ཁྲི་སེམས་དཔའི་སྙན་ངག་བདམས་བཀོད།

       ཁྲི་སེམས་དཔའ། དངོས་མིང་ལ་སྒོ་མེ་ཚེ་རིང་བཀྲ་ཤིས་ཞེས་འབོད། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན། དུས་དེབ་《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན།1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། 2017ལོར་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས33པའི་མཐོ་རིམ་འཛིན་གྲྭར་འགྲིམས་མྱོང་། བརྩམས་དེབ་ལ་འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》 《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག་པར་མ)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》 《གཡུ་ཆུང་དྲུག་དཀར》 སྒྲུང་རིང་དེབ《མར་ངོའི་ཟླ་བ》 སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་སུ་བསྒྱུར་ཡོད།  སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།      

                 དགུན་གྱི་གཤོག་པ།  

རྒྱང་ནས་རྒྱང་དུ་བལྟས་ཚེ།དགུན་གྱི་མཛེས་སྡུག་རི་རབ་ཀྱི་ཁོང་དུ་འབར །
རྡོ་དང་གཡའ་མའི་གསེང་དུ་ལྷུང་བའི་ཁངས་འཁྱག་དེ་དག
ཉིན་སྲིབ་ཀྱི་མཚམས་ནས་སོ་ཕྲེང་དགོད།
མེ་ཏོག་གི་འདབ་ལོ་བོར་བའི་གཞུང་རྟ་སྐམ་པོ་ཞིག
སྐྱི་བསེར་གྱིས་ལྡག་ཅིང་མཆིས།
འཁྱག་རོམ་གྱིས་བཅིངས་པའི་ཆུ་ཕྲན་ཀྱ་ཀྱུ།
ཀྱ་ཀྱུའི་དབྱིབས་ཀྱིས་མཛེས།
སྟོང་བའི་དབྱིངས་སུ། སྤྲིན་པ་ཞིག་གི་འཕྱོ་འཇགས་ཀྱིས།
ནམ་མཁའི་དྭངས་གཙང་རྙོག
བྱེའུ་ཞིག་གི་འཕུར་སྐྱོད།  དལ་བ་དལ་བུར།
མིག་གི་མཐོང་རྒྱ་བརྒལ།
རང་བྱུང་གི་གར་སྟབས། རྩྭ་རྩིའི་མགོ་འཕང་ལ་བསྙེས།
དབེན་འཇགས་ཁྲོད་ཀྱི་རི་ཀླུང་ཐང་གསུམ།  དབེན་འཇགས་ཁྲོད་འཐིམ།

……

ཁ་བའི་ཀློང་དུ། སྐྱ་མི་ཞིག་གི་གྲིབ་གཟུགས་ཉི་འོད་ཀྱི་རྩེ་ལ་བསྐྱོན།
སེང་གེའི་ང་རོ་ཡོད་མེད་མི་ཤེས།
གཟིག་གི་མཆོང་སྟོབས་ཡོད་མེད་ཀྱང་མི་ཤེས།
སྐྱ་མི་དེའི་རྒྱབ་གཟུགས་ཀྱིས་ངའི་མཐོང་ལམ་འཕྲེད་ཀྱི་གཅོད་དུས།
དགུན་ཁ་འདར་ཙམ་གཡོ་ཙམ་གྱིས།
རྒྱབ་ལྗོངས་ཡོད་ཚད་ཀྱི་གྲ་ཁ་བསྣོགས་སོང་།

ཁ་བ་བབས་པའི་དུས་སྐབས་གང་རུང་ལ།
ས་གཞི་དཀར་པོས་མིའི་རིགས་ལ། མིའི་རིགས་ཀྱི་ཚབ་ཏུ་འགྱོད་བཤགས་ཞུ།
ལྗོན་པའི་ཡལ་ག་དག་ལས་འཕུར་བའི་ཁྭ་ཏའི་ཚོགས།
ལྗོན་པ་གཞན་ཞིག་གི་ཡལ་གར་འབབ།
དེ་ནི་གནམ་འོག་གི་ཆེས་དྭངས་གཙང་གི་འཕུར་སྐྱོད་དེ།
ཁ་བ་བབས་པའི་དུས་སྐབས་གང་རུང་ལ།
རང་བྱུང་གི་མཛེས་པ་མཛེས་པས་སྤུད།

ཁ་བ་ལེབ་མོ་ལེབ་མོ་འོད་ཀྱིས་མཆོངས་ཏེ།
ངའི་བྱིས་དུས་ཀྱི་གྲོང་ཚོར་མཛེས་པའི་ཉམས་ཀྱིས་ཟགས་དུས།
སེམས་པ་ཁོ་ན་ལོ་ངོ་མང་པོའི་སྔ་རོལ་དུ་ལུས་འདུག
དེ་ནི་ལོ་རྒྱུས་ཀྱི་ཕྱིར་དྲན་ཐེངས་ཤིག
ཕྱིར་རྟོག་གི་ཁམས་སུ་གཡེང་བའི་ལོ་མ་འགའ།
བསམ་གཞིག་གི་རྒྱ་རུ་ཁེགས་སོང་།
ཁ་བ་ལེབ་མོ་ལེབ་མོ་སེམས་ལ་དྲོད་ཀྱིས་བབས་བྱུང་།

དུས་ཚིགས་འདིར།སེམས་པ་ཁོ་ནས་སེམས་པ་བསྲུངས་ནས།
དུས་ཚིགས་འདི་ལ་འོ་རྒྱལ་ཞུས།
དུས་ཚིགས་འདིར། དགུན་ཁ་འཕུར་གྱིན་འདུག
དགུན་གྱི་གཤོག་པའི་སྟེང་ལ་སྨོན་འདུན་སྤར་མོ་གང་བསྣམས་འདུག
རེ་སྨོན་སྐྱོགས་མགོ་གང་ཐོགས་འདུག
ད་དུང་སེམས་དོན་རྫ་མ་གང་བཟུང་འདུག

ཕོར་བ།

འདི་ནི་ཆང་ཕོར་ཞིག་ཡིན་ཀྱང་རུང་ལ། ཇ་ཕོར་ཞིག་ཡིན་ཀྱང་བླ་སྟེ།
གང་ལྟར་ཕོར་བ་སིང་དི་རེ་ཆག་པས།
རྟེན་འབྲེལ་གྱི་མགོ་མ་འདི་ནས་ལོག་སོང་།

ཕོར་བ་ཆག་སོང་།  ཕོར་བ་གྲུབ་བྱེད་ཀྱི་རྡུལ་ཕྲ་རབ་མང་པོ།
སྔོན་ཏག་ཏག་ལ་ད་དུང་ཕན་ཚུན་རྟེན་དང་འབྲེལ་བའི་ཚུལ་དུ་གཞི་གཅིག་ཏུ་གྲུབ་ཀྱང་།
ད་ནི་ཆག་རོ་མང་པོ་རང་སར་ཐོར་ཏེ་གཡས་ལོག་གཡོན་ཉལ།
ཆག་རོ་དེ་དག་གི་སྟེང་དུ་ཕོ་གསར་ཞིག་གམ། མོ་གསར་ཞིག་གི་མཛུབ་རིས་བབས་འདུག
ཡང་ན་བླ་མ་ཞིག་གི  དཔོན་པོ་ཞིག་གི  རྐུན་མ་ཞིག་གི
གས་ཆག་ཏུ་སོང་བའི་མཛུབ་རིས་བབས་འདུག

བལྟས་ན་ཕོར་བ་ཙམ་ཡིན་ཀྱང་།
ཕོར་བ་ནི་རྫས་མང་པོ་ལྷན་དུ་འདུས་ནས་གྲུབ་པ་ཞིག་ཡིན། ཕོར་བ་ནི་སྣོད་དུ་རུང་བ་ཞིག་ཡིན།
ཕོར་བའི་ནང་དུ་ཆང་འཐུང་ཆོག་ལ།  ཇ་ཡང་ཅི་འདོད་དུ་བཞེས་ཆོག
དེ་བས་ཀྱང་། མིག་དབང་འཕྲོག་ཅིང་ཡིད་དབང་འགུག་པ་ནི།
ཕོར་བའི་ཕྱི་ངོས་ཀྱི་རི་མོ་དེ་དག་སྟེ།
དེ་ནི་གནའ་མི་བློ་གྲོས་ཅན་ཞིག་གི་ཕྱག་རྒྱུན་ཡིན་ནམ།
ཅི་འདྲའི་མིག་ལ་སྡུག་པ་ལ་ཨང་།

ཕོར་བ་སིང་དི་རེ་ཆག་པའི་སྐད་ཅིག་མ་དེར།
ཕོར་བས་ལོ་རྒྱུས་ཀྱི་མཛེས་སྡུག་ལ་བདེ་མོ་བཞག་ཚར་བས།
ད་ནས་བཟུང་རྒྱུན་འཛིན་གང་ཞིག་རབས་ཆད་དུ་གྱུར་ཅིང།
གསར་གཏོད་གང་ཞིག་དེབ་ཐེར་གྱི་གསེང་དུ་དུར་སྦས་བྱས།

ཁ་སང་གླུ་སྒྲ་ཡོད་ལ། ངུ་སྒྲ་ཡང་ཡོད།
ཁ་སང་ཕོར་བ་དེར་སུས་ཀྱང་གཙིགས་ཆེན་བྱེད་ཅིང་། མཆུ་སྒྲོས་ཡང་ཡང་སྦྱོར།
ཡིན་ཀྱང་། ད་ལྟ་ཕོར་བའི་རང་ཚུགས་ཡོངས་སུ་ཤོར་སོང་།ད་ལྟ་ཕོར་བ་དེ་ཕོར་བ་མིན།
ཕོར་ཆག་དེ་གད་སྙིགས་ཕོན་པོའི་གསེང་དུ་རྐང་ཆག་ལག་རྡུམ་ངང་འགྱེལ་ཅིང།
བདག་པོའི་ཅི་མི་སྙམ་པའི་གདོང་ལ་ཅེར་ནས། ཁ་སང་གི་ཚ་དྲོད་དྲན།

ངས་མཐོང་བའི་ཕོར་བ་འདི། ཆུ་ལས་བལྟམས་པ་ཡིན།
འོན་ཀྱང་། བརླན་གཤེར་ཡལ་སོང་།
ངས་མཐོང་བའི་ཕོར་བ་འདི། ས་ལས་འཁྲུངས་པ་ཡིན།
འོན་ཀྱང་། སྲ་མཁྲེགས་བོར་སོང་།

ཕོར་ཆག་འདི། རྨ་ཁ་རིགས་ཤིག་ལ་ཅིས་ཀྱང་གཏོགས་སྲིད།
ཡིན་ཀྱང་ཟུངས་ཁྲག་གི་བཞུར་རྒྱུན་གདོད་ནས་དབེན།
དེ་ལྟ་ནའང་། ཡོད་པ་ནས་ཡོད་པའི་བར་དང་། མེད་པ་ནས་མེད་པའི་བར་དུ།
ཕོར་བས་རང་འཁྲིར་བབས་པའི་འོས་འགན་རྫོགས་སོང་།

གས་ཆག་ཏུ་གྱུར་པའི་མ་འོངས་པ།

སྨུག་པའི་སེང་རས་བཤུས་ཤུལ་གྱི་གངས་རི་དཀར་པོ།
ས་སྲོད་ཀྱི་རབ་ཁ་ནས་འགྱིང་ཏེ་མི་ཡུལ་གྱི་གཉའ་བར་དུ་ཞོན།
གངས་དཀར་ཡ།  མིག་ལ་འཚེ་བའི་ཅོད་པན། གསེར་མདོག་གི་ཅོད་པན། འོད་ལམ་ལམ་གྱི་ཅོད་པན །
རི་ཁ་བ་ཅན་གྱི་སྨོན་འདུན་དུ་བསྟར་བའི་ཁ་བཏགས་རིང་མོ་ཡིན།

རླུང་ཤར་ནས་ལྡང་ཙ་ན།  ནུབ་ཏུ་ས་རྡུལ་དཀྲུགས་སོང་།
ཆར་ལྷོ་ནས་བབས་ཙ་ན།   བྱང་དུ་ཤྭ་འོད་བརྒྱུགས་སོང་།

མེས་པོའི་ངག་ལ་འབྱར་བའི་མགུར་གླུའི་དབྱངས་རྟ་སྙན་མོ།
གློག་རླབས་བཞིན་སྐྱེས་བོ་ཁྲི་མ་འབུམ་གྱི་སེམས་ངོར་འཐིམ་ན་ཡང་།
མཚོ་ངོགས་སུ་འཐོར་བའི་སྐར་ཚོགས།  
རྨི་ལམ་རིང་མོའི་ཐོག་མའི་ས་བོན་དང་བསྡོངས་ནས།  
ཕྱིར་དྲན་གྱི་མཁའ་ངོགས་སུ་མོག་པོར་གྱུར།

རྨས་ཕོག་པའི་ཁྭ་ཏ་ཞིག་མཚན་ལམ་རིང་མོའི་འཇིགས་སྐྲག་ལས་ཐར་ཏེ།
སྐྱ་རེངས་ཀྱི་ཡོལ་བའི་ཕག་ནས་ང་དང་ཁྱོད་ཀྱི་ཁྱོད་ཤི་ང་གསོན་གྱི་གཡུལ་འཐབ་ལ་དགོད་ཁ་ཤོར།
བདེན་པ་ནི་ཅི་ཞིག  ཁབ་མིག་ལས་འཇིག་རྟེན་ལ་ལྟ་བའི་རྩྭ་མི་ཤིང་མི་ལ་བདེན་པ་ཞིག་ཡོད་དམ།
དུག་སྦྲུལ་གྱི་ལྕེ་ལྟ་བུའི་མཉེན་ལྕུག་ལྡན་པའི་སྐྱི་པགས་ཀྱི་འོག་ཏུ།
ཁྱོད་ཀྱིས་བདག་ལ་ཡང་ཡང་བརྙས།
རོ་ལངས་རྒྱག་སྲིད་པའི་རྣམ་ཤེས་ཀྱི་ཚོགས་ཧབ་ཆ་དིར་དིར།
འཛད་མེད་མཐའ་མེད་ཀྱི་སྐྱོ་གར་གྱི་གཏིང་ལ་འཛུལ་ནས་དག་ཞིང་གི་ལྷ་ཚོགས་དྲན།

དགོད་བྲོ་བ་ལ།  དགོད་བྲོ་བ་ལ ། 
སུ་ཡིས་སུ་ལ་མཛུབ་མོ་ཀེར་ཏེ་སྐྱོན་བརྗོད་བྱེད་ཨང་།

སྟག་གཟིག་གི་ང་རོ་ངག་ལ་མི་མཛའ་བའི་ཁྱོད་རང་།
རི་སྒང་གི་མཐོ་སར་འཛེགས་ཏེ་གངས་རིའི་ཚུལ་དུ་འགྱིང་ནའང་། 
མཐོང་ལམ་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་བོར་བརླག་ཏུ་ཐེབས་ཟིན་པས།
ཆུ་བོ་ཞིག་གི་བཞུར་སྟངས་ལ་སེམས་པ་འཁྲེང་བས་ཅི་ཕན།
ནགས་ཚལ་ཞིག་གི་སྐྱེས་སྟོབས་ལ་སྨོན་པ་ཤོར་བས་ཅི་ཕན།

……

མ་འོངས་པ་ན།     ཁྱོད་ཀྱི་སྐད་སྒྲར་བྲག་ཅ་མཆེད་མི་སྲིད།
མ་འོངས་པ་ན །    ཁྱོད་ཀྱི་རྨི་ལམ་ལ་ཁ་དོག་ཡོད་མི་སྲིད།

ཤྭ་འོད་ཀྱི་འཇིགས་པ།

གཞུང་རྟ་སྐམ་པོ་ཞིག་གི་སྦུབས་སུ་ངའི་ལོ་མང་གི་རྨི་ལམ་ཉར་ཡོད།
སྐྱི་བསེར་གྱི་བདག་གི་ས་རྡུལ་གྱིས་བྲན་པའི་སྐྲ་ལོ་ཡང་ཡང་བསྒུལ།
ཀེང་རུས་སྐམ་པོ་འདི་ཁྱོད་ཀྱི་ཡིན་ཆོག  སྒྱུ་ལུས་གཡར་མ་འདི་ཁྱོད་ཀྱི་ཡིན་ཆོག
ད་དུང་གནས་ཚང་འཇམ་པོ་འདི་ཡང་ཁྱོད་ཀྱི་ཡིན་ཆོག
ང་ནི་མི་ཡུལ་གྱི་སྐབས་འཕྲལ་གླ་པ་སྟེ།  ང་ནི་ཅིས་ཀྱང་ལོག་ས་དེར་ལོག་དགོས།
ནམ་ཞིག་ཤྭ་འོད་ཀྱི་འཇིགས་པས་བདག་གི་རྣམ་ཤེས་ཀྱི་གཤོག་འདབས་བསྣུབས་སྲིད།
དེ་དུས་ཁྱོད་ཀྱི་ལག་ཟུང་རྩུབ་མོས་ང་ལ་མི་འཐམ་རོགས།  ཅི་ནས་ཀྱང་མི་འཐམ་རོགས།

ཤྭ་འོད་ཆེན་པོའི་མདུན་ནས། ང་ལ་རེ་འདུན་ཞིག་ཡོད་པ་ནི།
གླང་རྒན་བརྟོད་སའི་གྲམ་གཞུང་སྐྱ་བོ་དེ་ནས། ད་དུང་ཡང་འོམ་བུའི་མེ་ཏོག་ཁྲ་ལམ་མེར་བཞད་ཚེ།
ང་ནི་དམིགས་མེད་ཀྱི་སྐྱག་སྦྲང་ཞིག་ཏུ་སྤྲུལ་ནས་མེ་ཏོག་གི་མཛེས་སྡུག་ལ་འཁོར་སྲིད།
མཚན་སྨག་གིས་འཇིག་རྟེན་བསྒྲིབས་ཤིང་། འཛུམ་མདངས་ཀྱང་སྒྲིབ་དུས་ཤིག་ལ།
ང་རང་དྲག་ཏུ་བརྒྱུགས་པའི་ཤྭ་འོད་ཀྱི་རབ་ཁ་བརྒྱུད་ནས་ཁྱོད་ཀྱི་སྒེའུ་འགྲམ་དུ་ལོག་སྲིད།
ཁྱོད་ཀྱི་ཁྱི་རྒན་རྒྱ་བོས་ང་ལ་ངར་ཟུག་བྱེད་ཀྱང་།
ངས་ནི་ཁྱོད་ལ་ལག་ཟུང་སྟོང་བས་འཇིག་རྟེན་གྱི་བདེན་པ་གཅེར་བུ་མ་ལེགས་སྐྱེས་སུ་དབུལ་སྲིད།

དེ་དུས།  ས་ཆེན་གྱི་བྲང་ལ་བཏབ་པའི་ཉེས་དམིགས་ཀྱི་ས་བོན་དེའི་དབང་གིས།
ཁྱོད་ཀྱི་རྨི་ལམ་དུ་ང་ཡང་ཤྭ་འོད་དུ་འཁྲུལ་ཏེ།
རྨི་ལམ་འཚུབ་པོའི་ཁྲོད་ནས་ཁྱོད་ཀྱི་ཨག་སྐད་འཆོར་སྲིད་ཀྱང་།
ངས་ཁྱོད་ཀྱི་སྐྲག་སྣང་གི་ཁེངས་པའི་ངོ་གདོང་ལ་ལག་ཟུང་འདར་འདར་ངང་བྱིལ་བྱིལ་བྱེད་ཞོར།
འུ་གཉིས་དཔུང་གྲོགས་ཡིན་པའི་གཏམ་རྒྱུད་སྐྲག་མ་དངངས་ཀྱིས་འཆད་ངེས།

ལོ་མང་གི་རྗེས་སུ།
ཤྭ་འོད་ཆེན་པོ་དེས། འུ་གཉིས་ཁུར་ནས་རྒྱང་དུ་འཁྱམ་སྲིད།
ཤྭ་འོད་ཆེན་པོའི་ཀློང་ནས་ངས་ཁྱོད་སྐྱོབ་བམ། ཁྱོད་ཀྱིས་ང་སྐྱོབ……

མཐའ་མཇུག་གི་གཡུལ་ས།

འབྱམས་ཀླས་པའི་སེམས་པའི་ཕ་མཐའ་རུ།
ངའི་རྩེད་ར་དང་།  ངའི་ཕུགས་བསམ།
བྲག་དང་གཡའ་མས་བསྐོར་ནས་ལོ་མང་འགོར།
གྲང་རླུང་གི་རྣོ་དབལ་ལ་བསྙེས་ནས་ལོ་མང་འགོར།
ད་དུང་། ཁ་ཆར་གྱིས་གཤོག་ཟུང་རྨས་པའི་ཆར་སྡོད་བྱེའུ་དེ་ཡང་།
ད་ལྟ་རྒྱང་རིང་དུ་འཕུར་ནས་ལོ་མང་འགོར།

འདི་ལྟར། ལོ་མང་པོ་འགོར་བའི་ས་སྲོད་དམ་ཞོགས་པ་ཞིག་ལ།
ཆུང་མའི་སྙིང་ཉེ་བའི་འབོད་སྒྲའི་ཁྲོད་ནས་ངའི་མིག་ཆུ་ཤམ་ཤམ་བཞུར།
མུ་ཏིག་གི་དོག་པ་རེ་རེ་སེམས་ལ་ཟགས་ཤིང་། ཁོང་འདར་ཡང་ཡང་བསླངས་པས།
ངའི་ངག་ནས་མེས་པོ་མེས་པོ་ཞེས་གཉོམ་དུང་དུང་གིས་ཤོར་སོང་།
དོན་དམ་དུ་མེས་པོ་ནི་ལོ་རྒྱུས་ཀྱི་གཏིང་སར་འཐིམ་པའི།
གསང་བ་ཐར་ཐོར་དེ་ཡིན་ནམ།

ཡང་ན། མེས་པོ་ནི་མཐའ་མཇུག་གི་གཡུལ་ས་སྲུང་མཁན་དེ་ཡིན།
དུས་ཚོད་ཀྱི་བཞུར་རྒྱུན་མག་མོག་གི་གསེང་དུ།
ང་མཛེས་སྡུག་དང་ནོར་འཁྲུལ། ཧམ་སེམས་ཀྱིས་རྒས་སྲིད་ཀྱང་།
ཕྱིར་འོངས་མེད་པའི་མགྲོན་པོ་དེའི་གོམ་སྒྲར་རྣ་བ་བླགས་ནས།
ས་སྲོད་གང་མང་ཞིག   གཡུལ་སའི་འཇིགས་རྔམ་ཁྲོད།
མུན་ནག་གི་ཕང་བར་བསྐྱལ་མྱོང་ཨང་།
རྒྱལ་ཁྲིར་མངའ་གསོལ་བའི་དུས་སྐབས་དབེན་པའི་ལོ་ཟླ་འདིའི་ནང་།
རྟོག་བཏགས་ཀྱི་དར་ཆ་ནམ་མཁའི་མཐོ་ཚད་དུ་བསྒྲེངས་ནས།
ང་ཚོས་སེམས་ཀྱི་ལྷའམ་ལྷ་མོ་གང་ཞིག་མགོན་དུ་བཀུར།

ད་ལྟ། བླ་སྲོག་གི་ལྗོན་རྩེར་བབས་པའི་ཁྭ་ཏ་དེ་ཁོ་ན།
ངའི་རྨ་ཁར་མཛེས་སྡུག་གིས་འཁོར་བའི་རྨ་ཁ་ནང་བཞིན།
ཚ་བེར་བེར་གྱི་གཏིང་ས་རུ།
ང་ལ་བདེ་སྣང་གི་རེག་བྱ་གཞན་ཞིག་ཀྱང་ཞར་དུ་བསྐྱལ་འོངས།

གཞས་ཤིག་གཏོང་འདོད་དུས།

ངའི་སེམས་ཁོང་གི་གཞས་དེ།
ཁྱེད་ལ་ད་རག་བར་དུ་གཏོང་མ་ཐུབ།
ངའི་སེམས་ཁོང་གི་གཞས་དེ།
ཚེར་མས་ཁེངས་པའི་ལམ་ཕྲན་ཞིག་ཡིན།
ངའི་སེམས་ཁོང་གི་གཞས་དེ།
སྨག་རུམ་གྱིས་བཅོམ་པའི་མཚན་མོ་ཞིག་ཡིན།
ལོ་མང་པོར་ངའི་སེམས་ཁོང་ནས་མྱུ་གུ་བཞིན་འབུས་ཏེ།
དུས་ཚིགས་རེས་མོས་སུ་འཁོར་ནའང་།
དབྱངས་རྟ་བྲལ་བའི་གཞས་དེ་ངག་གི་སྒོ་མོ་བརྒལ་མ་ཐུབ།

ངའི་གཞས་དེ་སྡུག་སྨྲེ་ཞིག་ཡིན་ཀྱང་སྲིད།
ངའི་གཞས་དེ་འཁང་ར་ཞིག་ཡིན་ཀྱང་སྲིད།
ཡང་ན། འཛེར་སྒྲ་ཞིག  ངུ་སྐད་ཅིག  ད་དུང……
གང་ལྟར་ངའི་སེམས་ཁོང་དུ་ཡུན་རིང་སྦས་པའི་གཞས་དེ།
བསྟོད་གླུ་ཞིག་ཡིན་མི་སྲིད།
ལོ་མང་པོར་སེམས་ཀྱི་སྨྱུག་ཕད་དུ་ཡང་ཡང་བཙགས་པའི།
ན་ཟུག་མ་ལུས་གཞས་འདི་ཡིན་ལ།
ཁ་བ་བུ་ཡུག་གི་ཀློང་ནས་ཨམ་གཙིགས་བསྡམས་ཤིང་།
དངན་པ་ཡང་ཡང་འཐེན་པ་ཡང་གཞས་འདིའི་ཆེད་དུའོ།།

ས་སྲོད་རེ་རེར་ཉི་ནུབ་ཀྱི་རྔམ་བརྗིད་ཁྲོད།
ཐེངས་ག་ཚོད་ལ་ལག་པས་འགྲམ་པ་བསྐྱོར་བ་སུ་ཡིས་ཤེས།
ཀྱེ་ཀྱེ། ཤར་གྱི་རླུང་དང་།  ལྷོ་ཡི་སྤྲིན།
གཞས་འདིས་ས་ཆེན་གྱི་བར་སྣང་ལ་རྡུལ་འཚུབ་འདྲེན་མི་ནུས།
གཞས་འདིས་ཕ་བོང་གི་སྙིང་ཁོང་ལ་བྲག་ཅ་སློང་མི་ཐུབ།
གཞས་འདི་ང་ཡི་ན་ཟུག་དང་།  ང་ཡི་སེམས་ཁྲལ།  ང་ཡི་ཡིན།
མཚན་མོ་རེ་རེར་རི་སྒང་གི་ཟེ་བ་རླུང་གིས་གཡོ་ཞིང་།
མུ་མེད་ཀྱི་མུ་མེད་སྟོང་བའི་མཐའ་ལ་བསྲིངས་ནའང་།
གཞས་འདིའི་ཕྱིར་དུ་ངའི་ཁེར་རྐྱང་གི་གདུང་བ་ཁོག་ལ་བཅུག

ཁ་བ་ཐེངས་ཤིག་བབས་རྗེས།

རྒྱང་རིང་དུ་མིག་དབང་ཤོར་ཚེ།
རི་བོ་མཐོན་པོ་དག་གི་དབུ་རྩེར་དངུལ་དཀར་གྱི་སྐྲ་རྒྱན་གཡོགས་འདུག
དགུན་གྱི་ཕྱི་མིག་ཀློང་དུ། ཆགས་ཞེན་སྙིམ་པ་གང་སྦས་ནས།
སེམས་དོན་གྱི་རི་མོ་ས་གཞིའི་སྒང་ལ་དཔར།
ཆུ་ཕྲན་གྱ་གྱུ། གྱ་གྱུ་ངང་།
འཁྱག་རེངས་སུ་གྱུར་པའི་གྲམ་གཞུང་གཤགས།
རླུང་བུ་འཁྱམ་པོ་ཞིག  དལ་གྱིས་ལྡང་སྟེ།
གཅེར་བུར་འགྲེངས་པའི་ལྗོན་ཤིང་གི་སྙན་ལ།
གསང་གཏམ་ཤབ་ཤུབ་གླེང་།

རྨི་ལམ་གྱི་འཇིག་རྟེན་འདིར།
ཁ་བས་རང་སེམས་བསྔོགས་ནས།
གནམ་སའི་མཚམས་སུ་དགུན་གྱི་ཞབས་རྗེས་བཀོད་ཅིང་།
སྐྱོ་ཡུས་དང་གདུང་བ་མ་ལུས་བྲག་རིའི་ཁོང་དུ་བསྐྱིལ།
སྲ་མཁྲེགས་ཀྱི་དུས་ཚིགས་འདི།
སྐྱོ་གར་ཚན་པ་ཞིག་གི་འཁྲབ་ཚིག་དང་འདྲ་བར།
མི་རྣམས་ཀྱི་སྙིང་ཁོང་དུ་ན་ཟུག་གིས་སྐྱོམས།

དགུན་གྱི་ཚེ་ཐག་རིང་མོ་གྲང་ངར་དང་ཁ་བས་བཅད།
བསམ་གཞིག་གི་ལན་བུ་རིང་མོ་ཉི་འོད་ཀྱིས་ཤད།
ཁ་བ་འབབ་ཐེངས་ཤིག་གི་རྗེས་སུ།
སྣང་བ་འཁྱག་ཤུར་ཤུར་བོ།
དྲན་པའི་ཀོ་སྒམ་ལ་བཅུག་སྟེ།
རི་བོའི་ཕ་རོལ་ཏུ་རྒྱང་ལྟ་ཐེངས་ཤིག་བྱས།

རྡོ་བ། རྡོ་བ།

ང་ཁྱོད་མེད་པར་ཇི་ལྟར་བཅར་ཀྱང་དམིགས་ས་དེར་བསླེབ་མ་ཐུབ།
གང་དུ་ཡོད་དམ།  ང་ཡི་རྡོ།
ནང་སྙིང་ནི་རུལ་མྱགས་ཀྱི་འཇིག་རྟེན་ཞིག་ཡིན་ནམ།
ང་རང་ཁ་རལ་སྣ་རལ་དུ་གྱུར་ཀྱང་ཁྱོད་ཀྱི་ཡིད་རྟོན་མ་ཁུགས།
མྱ་ངམ་གྱི་ཐང་ཆེན་ནས་ངས་ཆུ་ཕྲན་ཞིག་གི་འཇམ་མཉེན་བཙལ་ཏེ།
ད་རག་བར་དཔུང་མེད་རྒྱབ་ཆད་དུ་ལུས་སོང་།
ངས་རྩྭ་རྩེའི་ཟིལ་བ་མྱང་འདོད།
ངས་འོད་ཀྱི་གཟི་བྱིན་འཐུང་འདོད།

རྡོ་བ། རྡོ་བ།
སྲ་ཞིང་མཁྲེགས་པའི་སྙིང་ཁོང་ལ་མུན་ནག་གི་རྩིད་པ་སྐྱེས་འདུག
ཁྱོད་ཀྱིས་སྒེའུ་ཁུང་ཡོད་ཚད་ལ་ཡོལ་བ་དམར་པོ་བརྒྱབ་ཅིང་།
ཁྱོད་ཀྱིས་རང་གི་རྣ་བ་བཀབ་ནས།
ཁྱོད་ཀྱིས་རང་གི་མིག་ཟུང་བསྒྲིབས་ནས།
ཁྱོད་ཀྱིས་འཇིག་རྟེན་ལ་བལྟས།

རྡོ་བ་རྡོ་བ། རྡོ་བ་རྡོ་བ།
ཟུངས་ཁྲག་གི་མཚོ་ནང་ནས་རྐྱལ་རྩལ་ངོམ་མཁན།
ངག་ནས་རྒྱུ་འབྲས་རྒྱུ་འབྲས་ཞེས་རྗོད་མཁན།
དཔུང་བ་གྲ་བསྡེབས་བྱེད་མཁན།
ཡུ་མེད་རྩ་བརླག་གཏོང་མཁན།

རྡོ་བ་རྡོ་བ། ཇེ་བཀབ་ཇེ་གསལ།
ང་ཡི་བསམ་བློ་འཕག་ཏུ་འཇུག་རོགས།
རླུང་བུ་དེ་དང་ལེན་བྱེད་རོགས།
སྒོ་མོ་དེ་ཆེས་ཆེར་ཕྱེ་རོགས།
ངའི་བྱང་ཁོག་སྟོད་དུ་འབབ་པའི་བྱམས་བརྩེ་ཡི་ཆར་བས།
ཁྱོད་ཀྱི་ཨུ་ཚུགས་མཉེས་ཏེ།
འུ་གཉིས་ཀྱི་བར་ཐག་སྟུངས་རོགས།
བདག་གི་འཆི་བའི་ཁྲོད་ན་ཁྱོད་ཀྱི་ལོངས་སྤྱོད་ཡོད་དམ།
བདག་གི་མིག་ཆུའི་ཀློང་ན་ཁྱོད་ཀྱི་འཛུམ་མདངས་ཡོད་དམ།

རྡོ་བ།  རྡོ་བ།
མུན་ནག་གི་བརླ་བར་ནས།
འོད་ཟེར་གྱི་བུ་ཆུང་བཙས་ཏེ།
གཞིས་མེད་མི་ཚོགས་ཀྱི་ཁྲོད་དུ།
ང་ལ་གཞིས་ཁྱིམ་ཞིག་སྦྱིན་རོགས།
ལྡེ་མིག་ཅིག་གནང་རོགས།
རྡོ་བ། རྡོ་བ།
ང་ཡིས་མིག་ཆུ་ཁོག་ཏུ་བསྐྱིལ་ཡོད།

རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་སེམས་དཔའི་སྙན་ངག་བདམས་བཀོད།

2019-10-28 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།