དགའ་བཀྲ་ཤིས་རྡོ་རྗེའི་སྙན་ངག་ཚན་པ་ལྔ།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-12-31
དགའ་བཀྲ་ཤིས་རྡོ་རྗེའམ་ཆས་པ་བཀྲ་ཤིས་རྒྱ་མཚོ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་དཀྱིལ་ལ་ཀན་སུའུ་ཞིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཆས་པའི་གཤིས་ནས་སྐྱེས།   ལོ་རབས་དགུ་བཅུ་བ་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བརྒྱུད།  ༢༠༠༡ལོ་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས།  ད་ལྟའི་བར་དུ་ཞིང་ཆེན་ཕྱི་ནང་གི་དྲ་དེབ་ཚགས་གསུམ་དུ་སྙན་ངག་གཙོས་པའི་རྩོམ་ལུས་མི་འདྲ་བ་རེ་འགའ་སྤེལ།   ༢༠༡༦ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་།  ༢༠༡༩ལོའི་ཟླ༦པའི་ནང་སློབ་ཆེན་དེ་ག་ནས་ཡིག་འབྲུ་ཁྲི་བཅུའི་བདག་ཉིད་དུ་གྲུབ་པའི་མཐར་ཕྱིན་དཔྱད་རྩོམ་སྟེ།  《དབུས་བཟའ་མཁའ་འགྲོ་མ་དང་མོའི་མགུར་གླུ་སྙན་ངག་ལ་དཔྱད་པ》ཞེས་པས་སྤྱིར་རྩོམ་རིག་ཆེད་ལས་དང་།   ནང་སྒོས་སུ་བོད་ཀྱི་རྩོམ་རིག་དང་བོད་རྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་གི་ཁ་ཕྱོགས་ཀྱི་རབ་འབྱམས་པའི་བསླབ་གནས་དམ་བཅའ་བཞག       ད་ལྟ་སྔར་བཞིན་ཕ་ཡུལ་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།

རྗེ་མི་ལ་རས་པའི་འཁྲུངས་གཞིས་གུང་ཐང་སྐྱ་རྔ་རྩ་ལ་རྟོག་དཔྱོད་དུ་སོང་བ།    ༼༢༠༡༨ལོ༽

གངས་ཏི་སེའི་སྐོར་ལམ་གྱི་སྒྲོལ་མ་ལ་སྟེང་།  ༢༠༡༨ལོ། 

རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་དམ་བཅའི་སྐབས།   ༢༠༡༩ལོ།
 .  ལམ་ཕྲན།

མ་གཞི།    སུ་ལ་ཡང་ཆ་རྒྱུས་བྲལ་བའི་དཀར་ནག་གི་མདུད་པ་དེ།
ཉི་ནུབ་ཀྱི་བང་རིམ་ཁྲོད་ནས།  
ངོ་གདོང་གི་འགྱུར་བ་མཐའ་དག་རིས་སུ་ཕབ།
 
དུས་ཚོད་ཀྱི་མདའ་རྩེ་ལ་ཟིལ་བ་ཆགས་དུས།
མུན་པ་ལ་སྐྲག་པའི་མུན་པ་འཐུང་མཁན་དེ།
ཕ་ཡུལ་བོར་བའི་ཡུལ་གྱར་བ་བཞིན་མཐོང་དུས།
མིད་པ་ན་ལུས་པའི་ཡིག་འབྲུ་འགའ་ཤེད་ཀྱིས་གསེད།
 
ལྗིད་ཏིག་ཏིག་གི་གོམ་པའི་རྡོག་སྒྲ་རོལ་དབྱངས་སུ་སྒོམ་པའི་སྣང་བ་དེ།
གཙང་བོའི་རབ་ཁ་ན་འཚོ་བའི་སྤུན་གྲོགས་ཀྱི་དཔུང་བ།
སྐྲ་ལོའི་ཉག་རྩེ་ན་འཕྱོ་བའི་རླབས་རིས་ཀྱི་འོ་དྲི།
ཡང་ན།  རི་རབ་ཀྱི་ཕྲག་གོང་ན་འཕྱོ་བའི་ཡིད་ཆེས་ཀྱི་དད་འདུན།
 
གང་ལྟར།  རྒྱུས་མེད་ཀྱི་ལམ་ཕྲན་འདི་རྡོག་པས་མནན་པ་ནས།
འོད་ཀྱི་ཞགས་པ་ཐོགས་པའི་སྐྱ་རེངས་དེ་འཚོལ།
ཡིད་ཀྱི་དུངས་པ་ན་རྩེན་པའི་གྲུ་བ་དེ་འཚོལ། 
 
མི་ལོ་དུ་མའི་རྗེས་སུ།  
ལམ་ཆེན་གྱི་ཁོད་དུ་མ་ཆུད་པའི་སྟོབས་ཅན་དག་ཕྱོགས་བཞི་ནས་འཚང་དུས།
རང་ཉིད་ཀྱི་ལམ་ཕྲན་ལ་རང་ཉིད་ཀྱིས་སོན་འདེབས་སྲིད་དམ།
.  སྡོང་ལོ།
 
སྡོང་མགོ་ནས་བྱེའུ་འཕུར་རྗེས་ལོ་མ་རེ་རེ་ཡང་ས་ལ་ཟགས།
སྟེས་དབང་གིས་མཉམ་དུ་འཁེལ་བའི་སྡོང་ལོ་གཉིས།
 
སྟོན་མཇུག་གི་དྲན་པ་ཁུར་བའི་སྡོང་ལོ་གཉིས།
དགུན་ཟླ་ར་བའི་འཁོར་དུ་མ་ཚུད་པའི་སྔ་རོལ་དུ།
ངེས་མེད་ཀྱི་རླུང་བུ་དང་འགྲོགས་ཏེ་ཕྱིར་མི་ལྡོག་པའི་གནས་སུ་ཆས་ཐབས་བྲལ།
 
ཕྱིར་དྲན་གྱི་སྣང་བ་རིས་སུ་ཕབ་པའི་ལོ་མ་གཅིག
དྲོད་ལམ་ལམ་གྱི་ཚངས་མགུར་བར་དུ་འཁྱུད།
 
ཉི་འོད་ཀྱི་ཞུན་མ་བཞེས་པའི་མེས་པོ་དེ་དག
མུན་ནག་གི་ཁྲོན་པ་རྐོ་བའི་སྐྱ་མི་རྐང་ཐང་བ་དེ་དག
བརྡབ་གསིག་གི་འཁུན་སྒྲ་དབྱངས་སུ་གྱེར་བའི་བྱིས་པ་དེ་དག
སྡོང་མགོ་ནས་ལོ་མ་རེ་རེ་ཞེན་ཆགས་ཀྱིས་ས་རུ་ཟགས།
 
མཚེར་ས་བོར་བའི་སྡོང་ལོ་དེ་དག
གཙང་འགྲམ་གྱི་མུན་པ་འཐུང་བཞིན།
སང་ཉིན་གྱི་ལུས་རྟེན་ལ་སྨོན་ལམ་དང་རེ་བ་རྒྱག་སྲིད་དམ།
 
སྣང་བ་རླུང་ལ་བཅོལ་བའི་སྡོང་ལོ་གཉིས་ས་ལ་འབྱར།
 
 .  སྤྲིན་པ།
 
སྤྲིན་པའི་དཀར་ནག་གི་འགྱུར་བ་ལུག་ཁྱུ་བཞིན་འཚོ།
འཚོ་བའི་ཕུན་ཚོགས་ལོངས་སྤྱོད་སྤྲིན་པ་བཞིན་རྒྱུ།
 
ནག་མོ་ཁོལ་ཡང་ཡང་དྲན་བྱེད་ཀྱི་སྤྲིན་པ་དེ་དག
རི་ཆུ་ལུང་གསུམ་གྱི་ཐེམ་པ་བརྒལ་ནས།
རི་རབ་དང་གཙང་བོ་དག་ཐོལ་གྱིས་འགེམ་དུས།
ལུག་ཁྱུའི་མཛེས་སྡུག་ཁུར་བའི་སྤྲིན་པས།
ལྷོད་གཡེང་འཁྱིལ་བའི་དྲན་སྐུད་ཀྱི་སྣེ་མོ་ནས་ཡང་ཡང་སྒུལ།
 
ནམ་མཁའ་གོས་སུ་གྱོན་པའི་གཏམ་རྒྱུད་ལ་སུན་པ་ལྟར།
སྨུག་སྤྲིན་གྱི་སེང་རས་ཤིག་གོས་སུ་འཁྲུལ་བཞིན།
མཐིང་མདོག་དང་ཉི་འོད་ཁྱུར་མིད་དུ་བཏང་རྗེས།
ཡིད་ཆེས་དང་དཔའ་སྤོབས་ཀྱི་དགོད་ཁ་ཆོད་ཐབས་བྲལ།
 
སྤྲིན་པའི་ཁ་གཏད་ཀྱི་ནམ་མཁའ་འདི་ཡང་ཉམ་ཆུང་བ་ལ།
ནམ་མཁའི་དབྱིངས་ཀྱི་སྤྲིན་པ་དཀར་ནག་དེ་ཡང་བརྗིད་ཆེ་བ་ལ།
 
སྤྲིན་པ་ནི་ཞེ་སྡང་དང་ཕྲག་དོག་ཆེ་བའི་སྦྲུལ་ཆེན་ལྟར།
སྐབས་འགར།   ཨག་སྐད་འཛེར་འཛེར་དུ་སྒྲོག
གཡའ་དག་པའི་ནམ་མཁའ་དང་ཁྱོན་ཆེ་བའི་ས་གཞི་ཡང་སྒྲིབ།
སྐབས་འགར།   གཤིས་འཇམ་གཞུང་དྲང་གི་སྒེག་མ་ལྟར།
འཇོ་སྒེག་གི་ལང་ཚོ་དང་འོ་འཛིན་གྱི་མཆུ་སྒྲོས་ཉ་མོ་བཞིན་འཁྱུག
 
.  གདུང་བ།
 
སྐྱ་རེངས་ཀྱིས་མུན་པ་བཅོམ་ནས་ཉི་འོད་འདྲེན་སྐབས།
ཡིད་ཀྱི་ནམ་མཁའ་རུ་འོད་ཟེར་གྱི་འདབ་མ་ལྷུག་ལྷུག་ཏུ་དགོད།
 
གདུང་བ་ནི་ཐོག་མ་ནས་ཤ་གསེང་རུས་གསེང་དུ་ཐིམ་མེད།
ནར་སོན་གྱི་གོ་རིམ་ཁྲོད།  ཕྱི་རོལ་གྱི་དྲི་མ་དང་འགྲོགས་ནས།
ཤ་རུས་ལ་ཤོག་བུ་སྣུམ་གྱིས་ཟགས་པ་ལྟར།  
ཤེས་མེད་ཚོར་མེད་དུ་རྡུལ་ཙམ་རྡུལ་ཙམ་གྱིས་གྲུབ།
 
གདུང་བ་དེ་བྲང་གཞུང་དུ་འབྱར་བ་ནས།
གདུང་སེམས་ཀྱི་འབོད་པ་མེ་སྟག་བཞིན་མཆེད།
 
གདུང་བ་བྲལ་བའི་འཇིག་རྟེན་འཇིག་རྟེན་དུ་གྲུབ་རྗེས།
གདུང་བ་ཞེས་པའི་ཡིག་འབྲུ་གཉིས་རིས་སུ་མ་ཆད་པར།
ཕྱི་ནང་བར་གསུམ་དུ་གཞིས་ལ་ཞེན་པ་ལྟར།   དུད་དྲེགས་ཆགས་པ་ལྟར།
འཛུམ་ཆུང་གི་མེ་ཏོག་བཞིན་བཞད་པའི་དུས་ནི་དགུན་གྱི་ཉི་འོད་ཙམ།
 
ཡིད་འོང་གི་མཛེས་མ་དེ་གཙང་བོའི་ཕ་རོལ་དུ་བཞུད་སྐབས།
འཛུམ་ཆུང་གི་མེ་ཏོག་ཅིག་དྲན་པར་བཀལ་རྗེས།
དྭངས་གཙང་གི་མེ་ལོང་ཞིག་མགུལ་དུ་བསྒྲོན་རྗེས།
ཕྱིར་མིག་ནས་ཕྱིར་མིག་བརྒྱུད་དེ་གཙང་བོ་ནས་གཙང་བོ་བརྒལ།
 
གདུང་བ་ནི་རྗེས་བྱུང་གི་མེ་བཙའ་ལྟར།
ཚོར་སྣང་གི་གོམས་པས་བསགས་པའི་ཚོགས་པ་དེ།
.  ཟིལ་བ།

རྨི་ལམ་དེ་ཚང་དུ་མ་ཡིབ་པའི་སྔ་ཡོལ་དུ།
ཡང་ན།   ཚང་དུ་ཡིབ་པའི་རྨི་ལམ་དེ་རྩ་ནས་བསྔོག་ཆེད་དུ།
 
རྨི་ལམ་དེའི་ཆེད་དུ་ཟིལ་བ་མང་བའི་ང་རང་།
ཤོག་བུ་ཟ་བཞིན།    སྣག་ཚ་འཐུང་བཞིན།
ཁོད་དོག་པའི་གྲུ་ཟུར་གང་རུང་ནས་རྨི་ལམ་ལ་བསམ་གཞིག་ཡང་ཡང་ཤོར།
ཐེམ་སྐས་ཀྱི་བང་རིམ་རེ་རེ་གཅིག་འཕྲོར་གཅིག་བཤམས་དུས།
རྨི་ལམ་བོར་བའི་བྱེའུ་ཆུང་གི་གཤོག་པ་འདར་ཙམ་འདར་ཙམ་གཡོ།
 
མི་ལོ་ག་ཚོད་ཅིག་གི་ཡར་སྔོན་དུ།
མེས་པོའི་ཤེས་རབ་སྤུངས་པའི་དེབ་ཐེར་གྱི་ཁ་ཕྱེ་པ་ནས།
རྨི་ལམ་ལ་རྨི་ལམ་རྩེག་པའི་འདུན་པ་གཙང་བོར་འདྲེས།
རྨི་ལམ་ནི་ཤེས་རབ་ཀྱི་བདག་པོ་སྟེ།
འོད་དང་ནམ་མཁའ་གཞི་གཅིག་ཏུ་བསྲེས་རྗེས་ཀྱི་ཡུལ་ལྗོངས་ཤིག
 
ཟིལ་བ་རྡོག་གཅིག་མཁུར་ཚོས་ནས་རྦབ་རྡོ་བཞིན་འགྲིལ་དུས།
ཁ་སང་གི་ལོ་ཟླ་དང་གཏམ་རྒྱུད་ལ་ཕྱིར་མིག་ཅིག་དབང་མེད་དུ་ཤོར།
 
མེས་པོ་བཞུད་ཤུལ་གྱི་ནམ་མཁའ་དང་ས་གཞི་ནི།
གླང་ཆེན་ཉལ་ཤུལ་གྱི་མཚེར་ས་བཞིན།
གྲང་འཁྱག་གིས་བསྡམས་པའི་རྐང་ལག་དྲོད་ལམ་ལམ་གདའ།
 
ད་ལྟ།    ད་དུང་ཡང་དེབ་ཐེར་གྱི་རྒྱབ་ཤོག་ཧྲིལ་བོ་ནང་དུ་བཏབ་ནས་ཁ་ཟུམ་མེད།

                                        ༢༠༡༩ལོའི་ཟླ་༡༢པའི་ཚེས༢༩ནས་༣༡བར་ཕ་ཡུལ་ནས་བྲིས།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགའ་བཀྲ་ཤིས་རྡོ་རྗེའི་སྙན་ངག་ཚན་པ་ལྔ།

2019-12-31 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།