་དུས་མིང་གིས་འབོད་པ་སོགས་བྱེད་དོ།། དེས་ཡིན་ས་རེད། སྐབས་དེར་བསོད་ཟད་མ་ང་ལ་རང་གིས་ཀྱང་ཚོད་འཛིན་བྱེད་མི་ཐུབ་པའི་ང་རྒྱལ་ཕྲ་མོ་ཞིག་སྐྱེས་གྲབས་བྱས། ལང་ཚོས་སྙེམས་པ་དང་རང་སྣང་གིས་དྲེགས་པ་དང་ལོ་ཚོད་ཀྱིས་རློམ་པ་སོགས་ཀྱི་གཡེར་བག་ཅིག་ཀྱང་འབར་ཐལ་ལོ།། ཕོ་སེམས་མང་པོ་ཚིག་གིས་བསྲེགས། “ང་ཁྱོད་ལ་སྙིང་ཐག་པ་ནས་དགའ་བཀའ་བསྟན་དཔང”ཞེས་མགོ་ངིག་ངིག་དང་ཁ་ཐམ་ཐམ་བྱེད་མཁན་དག་གི་སེམས་ལའང་ཆུ་འཁྱགས་བླུགས། མཛའ་འཕྲིན་ཡིན་ཞེས་ཤོག་ལྟེབ་སྒམ་ཚད་དུ་ལོངས་པ་ཁྱེར་ཡོང་མཁན་རྣམས་ལའང་ཞེ་ཐག་པ་ནས་ཁ་ཡ་བྱེད་རྒྱུ་ཞིག་ལྟ་བཞག ཅུང་གུས་པས་ཨ་ལན་ཙམ་བྱིན་པའང་དྲན་རྒྱུ་མི་འདུག  ང་ཡོད་སའི་སློབ་གྲྭ་དེའི་ཤར་ལྷོ་ནུབ་བྱང་ནས་བཙངས་ཡོང་བའི་འཕྲིན་ཡིག་དེ་དག་ངས་ཀློག་ཙམ་བྱེད་པ་ཡང་ངལ་བའི་རྒྱུ་རེད་འདོད་ནས་དཀར་ཐར་རེ་ས་ནང་དང་རྡོ་གསེབ་ལ་གཅོལ་བ་ཡིན་ནོ།། ལྷག་པར་དུ་རྫོང་དེའི་དཔོན་པོ་མཐོ་ཤོས་ཀྱི་གཅེས་ཕྲུག་གིས་ང་ལ་དང་པོར་ཁ་ཡག་ཚིག་རྒྱན་བཤད། བར་དུ་རྒྱུ་ངོམས་ཟས་ངོམས་བྱས། མཐའ་མར་བཙན་ཤེད་དབང་ཤེད་བཀོལ་རྩིས་བྱས་མོད་ངས་ནི་སྐུ་དྲག་གི་སྲས་མོ་ཞིག་གིས་རིགས་ངན་མགར་བ་ཞིག་ལ་ལྟ་བ་ནང་བཞིན་བྱས་ནས་ཁོའི་ངོ་གདོང་ཆུ་ལ་བསྐྱུར་དགོས་པའི་ཚད་ལ་བསྐྱལ་བཞག  དོན་དེའི་ཆེད་དུ་ངའི་ཨ་ནེའི་བུ་མོས་ང་ལ“བསམ་གཏན་ལྷ་མོ་ཡ། ནོར་བུ་རིན་པོ་ཆེ་ཁ་ནང་ལ་ཡོང་བ་སྣ་ནང་ནས་དོར་ཟེར་བ་ཁྱོད་ལ་བཤད་པ་མ་རེད་དམ། རྫོང་དཔོན་ཨུ་རྒྱན་གྱི་བུ་དེ་གཅིག་ནས་ཕོ་གསར་ཡག གཉིས་ནས་སྒོར་མོ་མང་། གསུམ་ནས་མ་འོངས་པའི་མདུན་ལམ་ཡང་རྒྱ་ཆེན་པོ་ཞིག་ཡིན་པས་ཁྱོད་ཀྱིས་ངོ་མ་བརླགས་ཐལ་ཡ”སོགས་ཟེར་རོ།།

རྫོང་དཔོན་གྱི་གཅེས་ཕྲུག་གིས་ང་ལ་སྙིང་ནད་བརྩད་པ་ཡིན་ཞེས་ངའི་ལྭ་བ་མང་པོ་ཉི་མར་བསྐམས་ཡོད་པ་མེ་ལ་བསྲེགས་པའི་ཕྱི་དྲོ་དེ་རེད། རེད། དེ་ནི་ངས་སློབ་ཆེན་ལ་རྒྱུགས་འཕྲོད་མ་ཐག་པའི་ཕྱི་དྲོ་དེ་ཡང་རེད། ཕྱི་དྲོ་དེར་ང་དང་ངའི་གྲོགས་མོ་འགའ་ཟི་ལིང་གི་གླིང་ག་ཞིག་ལ་འཆམ་འཆམ་དུ་སོང་བ་ཡིན། ངས་ལྟ་ཕྱོགས་ཤིག་གིས་སམ་སྟེས་དབང་གིས་ནམ་མཁར་གཅིག་བལྟས་དུས། འཇིག་རྟེན་འདིའི་ལྷོ་སྤྲིན་ཁག་ཅིག་བྱང་དུ་མྱུར་མྱུར་འགྲོ་ཞིང་ཤར་སྤྲིན་དུམ་བུ་ཞིག་ནུབ་ཏུ་བྲེལ་བྲེལ་རྒྱུག་གིན་འདུག དེ་མ་ཐག་ངས། ཨ་མས་ང་ལ་བཤད་པའི་ང་རང་སྐྱེས་དུས་ཀྱི་མཚན་མོ་དེ་རང་དྲན་བྱུང་། ངས་སེམས་ཤིག་ལ་རང་གི་དབང་ཐང་རྫོགས་པའམ་བསོད་ནམས་དར་བའམ། རང་ཉིད་ལ་ཅི་ཞིག་ན་བའམ་ག་ཤེད་དུ་འགྲོ་དགོས་པའམ། གང་ལྟར་རང་གི་ལས་སྐལ་ལ་འགྱུར་ལྡོག་ཐུ་མོ་ཞིག་འབྱུང་ངམ་སྙམ་པ་ཞིག་བྱུང་། ངས་འཕྲལ་དུ་རང་གི་གྲོགས་མོ་དག་ལ་རང་གི་བསམ་ཚུལ་དེ་ཟུར་ཙམ་ལབ་པ་ཡིན་མོད། ཁོ་མོ་ཚོས་ཅི་མི་སྙམ་པར“ཁྱོད་ཀྱི་རྨི་ལམ་གྱིས་ཧ་ཅང་ཐིག་མོད། མངོན་ཤེས་དང་མཁྱེན་པ་ཡོད་ཁུལ་མ་བྱེད། ད་འགྲོ་ལ་ཟ་མ་ཟ་ཡ”སོགས་ཟེར་རོ།།

ཁ་ཆེའི་ཟ་ཁང་སྒོ་ཐོད་ན་སྐར་མ་དང་ཟླ་རིས་ཡོད་ས་དེའི་ནང་ནས་འདྲེན་ཤུགས་མཐའ་མེད་ཀྱི་ཁོ་རང་ངས་ཐོག་མར་ངོ་ཤེས་པ་ཡིན། ཟ་ཁང་དུ་མི་མང་དྲགས་པས་ཁོ་རང་ང་ཚོ་དང་ལྷན་དུ་འདུག་དགོས་བྱུང་ལ། ཐོག་མར་མཉམ་དེ་འདྲ་མ་བཞག་མོད། ཟ་མ་ཞོར་ཟ་ཞོར་ཟ་ཞོར་ང་ཚོས་ཁོའི་ངོ་གདོང་དང་གཟུགས་བྱད་མཐོང་བྱུང་ལ། ཁོའི་ངག་གདངས་དང་ཁ་སྟབས་ཀྱང་ཚོར་བྱུང་། ཁོ་ན་རེ། “ངའི་མིང་ལ་འཇིགས་མེད་ནོར་བུ་ཟེར”ཟེར་རོ།། ཁོའི་ཆེས་སྤྱིར་བཏང་གི་རྣམ་འགྱུར་རགས་པ་དེ་དག་ཀྱང་ང་དང་ངའི་གྲོགས་མོ་ཚོར་མཚོན་ན་ཤིན་ཏུ་འཐུས་སྒོ་ཚང་བའི་རི་མོའི་སྒྱུ་རྩལ་རེ་རེ་དང་འདྲ་བར་མྱོང་བས་ངོམས་པ་མེད་ཅིང་། ཁོའི་ཟ་སྐད་འཐུང་སྐད་ཀྱི་ཚིག་ཕྲེང་སྟབས་བདེ་དེ་དག་ཀྱང་ང་དང་ངའི་གྲོགས་མོ་ཚོར་མཚོན་ན་དབྱངས་དང་རོལ་མོའི་བརྩམས་ཆོས་རྣལ་མ་རེ་ལས་ཆ་འཇོག་ས་ཅང་མི་འདུག་ཡ། ཁོའི་ཁ་ངོ་ཉི་འོད་ཀྱིས་ཅུང་ཟད་ཚིག་འདུག་ནའང་། མ་གཞིའི་ཤ་རྩ་དྭངས་ཤིང་ཁ་སྣ་སོགས་ཀྱི་ཆེ་ཆུང་དང་སྲབ་མཐུག་ཚོད་ལ་རན་པ་ནི“ལྟ་བས་ཆོག་མི་ཤེས་པ”ཞེས་པའི་ཚིག་དེ་ཁོ་ནས་མཚོན་ཐུབ་པ་འདྲ། གཞན་མ་བཤད་དང་། ཁོའི་ཅུང་ཟད་རྫོབ་ལ་ཡང་ཅུང་ཟད་འཛིང་བའི་སྐྲ་ལོ་དེ་ཁོ་ནས་ཀྱང་སྨན་ང་ཚོའི་སྙིང་ཁ་དྲག་ཏུ་བརྡུངས་ཤིང་བླ་ཁམས་ཚ་ཙག་གེར་བཏང་ཐལ། ལྷག་ཏུ་ཁོའི་ཁྲ་སྒོར་སྒོར་གྱི་མིག་ཟུང་དེར་སྣང་སྲིད་སྣོད་བཅུད་ཐམས་ཅད་ཁྲ་ལམ་མེར་ཤར་འདུག་པ་ནང་བཞིན་ང་དང་ངའི་གྲོགས་མོ་ཚོས་བལྟས་ཀྱིན་བལྟས་ཀྱིན་ད་དུང་བལྟ་རྒྱུ་ཞིག་དང་། མྱོང་གིན་མྱོང་གིན་ད་དུང་མྱོང་རྒྱུ་ཞིག་གདའ་སྟེ། “སྤྱན”གཟི་རིས་མ་དེ་གཉིས་ཀྱིས་གཡས་སུ་ལྟ་སྟངས། གཡོན་དུ་འཁོར་སྟངས། ཀླད་ལ་སྐོར་སྟངས། འགབ་ལ་ཅེར་སྟངས་སོགས་ཀྱིས་ང་དང་ངའི་གྲོགས་མོ་ཚོའི་གཡེར་མདོག་གི་ལྕགས་སྒོ་གཏོར། བཙུན་མདོག་གི་སྡོམ་པ་ཤོར། མཛེས་མདོག་གི་སྤོབས་སེམས་ཉམས། རང་སེམས་རང་ལ་ངོ་ཚ་དགོས་པ་ཞིག་བྱུང་ངོ་།།

སྤྱིར་ན་ང་དང་ངའི་གྲོགས་མོ་ཚོས་ཀྱང་ལོ་ཅུང་མང་པོའི་རིང་ལ་རྒྱ་ཡིག་གི་ལམ་ནས་བུད་མེད་ཀྱི་ཐོབ་ཐང་གླེང་བའི་དཔེ་ཆ་མང་ཙམ་བཀླགས་མྱོང་ལ། སོས་དལ་དུས་ནི་དེའི་སྐོར་ནས་རིགས་པ་བརྗོད་དགོས་ན་འདྲ། ལུང་འདྲེན་དགོས་ན་འདྲ། དཔེ་འགོད་དགོས་ན་འདྲ་ཧ་ཅང་གིས་ཐགས་ཐོགས་མེད་པ་ཤ་སྟག་ཡིན་མོད་ཀྱང་། དགོང་མོ་དེར་ཁོའི་མདུན་ལ་སླེབས་དུས་གཅིག་ན་ང་ཚོས་ཁ་ཡིས་མི་ཤོད། གཉིས་ན་ང་ཚོའི་བློ་ལ་མི་དྲན། གསུམ་ན་ང་ཚོའི་ངག་ཀྱང་དིག་འགྲོའོ།། ཡིན་ནའང་ང་ཚོས་མ་ཤོད་དེ་ཤོད་བྱས་ནས་ཁོ་ལ་བུད་མེད་ཀྱི་ཐོབ་ཐང་སོགས་ཕལ་ཆེར་དུས་ཚོད་གཅིག་ལྷག་ལ་ཁ་རུབ་ཚིག་རུབ་བྱས་ནས་བཤད་པ་ཡིན་ཏེ། ང་དང་ངའི་གྲོགས་མོ་ཚོས་བཤད་ཚར་རྗེས། ཁོས་དལ་བའི་ཉམས་ཀྱིས་ཇ་ལ་ཧུབ་གཅིག་བྱས། ལྷོད་པའི་ཉམས་ཀྱིས་སྐྲ་ལོ་སྤྲུགས་ཙམ་བྱས། འཇམ་པའི་ཉམས་ཀྱིས་ལག་པའི་ཕྱག་རྒྱ་དང་བཅས་ཚིག་ཧ་ཅང་ཐུང་ཐུང་ཞིག་གིས་ང་དང་གྲོགས་མོ་ཚོའི་དམ་བཅའ་དང་ལུང་རིགས། དཔེ་འཇོག་ཆ་ཚང་བོ་རྩེ་ཞོར་དགོད་ཞོར་ཞིག་ལ་རྩ་བ་རྡོ་རྗེའི་གདན་ནས་ཆེས་རྨེག་མེད་དུ་གཏོར་བར་ཐལ། ཁོས་ད་དུང“དགོངས་པ་མ་ཚོམ་ཨ”ཟེར། ཨ་མ་མ། ཁོས་བཤད་པ་དེ་དག་ཅི་འདྲའི་གཟུ་བ་ལ། གཟུ་དྲགས་ནས་ཡིད་འགུལ་ཐེབས་པ་ཞིག་རེད། ཁོས་བཤད་པ་དེ་དག་ཅི་འདྲའི་རྣོ་བ་ལ། རྣོ་དྲགས་ནས་ཁས་ལེན་འཆོར་བ་ཞིག་རེད།  ཁོས་བཤད་པ་དེ་དག་ཅི་འདྲའི་བདེན་པ་ལ། བདེན་དྲགས་ནས་དབང་མེད་དུ“བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ”ཞོར་ལ་འཆོར་བ་ཞིག་རེད་དོ།།

དེ་ནས་བཟུང་ཉི་མ་ནམ་ཁོམ་ལ་ང་དང་གྲོགས་མོ་ཚོས་འཇིགས་མེད་ནོར་བུ་དང་དུས་ཆད་བྱས་ནས། ལྷན་དུ་ཇ་འཐུང་བ་སོགས་སྤྱིར་བཏང་གི་འབྲེལ་བ་ཞིག་རྒྱུན་བསྐྱངས། ཐེངས་ཤིག་ལ་འཇིགས་མེད་ནོར་བུས་མཚན་ཉིད་རིག་པའི་སྐོར་ནས་ཁ་བརྡ་བྱས་པ་ཞིག་སྒྲར་བླངས་པ་ཡོད་པ་མི་ལག་མི་བརྒྱུད་ཀྱིས་དྲ་ལམ་དུ་ཤོར། དེ་ལ་ཁག་བཞག་ནས་ང་དང་ངའི་གྲོགས་མོ་ཚོའི་སློབ་གྲོགས་མང་པོ་དང་ང་ཚོའི་སྤྱི་ཚོགས་ཐོག་གི་ངོ་ཤེས་ཚོས་ཀྱང་འཇིགས་མེད་ནོར་བུ་ངོ་ཤེས་ན་འདོད་ཟེར་བས། ང་ཚོས་མི་དེ་དག་འཇིགས་མེད་ནོར་བུ་ལ་མཚམས་སྦྱོར་བྱས་པ་ཡིན། ཐོག་མར་འཇིགས་མེད་ནོར་བུས་མི་དེ་འདྲ་མང་པོ་དང་ངོ་ཤེས་བཅའ་རྒྱུར་སུན་ཟེར་མོད་ང་དང་ངའི་གྲོགས་མོ་ཚོས་ཡང་ཡང་ངོ་ཆེན་ཞུས་ངོར་མཐར་ཁོས“ཆོག་གི”ཟེར་རོ།།

འཇིགས་མེད་ནོར་བུ་དང་ཁ་བརྡ་བྱེད་དུ་ཡོང་མཁན་དེ་ཚོའི་ཁྲོད་དུ་སྤྲུལ་སྐུ། གྲྭ་བ། སློབ་མ། སྤྱི་ཚོགས་ཐོག་གི་མི་སོགས་ཤེས་ཡོན་གྱི་ཆུ་ཚད་མི་འདྲ་བ། ཁོག་རྒྱའི་ཆེ་ཆུང་མི་འདྲ་བ། ཁ་སྟབས་ངག་གདངས་མི་འདྲ་བ་སྟེ་མདོར་བསྡུས་ན་ཆེས་སྣ་མ་སྣ་ཚོགས་ཤིག་རེད། མི་མང་པོ་དང་འཇིགས་མེད་ནོར་བུས་བགྲོ་གླེང་བྱེད་ཐེངས་རེ་རེ་ནི་སྐབས་རེར་གཡུལ་འགྱེད་པ་འདྲ་བོ་རེད། མི་མང་པོས་འཇིགས་མེད་ནོར་བུ་ལ་ཁ་རུབ་ཚིག་རུབ་བྱེད་པ་ནི་ང་དང་གྲོགས་མོ་ཚོའི་ཐོག་མའི་ངང་ཚུལ་དང་འདྲ་ལ། འཇིགས་མེད་ནོར་བུས་མི་ཟད་པའི་སྤོབས་པ་ཆེན་པོ་ཞིག་དང་རྣམ་རིག་བཀྲ་ཐག་ཆོད་པ་ཞིག་གི་ངང་ནས་ཁོ་ཚོ་ཚང་མ་ལན་མེད་པའི་གནས་ལ་བཀོད་ཅིང་འགོད་པ་ནི་རྒྱ་ཚ་གཅིག་པུ་ཧོར་དམག་འབུམ་ཕྲག་གི་གཞི་དཀྱིལ་ལ་བརྒྱུགས་ནས་རྟིང་མ་བླངས་ཏེ་ཕྱིར་གླིང་སྒར་ལ་ལོག་པ་དང་ཡང་འདྲའོ།། ཚུལ་དེ་མཐོང་བས་ང་རང་འཇིགས་མེད་ནོར་བུ་ལ་སྔར་ལས་ཀྱང་དད་པར་གྱུར། སྔར་ལས་ཀྱང་དགའ་བར་གྱུར། དགའ་དད་དེ་ལ་མཐའ་ཞིག་མེད་པར་གྱུར་ཏོ།། ངའི་སེམས་ལ་རང་གི་ལུས་ལོངས་སྤྱོད་དང་མིང་ལ་རྒྱ་ཐམས་ཅད་མི་འདིའི་ལག་ཏུ་འཇོག་པ་ལས་འོས་མེད་པ་ལྟ་བུ་ཞིག་ཏུ་མཐོང་སོང་། མཐའ་ན་མི་ཚེ་གང་བོར་ཁོ་ཚང་གི་གཡོག་མོ་ལྟ་བུ་ཞིག་བྱས་ནས་འདུག་དགོས་ནའང་འགྱོད་པ་ཅི་ཡོད་དམ་ལྟ་བུ་བསམས་པར་གྱུར་ཏོ།།

འཇིགས་མེད་ནོར་བུ་ལ་རྩོད་དུ་ཡོང་བ་དེ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་ཐོག་མར་གཞི་མི་འཇམ་པ། ཁ་ཕོ་ཆེ་བ། གདུག་རྩུབ་ལྡན་པ་ཤ་སྟག་ཡིན་ཁར། ཁ་གཉེར་སྣ་གཉེར་བྱེད། སྐོར་ལོག་དཀྱོགས་ལོག་བཤད། མངོན་སུམ་ལ་བསྙོན་འདིང་། གནས་ལུགས་ལ་རྡོག་རྫིས་བྱེད། དཔང་རྟགས་ལ་ཅི་མི་སྙམ་པ་སོགས་ཧ་ལམ་ལག་ཐུག་རྒྱུ་མིན་ན་ཐབས་བཀོད་རྙེད་དཀའ་བ་དེ་འདྲ་ཡིན་ནའང་། འཇིགས་མེད་ནོར་བུས་ནི་ཁོ་ཚོ་རེ་རེའི་བསམ་ཚུལ་ལ་རྒྱུས་ལོན་ཚར་བའི་སྒོ་ནས། གདོང་དགའ་ལྷང་ངེ་། མིག་འཛུམ་དྭངས་སེ། ཉམས་སྤྲོ་གསལ་ལེར། རང་ལ་ནོར་བ་དང་འཁྲུལ་བ་ཡོད་ན་ཇི་མ་ཇི་བཞིན་དུ་ཁས་བླངས། གཅིག་གཅིག་གཉིས་གཉིས་སུ་ཡོ་བསྲང་བྱས་ཚར་འཕྲོར། ཆེས་ཤིན་ཏུ་གནད་ལ་ཕོག་པ་དང་། དྲི་བ་ཡོངས་རྫོགས་ཀྱི་མཐའ་ནོན་པ། ཐོས་པ་ཙམ་གྱིས་ར་འཕྲོད་ཅིང་བདེན་ཁོ་ཐག་ཆོད་པའི་ལན་འབའ་ཞིག་བཏབ་ནས་ཡོང་དུས། སེར་སྐྱ་མང་པོ་ཞིག་རང་བཞིན་གྱིས་ཁོའི་སློབ་མ་དང་ཁོའི་གྲོགས་པོ་གྲོགས་མོར་གྱུར་ཏོ།། 

སྐབས་ཤིག་ནས་བཟུང་འཇིགས་མེད་ནོར་བུས་ཆང་འཐུངས་མགོ་བརྩམས། ཆང་གིས་བཟི་དྲགས་ན་ཁོས་ང་ལ། “བསམ་གཏན་ལྷ་མོ། ཁྱོད་ཞི་མོ་གཞུང་དྲང་བབས་ཆགས་ཤིག་རེད”ཟེར་ཡོང་། ཚིག་ངོས་ཁོ་ན་ནས་བསྡུར་ན་ནི། ད་ལྟ་འཇིགས་མེད་ནོར་བུའི་ངག་སྒོ་ནས་ཐོན་པའི“གཞུང་དྲང་བབས་ཆགས”ཞེས་པ་འདི་སྔར་གཞན་གྱིས་ང་ལ་ལབ་མྱོང་བ་དག་གི་དོ་ཟླ་ག་ལ་ཡིན་ཏེ། རྫོང་དཔོན་གྱི་གཅེས་ཕྲུག་གིས་ང་ལ་ཁྱོད་ནི“རྨ་ཡུལ་གྱི་ཀོང་ཇོ”དང“མི་ཡུལ་གྱི་སྒྲོལ་མ་དཀར་མོ”རེད་ཟེར་སོགས་མྱོང་། དེ་མིན་ཡང་ངས་ཚིག་དེ་འདྲ་མང་པོ་ཐོས་མྱོང་། ཡིན་ནའང་འཇིགས་མེད་ནོར་བུས་ཆང་ཞོར་ཞིག་ཏུ་ང་ལ། “བསམ་གཏན་ལྷ་མོ། ཁྱོད་ཞི་མོ་གཞུང་དྲང་བབས་ཆགས་ཤིག་རེད”ཟེར་བ་གོ་དུས། ང་ལ་སྲོག་གསར་བ་ཐོབ་འདྲའི་དགའ་སྤྲོ་ཚད་མེད་ཅིག་སྐྱེས་སོ།། དེ་ལྟར་ཁོའི“གཞུང་དྲང་བབས་ཆགས”ཞེས་པའི་ཚིག་དེས་སྐད་ཅིག་ཙམ་ལ་ང་རང་ཁོའི་དགའ་རོགས་སུ་བསྒྱུར། ཡང་ཁོའི་ཚིག་དེ་དང་འདྲ་བའི་ཚིག་གཞན་ཞིག་གིས་སྐད་ཅིག་ཙམ་ང་རང་ཁོའི་ཆུང་མར་བསྒྱུར། འགོར་གྱིན་འགོར་གྱིན་ཁོས་ཁ་གསལ་ནས་མ་བཤད་ཀྱང་ཁོའི་རྣམ་འགྱུར་ཕྲ་མོ་ཙམ་གྱིས་ཀྱང་ངས་རུང་མི་རུང་གི་གནང་བཀག་ཆ་ཚང་ཧ་གོ་ཞིང་། ནོར་འཆུག་ཕྲ་མོ་ཙམ་ཡང་མེད་པར་ལག་ལེན་ཏུ་འདེབས་ཐུབ་པ་ཞིག་བྱུང་ངོ་།།

འཇིགས་མེད་ནོར་བུ་ཚང་གི་རྨོ་མོ་ནད་ཀྱིས་མནར་བས་ངས་ལོ་ཧྲིལ་བོ་བདུན་ལ་གཉོར་བ་ཡིན། ཁ་ཟས་ལས་པ། གཅིན་སྐྱག་ལེན་པ། ཉལ་ས་བཀབ་གཡོགས་སོགས་དུས་ཚོད་གཅིག་ལའང་མ་ཆག་པར་བྱས། དེའི་རྐྱེན་གྱིས་འཇིགས་མེད་ནོར་བུའི་ཨ་ཕ་སྟེ་ངའི་ཨ་མྱེས་ཀྱང་ང་ལ་བསྟོད་བསྔགས་ཚད་མེད་བྱས་མོད་ཀྱང་། ཉིན་ཞིག་འཇིགས་མེད་ནོར་བུས“བསམ་གཏན་ལྷ་མོ། བཀའ་དྲིན་ཆེ་ཨ”ཟེར། ཁོའི་ཚིག་དེས་ཅུང་མིན་ན་ངའི་མིག་ཆུ་འཆོར་དུ་བཅུག་སོང་། གང་ལྟར་ངའི་ཡིད་ཡོངས་སུ་ཚིམས་སོང་། ངའི་མཁོ་ཡོངས་སུ་སོད་སོང་། 

འཇིགས་མེད་ནོར་བུ་ཆང་གིས་བཟི་དྲགས་ནས་ཐེངས་མང་པོར་ང་ལ་གཤེ་གཤེ་དྲག་པོ་བཏང་མྱོང་། གཅར་བརྡུངས་སྐོར་གསུམ་ཡང་བྱེད་མྱོང་། ཁ་ཁྲག་སྣ་ཁྲག་ཀྱང་བསྐོལ་མྱོང་། ཡིན་ནའང་དེ་ནི་ཁོའི་ཁམས་མ་དྭངས་པས་རེད། སེམས་མ་སྐྱིད་པས་ཀྱང་རེད། སྤྱི་ཚོགས་ཐོག་གི་གནོན་ཤུགས་ཀྱིས་ཀྱང་ཡིན་ན་ཐང་། དེའི་རྐྱེན་གྱིས་ངས་ཁོ་ལ་ནམ་ཡང་ལེ་བདའ་བྱེད་མི་སྲིད་དོ།། ཁོ་སྐབས་རེར་ཆང་གིས་བཟི་དྲགས་ན་ཁྱིམ་གྱི་ཅ་ལག་ཀྱང་གཅོག སྒོ་ལ་རྡོག་ཐོས་ཀྱང་གཞུ། ནམ་གུང་ཆུ་ཚོད་གསུམ་པ་ཡིན་ཡང་ཟ་མ་ད་ལས་ཟེར་ན་ལས་དགོས་ལ། འོ་ཇ་ད་སྐོལ་ཟེར་ན་བསྐོལ་དགོས་པ་ཡིན། ཡིན་ནའང་ཁོའི་ཆེད་དུ་ངས་སྡུག་ཅུང་ཟད་རིག་པ་དང་བློས་ཅུང་ཟད་བཏང་བ་དེས་ངའི་སེམས་ཁ་བདེ་ཞིང་བློ་ཡུལ་སྐྱིད་ཀྱི་ཡོད་དོ།། ཡུལ་མི་ལ་ལས། ང་ལ“བསམ་ཁོ། ཁྱོད་བུ་མོ་ལས་ངན་ཞིག་རེད”ཟེར། ཡང་ཡུལ་མི་ལ་ལས་ང་ལ“བསམ་གཏན་ལྷ་མོ། ཁྱོད་ཆུང་དུས་རྣམ་རིག་བཀྲ་ཞིང་ཁོག་དཔུང་ལ་རྒྱ་ཅན་དཔེ་མེད་ཅིག་ཡིན་མོད། ད་ཅི་རེད། ཁྱོད་གླེན་མ་ཞིག་ཆགས་འདུག”ཟེར་བར་ཐལ། གཅིག་བྱས་ན་ཁོ་ཚོས་བཤད་པ་བདེན་ཡང་སྲིད་མོད། འོན་ཀྱང་ཁོའི་ཆེད་དུ་ངས་ཁོག་དཔུང་དང་ལ་རྒྱ། ངོ་ཚ་ཟེར་བ་ཆ་ཚང་ཕར་ལ་འཕེན་ཐུབ། ང་རང་འཇིགས་མེད་ནོར་བུ་ལ་གཉེན་བསྒྲིགས་བྱས་རྗེས་སྤྱིར་བཏང་ཕ་ཡུལ་དུ་སོང་མ་མྱོང་སྟེ། སོང་ཐེངས་རེ་རེར་ཡུལ་མི་ཚོས་ཟས་ཀ་ར་བུ་རམ་གྱིས་སྡེར་ཁ་བསྒྲིགས་ནས། “ལོ་ལོ་ཁྱོད་སྡོད་གདའ། ལོ་ལོ་ཁྱོས་ཟོ་གདའ”ཞེས་འཁྱེར་ས་འཇོག་ས་མི་རྙེད་པའི་ཚད་བྱེད་རྒྱུ་རེད། ཡིན་ནའང་ངས་ཉིན་གཉིས་གསུམ་ཞིག་ལ་འཇིགས་མེད་ནོར་བུ་མ་རིག་ཀྱང་ཁོ་རང་དྲན་ནས་ཡེ་མི་བཟོད་དོ།། ངའི་སེམས་ཤིག་ལ་ང་མེད་ན་ཁོ་ལ་ཁ་སྐོལ་སུས་བྱེད། ཁོའི་གོན་པ་སུས་བཀྲུ། ཁོ་ལ་རྟ་ལག་ཡས་དང་སྟན་ལག་ཡས་སུས་བྱེད་འདོད་ནས་འདུག་བཟོད་མེད་པ་ཞིག་རེད་ཡ། ངའི་རྣམ་ཤེས་ལ་ཐག་པ་བརྒྱབ་ནས་སུ་ཞིག་གིས་རྒྱབ་ལ་འཐེན་བཞིན་ཡོད་པ་འདྲ་བོ་ཞིག་རེད་ཡ། ན་མཉམ་བུ་མོ་ལ་ལས“བསམ་གཏན་ལྷ་མོ། ཁྱོད་ཕྱིར་ལ་དེ་འདྲ་བྲེལ་ནས་ཅི་བྱེད། འཇིགས་མེད་ནོར་བུ་ཁྱོད་གཉིས་ཀྱིས་དགོངས་རྒྱུན་ལ་ལས་པ་ཡིན་ནམ”ཞེས་ཀུ་རེ་རྩེ་རྒྱུ་རེད། དོན་གྱིས་དེ་འདྲ་ཞིག་མ་རེད། འཇིགས་མེད་ནོར་བུ་ཁོ་རང་རུ་ཉུལ་སར་ཐོན་ན་རུ་ཉུལ་རྒྱུ་རེད། ཟླ་བ་ཆ་རེར་ཕྱིར་མི་ཡོང་དུས་ཀྱང་ཡོད། དེ་དུས་ཀྱང་ངས་ཁོ་རང་དྲན་ནི་དྲན་མོད། ཁོའི་བྱ་བར་བར་ཆད་བྱས་ཨེ་འགྲོར་དོགས་ནས་ཅང་ལབ་མ་མྱོང་། ཁོས་དཔེ་ཆར་བལྟ་འདོད་དུས་དཔེ་མཚམས་ལྟ་བུར་འདུག་རྒྱུ་རེད། བདུན་ཕྲག་ཆ་རེར་ཁང་བ་ཞིག་ཏུ་འཛུལ་ནས་སྒོར་ཡོང་རྒྱུ་མ་རེད།   ཡིན་ནའང་ངས་ཉི་ཟླ་དཔང་ལ་བཞག་སྟེ་མནའ་སྐྱེལ་ཐུབ་པ་ཞིག་ནི་འཇིགས་མེད་ནོར་བུའི་ཕན་ནས་ངས་སྐྱེས་པ་ཞིག་གི་ངོར་བལྟས་མ་མྱོང་ངོ་།། བལྟ་འདོད་ཀྱི་ཡི་ག་ཡང་དངོས་གནས་མ་མཆིས་སོ།། 

ལར་ངའི་སྐྲ་དཀར་གྱི་ཕ་མ་གཉིས་ཀ་ཕ་ཡུལ་ན་ཡོད་ཙང་། ངས་ཀྱང་ཕ་ཡུལ་དྲན་སྐབས་ལོས་ཡོད་ཡ། ང་རང་ཕ་ཡུལ་དང་ཕུ་ནུར་དུངས་པ་མེད་པའང་དཔེ་ཅི་ལ་སྲིད་དེ་གཏན་ནས་མི་སྲིད་མོད། ང་རང་འཇིགས་མེད་ནོར་བུའི་མི་དང་ཁྱི་ཡིན་པས་ཚེ་འདིར་ཁོ་དང་ཁ་འབྲལ་ཐབས་མེད་དོ།། 

འཇིགས་མེད་ནོར་བུ་ལ་ཟུར་མོ་མཛེས་མ་ཡང་མང་པོ་ཡོད་མོད། དེ་དག་ནི་ཁོའི་ཏབ་ཅིག་གི་རྩེད་རོགས་དགོད་རོགས་ཙམ་ལས་གཞན་ཅི་ཡང་མིན། དེ་ཅིའི་ཕྱིར་ཞེ་ན། ཁོའི་བློ་ཁོག་ཏུ་དཔེ་ཆ་འགའ་རེའི་ནང་དོན་ཡོད་པ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཕྲ། འཁོར་བ་འདིའི་སྐྱིད་སྡུག་སྣ་ཚོགས། མི་ཡུལ་གྱི་འཕྲལ་ཕུགས་ཆ་ཚང་འཁོར་ཡོད་པས་ན། ཁོས་འཆི་བདག་གཤིན་རྗེ་ཐོན་པ་མིན་ན་ང་དང་བུ་མོ་གཉིས་གཏན་ནས་བསྐྱུར་མི་སྲིད་དོ།། ངས་འདི་ལྟར་བཤད་ན་ལ་ལས་དེས་ན་ཁྱོད་ནི་འཇིགས་མེད་ནོར་བུའི་ཇ་མ་དང་གཡོག་མོ་ཙམ་རེད་ཀྱང་ཟེར་ལོས་ཆེ་མོད། ང་རང་ཁོའི་ཇ་མ་ཙམ་ཡིན་པས་ཀྱང་ངའི་འདོད་པ་རྫོགས་ནས་ཡོད་དོ་ཟེར་འདོད། སྔར་འཇིགས་མེད་ནོར་བུས་ང་ལ་གཅར་བརྡུངས་བཏང་དུས་ཤིག་ལ་ངའི་གྲོགས་མོ་ཞིག་གིས་ངར“འུ་གཉིས་ཀྱིས་འཇིགས་མེད་ནོར་བུ་མི་དམངས་ཁྲིམས་ཁང་ལ་གཏུག་ཡ”ཟེར་རོ།། “འཇིགས་མེད་ནོར་བུ་ཁྲིམས་ལ་ཐོགས་པ་ལས་ང་རང་ཉིད་ཁྲིམས་ལ་ཐོགས་ན་ང་དགའོ།། ངའི་ཚེ་འདིའི་སྐྲ་བདག་དང་སྲོག་བདག་ཆ་ཚང་འཇིགས་མེད་ནོར་བུ་ཁོ་ན་ཡིན་པས། ཁོས་ནམ་ཞིག་ང་ལ་ཁྱོད་རང་འཆི་དགོས་ཟེར་ནའང་ང་འཆི་ངེས་ཡིན།” ངས་མོ་ལ་དེ་ལྟར་ལབ་སྟེ་ཉིན་དེ་ནས་བཟུང་མོ་དང་འབྲེལ་ཐག་བཅད་པ་ཡིན་ནོ།།

ཡང་སྐབས་རེར་འཇིགས་མེད་ནོར་བུ་རྒྱུ་མེད་རྐྱེན་མེད་དུ་ཕྲུ་གུ་ངུ་བ་བཞིན་དུ་ངུ་རྒྱུ་རེད། ང་ལ་བལྟས་ནས“བསམ་གཏན་ལྷ་མོ། ངའི་གམ་དུ་ཁྱོད་ལ་སྐྱིད་ཅིག་ངོ་མ་མི་འདུག་ཡ། ད་ཁྱོད་ཕྱིར་རང་གི་ཕ་ཡུལ་ལ་སོང”ཡང་ཟེར་རྒྱུ་རེད། ཡང“ངས་ཁྱོད་ལ་གཤེ་གཤེ་བཏང་བ་དང་གཅར་བརྡུངས་བྱས་པ་ནི་ངའི་ནོར་འཁྲུལ་ཆེན་པོ་རེད”ཅེས་སེམས་གཏམ་མང་པོ་མང་པོ་བརྗོད་རྒྱུ་རེད། ངས་ཁོ་ལ“ངའི་ལུས་ངག་ཡིད་གསུམ་པོ་ཁྱོད་ཀྱི་ཡིན་པས་ཁྱོད་ཀྱིས་ཅི་བྱས་ཀྱང་ངའི་སེམས་ལ་ཅི་ཡང་མི་ཕོག་ལ་ཅི་ཡང་མི་གནོད་དོ།། ཁྱོད་ཡོད་པས་ང་ལ་མ་འདང་བ་གཅིག་ཀྱང་མེད་ལྷ་དཔང”ཞེས་མིག་ཆུ་བཞུར་ཞོར་ཞུ་བ་བྱས་པ་ཡིན། 

ད་ལྟ་ངའི་སྙིང་གི་ནོར་བུ་སྟེ་འཇིགས་མེད་ནོར་བུ་ཅུང་ཟད་རྒས་བཞིན་ཡང་འདུག་སྟེ། ངོ་ཇེ་ནག་ཏུ་གྱུར། ཁ་སྤུ་ཇེ་མང་ལ་སོང་། སྐྲ་ལ་སེ་མདའ་ལྷུང་། གཟུགས་གཞི་སྒུར་བ་སོགས་སོ།། ཡིན་ནའང་རིན་པོ་ཆེ་བྱུ་རུ་ནི་ཟད་ཀྱིན་ཟད་ཀྱིན་ཇེ་མཛེས་ཡིན་པ་ནང་བཞིན། བློ་ཞིབ་མོས་དཔྱད་ན་ཁོ་རང་ལ་བརྟན་བརླིང་བརྗིད་གསུམ་ཇེ་ལྡན་རེད། ཁོ་རང་གི་ཉམས་དང་ཕོ་ཚོད་ཇེ་མཐོ་རེད། ཁོ་རང་ལ་གདེང་དང་སྤོབས་པ་ཇེ་ཡོད་རེད་ལ། ཁོའི་རྣམ་འགྱུར་དང་ཉམས་འགྱུར་ལས་ངས“སྨིན་ཐག་ཆོད་པའི་སྐྱེས་པ་ཕོ”ཞེས་པ་དེ་ཡོངས་སུ་རྫོགས་པར་རྙེད་ཟིན་ལགས། ཁོའི་སྤྱིར་བཏང་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དེ་ཉིད་བུ་མོ་ང་ལ་མཚོན་ན“ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ”ཞིག་རེད། ཁོའི་སྤྱིར་བཏང་གི་ཁ་ངག་དང་ཁ་སྟབས་དེ་ཡང་དམན་མོ་ང་ལ་མཚོན་ན“མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང”ཞིག་རེད། ཁོའི་སྤྱིར་བཏང་གི་འཆར་སྒོ་དང་དྲན་ཚུལ་དག་ཀྱང་ནག་ཆགས་ང་ལ་མཚོན་ན“མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས”ཤིག་རེད་དོ།། 

ལྟོས་དང་། དོ་ནུབ་ཀྱང་འཇིག་རྟེན་འདིའི་ལྷོ་སྤྲིན་བྱང་དུ་མྱུར་མྱུར་འགྲོ་ཞིང་ཤར་སྤྲིན་ནུབ་ཏུ་བྲེལ་བྲེལ་བརྒྱུགས་པའི་མཚན་མོ་ཞིག་རེད་ཨང་། འཇིགས་མེད་ནོར་བུ་དང་ངེད་གཉིས་ཀྱི་བུ་མོས་ཀྱང་སྒེའུ་ཁུང་ལས་ཡར་ནམ་མཁའ་ལ་བལྟས་ནས་ཅུང་ཟད་དགོད་པར་བྱེད་ཅིང་། དེ་ནསཨ་མ། ཨ་ཕ་གང་བུད་ཐལ་ཟེར”རོ།། 

                                                                                 ༢༠༡༧ ༩ ༡༢

CD723430-01EE-4C34-9873-966D5902597E-207-00000008198CFB23_tmp.JPG

༈ དགེ་རྒན་དུས་ཆེན་ལ་དགེ་རྒན་དྲན་པ།

སང་ཉིན་ནི་དགེ་རྒན་དུས་ཆེན་རེད་ཟེར། ཞིབ་ཏུ་བསམས་ན་ང་ལ་དགེ་རྒན་བཀའ་དྲིན་ཅན་གཅིག་ལས་མི་འདུག གཅིག་དེ་ཡང་མི་མཚན་སྙན་གྲགས་ཅན་དེ་འདྲ་ཅང་མིན། ཕྱི་ཚུལ་ལ་ཆེས་སྤྱིར་བཏང་བ་ཞིག་ཀྱང་ཡིན། ནང་ཉམས་ག་འདྲ་ཡིན་པ་སུས་ཤེས། ཤེས་ཐབས་མེད་ཀྱང་ཤེས་འདོད་ཆེ། མི་ལ་ལས་ང་ལ་ཁྱོད་ཀྱི་དགེ་རྒན་དེ་སྦས་པའི་རྣལ་འབྱོར་པ་ཞིག་རེད་ཟེར་མོད་དེའང་ཨེ་ཡིན་མི་ཤེས་པས་ད་བསྐྱུར་འཇོག ། སྤྱིར་ངས་ད་ལྟ་ཡི་གེ་དང་ཡི་གེ་མཐུད་ནས། ཐ་སྙད་དང་ཐ་སྙད་སྦྲེལ་ནས། སྔོན་རབས་དང་ད་བྱུང་བསྡེབས་ནས་མི་སེམས་དགའ་རུ་འཇུག་ཐུབ་པ་དང་ཁྲོ་རུ་འཇུག་ཤེས་པ་སོགས་ནི་ཁོའི་བཀའ་དྲིན་མིན་ཟེར་ས་མི་འགྲོ་བ་འདྲ། དེས་ཀྱང་མི་ཚད་དོ།། ག་ལེར་ལབ་ཡོང་ཨ། 

ཁོའི་མིང་ལ་པད་མ་རྒྱལ་མཚན་ཟེར། ལྷ་སའི་སྐད་ཀྱིས་བཤད་ན་ཁོ་ནི་ངའི“སྤོ་ལགས”ཀྱང་རེད། རེད་མོད། ངས་ད་རེས་ཆེས་སྐད་ནག་ལ་བཅུག་ནས་ཁོ་ལ་རྗེས་དྲན་སྐྱུར་བོ་ཞིག་བྱེད་རྒྱུ་ཡིན་པས། ཁོ་ཟེར་བ་ལས་ཁོང་མི་ཟེར་ལ་ཤི་ཟེར་བ་ལས་གཤེགས་མི་ཟེར་བ་ཡིན། དེ་ཡང་ཅི་ལ་ཞེ་ན། ཁོ་འཇིག་རྟེན་འདི་ན་ཡོད་དུས་ཀྱང་ངས་ཞེ་སའི་ཚིག་ཅིག་ཁོ་ལ་ལབ་མ་མྱོང་བ་འདྲ། དེ་དུས་ལབ་ཀྱང་མི་ཤེས། ད་ཚོད་ལབ་ཀྱང་ཁོས་ཐོས་དོགས་མེད་པས། ད་ཐད་ཀར་འབྲོག་རྟགས་འབྲོག་བཤད་ཀྱིས་འཐུས་པར་བྱེད། 

ངས་དྲན་གསལ་ལ་ཁོས་གཡོགས་མ་ལྗང་ནག་ཅིག་གྱོན། འཕྲེང་བ་ནག་པོ་བརྒྱ་དཔོན་གྱི་ཏོག་ལ་མདོག་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འཛིན། ཁོས་མདོག་དེ་དག་རྒྱལ་བ་རིགས་ལྔའི་མཚོན་བྱེད་ཡིན་ཟེར། དེ་མིན་ད་དུང་འཕྲེང་བ་ཞིག་ཡོད་པ་ནི་ཁོས་སྒྲོལ་མའི་བསྙེན་འཕྲེང་ཡིན་ཟེར། འཕྲེང་བ་དེ་སྐར་མ་སྟོང་ལྡན་ངོ་མ་ཞིག་ཡིན། ཁོས་སྒྲོལ་མའི་སྙེན་པ་འཕུད་སྐབས་ང་ཚོ་བྱིས་པ་སྐོར་ཞིག་མེ་ཏོག་ཙ་མ་ཙི་ཐོག་འཐུ་རུ་འགྲོ་མྱོང་། མེ་ཏོག་དེ་སྙེན་པ་འཕུད་པར་མཁོ་ཟེར། ང་ཚོས་སྒང་རྒན་ནག་ལྡང་བརྒྱུད་ནས་ན་དམར་ལེབ་བར་དུ་མེ་ཏོག་དེ་འཐུ་བཞིན་སོང་། ལམ་དུ་ཁྱ་མ་གླང་མའི་རྫུབས་ལ་ཐུག་ནས་འགྲོ་དཀའ་མོ་བྱུང་། ན་བྱེའུ་གྱོ་ལྡང་དང་བྲག་བྱིའུ་དམར་རིས་སོགས་བྱ་རིགས་བྱེའུ་རིགས་མང་པོ་ག་ས་གང་དུ་བབས་འདུག མཐར་ང་ཚོས་མེ་ཏོག་ཙ་མ་ཙི་ཐོག་མང་པོ་རྙེད་བྱུང་། མེ་ཏོག་དེ་སེར་པོའི་ནང་གི་སེར་པོ་ཞིག་ཡིན། ཡུ་བ་བཅད་ནས་བུས་ན་སྒྲ་ཅུང་སྙན་མི་སྙན་པ་ཞིག་གྲག་དཔེ། 

དེ་ལྟར་ང་རང་ཆུང་དུས་ནས་ཁོའི་གམ་དུ་ལག་ཆགས་པ་ཡིན་པས་ཁོའི་ལྟ་སྤྱོད་སོགས་དང་པོར་མི་འདོད་བཞིན་དུ་སྦྱངས། གཞུག་ནས་ཁོའི་ལྟ་སྤྱོད་དེ་ཚོ་ངའི་ལྟ་སྤྱོད་དུ་ཡང་གྱུར་ཏེ་ཕར་ལ་འཕེན་བསམ་ཡང་འཕེན་མི་ཐུབ་པ་ཞིག་ཏུ་གྱུར་སོང་། 

ཁོས་ང་ལ་ང་རང་ལོ་དགུ་ཡིན་དུས་ཀ་ཁ་ག་ང་སོགས་ཚེག་སྡུད་བྱེད་ཚུལ་དང་དེ་ནས་སྦྱོར་བ་འཕབ་ཚུལ་བཅས་བསླབས། ཁོ་ནི་མི་བཙན་པོ་ཞིག་ཀྱང་ཡིན།  ཁོས་ངོ་གནག་ནས་བསླབས་པས་ངས་ཀྱང་ཧྲ་ལ་བྱས་ནས་སྦྱངས་པ་ཡིན། ཁོས་ང་ལ་གོ་ཁའི་ནང་དུ་གན་རྐྱལ་དུ་འདུག་པ་སོགས་ཀྱང་བྱེད་དུ་མི་འཇུག དེས་ང་རྒྱལ་འཕེལ་ཡོང་ཟེར། སྐབས་དེར་རྣར་མ་སོང་མོད། ད་ལྟ་འདང་བརྒྱབ་ན་གོ་རྒྱུ་ཙིག་གེ་ཞིག་ཡོད་པ་འདྲ། ཁོས་བྱིས་པ་ཚོས་སྐད་ཆ་མང་པོ་བཤད་ན་རྒན་གཏམ་རེད་ཟེར་ནས་མཚམས་གཅོད། ཟ་མ་འཕྲོ་བརླག་བྱས་ན་བུ་བསད་པའི་ཚོད་ཀྱིས་སྡུག་བསྔལ་བྱེད། དེ་བྱས་ན་བསོད་ནམས་ཟད་འགྲོ་དང་འདི་བྱས་ན་ཁ་ལས་ཉམས་འགྲོ་སོགས་ཆོག་དང་མི་ཆོག རུང་དང་མི་རུང་འདུལ་བ་ལས་ཞིབ་པ་ཟེར་རྒྱུ་ཡོད། 

ཁོ་ང་ལ་འདང་ཡང་ཡོད། ཁོས་ངའི་ངོ་ལ་བལྟས་ནས་བསྟོད་པ་མི་བྱེད་པ་མ་གཏོགས། མི་གཞན་ལ“ཞི་ལུ་འདི་རྣམ་ཤེས་དགའ་ཅན་ཞིག་ཡིན། ཀློག་དག་ཅིང་ཀློག་མྱུར”སོགས་ཟེར་བ་རེད། ཁོས་ང་ལ་ཞལ་འདོན་ཕྱོགས་བསྒྲིགས་བློར་འཛིན་དུ་བཅུག་པའི་ཕན་ཆད་དུ། ལོ་རེ་རེར་ཏིང་འཕགས་བསྐལ་གསུམ་ཚར་རེ་ཀློག་འདོན་བྱེད་དུ་འཇུག ཏིང་འཕགས་བསྐལ་གསུམ་གྱི་གླེགས་བམ་དེ་དག་གི་ཐུམ་ཡག་པ་དང་། ཤོག་ངོས་དང་པོ་ནས་མར་ལ་ཚོན་མདངས་ཅན་གྱི་སྐུ་རིས་ཅུང་མང་བ་སོགས་ཀྱིས་ངའི་ཡིད་འཕྲོགས་མྱོང་། ཁོས་ང་ལ་ཏིང་འཕགས་བསྐལ་གསུམ་གྱི་ཕན་ནས་གསེར་འོད་ས་བཅུ་མ་དང་གཟུངས་བསྡུས་སོགས་ཀློག་ཏུ་འཇུག 

ཁོ་ཡུལ་ན་མེད་དུས་མེད་དུས་ངས་ཁོའི་མཆོད་སྒམ་གློང་མྱོང་། མཆོད་སྒམ་ནི་སྤུས་ཀ་ཤིང་ཡིན་པའི་དམར་པོ་ཞིག་ཡིན། མཐའ་ལ་དུང་ཕྲེང་གི་རི་མོ་སྟབས་བདེ་ཞིག་ཡོད། སྒམ་དེ་སྟོད་སྨད་དུ་ཆོད་ཡོད་པའམ་སྟོད་སྨད་གཉིས་ཅན་ཞིག་ཡིན། སྟོད་ཀྱི་ཆ་ལ་སྟོན་སྐུ་ལི་མ་གོས་སེར་གྱིས་བཏུམས་པ་ཞིག་ཡོད། གཙུག་ཏོར་མ་གཏོགས་མི་རིག་མོད། ཁོས་སྐུ་དེ་ཆེ་ཆེ་གཉན་གཉན་ཞིག་ལ་བཀུར་དཔེ། སྐབས་རེར་ཁོས་སྐུ་དེ་ལ་ཐོད་པ་གཏུགས་ནས་ཡུད་ཙམ་རེར་ཁ་རོག་ཏུ་འདུག་དཔེ། དེ་ནས་ཁོས་རང་གི་མིག་ཆུ་རང་གི་ལག་པས་འབྱིད་དཔེ། མཆོད་སྒམ་གྱི་སྟོད་ཀྱི་ཆར་ད་དུང་པོ་ཏ་ལ་དང་ཇོ་བོ་ཤཱཀྱ་མུ་ནེ་གཙོ་བོ་བྱས་ནས་ལྷ་སའི་གནས་འགངས་ཆེན་དང་སྐུ་བྱིན་ཅན་མང་པོའི་པར་རིས་བཤམས་ཡོད། ཨ་རོལ་སྐུ་འཕྲེང་སྔ་བ་དང་ཆུ་བཟང་སྐུ་འཕྲེང་སྔ་བའི་པར་རིས་ཀྱང་བཤམས་ཡོད། བླ་མ་དེ་གཉིས་ཁོའི་བླ་མའི་གཙོ་གྲས་ཤིག་ཡིན་ས་རེད། གནད་འགག་གི་སྐབས་ལ་ཁོས“ཨ་རོལ་རྡོ་རྗེ་འཆང་མཁྱེན། ཆུ་བཟང་རྡོ་རྗེ་འཆང་མཁྱེན”ཞེས་གསོལ་བ་འདེབས་དཔེ། རྟེན་དེ་དག་གི་མདུན་ལ་ཆུ་མཆོད་བདུན་ཚར་དང་མཆོད་མེ་སྐོར་ཞིག་དང་མཚན་ཐུབ་གཅིག་བཅས་བསྒྲོན་ཡོད། ཆུ་མཆོད་དང་པོའི་སྣོད་དེ་ཁ་ཅུང་འདལ་ཡོད་པ་ཞིག་ཡིན། དེའི་ནང་ལ་རྣམ་པ་ཛམ་དཀར་དང་། སྤུས་ཀ་ཟངས་མ། ཆེ་ཆུང་བྱིས་པའི་ལག་མཐིལ་ཙམ་ཞིག་བཞུགས་སུ་གསོལ་ཡོད། ཉིན་རེ་རེའི་སྔ་དྲོ་རེ་རེར་ཆུ་ཆོད་བཤམས་དགོས་ཤིང་ཕྱི་དྲོ་རེ་རེ་གཤེགས་དགོས། བཤམས་དུས་གཤེགས་དུས་གཉིས་པོར་འདོན་རྒྱུ་སོ་སོ་ཡོད། མཆོད་སྒམ་གྱི་སྨད་དུ་དཔེ་ཆ་ཅུང་མང་པོ་ཞིག་བསྒྲིགས་ཡོད་ཅིང་། ལག་བསྣོགས་ལ་སོང་ཡོད་པའི་མི་ལ་རས་པའི་རྣམ་ཐར་དང་། མདོ་མཛངས་བླུན། རྗེ་ཙོང་ཁ་པའི་རྣམ་ཐར། རྒྱབ་ཤོག་རྙིང་ཟད་དུ་སོང་ནས་ཡང་བསྐྱར་སྦྱར་ཡོད་པའི་ཧོར་གླིང་གཡུལ་འགྱེད་སྟོད་སྨད། བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས་པའི་རིག་གནས་ལྔའི་རྣམ་གཞག་དང་། ཐང་སྟོང་རྒྱལ་པོའི་རྣམ་ཐར་སོགས་དཔེ་ཆ་མགོ་བཙེམས་མ་མང་པོ་ཡོད། སྒམ་ནང་གི་ཅུང་མཐོ་སར་གོང་ནས་བཤད་པའི་ཏིང་འཕགས་བསྐལ་གསུམ་སོགས་དཔེ་ཆ་སྣ་རིང་མའམ་གླེགས་བམ་གྱི་རིགས་སུ་གྱུར་པ་དག་བརྩིགས་ཡོད། མཆོད་སྒམ་ནང་གི་ཟ་ཟུར་ལ་བཟང་དྲུག་དང་། ཤུག་པ་དང་། མཁན་པ་དང་། ལྷ་ས་ནས་ཁྱེར་ཡོང་བའི་མནོལ་བསང་གི་རྫས་སོགས་ཡོད། དེས་ཡིན་ས་རེད། མཆོད་སྒམ་གྱི་གམ་ལ་བཅར་བ་ཙམ་གྱིས་སྣ་ནང་ལ་ཞིམ་དྲི་ཚད་མེད་ཅིག་འཐིབས་རྒྱུ་ཡོད་དཔེ། 

འདི་ལྟར་རྗེས་དྲན་བྱས་ནས་ཡོང་ན། དགེ་རྒན་ཁོའི་ཁ་རིས་ངོ་མདོག་སོགས་དེ་རིང་ཡིད་ལ་དེ་ཙམ་མི་ཡོང་མོད། བཤད་པའི་སྐད་ཆ་ལ་ལ་ནམ་ཡང་བརྗེད་རྒྱུ་མི་འདུག ཁོས་ང་ལ“ཁྱོད་ལག་ཆགས་ན་ཡིག་གཟུགས་ཅུང་ཟད་སྦྱོང་དགོས། སུམ་རྟགས་རང་སྦྱོང་བྱོས་དང་། དེ་ནས་རང་མགོ་ཐོན་ན”ཟེར་དཔེ། 

ཡང་ཁོ་ལ་སྒམ་ཆུང་ཞིག་ཡོད་པའི་ནང་དུ་ངང་བའི་གསེར་སྒོང་ཟེར་བ་འདྲ་བོ། ལོ་གྱོན་མ་ཟེར་བ་འདྲ་བོ། ཟླ་ཤེལ་ཟེར་བ་འདྲ་བོ། རིལ་དཀར་ཟེར་བ་འདྲ་བོ། དཔའ་རིས་རིལ་དམར་ཟེར་བ་འདྲ་བོ། ན་རོ་སུམ་སྦྱོར་ཟེར་བ་འདྲ་བོ། འབྲུག་རུས་ཟེར་བ་འདྲ། ཤིང་མངར་ཟེར་བ་འདྲ་བོ་སོགས་སྤྱིར་བཏང་གི་སྨན་རྫས་སྣ་ཚོགས་ཡོད། གྲོང་ཁྱེར་ལ་ཁ་ཐག་རིང་ཞིང་སྨན་པ་ཤིན་ཏུ་དཀོན་པའི་གནས་སྐབས་དེ་སོགས་ལ། ཁོས་ང་ཚོ་ཁྱིམ་མི་ཚོའི་ཆམ་པ་སོགས་ལ་གོང་གི་སྨན་རིགས་སྤྱིར་བཏང་བ་དེ་དག་བཏང་ནས་སངས་དྲག་བྱས་མྱོང་།

ང་རང་ཆུང་བྱིས་པ་ཡིན་དུས་ནས་གཉིད་ཡུལ་མི་བདེ་བ་ཞིག་ཡིན། རྨི་ལམ་འཇིགས་པོས་ནམ་གུང་གློ་བུར་སད་དེ་ཁོག་སྟོད་ཡར་བཀྱགས་ན། ཐོད་པར་རྔུལ་ཆུས་བརླན་ཡོད། སྤོ་བོའམ་དགེ་རྒན་ཁོ་དང་ཁོའི་ཆུང་མ་སྟེ་ངའི་རྨོ་མོ་གཉིས་ངའི་གམ་དུ་ཡོང་སྟེ་མཉམ་གཅིག་ལྟ་བུས“ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས།། རྩོད་དང་རྨི་ལམ་ངན་པ་སེལ་མ།།”ཞེས་སྒྲོལ་བསྟོད་ཀྱི་མཚམས་ཤིག་ནས་མར་ལ་དང་།  གདུགས་ཐུང་སོགས་འདོན་ལ། མཐར་ཟློག་པ་མང་པོ་བྱེད་དཔེ། དེས་ངའི་སེམས་ཁ་གློ་བུར་བདེ་སྟེ་ཡང་བསྐྱར་གཉིད་ལ་འཇུག་ཐུབ། སྐབས་རེར་ཁོས་ང་ལ་བཀའ་བསྒོ་བྱེད་རྒྱུ་རེད། གླེགས་ཤིང་སྲ་མོ་ཅན་གྱི་དཔེ་ཆ་ཞིག་གིས་ངའི་མགོ་ལ་དྲག་ཙམ་གཞུས་ནས་འདོན་པ་འདོན་རྒྱུ་རེད། དེ་དུས་དེས་ཀྱང་ཕན་པ་འདྲ། 

རྨོ་མོས་ཁོ་ལ་བརྩི་བཀུར་ཚད་མེད་བྱེད། ཁོའི་ལས་ཀ་ནི་གཙོ་བོ་ཆོས་འདོན་རྒྱུ་དང་མཚམས་ལ་འདུག་རྒྱུ་གཉིས་ཡིན། མཚམས་རེར་ཟ་མ་ལེན་དུ་རྟ་རྐྱང་རྐྱང་ཞིག་ལ་བྱོན་ནས་རྫོང་ཐོག་ལ་འགྲོ་དཔེ་མོད། དེ་དུས་ཚོད་ཐུང་ཐུང་གི་བྱ་བ་ཞིག་ཡིན། ཕྱུགས་འཚོ་སྐྱོང་དང་ལས་གང་ལྕི་གང་དཀའ་སོགས་རྨོ་མོས་འགན་དུ་ལེན། ལྷག་པར་འབྲོག་མོ་ཞིག་གི་འགན་ཁུར་གཙོ་བོ་སྟེ། བཞོ་ཕྱུགས་དཀར་ལས། བཀལ་འཁེལ་ཐགས་འཐག ལྕི་འཕུད་ཐང་ལས་སོགས་ལས་ཀ་ཆ་ཚང་རྨོ་མོས་བྱེད་ཀྱིན་ཡོད་པ་འདྲ། 

ལར་ངས་སྤོ་བོ་བཟའ་དཔོན་ཡིན་པའི་ཁྱིམ་ཚང་དེ་དང་པོར་ནི་མི་ལ་རས་པ་ཚང་ལྟ་བུའི་ཕྱུག་པོ་ཞིག་རེད། ལ་ལས་དེ་ནི་ངའི་དགེ་རྒན་དེ་ཁ་བཏོན་པ་དང་ཁ་རྗེ་བ་ཡིན་པས་རེད་ཟེར་མོད། ངས་བལྟས་ན་གཙོ་བོ་ངའི་རྨོ་མོ་དེའི་བསགས་སྲུང་དང་བདག་གཉེར་ལ་རག་ལས་ཡོད་པ་འདྲ། ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བ་ནང་བཞིན་ངེད་ཚང་གི་མགོའི་ཁང་བ། སྣོད་ཅ་ལག ཟས་ཟ་མ། གོས་རྒྱན་ཆ་སོགས་འཕེལ་ཞིང་དར་དྲགས་པ་ཞིག་ཡོད། འབྲོག་པ་རྒད་པོ་ཞིག་གིས་ངའི་དགེ་རྒན་ནམ་སྤོ་བོ་ལ། “ཨ་རོ། ད་ཁྱེད་ཚང་ནི། བཙན་ལོ་ལམ་ལ་གྲགས།། ཕྱུགས་ཟླ་ལམ་ལ་འཕེལ།། ཞེས་པ་ཡོང་འདུག་གཱ”ཞེས་ལབ་པར། ངའི་དགེ་རྒན་དེས་ངོ་གནག་སྟེ་ལན་དུ“རྟག་ཞད་ཡོད་ནི་མ་རེད། ཟིལ་བ་འདྲ་བོ་ཡིན་ནི་རེད”ཟེར་སྐད། དེ་དུས་ངེད་ཚང་ལ་ནད་མེད་དུག་མེད་དང་གཟུགས་བཟང་སྤུས་ཡག་གི་ནོར་ནག་བརྒྱ་གྲངས་ལས་བརྒལ་བ་ཡོད་ཟེར། རྟ་མཆོག་དང་རྒོད་མ་ཡང་མང་སྐད། འོན་ཀྱང་ལུག་ནི་མང་པོ་མེད་པ་འདྲ། ནོར་ཁྱུར་བུད་ནས་བལྟས་ན་ངོ་མ་གཡག་ཆེན་རི་སྣ་འདྲ་འདྲ་ཡོད་དཔེ། ལྷ་གཡག མགོན་རྟ། གནམ་ལུག་སོགས་སྲུང་མར་འཐེན་པ་ཁོ་ནར་ཡང་བཅུ་ཕྲག་གཉིས་ཙམ་ཡོད། དེ་དག་ཟོག་ཡིན་ཀྱང་ལུས་སྣང་དག་ནས་ཡོད་ཟེར་ཆོག སྤུ་ཁ་གསལ་ཀྱི་ལེ་དང་རྣམ་རིག་གྲིམ་དྭངས་སེ་ཡོད། ལྷག་པར་ལོ་རེ་རེར་སྲུང་ཁ་གསོ་དུས་སུ་ཉམས་ཟིལ་ཆེ་བ་ལ་ཚད་མེད། བསང་ཁྲི་མཐོན་པོ་ཞིག་གི་ཐོག་ལ་མེ་ལྕེ་བང་བ་ཙམ་འབར། ཤུག་དྲི་དང་མར་དྲིས་དཔག་ཚད་ཁྱབ། མེ་ལྕེའི་ཁྲོད་དུ་རྐང་གཏོར་ཟུར་གསུམ་ཟླ་གམ་སོགས་སྣུམ་ཆིལ་ལེར་འཚིག གཏོར་ཤིང་སྟེང་ལ་དྲེག་པ་དང་འབྲུ་མོག་བསྐུས་ཡོད་པ་དེ་སོགས་སྐག་སྐག་ཏུ་འབར་ནས་ཁ་བཀད། རྭ་རྩེ་དང་རྔོག་མར་མར་དཀར་བྱུགས་ཡོད་ཅིང་སྲུང་རྟགས་སུ་བལ་དཀར་དར་ཚོན་བཅས་དཔྱངས་ཡོད་པ་ལ་རླུང་གིས་བསྐྱོད་དཔེ། ཟོག་དེ་དག་གི་མགོ་ནས་ཟེ་བ་དང་དེ་ནས་རྔ་མའི་བར་ཆུ་དཀར་ནག་གཉིས་ཀྱིས་བཤལ་དཔེ། བཤལ་མ་ཐག་སྤྲུག་རྡེབ་བྱས་ན་སྲུང་མ་དགའ་བར་ངོས་འཛིན། ངའི་དགེ་རྒན་དེས་ལྷ་འབོད་ཀླུ་སྐུལ་མང་པོ་མི་བྱེད་མོད་ཆོས་སྐྱོང་ལ་སྐྱབས་འཇུག་དང་གཞི་བདག་ལ་གཏད་གཉེར་ཐུང་ཐུང་རེ་བྱས་ན་ཉན་མཁན་ལ་ཤ་ཟིང་སྤུ་ཟིང་ཡོང་དཔེ། བསང་ཕུད་རྗེས་ཕྱག་གཏན་ནས་མི་འཚལ། འཚལ་དུ་ཡང་མི་འཇུག ཁོས་གདེང་དང་ལྡན་པའི་སྒོ་ནས“གཞི་བདག་ལ་སྐྱབས་སུ་འགྲོ་མི་ཉན་གྲོགས་སུ་འགུགས་དགོས”ཟེར་ལ་དངོས་གནས་བྲན་ལྟར་འཁྲིད་ཀྱིན་ལོས་ཡོད་འདོད་པ་ཞིག་ཡིན། 

འདི་ལྟར་མི་དྲན་དགུ་དྲན་བྱས་ནས་ཡོང་ན་ངས་ངེད་ཚང་ལ་བག་ཧ་རྒྱ་རྒྱ་རྭ་ཅོ་ཟངས་ཐུར་བཞིན་རྣོ་བ་ཞིག་ཡོད་པའང་དྲན་བྱུང་། ཅི་ལ་ཞེ་ན། བག་ཧ་དེ་ཡང་ངའི་དགེ་རྒན་ནམ་སྤོ་བོ་དེས་ཆི་ལེན་ནས་ཉོས་ཡོང་བ་ཞིག་ཡིན། མགོ་རྣ་ཅུང་ཆེ། རྭ་སྦོམ་ཞིང་ཀོར། ཨོལ་བ་ལུགས། ཧར་བརྒྱབ་ན་ཁ་རླངས་དཀར་ཆིལ་ཆིལ་ཡོང་། ཉི་མ་དྲོ་དུས་དྲོ་དུས་དང་ཕྱི་དྲོའི་མཚམས་སྤྲིན་གྱི་འོད་ངོགས་ནས་གད་པའི་ནང་འཕག་ར་བྱེད་པ་དང་རྭ་ཅོ་ས་ནང་ལ་བཙུགས་ནས་ས་ལྷབ་བེ་ལྷུབ་བེ་གནམ་ལ་འཕེན་པ་སོགས་ཧ་ལས་པའི་བརྗིད་པོ་ཡོད་ཡ། ངའི་བག་ཧ་དེ་གཡག་འཛིང་བྱས་ན་ཐུབ་པའི་མཐའ་ཞིག་མེད། ང་ཚོས་ཚུལ་དེ་ལ“སྣ་སྡོད་མི་འདུག”ཟེར་བ་ཡིན། ཡང་འབྲོག་པ་ཚོས་གཡག་འཛིང་བྱས་པར་ཐུག་བརྒྱབ་པ་ཟེར། ང་ཚོ་བྱིས་པ་ཚོས་བག་ཧ་མང་པོ་ཐོད་གཏུགས་ནས་སོང་ན་ངེད་ཚང་གི་བག་ཧ་དེ་ཇེ་ངར་ཇེ་ཐུ་ཇེ་གཏུམ་ཇེ་དྲག་ཡིན་ཡ། རྭ་སྣེ་སྔོ་ཡུག་གེ ཟེ་བ་སྒུར་ལྷང་ངེ་། རྨིག་པ་རྡོ་ནང་ཧྲག་ཧྲག་ཏུ་འདྲུད། ཐུག་བརྒྱབ་ནས་ཁ་སྣ་ནས་ཁྲག་དམར་ཟེད་ཟེད་བབས་ཀྱང་ཕྱི་ནུར་མེད་པ། མིག་རྩ་དམར་ལྷོག་ལྷོག་ཡར་ལྟ་མར་ལྟ་བྱེད་པའི་ངའི་བག་ཧ་འབྲོང་འདྲ་བོ་དེ་ངོ་མས་འཇིགས་ཡ། འོན་ཀྱང་མཐའ་མར་ངའི་བག་ཧ་དེ་གློ་བུར་བའི་ནད་ཅིག་གིས་ཤི་སོང་། སྐབས་དེའི་ང་ལ་མཚོན་ན་བག་ཧ་དེ་ཤི་ཐལ་ཟེར་བ་ལས་འཛམ་གླིང་འཁྲུག་ཆེན་གསུམ་པ་ལང་རྒྱུ་རེད་ཟེར་ན“ཨོ”ཞིག་ཡིན། 

རེད་དེ། དར་བའི་མཐའ་མར་རྒུད་པ་ཟེར་བ་དེ་ངོ་མ་རེད། སྐབས་ཤིག་ནས་ངའི་དགེ་རྒན་ནམ་སྤོ་བོ་དེར་ཚ་བོ་འདང་ཆེན་ཞིག་ཡོད་པ་གདོན་གྱིས་བཟུང་བ་ནང་བཞིན་ངེད་ཚང་དང་རྩྭ་ས་རྩོད་དོ།། གནས་མ་ཡིན་པའི་འཁོན་རྩོད་དྲག་པོ་བསླངས་པས། ངའི་དགེ་རྒན་དེ་བློ་ཕམ་བྱུང་། ངེས་འབྱུང་སྐྱེས། ཁེ་གཞན་ལ་སྟེར་བ་དང་གྱོང་རང་གིས་འཁུར་བའི་བརྟུལ་ཞུགས་དེ་མཐར་ཆགས་སུ་བསྐྱངས། བྱ་རྡོ་ཐོག་ནས་འཕུར་བ་བཞིན་ཡུལ་བྱོལ་དུ་འགྲོ་རྒྱུ་ཐག་བཅད། ངའི་ལྟེ་བའི་མེ་ཏོག་བཅད་སའི་རྩྭ་རྭ་གསེར་གྱི་མར་ཁུ་བ་འདྲ་བ་དེའང་བསྐྱུར་ཐལ་ལོ།། ང་དེ་དུས་ལོ་ཆུང་དྲགས་ནས་ཚིག་གཅིག་ལབ་པའི་དབང་ཆ་ཡང་ག་ལ་ཡོད་ཀྱི། མེད་པ་མ་གཏོགས་ཚད་དེར་ལྷུང་མི་སྲིད་དོ།། 

ཡུལ་བྱོལ་དུ་སོང་བའི་ལོ་ངན་ཞིག་ལ་ངེད་ཚང་གི་རྟ་ནོར་ལུག་གསུམ་ཡོངས་རྫོགས་ཁངས་ཆགས་དྲག་པོ་ཐེངས་འགའ་ལ་ཁག་བཞག་ནས་ཤི་ཐག་མེད་ཐག་ཆད་སོང་། ཟླ་གཅིག་ཙམ་ལ་མ་ཁྱེར་བའི་ཁངས་ཆགས་དེའི་འོབས་ན་ངེད་ཚང་གི་རྟ་ནོར་ལུག་གསུམ་པོ་ནག་ཐར་རེ་བརྗིད་ཡོ་རེ་ཤི་ཡོད། ཁངས་གསེབ་ནས་དུད་འགྲོ་དེ་དག་གི་རྭ་རྩེ་དང་རྔ་རྔོག་ཙམ་རེ་མཐོང་ཐུབ་སྐད། 

རྒུད་ཐོག་རྒུད་བཞག་ཅིག་ལ། སྐབས་དེར་ངའི་རྨོ་མོ་ཡང་སྙིང་ནད་ཀྱིས་སམ་གང་ལྟར་ནད་དྲག་པོ་ཞིག་གིས་བཟུང་ནས་ཚེ་འདས། མོ་ཚེ་ལས་འདས་ཁར་ངའི་དགེ་རྒན་དེས་མོའི་ཁོག་བསྟོད་བསྐྱོར་ནས“འུ་གཉིས་ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་མཇལ་བ་དྲན་ནམ། ཇོ་བོ་རིན་པོ་ཆེ་དྲན་པར་གྱིས”ཞེས་ནན་གྱིས་བརྗོད་པ་ངའི་ཡིད་དུ་ད་དུང་གསལ་ལྷང་ངེར་འདུག རྨོ་མོས་ཀྱང་ཕྱིར་ལན་དུ“ངས་གསལ་པོར་དྲན་གྱི་འདུག”ཟེར་རོ།། རྨོ་མོ་འཆི་ལ་ཉེ་དུས་ངའི་དགེ་རྒན་དེས་མོའི་ཁ་ལ་སྐྱེ་བདུན་རིལ་བུ་བསྒྲེས་ཐལ། དེའི་སྔོན་ལ་ཇོ་བོའི་ན་བཟའ་སོགས་བདུག་པ་བྱས་ནས་བདུགས་ཐལ། 

རྨོ་མོ་འདས་རྗེས་ང་ཚོ་ཁྱིམ་མི་ཚོས་མོ་ལ་དྲིན་ཆེན་མ་ཞེས་འབོད་དགོས་པ་ཡིན། དེ་ནི་འབྲོག་པ་ཚོས་ཤི་བོར་བརྩི་བཀུར་བྱེད་སྟངས་ཤིག་ཡིན། དྲིན་ཆེན་མ་སོང་ནས་ཅང་མ་འགོར་བར་ངའི་དགེ་རྒན་ནམ་སྤོ་བོ་ཡང་ན་ཚ་དྲག་པོ་ཅང་མེད་པར། མངགས་བཅོལ་ཁ་ཆེམས་ཀྱང་མེད་པར། ཞོགས་པ་ཞིག་ལ་བཟང་སྤྱོད་ཚར་འགའ་བཏོན་ནས་ཤི་ཐལ་ལོ།། སྡེ་མི་ཚོས་འཆི་ཁར་འདས་རྟགས་བཞག་ཐལ་ཟེར་མོད་མི་ཤི་ཁྱིམ་སྟོང་དུ་གྱུར་པས་སྡུག་གི་དེ་འདས་རྟགས་ཡིན་མ་ཡིན་གྱིས་རོ་ལ་རྒྱོབ་ཅིག ། 

ད་ནི་ང་ཚོ་ཁྱིམ་མི་ཚོས་ཁོ་ལའང་དྲིན་ཆེན་པོ་ཞེས་འབོད་དགོས་པ་ཡིན། དྲིན་ཆེན་པོ་སོང་ཤུལ་དུ་ང་ཚོའི་ལག་སྣེར་རེ་ཞིག་ཁོའི་ཁ་བཏོན་དཔེ་ཆ་མ་བཏོགས་ཅི་ཡང་ལྷག་མི་འདུག་ལ། ཁ་བཏོན་དཔེ་ཆ་ནི་གླེགས་བམ་སྣ་ཐུང་མ་ཞིག་ཡིན། དཔེ་ཐུམ་ཚི་དྲེག་གིས་ཟིན་འདུག ནང་གི་དཔེ་ཤོག་ཕལ་ཆེར་ཡང་ཟད་དྲགས་ཤིང་རྙིང་དྲགས་ནས་ཀློག་ཀྱང་དཀའ་བ་ཆགས་འདུག ཀློག་ཐུབ་པ་མང་ཆེ་བ་ནི་སྒྲོལ་མའི་སྐོར་རེད། བསྙེན་ཡིག་དང་བསྒྲུབས་ཐབས་དེ་འདྲ་རྐྱང་རྐྱང་རེད། ཡི་གེ་མེད་པའི་ཤོག་བུ་འགའི་སྟེང་ལ་ཁབ་སྣེས་གཙགས་ནས་རྡེའུ་འབུམ་གྱི་དབྱིབས་འདྲ་བོ་མང་པོ་ཕབ་འདུག དེ་ལ་ཤོག་བུ་ཆུང་ཆུང་རེ་སྦྱར་ནས་ལག་བྲིས་ཀྱིས“བཟང་སྤྱོད་ཁྲི་འགྲུབ”དང“ལྟུང་བཤགས་ཁྲི་འགྲུབ”སོགས་བྲིས་ཡོད་དོ།། 

རྗེས་ནས་ག་ལེར་ཤེས་པ་ནི། ངའི་དགེ་རྒན་ནམ་དྲིན་ཆེན་པོ་དེས་མི་གཞན་ལ་ང་རང་བཅོལ་ཡོད་པའི་མ་ཚད། ངའི་ཆེད་དུ་མཁོ་དངོས་བསགས་ཡོད་པ་ནི། དཔེར་ན། འཇམ་ལ་དྲོ་བའི་གོས་ཚར། བརྗིད་ལ་སྲ་བའི་འཕྲུག་ལྭ། ཝ་ཞྭ་ཚུན་ཆད་ལ་ཞྭ་ལུང་ཡང་བཏགས་ནས་འདུག ད་དུང་རྟ་སྒ་གོང་ཆེན། ཡོབ་ཆེན་བཟང་ཤོས། རྨེད་ཐག་ཡག་གྲས་སོགས་འབྲོག་པའི་ཕོ་ཤར་ཞིག་ལ་དགོས་དགོས་མཁོ་མཁོ་ཚང་མ་བསྒྲིགས་ཚར་འདུག ཡིན་ནའང་ང་རང་ལག་ཆགས་རྒྱུ་འགོར་དྲགས་པས། མཁོ་དངོས་དེ་དག་ཀྱང་རིམ་གྱིས་གཞན་ལ་དབང་བར་གྱུར། མི་རྒན་གྱི་བསོགས་པ་ཁྱི་རྒན་གྱི་ཁ་ཟས་ཞེས་པ་ངོ་མ་ཡིན་འདུག་ཨང་། 

ངའི་དགེ་རྒན་དེ་སྒྲོལ་མའི་རྣལ་འབྱོར་པ་ཡིན་པས་ངའི་ཨ་མ་དངོས་ཏེ་ཁོའི་བོ་སྐལ་མའི་མིང་ལའང་སྒྲོལ་མ་ཞེས་བཏགས་ཡོད་པ་དང་། ངའི་སྲིང་མོའི་མིང་ལའང་ཏཱ་རེ་བཏགས་ཡོད་པ་སོགས་གཞུག་གཞུག་ནས་ཤེས་པ་ཡིན། 

ང་ཚོ་ཁྱིམ་མི་ཚོར་མཚོན་ན་མགོ་ཐོག་གི་ཉི་མ་ལྟ་བུའི་ལོ་ལོན་དེ་གཉིས་ཕྱི་མའི་ཡུལ་ལ་སོང་རྗེས། མ་གཞི་ནས་ངའི་ཨ་མ་ནད་པ་ཡིན་ཁར། ང་དང་སྲིང་མོ་ཚོ་ལོ་ཆུང་དྲགས་པ་སོགས་ཀྱིས་སྡུག་ཅུང་ཟད་མྱངས་པ་ཡིན། ངའི་ཨ་མ་དེས་ཀྱང་ངེད་ཚང་གི་སྤོ་བོ་རྨོ་མོ་ཟེར་ན་འདྲ། ལོ་ལོན་གཡང་རྒན་དེ་གཉིས་ཀྱི་དྲིན་ལ་སྤྱིར་ན་སྐྱིད་ཅུང་ཟད་བརྒྱབ་པ་ཡིན་མོད་མཐར་གཤིན་རྗེའི་ལག་ནས་མ་ཐར། 

ཤི་ཐག་སོས་ཐག་ཆོད་པའི་དེ་རིང་ད། ངེད་ཚང་ངམ་ངའི་དགེ་རྒན་ནམ་ངའི་སྤོ་བོའི་ཁྱིམ་ཚང་འདི་ཁ་ས་གཏན་ཉིལ་དུ་གཏོང་མཁན་གྱི་མི་དེ་དེང་སང་ག་འདྲ་རེད་ཅེས་གཞན་ལ་དྲིས་པ་ཡིན་ཏེ། ཁོ་ཡང་སྔར་ཞིག་ནས་ན་སྡུག་ཐུ་མོ་ཆེ་བཟོད་པར་དཀའ་བ་མྱངས་ནས་ཤི་ཐལ་ཟེར། ད་ངོ་མ“འཁོར་བའི་ཆོས་ལ་གད་མོ་བྲོ”ཟེར་བ་དེ་ལས་དྲན་རྒྱུ་མི་འདུག་གཱ ། 

ངའི་དགེ་རྒན་ནམ་ངེད་ཚང་གི་དྲིན་ཆེན་པོ་དེ་གསོན་ངོགས་སུ་ཡོད་དུས་ང་རང་ན་ཕྲ་དྲགས་པས་ཁོ་ལ་ཅི་ཡང་འདྲི་ཐུབ་མེད་ལ། བགྲོ་གླེང་སོགས་ལྷག་ཏུ་ཡོང་མྱོང་མེད། ཁོ་ད་ལྟ་ད་དུང་ཡོད་ན་ཅི་མ་རུང་། ཁོས་ཡང་སྙིང་ཅི་ཞིག་བསམས་ཡོད་པ་ཡིན་ནམ། ཁོས་ཆོས་ལུགས་ཞེས་པ་ཚད་ག་འདྲ་ཞིག་ལ་བཞག་ཡོད་ན། འདི་ལྟར་ཕྱིར་དྲན་བྱས་ན་སྐབས་དེའི་དགེ་བོ་ཕལ་ཆེ་བ་དང་མི་འདྲ་བར་ཁོའི་ཡི་གེར་དག་ཆ་འདུག ཁོས་ཤིང་ལ་འབྲི་སྨྱུག་བཟོ་ཞིང་བཟོས་པ་བཞུན་མོ་ཡོད། ཁོས་སྣག་ཚ་བསྒྲུངས་ནས་དབུ་མེད་སྣ་ཚོགས་ཀྱང་འབྲི། 

ཁོ་གསོན་ངོགས་ན་ཡོད་དུས་ཁོས་ང་རང་ཁྲིད་ནས་དགོན་པ་ཞིག་གི་འཆམ་ལ་བལྟ་རུ་འགྲོ་མྱོང་། དགོན་པ་དེ་དགེ་ལུགས་པའི་དགོན་པ་ཞིག་ཡིན་ནའང་ལོ་རྒྱུན་ལ་བཀའ་བརྒྱུད་མི་ལའི་འཆམ་ཞིག་རྩེ་བཞིན་འདུག འཆམ་དེར་རྗེ་བཙུན་དུ་བཅོས་པ་ཞིག་གིས་མགུར་ཤྭ་བ་རང་གྲོལ་སོགས་གསུངས་མདོག་བྱེད། ཨ་ར་དཀར་ནག་ཟེར་བ་ཡིན་ལས་ཆེ། གཉིས་ཀྱིས་ཕན་ཚུན་གྱི་མགོ་ནས་ཤིག་འདྲ་བ་ཞིག་འཐུ་མདོག་བྱེད། ད་དུང་ཐ་གུ་གཉིས་ཟེར་བ་ཞིག་ཡོད། དེ་གཉིས་འཁོར་ལོ་འཁོར་བ་བཞིན་དུ་ཡུན་རིང་ལ་འཁོར་ཐུབ། ཁོག་སྨད་དུ་ཐ་གུ་ཁྲ་བོ་བསྟར་འདུག་ལ་མགྱོགས་མྱུར་གྱིས་འཁོར་ཚེ་ཐ་གུ་དག་དྲང་ཤད་ལེར་འགྲོ་ཞིང་། ཐ་གུ་ཕན་ཚུན་དཀྲི་བ་སོགས་སྤྱིར་བཏང་མི་ཡོང་བ་འདྲ། མ་ཟད་འཁོར་ཡུན་རིང་བོ་ཡིན་པས་བྱིས་པའི་མིག་ལ་མཛེས་ཤིང་འཐད་པ་ཞིག་རེད། ངའི་དགེ་རྒན་ཁོ་འཆམ་དེ་ལ་ཧ་ཅང་དགའ་ཞིང་ཁོ་ཡང་ཆུང་དུས་དགོན་པ་དེ་ནས་ཡིན་ས་རེད། ཁོས་ང་རང་དགོན་པའི་གྲྭ་ཤག་ཅིག་ཏུ་ཁྲིད་ནས་ངེད་གཉིས་ཀྱིས་དགོན་པ་དེའི་སྤྱི་པ་ནས་ཐོན་པའི་འབྲས་ཉོག་ཟོས་པ་ཡིན། འབྲས་ཉོག་ཀྱང་ཞིམ་མོད་ལྷག་ཏུ་འབྲས་ཉོག་ནང་གི་སིལ་དམར་དག་ཞིམ་ཡ། ང་དགེ་རྒན་ཁོ་དང་འགྲོགས་ནས་ཅུང་ཐག་རིང་ཞིག་ལ་སོང་བ་ཐེངས་དེ་ཡིན་པ་འདྲ། 

ངས་འདི་ལྟར་དགེ་རྒན་ཁོའི་སྤྱོད་ལམ་ནས་བཟོ་ལྟ། གཤིས་བརྒྱུད་ནས་བྱ་སྤྱོད་ཚུན་ཆད་དྲན་གསོ་བྱས་པ་ཡིན་མོད། ངའི་དྲན་ངོགས་སུ་ངོ་མ་མང་པོ་མི་འདུག་ཡ། ཁོའི་ལག་པ་གཉིས་ཀྱི་མཛུབ་མོ་སྐོར་ཞིག་གི་མགོ་བཅད་ཡོད། དེ་ནི་ཁོས་ཆུང་དུས་ཤིག་ལ་གློག་རྫས་ཤིག་སྐམ་གཅུན་བྱས་པས་རྫས་དེ་ཁ་བཀད་ནས་རྨས་སོང་བ་རེད་ཟེར། ཁོ་དུས་དབང་གིས་གྲྭ་བ་ལོག་དགོས་བྱུང་ནའང་། ཁོ་རང་རང་གི་དགོན་པ་དེར་སྙིང་ནས་དགའ་ཞིང་དད་པ་འདྲ་ཞིག་འདུག ཁོས་དགོན་པ་དེའི་གྲྭ་བ་དག་ལའང་རྩིས་ཆེན་པོ་བྱེད། ཁོའི་ཉལ་ཚར་འདོན་མཁན་ཡང་དགོན་པ་དེའི་གྲྭ་བ་ཞིག་ཡིན་དགོས་ཟེར་ལ། ཁོ་འཆི་ཁར་གྲྭ་བ་ཞིག་གི་མིང་ནས་བཟུང་སྟེ“ཉལ་ཚར་འདོན་མཁན་ངེས་པར་དེ་ཡིན་དགོས”ཟེར་བས་གཞུག་ནས་ངའི་ཨ་མ་སོགས་ཀྱིས་ཀྱང་གྲྭ་བ་དེ་བོས་ནས་དེར་ཐར་མདོ་ཞལ་ཕྱེས་སུ་བཅུག་ཡོད་པ་འདྲ། 

མི་གཞན་གྱི་རྣམ་ཐར་ལོ་རྒྱུས་སོགས་ལས་ཁོའི་འདྲ་ས་རེ་ཨེ་རྙེད་བལྟས་པ་ཡིན་མོད། ཁོའི་ཉམས་དེ་དང་སྤྱོད་པ་དེ་སྒྲ་སྒྱུར་མར་པ་དང་མཚུངས་མདོག་ཁ་སེ་ཞིག་མེད་དམ་སྙམ། ད་ལྟའི་མི་གསོན་པོ་དག་གི་ཁྲོད་ནས་ཁོའི་ཁ་རིས་ངོ་མདོག་ཅིག་བཙལ་དགོས་ན་ནི། སྙན་ངག་པ་ལྗང་བུའི་ཁ་རིས་ངོ་མདོག་དེ་རེད་སྙམ། གསལ་པོར་མི་དྲན་མོད་ཕལ་ཆེར་དེ་འདྲ་ཞིག་རེད་འདོད། 

                                                                                   ༢༠༡༧ ༩ ༩

C753038B-2874-4F4F-A500-AB5BB366C14B-207-000000080D19C90B_tmp.JPG

༈ ཁྱོད་ཀྱང་ངའི་རྣམ་རྟོག་གི་རབ་ཁར་ཡོང་ནས་ཡང་ཡང་འབོད། 

ངའི་ཤི་གསོན་གྱི་མི་སྣ་དེ་ཚོ་ལ་ལུང་མང་པོར་བསྐུངས་ནས་ཡོད་པས། བོས་པ་ཙམ་གྱིས་འདུས་ཡོང་བ་ཞིག་མ་རེད། ཡིན་ནའང་གཉིད་མ་ཡོང་བའི་དུས་དང་སེམས་མི་སྐྱིད་པའི་དུས་སུ་ཁོ་ཚོ་ངང་གིས་གཅིག་རེ་གཉིས་རེ་བྱས་ནས་སླེབས་ཡོང་རྒྱུ་རེད། ལྟོས་གདའ། བཟའ་ཟླ་གཉིས་ཤིག་རྟར་ཞོན་ནས་ཆུ་ཆེན་ཞིག་ཨུ་ཚུགས་ཀྱིས་རྒལ་བཞིན་པ་མཐོང་ངམ། ཆུང་མ་དེའི་རུམ་ནས་བྱིས་པ་ལོ་གཉིས་གསུམ་ཅན་ཞིག་གིས་མིག་རིག་རིག་ཏུ་ཡར་ལྟ་མར་ལྟ་བྱེད། བྱིས་པའི་སྐེ་རུ་ཕྱག་མདུད་སེར་པོ་ཞིག་རླུང་གིས་བསྐྱོད། ཁ་སང་ཉིན་གང་བོར་དང་མདང་ནུབ་མཚན་གང་བོར་ཆར་ནག་རྐྱང་རྐྱང་བབས་པས་དེ་རིང་ཆུ་ཤུགས་ཆེ་ཞིང་། ཆུའི་ཁ་རུ་ས་དང་རྩྭ་སོགས་ཡོམ་ཡོམ་འགྲོ་ཞིང་། རླབས་དྲག་པོ་ཞིག་སྔོ་ལྷོག་ལྷོག་དང་ནག་ཟེད་ཟེད་བྱེད། ངོ་མ“ཀླུ་བདུད་འཁུན་པ་འཐིབས་སེ་གདའ”ཞེས་པ་འདི་འདྲ་ཞིག་ཡིན་རྒྱུ་རེད། 

ཁྱོ་གས་རྟ་གཞན་ཞིག་ཀྱང་ཁྲིད་འདུག་པས་ཅུང་ཟད་རྗེས་སུ་ལུས་འདུག་སྟེ། ཁོ་ཚོའི་བར་ཐག་ན་གོམ་པ་བརྒྱ་ཤོག་ཅིག་ཡོད་ས་རེད། ཐག་རིང་ཐག་རིང་ཞིག་ན་བྱ་འོལ་སེར་ཞིག་གིས་སྐེ་སོ་བྱེད་པ་ནི་ཁོ་ཚོ་སུས་ཀྱང་མཐོང་མེད་ལས་ཆེ་མོད། ཕ་གིའི་རྫ་སྐེད་དུ་རླངས་འཁོར་སྔོན་པོ་ཞིག་གིས་རྡོ་སོལ་རི་རྒྱུད་ལྟ་བུ་ཞིག་དྲུད་ནས་འགྲོ་བཞིན་པ་མཐོང་ཡོད་ངེས་ཡིན། གང་ལྟར་ཆུང་མ་མ་བུ་དེ་གཉིས་ཆུར་བརྒལ་ནས་ཅུང་ཟད་སོང་བ་ན། གློ་བུར་དུ་ཆུ་ཇེ་བྲུག་ལ་བུད་སོང་བ་ལྟར་ནག་མེར་མེར་དང་སྐྱ་ཆིལ་ཆིལ་བྱེད། ཁོས་རྒྱང་རིང་ནས་སྐད་ལ་བརྒྱབ་ནས“ཤིང་མོ། སེམས་ཆུང་བྱོས། ཆུ་དགྲ་ཡོད་ན་ཐང”ཟེར། ཆུ་དཀྱིལ་དུ་ཐོན་མ་ཐག་རྟའི་རྣ་སྣེའི་བར་ནུབ་ཅིང་། མཐར་རྟ་སྒའི་ཡོབ་ཐག་ཆད་ནས་མ་བུ་གཉིས་རྟ་དང་བཅས་པ་ཆུ་ནང་ལ་མེད་སོང་། ཁྱོ་ག་དེས་ཆུ་ཁ་ནས་ཡར་རྒྱུགས་མར་རྒྱུགས་འགའ་བྱས་རྗེས་སྐེ་རགས་བཤིག་ནས་རུམ་ན་ཡོད་པའི་གློག་གི་དཀར་ཐོ་དང་ལྕགས་ཀྱི་མགོ་སྐོར། བྱིས་པའི་རྭ་ནུ་སོགས་ཐང་ལ་བཞག་རྗེས། བསམ་དབང་དྲན་དབང་མེད་པར་གད་ཁ་མཐོ་ས་ཞིག་ནས་ཆུ་ནང་ལ་ལྕེབས་སོང་། ཉིན་བཞི་ལྔ་ཞིག་གི་རྗེས་སུ་ཁོ་ཚང་གི་ཡུལ་མི་ཚོས་ཆུ་དེའི་ཆུ་རྔ་ཞིག་ནས་ཤིང་མོ་ཕ་མ་བུ་གསུམ་གྱི་བེམ་པོ་རྙེད་ནས་ཆོས་ལུགས་ཀྱི་ཆོ་ག་སྟབས་བདེ་ཞིག་བསྒྲུབས་ནས་བེམ་པོ་དུར་ཁྲོད་ལ་བསྐྱལ་སོང་། 

སྐད་ངན་དེ་གོ་བ་ན་ངེད་ཚང་གི་རྨོ་མོས་ཀྱང་མཆོད་མེ་གསུམ་བསྒྲོན་ནས་ཤིང་མོ་སྟེ་ལོ་མང་པོའི་སྔོན་དུ་ངེད་ཚང་གི་གཡོག་མོ་བྱས་མྱོང་བའི་བུ་མོ་དེའི་དོན་དུ་ཐོག་མར་མིག་ཆུ་བཏོན། བར་དུ་དགེ་རྩ་བཅོས། མཐའ་མར་བསྔོ་བ་ཡང་བྱས་ཐལ། ངས་གསལ་པོ་ཞིག་མི་དྲན་མོད། ཤིང་མོ་ངེད་ཚང་ན་ཡོད་དུས་མོས་རས་ལྭ་སྔོན་པོ་ཞིག་གྱོན། ནོར་དེད་ནས་རྫ་རྒན་སེར་ལྡང་གི་སྲིབ་ངོས་སུ་འགྲོ། ཆོས་སྐྱབས་ཚང་གི་ཞི་ལུས་མོ་ལ་བཙན་པོ་བཅའ་རྒྱུ་ཟེར་ནས་བདའ་ཐེངས་རེར་མོས་ངུ་འཆོལ་བྱེད་ཞོར་ཁྱིམ་དུ་བྲོས་ཡོང་བ་ཡིན། ཆོས་སྐྱབས་ཚང་གི་ཞི་ལུ་དེ་མི་གཏུམ་པོ་ཞིག་ཡིན། ཤེད་ཤུགས་ཀྱང་ཆེ། གླེན་ཞད་ཀྱང་ཅུང་འདྲེས། མིག་ལ་སྐྱོན་ཞིག་ཡོད་པ་ཡིན་ནམ་ཅི་ཤེས་ཏེ་ཁོའི་མིག་གཉིས་པོ་ནས་རྟག་པར་གཤེར་ཁུ་ལྗང་སེར་ཞིག་བཞུར་བཞུར་ལ་ཡོད། ཁོས་རྒྱུན་དུ་རྟ་ཞོན་ནས་ལུག་རྫི་ནོར་རྫི་ཡིན་པའི་ཞི་མོ་ཚོ་བདའ་རྒྱུ་རེད། ཁོའི་ལག་ལ་ཞི་མོ་མི་ཡོང་བ་ཡིན་ནམ་སྤྱིར་སྐབས་དེར་ཞི་མོ་ཅུང་ཉུང་བ་ཡིན་པ་མི་ཤེས་ཏེ། ཁོ་ནི་ངོ་མ“འདོད་ཆགས་ངོ་ལ་བརྒྱུགས་ནས་ཡོད་མཁན་དང་མཇེ་ལག་ལ་བཟུང་ནས་འགྲོ་མཁན”གྱི་གྲས་ཡིན། ཤིང་མོ་དབྱར་ཟླ་ཧྲིལ་བོ་ཞིག་ལ་ཆོས་སྐྱབས་ཚང་གི་ཞི་ལུར་བྲོས་བྲོས་སྦས་སྦས་ཀྱིས་བསྡད་པ་ཡིན། དེ་དུས་འཇིག་རྟེན་རྙིང་བ་མིན་ན་ཡང་། ཞི་ལུ་ཚོས་ཞི་མོ་ཚོར་བཙན་པོ་བཅའ་རྒྱུ་ཟེར་ནས་འདེད་རྐྱང་བྱེད་ཅིང་། ཞི་མོ་ལ་ལར་བཙན་པོ་བཅའ་ཡང་བཅའ་གི་ཡོད་པ་རེད། སྡེ་མི་ཚོས་གཞན་གྱིས་བཙན་པོ་མ་བཅོས་སྔོན་ལ་གཏུག་ས་ཞིག་རྙེད་ཀི་མེད་པ་དང་། བཅོས་ཚར་རྗེས་གཏུག་རྒྱུར་ངོ་ཡང་ཚ་གི་འདུག་སྟེ། “ཁོས་ང་ལ་བཙན་གྱིས་གཡབ་ཐལ་ལམ་ངེད་ཚང་གི་ཞི་མོར་བཙན་གྱིས་གཡབ་ཐལ་ཞེས་ཅི་ལྟར་བཤད་དམ”ཟེར་རོ།། 

ངས་ཤིང་མོའི་ལག་ཟས་མང་པོ་ཟོས་མྱོང་། ཕྱེ་ལེབ་ཆུང་ཆུང་དེ་འདྲ་གཏུབ་ནས་ཁུ་ཐང་ཞིམ་པོ་བསྐོལ། རྩམ་ཐང་ལ་ཟྭ་ཚོད་བཏབ་ནས་བསྐོལ་ན་ཡང་རབ་ཏུ་མངར། སྐབས་དེར་བྲོ་རྫས་གཞན་མེད་དེ་མོས་ཛ་ཏི་ཁོ་ནས་ཆོག་པར་བྱེད་ལ་ཆོག་ཀྱང་ཆོག་ཐལ། ཤིང་མོས་ང་རང་ཁུར་ནས་བྲག་རྩ་དང་ཆུ་ཁ་དེ་འདྲར་སོང་མྱོང་། ཤིང་མོས་ངེད་ཚང་གི་འབྲི་ལྔ་བཅུ་ལྷག་དེ་ཕྱི་དྲོ་ནས་དགོང་མོའི་བར་དུ་བཞོ་དགོས་ལ། མོས་འབྲི་བཞོ་ཞོར་དུ་དབྱངས་རྟ་ཞིག་ལ་བཀུགས་ནས་ལྟུང་བཤགས་དང་བཀའ་བསྡུས། གདུགས་རིང་སོགས་བློར་འདོན། མོས་ཟེའུ་ཏོ་ལྗང་ཁུ་ཞིག་གི་ནང་ལ་འོ་མ་ལྟེམ་མེར་གཡོ་བ་རེ་བཞོས་ནས་ཁྱིམ་ལ་ཐོན་དུས་རྨོ་མོ་ཡང་ཧ་ཅང་དགའ་སྟེ་མོ་ལ་ཀ་ར་སྟེར་རྒྱུ་རེད། མོ་རང་ཀ་ར་ལ་ཧ་ཅང་དགའ། དེ་དུས་སྤྱིར་ཀ་ར་མང་པོ་མེད་མོད་ཀ་ར་དཀར་པོ་དང་ཀ་ར་ནག་པོ། རྡོ་ཀ་ར་སོགས་ཅུང་ཟད་རེ་ཡོད་ལ། མོས་ངེད་ཚང་ནས་གཡོག་བྱས་ཚར་ནས་འགྲོ་དུས་ཀྱང་ངེད་ཚང་གི་ལོ་ལོན་གཉིས་ཀྱིས་མོ་ལ་འབྲི་དཀར་དཀར་ཞིག་དང་རྒོད་མ་སྔོ་སྔོ་ཞིག ཀ་ར་ཁུག་མ་འགའ་བཅས་གླར་བྱིན་པ་རེད། 

ཤིང་མོ་ནི་འབའ་འདེབས་པར་ཡང་གཤིས་ཀྱིས་དགའ། འབའ་བཏབ་ཟེར་ན་ཁྱོད་ཚོས་མི་གོ་ཡང་སྲིད། མོས་འབའ་རྡེའུ་དཀར་ནག་ཁྲ་གསུམ་གནམ་ལ་གཏོར་ནས་ས་ལ་མ་ལྷུང་སྔོན་ལ་ལག་པས་མྱུར་སྟབས་ཀྱིས་འཛིན་ལ། དེ་ལྟར་ཟིན་ཐེངས་རེར་མོའི་མིག་ཏུ་ཡིད་ཚིམ་པའི་མདངས་ཤིག་འཚེར་ཡོད། མོའི་སེར་ག་ཅན་གྱི་ལག་པ་དང་། འོ་དྲེག་གིས་ཟིན་པའི་པང་ཁེབས། ཁ་བཏགས་ཤིག་གིས་སེ་རལ་ལ་ཁུར་ཡོད་པའི་སྲུང་འཁོར་སོགས་ངའི་ཡིད་ལ་ད་དུང་ཡོང་ཐུབ། 

ཤིང་མོ་ཤི་རྗེས་ཀྱང་ཤིང་མོའི་ཨ་ཕ་ངེད་ཚང་ལ་རྒྱུན་དུ་ཡོང་ཞིང་ང་ཡང་ཁོ་ཚང་ལ་སོང་མྱོང་། ཁོ་ཚང་ལ་འགྲོ་ན་རི་འབར་ར་འབུར་རེ། ལམ་འཁྱ་ག་འཁྱོག་གེ ཆུ་དམ་མེ་དུམ་མེ་མང་པོ་ཞིག་གི་བར་གསེང་ནས་འགྲོ་དགོས་ལ། ཤིང་མོའི་ཨ་ཕར་སྐབས་དེར་འབྲོག་ཕྱོགས་ལ་དར་ཆེ་བའི་མའོ་ཐོ(摩托)དམར་པོ་མགོ་འདལ་ཞིག་ཡོད་ཅིང་། ཁོས་ང་རང་མའོ་ཐོ་དེའི་འཕོངས་ལ་བཟུང་ནས་ངེད་གཉིས་རྫོང་ཐོག་ལའང་སོང་མྱོང་། ཤིང་མོ་ཤི་ནས་འགོར་ན་ཡང་མོའི་ཨ་ཕས་གཏན་ནས་བརྗེད་ཐུབ་ཀི་མི་འདུག་སྟེ།  “ངའི་ཞི་མོ་ཤིང་མོ་ནི་དོང་ནང་གི་མེ་ཏོག་འདྲ་བོ་ཡིན། སྔོན་ཞིག་ནས་བཙད་ཀྱིས་བསྐམས་ཚར་བ་རེད་ཡ”ཟེར། ཤིང་མོའི་ཨ་ཕའི་སྨིན་མ་དཀར་ཐག་ཆོད་པ་དང་། སོ་ཡང་ཕལ་ཆེར་ལྷུང་ཚར་འདུག ཁོས“ཤི་བ་མགོ་མཇུག་ལྡོག་པ་རེད། ད་ང་ལ་འཆི་རྒྱུ་ཞིག་མི་འདུག”ཟེར། ཤིང་མོའི་ཨ་ཕ་ཤོག་ཕེ་རྩེད་རྒྱུར་དགའ། ཁོས་བཤད་ན་ཤིང་མོ་ཡང་ཤོག་ཕེ་རྩེ་རྒྱུར་ཧ་ཅང་དགའ་ཟེར། ཤིང་མོ་ལོ་ཆུང་ཆུང་ཡིན་དུས་ནས་ཤོག་ཕེའི་ནང་གི་བཅུ་བ་དམར་མདོང་དང་བདུན་པ་གྲུ་བཞི། གནམ་ས་སོགས་ངོས་ཟིན་ཐུབ་ཅིང་། ལྷག་ཏུ་ཤོ་རིས་བཅུ་གསུམ་པ་དང་ཤོ་རིས་བཅུ་གཉིས་པའི་ཐོག་གི་རི་མོ་ཁྲ་རིལ་ལེ་བ། མགོ་རྔ་མི་ཤེས་པ་དེ་ཚོར་ཡ་མཚན་དགའ་གི་ཟེར། 

ཤིང་མོ་གནས་ལ་སོང་རྗེས་སྤྱིར་བཟའ་ཚང་འགྲིག་པ་དང་སྒོས་ན་རྒྱུ་ཚ་རྒྱུ་མེད་ཅིང་། རྣམ་རིག་བཀྲ་བའི་བྱིས་པ་ཞིག་ཀྱང་སྐྱེས་པ་རེད། ཡིན་ནའང་ལོ་དེར་ཤིང་མོ་སོགས་ཤིང་མོའི་ཨ་ཕ་ལ་སྐོར་ཞིག་རྒྱག་ཏུ་ཡོང་དུས་བ་ལི་མའི་རོ་ཆུའམ་གྲི་ཆུ་དེར་མ་ཐར་ནས་ཤི་སོང་བ་རེད། ཤིང་མོའི་ཨ་ཕས“གནམ་རྒན་མ་ལ་མིག་མི་འདུག ཁོ་ཚོ་ང་ལ་སྐོར་རྒྱག་ཏུ་མ་ཡོང་ན་མི་ཆོག་གམ། མ་མཐར་ཉིན་དེར་མ་ཡོང་ན་མི་ཆོག་གམ། ངས་དེ་ལ་འདང་བརྒྱབ་ན་འགྱོད་པ་རྟས་མི་ཟིན་པ་ཞིག་རེད”ཟེར། 

མོའི་ཨ་ཕར་ཁག་ཅི་ཡོད། ངའི་ནང་སེམས་ཀྱི་ཆུ་གཉེར་ལས་ཀྱང་ཤིང་མོ་ལ་ཡལ་རྒྱུ་ཞིག་མི་འདུག བུ་མོ་སྔོ་བསངས་མ་དེར་གཡུག་དང་ལས་ཀ་ཡོད། གཤིས་དང་རྒྱུ་བ་བཟང་། གཟུགས་པོ་འབྲིང་ཚད་ལ་ནུ་མ་འབུར་དུ་ཐོན་ཡོད། མོ་རང་ཕྱུགས་ཟོག་ལ་འདང་ཆེ། བདག་པོ་ལ་བློ་དཀར། ལོ་དེར། ཆོས་སྐྱབས་ཚང་གི་ཞི་ལུས་མོ་ལ་བཙན་པོ་བཅའ་རྒྱུ་ཟེར་ནས་བདའ་དུས་ཀྱི་མོའི་བྲེད་ཤ་ལངས་པའི་མིག་ཟུང་དེའང་ངས་བརྗེད་རྒྱུ་ཞིག་མི་འདུག ཤིང་མོ། ངའི་ཨ་ཅེ། ཁྱོད་གང་ན་ཡོད། 

                                                                                ༢༠༡༧ ༩ ༡༦

D9ACB8E9-6F81-4977-8E5E-C8BF7750B474-221-0000000DBDE7AD13_tmp.JPG

༈ སྡེ་བའི་མགྲོན་པོ་རེ་ཟུང་། 

གླེང་གཞི།
ང་ཚོའི་སྡེ་བ་འདིའི་ས་རྒྱ་ཆུང་ཞིང་མི་གྲངས་ཉུང་ན་ཡང་། ནང་ལོགས་དང་རོང་ཕྱོགས་ནས་ཡོང་བའི་རྒྱ་བོད་ཧོར་གསུམ་གྱི་གྲུབ་ཆེན། གྲོང་ཆོག་པ། ལྷ་པ། མོ་པ། རྩིས་པ་སོགས་ཀྱིས་ཁྱབ་སྟེ་ཡོད། ཁོ་ཚོ་དང་འབྲེལ་བའི་གཏམ་རྒྱུད་ཆུང་ཆུང་ཅུང་ཟད་དགོད་བྲོ་བ། ཡང་ཅུང་ཟད་ངུ་བྲོ་བ། ཅུང་ཟད་ཉམས་ཀྱང་མཚར་བ་སྣ་ཚོགས་ཤིག་བྱུང་ཡོད། ཁོ་ཚོས་སྡེ་བ་འདིར་གནོད་ཆེན་པོ་བསྐྱལ་བ་མེད་པས་ང་ཁོ་ཚོར་མི་སྡང་ལ། ཁོ་ཚོས་ཕན་ཆེན་པོ་བཏགས་པའང་མེད་པས་རྗེས་དྲན་ཞུ་དགོས་པ་ཞིག་ཀྱང་མིན་མོད། ཁོ་ཚོའི་ཁ་རིས་ངོ་མདོག་དང་བཅའ་སྲོལ་ལས་སྲོལ་དག་བརྗེད་མི་ཐུབ་པ་ཞིག་རེད། ཁོ་ཚོ་རེ་རེ་ནི་སྣ་ལ་འགྲོན་བུ་བཏགས་པའི་འབྲས་དཀར་བཤད་མཁན་རེ་དང་འདྲ་བར་ང་རང་ཐེ་བའི་མི་ཅུང་མང་པོ་ཞིག་གི་བག་ཆགས་ཁྲོད་ད་ལྟ་ད་དུང་ཡང་ཀྱི་ལི་འཁོར་བཞིན་འདུག འདིར་ཁོ་ཚོའི་ཁྲོད་ཀྱི་རེ་ཟུང་གི་ལོ་རྒྱུས་ཕྲན་ཙམ་རེ་བྲིས་ནས་བརྗེད་ཐོར་ཉར་བར་བྱ། 

༡ བླ་རྒན་དར་རྒྱས། 
ཁོ་ནི་ཀ་མདོ་ནས་ཡིན་ཟེར་ལ་མིན་ཡང་ཟེར། གང་ལྟར་སུས་ཀྱང་ཁོའི་ཐོབ་དཔང་མཐོང་མྱོང་མེད། ཁོའི་བཟོ་ལྟ་ནི་ཆུ་ངོགས་གཏམ་རྒྱུད་ནང་གི་གྲྭ་པ་ལོའུ་ཀྲི་ཧྲིན་དང་འདྲ་བོ་ཞིག་ཡིན། ཁོའི་ཁྱད་ཆོས་ནི་རྩིས་བྱས་ན་འཆུག་རྒྱུ་མེད་ཟེར་བ་དེ་རེད། ཁོས་ཁྱིམ་ཚང་ཞིག་ལ་ག་གེ་མོས་གནན་པ་བརྒྱབ་འདུག་ཟེར་ནས་མི་མང་ཙམ་བསྡུས་ཏེ་ཐང་སྟོང་ཞིག་ཏུ་ས་བརྐོས་ཤིང་ས་འོག་ནས་མདོག་དམར་ལ་ཁ་མིག་དོད་པ་ཨག་འདེབས་པ་ཆེ་ཆུང་མིའི་མགོ་བོ་ཙམ་ཞིག་བླངས་པས་ཐམས་ཅད་ཧ་ལས། འོན་ཀྱང་ཁོས་དངོས་པོ་དེ་མྱུར་དུ་སྦྱིན་སྲེག་བྱེད་དགོས་ཟེར་ནས་མེ་ལ་བསྲེགས་པས་ཞིབ་ཕྲ་སུས་ཀྱང་མཐོང་ཐུབ་མེད། དེ་ནས་བཟུང་ཁོ་རང་ཁྱིམ་ཚང་དེའི་གཞིས་དཔོན་དུ་གྱུར་ཏེ་གང་སྐྱིད་གང་བདེ་བྱས་ནས་བསྡད། མཚམས་ཤིག་ལ་གློ་བུར་དུ་ཁྱིམ་ཚང་དེའི་བུ་མོ་ལྷ་མོ་འདྲ་ཞིག་ལྕགས་རྭར་ལྕེབས། དེ་ནི་བླ་རྒན་དར་རྒྱས་ལ་འབྲེལ་བ་ཡོད་ཟེར་མཁན་མང་། ཉིན་མོ་ཞིག་ལ་ཁོ་རང་འཚབ་འཚུབ་ངང་གར་སོང་ཆ་མེད་དུ་གྱུར། ཁོ་དེ་ལྟར་གསལ་བཤད་དང་འགྲེལ་བརྗོད་ཅི་ཡང་མེད་པར་ང་ཚོའི་སྡེ་བར་ཡོང་ནས་ཡང་གསལ་བཤད་དང་འགྲེལ་བརྗོད་གང་ཡང་མ་བཞག་པར་བུད་སོང་། ཁོས་སྡེ་བ་འདིའི་མང་ན་འབྲི་གཡག་གཉིས་གསུམ་ཞིག་གི་རིན་ཁྱེར་ཡོད་ལས་ཆེ། དེའི་མང་ཞིག་ཁྱེར་མེད་ཁོ་ཐག་ཡིན་པ་འདྲ། ང་ཚོ་ཁོར་སྡང་མི་ཤེས་ལ་སྡང་དོན་ཡང་མེད་པ་འདྲ་མོད། སྐབས་རེར་ཅུང་དྲན་པ་འདྲ་ཞིག་རེད། ཡོན་ཏན་མེད་ཅིང་རྟ་ཞོན་པར་དགའ་བ། བུད་མེད་ལ་ཧ་ཅང་ལོས་དགའ་འདོད་སྤྱད་ཀྱི་བླ་རྒན་དེ་གང་ལ་བུད་སོང་ངམ། རྒྱབ་ལ་རས་ཁུག་སེར་པོ་ཁུར་བའི་བླ་རྒན་དེ་ང་ཚོའི་སྐད་ཅིག་གི་མགྲོན་པོར་གྱུར་མཐར་ཡང་གློག་འཁྱུག་པ་ལྟར་ཡལ་སོང་བ་རེད། འདི་ནི་རྟེན་འབྲེལ་ཞིག་གིས་ཡིན་ནམ་གཞན་ཅི་ཞིག་གིས་ཡིན། འཇིག་རྟེན་འདིར་འདི་འདྲའི་དགའ་མིན་སྡུག་མིན་གྱི་དོན་དག་མང་པོ་མང་པོ་ཡོད་པ་རེད་ཨང་། 

༢ རྒྱ་ལའོ་ཧྲིན། 
ཁོའི་ངོ་ནི་དམར་ནག་ཤས་ཆེ་བ། སྨིན་མ་རིང་ཞིང་རྣ་བ་ཀོར་ཀོར་ཅན། གཏུམ་ཉམས་ཅུང་ཟད་ཡོད་པ་ཞིག་ཡིན། ཁོ་ནི་གནའ་དང་མར་དར་བའི་རྒྱ་ལ་སྔོན་པོ་ཆ་ཚང་གྱོན་པ་ཞིག་ཡིན། ཁོས་རྟག་པར་བཙོ་བསྐོལ་བ་ཡིན་ཟེར་ནས་ཆུ་ནག་སྟོང་གདུ་བྱེད། སྐབས་རེར་ཆུ་དེའི་ནང་རྡོ་རིལ་འགའ་རེ་འཕེན། སྐབས་རེར་རྩྭ་ཕྱགས་ཤིག་གིས་ཆུ་ཁོལ་མ་དཀར་ཆིལ་ཆིལ་མི་ཕྱུགས་གཉིས་ཀྱི་ཐོག་ལ་གཏོར། མི་དག་སྟོད་རྗེན་དུ་བསྡད་ནས་ཆུ་དེ་འཕོག་པར་རེ། ཆུ་དེས་རབ་ཏུ་ཚ་མོད། མང་པོས་མི་ཚ་ཟེར་ནས་མཚར་མཚར་བྱེད། ཁོའི་ཁ་ནས་འདོན་རྒྱུ་ནི“འ་མེ་ཐོ་ཧྥོ”རྐྱང་རྐྱང་ཡིན། ཁོས་ཆང་ཅུང་མང་པོ་འཐུང་། ཆང་གིས་བཟི་རྗེས་ལུག་རྭ་དང་ནོར་རྭའི་ནང་ལ་བརྒྱུགས་ནས་ས་གནམ་ལ་གཏོར། རྭ་ཁར་ཞོན། ལུ་གུ་ཆུང་ཆུང་དང་བེའུ་ཆུང་ཆུང་དེ་འདྲའི་རྣ་ནང་ལ་ཅི་ཞིག་ལབ་པར་བྱེད། ཁོ་ཡང་བུད་མེད་ཀྱི་རིགས་ལ་ཧ་ཅང་དགའ་སྟེ། སྡེ་བའི་བུད་མེད་དར་མ་སྐོར་ཞིག་ཁོའི“ཕྱག་རྒྱ་མ”ར་གྱུར། སྡེ་མི་ཚོས་བཤད་ན། ཁོས་སྲི་གཅོད། མོ་ལུང་ཐོག་ཏུ་ཁེལ། ཁོ་ལ་མི་དགའ་བའི་ལས་བྱས་ཚེ་ལས་བྱེད་མཁན་དེར་ན་བ་དང་འཆི་བ་སོགས་ཡོང་ཟེར། ཁོས་སྡེ་བའི་གཞོན་ནུ་མ་རེ་ཟུང་གི་ལུས་སྨད་རྗེན་པར་བལྟ་རྒྱུ་ཟེར་ནས་བཙན་འཛུགས་སྐབས་ཤིག་ལ་ངས་ཁོ་ལ་ངོ་རྒོལ་བྱས་པ་ཡིན། དེ་ནས་ཁོས་ང་ལ“ཁྱོད་རང་ལོ་ཉེར་གཅིག་ཐོག་ཏུ་ཡང་ན་རྒྱ་གར་ལ་འབྲོ་རྒྱུ་རེད་ཡང་ན་བཙོན་ལ་འགྲོ་རྒྱུ་རེད”ཟེར། ང་རང་མ་གཞི་ནས་དད་པ་ཆུང་གཤིས་ཁོའི་སྐད་ཆ་དེར་དོ་སྣང་མ་བྱས་མོད། ངའི་ཁྱིམ་མི་དག་གིས་ངའི་ཆེད་དུ་ང་རང་ལོ་ཉེར་གཉིས་ལ་མ་བུད་བར་སེམས་ཁྲལ་བྱས། ཡིན་ཡང་ང་རང་རང་ལོ་ཉེར་གཅིག་ནི་ཕར་ཟད་ད་ལྟ་སོ་དྲུག་རང་ལ་ཐོན་བྱུང་མོད། ཁོས་ལབ་པའི་ལུང་བསྟན་དེ་གཉིས་མངོན་གྱུར་བྱུང་མ་ཐལ། རྒྱ་ལའོ་ཧྲིན་ད་ལྟ་རྒན་འཁོགས་ཆགས་འདུག་ལ། ན་བ་ཡང་ཇེ་དྲག་ཏུ་འགྲོ་བཞིན་འདུག་ཟེར། ཁོས་ང་ཚོའི་སྡེ་བ་འདི་ཟ་ས་འཐུང་ས་ཉལ་ས། མཐའ་ན་གཉང་ས་ཚུན་ཆད་བྱས་ནས་བསྡད་པ་རེད་ལ། ཁོ་རང་གི་ཚོད་ཀྱིས་མི་ཕྱུགས་གཉིས་ཀྱི་ཆེད་དུ་བཅའ་བ་རིམ་གྲོ་ཡང་མང་ཙམ་བསྒྲུབས་པ་རེད། གང་ལྟར་ད་ནི་ཁོས་འཆི་དོང་ཁར་རྐང་པ་བསྲིངས་ནས་འདུག་པས། ང་ནི་ཁོ་ལ་མི་དགའ་བ་ཅི་ཡང་མེད་ལ། ངའི་མི་ཚེའི་ཁྲོད་དུ་མི་འདི་འདྲ་ཞིག་ཀྱང་ཡོད་དགོས་སོང་བ་ཨེ་རེད་སྙམ་ནས་བསམ་བློ་གཏོང་བཞིན་ཡོད་དོ།།

༣ དཔོན་བྱམས་དཀར། 
འགྲོ་འདུག་སྤྱོད་གསུམ་ལ་དལ་ཞིག་བབས་ཡོད་པའི་མི་སྟེ། དཔོན་བྱམས་དཀར་ནི་རེབ་གོང་ཕྱོགས་ཤིག་གི་ཡིན་ལ། ལོ་དྲུག་ཅུ་ལྷག་ཅིག་ཡིན། དཔོན་འདོན་བཟང་ཟེར་བ་ཁོ་ཡིན། དུས་གསུམ་གསལ་ལེར་ལོས་མཁྱེན་འདོད་པའི་མིག་ཁོ་ནར་ཡང་ལྟད་མོ་ཞིག་ཡོད། དཔོན་ཤོམ་ཅན་ཞིག་ཀྱང་ཡིན། རལ་བ་རིང་པོ་མགོ་ལ་དཀྲི། བ་སོའི་འཕྲེང་བ་སྐེ་ལ་འཕེན། རས་ཁམ་ནག་དང་དམར་སྨུག་གི་ལྭ་བ་གསར་བ་རྐྱང་རྐྱང་གྱོན། ཁོས་གཅོད་འདོན་དུས་རྐང་དུང་འབུད་པ་ཡིན་ལ། ལོ་ན་མཐོ་བས་ཡིན་ནམ། གང་ལྟར་རྐང་དུང་གི་སྒྲ་དེ་སྙན་མོ་ཞིག་མིན་ཡ། ང་ཚོ་བྱིས་པ་ཚོས་སྒྲ་དེ་གོ་ཐེངས་རེ་རེར་མ་བགད་རང་བགད་ཡིན། བུད་མེད་ལ་མི་དགའ་བ་ཡིན་ནམ་སྤམ་རྫུ་བྱས་པ་ཡིན་སུས་ཤེས། ཁོ་ང་ཚོའི་སྡེ་བར་ཡོང་ནས་བུད་མེད་ཅིག་ལ་མིག་ཟུར་ཞིག་འཕངས་པའི་གཏམ་ཙམ་ཡང་ཐོས་མྱོང་མེད། ངས་ཁོ་བུད་མེད་ལ་མི་དགའ་བས་ཡ་མཚན་རེད་ཟེར་བ་མིན། བུད་མེད་ལ་དགའ་བ་ནི་སྐྱེས་པའི་ལྷན་སྐྱེས་ཀྱི་གཤིས་ལུགས་ཤིག་རེད། དེ་ལ་དགག་རྒྱུ་ཅང་ཡོད་པ་མ་རེད། འོན་ཀྱང་དཔོན་བྱམས་དཀར་ནི་སྐྱེས་པ་དམིགས་བསལ་ཞིག་ཡིན་ཟེར་བ་ཡིན། ཁོས་ཆོས་བཏོན་པར་སྡེ་མི་ཚོས་སྒོར་མོ་གང་འཚམ་རེ་འབུལ་གྱི་ཡོད། སྒོར་མོ་མང་ཉུང་ཙམ་ལ་བལྟས་ནས་ཀྱང་ཁོར་རྣམ་འགྱུར་ལྷག་པ་སྟོན་རྒྱུ་མེད། ཁོ་ལ་རེ་བ་ཞིག་ཡོད་པ་ནི“ཚ་རུ་རེ་ཟུང་སྟེར་རྒྱུ་ཨེ་ཡོད”ཅེས་པ་དེ་ཡིན། ང་ཚོས་ཀྱང་ཁོ་ལ་ལོ་རེ་བཞིན་ཚ་རུ་འགའ་རེ་བྱིན་པ་ཡིན། ཁོ་ལ་ལྷ་མཐོང་འདྲེ་མཐོང་ལབ་རྒྱུ་ཡང་མེད། ཡོད་པ་ནི་འདོན་སྐད་ཧུར་པོ་དེ་དང་རྡོར་དྲིལ་སྦུབ་གསུམ་དང་འགྲོགས་པའི་ཕྱག་རྒྱ་མཉེན་ལྕུག་ལྡན་པ་རྣམ་གྲངས་མང་བ་ཉལ་ཟིལ་ལྡན་པ་དག་རེད། ཁོ་ལ་ཕར་བལྟས་ན་ཡོན་ཏན་གྱི་མཛོད་ཅིག་དང་འདྲ་མོད། འདི་ད་ཡོན་ཏན་རེད་འདོད་སྤྱད་ཀྱི་ཆོས་བཤད་སོགས་ཀྱང་བརྒྱབ་མ་མྱོང་། ཁོའི་རྣམ་པ་ཁོ་ནས་ཀྱང་ང་ཚོ་བྱིས་པ་ཚོའི་ཡིད་བཀུགས་མྱོང་ལ། མི་རྒན་ཚོའི་ཡིད་ཀྱང་བཀུགས་ཡོད་ཐག་ཆོད་ཡིན། ལོ་འགའི་གོང་ནས་བཟུང་ཁོའི་སྐོར་ཅི་ཡང་གོ་རྒྱུ་མི་འདུག ད་ཕལ་ཆེར་ཁོ་འཇིག་རྟེན་གཞན་དུ་སོང་ཟིན་ཡང་སྲིད། ཤི་བའི་དུས་སུ་ཡང་ཁོར་ཉམ་ང་བ་དང་བག་ཚ་བ་ཅི་ཡང་མེད་ལས་ཆེ་ཞེས་ངས་རྟག་པར་དྲན་གྱི་ཡོད། ངའི་སེམས་ངོར་ཁོ་ནི་འཁོར་པའི་བྲེལ་ཟིང་ཁྲོད་ཀྱི“རླིང”ཞེས་པའི་ཡི་གེ་དེ་ཆགས་ཡོད་དོ།།

མཇུག་གཏམ། 
ད་དུང་མོ་པ་སྒལ་འབུར་དང་ཆུ་ལེན་ལྷ་མོ་སོགས་བརྗེད་ཐོར་ཉར་འོས་པ་མང་མོད། དུས་ཚོད་ཀྱིས་མི་འདང་བས་རེ་ཞིག་མཚམས་འཇོག་པར་བྱ། དྲིན་ཆེན་མིན་ལ་དགྲ་ཟླ་ཡང་མིན་པའི་མི་འདི་དག་ཀྱང་ཆེས་ཕྲ་ས་ཞིག་ནས་ངའི་མི་ཚེའི་ས་ཁྲ་འགྲུབ་བྱེད་ཀྱི་ཐིག་དུམ་རེ་ཟུང་ཆགས་ཡོད་པ་འདྲ། ཐིག་དུམ་འདི་ཚོ་བརྒྱུད་ནས་ཕར་བལྟས་ན་ངས་ང་ཚོའི་རུ་སྡེ་ཕྲ་མོ་དང་། སྡེ་འདབས་ཀྱི་དོང་ཆུ། ཁྱིམ་ཚང་རེ་རེའི་སྒོ་ཁའི་ཁྱི་རྒན་སོགས་ཀྱང་རབ་རིབ་ཙམ་ཞིག་མཐོང་ཐུབ་པ་འདྲའོ།།

                                                                                   ༢༠༡༧ ༨ ༡༥

FE83B8BC-ABFE-46CB-8B98-503910C76DB3-221-0000000DE4842DA8_tmp.JPG

༈ སེམས་འགྱུའི་བང་རིམ། 

ང་ལ་མདང་དགོང་གཉིད་དེ་འདྲ་མ་ཡོང་བས། དེ་རིང་སྔ་སེ་ཡར་ལངས་པ་ཡིན། སྒེའུ་ཁུང་ཕྱེས་པས་ཁྱིམ་ལ་རླུང་བསིལ་མོ་ཞིག་ལྡང་ནས་ཐོན་ཐལ། ཐག་རིང་གི་གནམ་སའི་མཚམས་སུ་ཉི་འོད་སེར་ཐག་ཆོད་པ་ཞིག་འཕྲོས་འདུག་པ་དང་། མ་གིའི་མཚོ་སྔོན་པོའི་ཀླད་དུ་སྤྲིན་ནག་དུམ་བུ་ཞིག་དང་སྤྲིན་དཀར་ཕོན་པོ་ཞིག་འཕྲད་ལ་ཁད་ཅིག་བྱས་ནས་བསྡད་འདུག དེ་མིན་མིག་གིས་ཟིན་ཚོད་དུ་བྱ་བྱེའུ་ཞིག་འཕུར་བ་ཡང་མཐོང་རྒྱུ་མི་འདུག་པས་ངས་གླལ་མོ་བྱེད་ཞོར་འབོལ་ཁྲིར་བསྡད་པ་ཡིན། 

ཅུང་ཟད་བསྡད་རྗེས་ལས་རྒྱུ་གཞན་ཅང་མེད་པས། ཁ་པར་ལས་གཞས་སྙན་མོ་འགའ་ལ་མཉན་རྗེས་སུ། ཐོ་འགོད་བྱས་པ་ནས་ཐེངས་གཅིག་ལ་ཚོད་ལྟ་བྱས་པའི་ཕན་ཆད་དུ་བཀོལ་མ་མྱོང་བའི་རང་གི་མའེ་ཕེ(美拍)ཁ་ཕྱེས་པ་ཡིན། ངས་འདིར་ལོ་སྟོང་ངམ་ལོ་ཁྲིའི་ཡར་སྔོན་གྱི་གནའ་མི་དག་ལ་ཁ་བརྡ་བྱེད་ཀི་ཡོད་པ་མིན་པས། མའེ་ཕེ་ཞེས་པ་ཅི་ཡིན་དང་། དེ་ཐད་གཏོང་ཞེས་པ་ཅི་ལྟར་བྱེད་དགོས་པའི་སྐོར་ལ་གསལ་བཤད་བྱེད་རྒྱུ་མིན། 

མའེེ་ཕེ་ཁ་ཕྱེས་ནས་ཡུད་ཙམ་ལས་མ་འགོར་བར། མི་རབ་ཏུ་མང་པོ་བཙངས་རྒྱག་སྤྲད་ནས་ཐོན་ཐལ། ལ་ལས་ཨ་རི་ན་ཡོད་ཟེར། ལ་ལས་ཧྥ་རན་སི་ན་ཡོད་ཟེར། ལ་ལས་ཐེ་བན་ན་ཡོད་ཟེར། ལ་ལས་ཕྱི་སོག་ན་ཡོད་ཟེར། ཡང་ལ་ལས་འབྲུག་ཡུལ་ན་ཡོད་ཟེར། གཅིག་གིས་ཁོའི་དེར་ཉིན་གུང་རེད་ཟེར། ཡང་གཅིག་གིས་མོའི་དེར་ནམ་སྨད་རེད་ཟེར། ཡང་གཅིག་གི་ཁོའི་དེར་ས་སྲོད་རེད་སོགས་ཟེར། 

དེ་ལ་ངས་ནི། ཨ་ཙི་ས་སྒང་ཆེན་པོའི་ཤར་ལྷོ་ནུབ་བྱང་གི་མི་མང་པོ་འདི་ལྟར་ཁ་པར་བརྒྱུད་ནས་དྲྭ་བའི་ནུས་པ་ཞིག་ལ་བརྟེན་ཏེ་ལྷན་འཛོམས་བྱུང་བ་རེད་ཨང་སྙམ་པ་དང་། འཇིག་རྟེན་འདིའི་དཔག་ཚད་མཐའ་མེད་ཀྱི་བར་ཐག་ཅེས་པ་བདེན་པ་རང་ཡིན་ནམ་སྙམ་པ་དང་། ཉི་ཟླའི་འཆར་ནུབ་ཀྱང་རྗེས་སུ་བསྐྱུར་བའི་ནུས་པ་འདི་ཡང་སྙིང་དྲྭ་བའི་ནུས་པ་ཡིན་ནམ་སེམས་ཀྱི་ནུས་པ་ཡིན་ཞེས་རེ་ཞིག་མགོ་ཅུང་རྨོངས་དགོས་བྱུང་། ཡང་ངས་ནི། དྲྭ་བའི་སྦྲེལ་མཐུད་ཀྱི་ལམ་མམ་ཐག་པ་འདི་ལ་གཟུགས་ཤིག་ཡོད་པ་ཡིན་ན། འཇིག་རྟེན་སྤྱི་དང་ཁྱད་པར་དུ་མི་ཐམས་ཅད་ཀྱི་ཀླད་པ་དང་ལག་པ་ནི་འོད་ཐག་དཀར་པོ་ཞིག་གིས་ཁྲི་སྦྲེལ་སྟོང་སྦྲེལ་ལ་བཅུག་ལོས་ཡོད་སྙམ་པ་དང་། རང་ཉིད་ཀྱང་སྐྱེ་བོ་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་པ་ཤེས་ནས་ཧ་ཡང་ཅུང་ཟད་ལས་དགོས་བྱུང་། 

གོང་ནས་ལ་ལས་ཁོའི་དེར་མཚན་གུང་རེད་ཟེར་བ་དང་། ཡང་ལ་ལས་ཁོའི་དེར་ནམ་སྨད་རེད་ཟེར་ཚུལ་སོགས་ལ་བརྟགས་ན་ཁོ་ཚོས་ཀྱང་གཉིད་བློས་བཏང་ནས་སམ་གཉིད་མ་ཡོང་བར་ཁ་པར་རམ་གློག་ཀླད་གང་རུང་ལས་དྲྭ་བའི་ལོངས་སྤྱོད་ཅིག་ལ་འཇུས་ནས་བསྡད་ཡོད་པ་ཤེས་ཐུབ། མིའི་རིགས་ཧྲིལ་བོ་དྲྭ་བའི་བྲན་གཡོག་ཏུ་གྱུར་འདུག་ཟེར་ན་མང་ཆེ་བས་ཉན་སྤྲོ་རྒྱུ་མ་རེད་མོད། དྲྭ་བ་ཞེས་པ་འདིས་ང་རང་ཚོ་གནས་དུས་གཉིས་པོ་བརྟོལ་རྐྱང་གིས་གང་ཞིག་ལ་འཁྲིད་བཞིན་པ་ནི་ཁས་མི་ལེན་ཐབས་མེད་རེད་སྙམ། 

ངའི་མའེ་ཕེ་གློ་བུར་དུ་ཅུང་ཁེགས་ཙམ་བྱུང་བས། ངས་འདང་རྒྱག་མཚམས་བཞག་ནས་ཇ་འཐུང་ཞོར་ཁ་ངོ་ཁ་པར་ལ་གཏད་ནས་མའེ་ཕེའི་ནང་ལ་བལྟས་པ་ཡིན། ཨ་མ་མ། སྐད་ཅིག་ཙམ་ལ་དྲི་བ་བརྒྱ་སྟོང་ཁྲི་འབུམ་ཞིག་ཡི་གེའི་ལམ་ནས་བཏང་བྱུང་། སྤྱིར་ན་དྲྭ་ལམ་ནས་མི་ཞིག་གིས་དྲི་བ་ཞིག་བཏང་བ་ལ་དོ་སྣང་བྱེད་རིན་ཅི་ཡོད། ཕལ་ཆེར་གྱིས་སྙམ་མེད་དུ་བཤད་པ་ཡིན་སྲིད་པས་བཤད་ཚར་རྗེས་བཤད་མཁན་རང་གིས་ཀྱང་བརྗེད་ཚར་ཡོད་ལོས་ཆེ། དེ་རིང་གི་དྲི་བ་མང་པོ་ཞིག་ནི་དེའི་རིགས་ཡིན་ཡང་སྲིད། མིན་ཡང་སྲིད་དེ། ཕར་བལྟས་ཚོད་ཀྱིས་མི་ལ་ལ་ཞིག་ཧ་ཅང་གཟབ་ནན་རེད། ཚོར་བ་དྲག་པོ་ཞིག་གི་མགོ་གནོན་ཐུབ་ཀྱི་མེད་པའང་ཤེས་ཐུབ། ཁོ་ཚོས་གོ་སྐབས་འདི་འདྲ་ཞིག་ནམ་ཐོབ་ལ་རེ་ལྟོས་ཚད་མེད་བཅངས་ཡོད་པའང་ཤེས་ཐུབ། གང་ལྟར་དྲི་བ་རེ་རེའི་སྣེ་ན་སྐྲ་ལོ་ནག་ཀྱུག་གེར་ཡོད་པའི་བུ་མོ་ཞིག་གམ། དུ་བ་སྔོ་ལྷོག་ལྷོག་འཐེན་པའི་སྟག་ཤར་ཞིག་གམ། གཟན་སྐེད་པར་དཀྲིས་པའི་གྲྭ་བ་ཞིག་གམ། གང་ལྟར་ཁ་རླངས་དང་བཅས་སྐྱེ་བོ་རེ་རེ་གནས་ཡོད་པ་ནི་ཐག་གིས་གཅོད་ཐུབ། 

ངས་དེ་ལྟར་འདང་རྒྱག་ཞོར། མའེ་ཕེའི་ཁ་བརྒྱབ་པ་ཡིན། དེ་ནི་མཛུབ་མོ་འགུལ་ཐེངས་གཅིག་གིས་འཇིག་རྟེན་ཆེན་པོ་ཞིག་བསུབས་ཟིན་པ་འདྲ་བོ་རེད། ད་ནི་གླིང་དང་གླིང་ཕྲན་མི་གཅིག་པའི་སྐྱེ་བོ་ཁྲི་སྟོང་གི་ཁ་ངག་ནས་མཆེད་ཡོང་བཞིན་པ་ཚང་མ་དར་ཅིག་ལ་འགགས་ཚར་བ་རེད། ངའི་སེམས་ཤིག་ལ་ང་རང་གཤོག་པ་རིགས་ཤིག་ལ་བརྟེན་ནས་སའི་གོ་ལ་ཧྲིལ་བོར་སྐོར་བ་ཞིག་བརྒྱབ་ནས་ཕྱིར་ཐོན་པ་འདྲ་བོ་རེད། སྣང་བ་ཞིག་ལ་ངས་ལམ་བར་དུ་ཨ་རིའི་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཁྱི་གུ་ཆུང་ཆུང་ཞིག་ཉལ་འདུག་པའང་མཐོང་སོང་། 

ང་རང་མའེ་ཕེ་ལས་ཕྱིར་བུད་རྗེས། གྲོང་འཇུག་ལ་མཁས་པའི་རྣམ་ཤེས་ཤིག་སྡོང་རྩ་ཞིག་ལ་འཕངས་ཡོད་པའི་རོ་ཁོག་ཅིག་ཏུ་ཞུགས་པ་ནང་བཞིན། ལུས་ཡོངས་རྫོགས་ཉབ་བེ་ཉོབ་བེ་ཞིག་རེད། ཤུགས་དང་ཤེད་ཅི་ཡང་མ་མཆིས། རེད། ད་ཡང་ལུས་ཀྱི་ཐོ་ཡོར་ལ་མ་བརྟེན་ཐབས་མ་རེད་འདུག ཤ་དང་ཁྲག་དང་ཆུ་སེར་སོགས་ཀྱི་གདོས་ཁལ་ལྗི་མོ་འདི་རྒྱབ་ལ་ཁུར་ནས། མ་གིའི་ཐང་དམར་པོ་དེ་འཕྲེད་ཀྱིས་བཅད་དེ་རི་ནག་པོ་དེའི་ཕ་རོལ་བརྒལ་ནས་ཧ་ཅང་ཐག་རིང་ཐག་རིང་ཞིག་ལ་འགྲོ་དགོས་སྙམ་ལ། སྙམ་ནས་ཀྱང་ཤིན་ཏུ་ཐང་ཆད་ཅིང་ཁ་སྐོམ་སྣང་ཡང་སྐྱེས་ཐལ།

                                                                                        ༢༠༡༧ ༩ ༡༥

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱིས་ཉེ་ཆར་བྲིས་པའི་བརྩམས་སྒྲུང་དང་ལྷུག་རྩོམ།

2017-09-17 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།