སྒྲེན་པོའི་སྙན་ངག་བདམས་བཀོད།

སྒྲེན་པོ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-07-08

སྒྲེན་པོ། དངོས་མིང་ལ་བན་དེ་སྐྱབས་ཟེར། རེབ་གོང་བཙན་མོ་སྟག་ཡན་ཞེས་པའི་རོང་མ་འབྲོག་གི་རུ་སྡེ་ཆུང་ངུ་ཞིག་ནས་སྐྱེས། 2015ལོར་བོད་ཀྱི་རྩོམ་རིག་གི་གཟིགས་གཟོས་མཐོ་ཤོས་ཀྱི་གྲས༼སྦྲང་ཆར་རྩོམ་རིག་བྱ་དགའ༽ཐོབ། 2017ལོར《ཐེ་ཀོར་གྱི་སྙན་ངག་གཅེས་བསྡུས་བོད་འགྱུར་མ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 2019ལོར་སྙན་དེབ་ཐོག་མ《ཚིག་གི་ལྡ་ལྡི》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་གསར་འགྱུར་ལོ་ཙཱ་དང་། གསར་འགྱུར་རྩོམ་སྒྲིག གསར་འགོད་པ་བཅས་ཀྱི་ལས་ཀ་གཉེར་མུས་ཡིན།
 
གཏམ་རྒྱུད་ཅིག་གི་འཆད་འཕྲོ།
 
གཏམ་རྒྱུད་ལེགས་པོ་ཞིག་འཆད་རྒྱུ་ནི་དཀའ་མོ་ཞིག་ཡིན་ནའང
འཆད་པའི་གཏམ་རྒྱུད་ལ
མི་རྣམས་ཡིད་ཆེས་སུ་འཇུག་རྒྱུ་ནི་དེ་བས་ཀྱང་དཀའ
གཏམ་རྒྱུད་འཆད་ཤེས་པ་ནས་བཟུང
ང་ཚོ་གཏམ་རྒྱུད་ཅིག་གི་བརྗོད་དོན་དུ་གྱུར
ང་ཚོ་གཏམ་རྒྱུད་ཅིག་ནས་སྐྱེས་པ་འདྲ་ལ
ཡོད་ཚད་གཏམ་རྒྱུད་ཅིག་ནས་འགོ་བརྩམས་པ་འདྲ
ཡང་ན་གཏམ་རྒྱུད་ཅིག་ལས་རྒྱུན་མཐུད་དེ
ད་ལྟ་ལ་ཐུག་གི་བར་དུ་གནས་ཡོང་བའང་འདྲ
གང་ལྟར
གཏམ་རྒྱུད་རྟོག་བཟོ་དང་འདྲེས་པ་ནས་བཟུང
ང་ཚོ་གཏན་དུ་གཏམ་རྒྱུད་དེའི་མཚར་སྡུག་ལས་ཕྱིར་འབུད་མ་ཐུབ
                                      2019/5/24
 
དཔེ་འཇོག་གི་དགོས་པ།
 
མི་རྣམས་ཀྱིས་ཡིད་འོང་གི་བུ་མོར་མེ་ཏོག་ཅེས་འབོད་ཀྱིན་འདུག
དོན་དམ་མེ་ཏོག་དང་བུ་མོའི་བར་ལ་མཚུངས་ཆོས་ག་ཙམ་ཡོད་དམ
ངས་མི་ཤེས
ངས་འདང་རྒྱག་ས་ཉག་གཅིག་པུ་ནི
དཔེ་འཇོག་ཅིག་གིས་སྙན་ངག་ཡག་པོ་ཞིག་བསྐྱེད་ཐུབ་མིན་དེའོ
                                       2019/5/25

ཨ་མ།

ངའི་ཨ་མའི་མིང་ལ་རིན་ཆེན་སྒྲོལ་མ་ཟེར
མོ་སློབ་ཆུང་ལོ་རིམ་གསུམ་པ་མ་གཏོགས་འགྲིམས་མ་མྱོང
ང་ལོ་བརྒྱད་ལ་བུད་པའི་ལོ་དེར
ཨ་མས་ང་ལག་མགོར་ཁྲིད་ནས་ཕ་ཡུལ་གྱི་སློབ་ཆུང་ནང་དུ་བསྐྱལ
ཨ་མས་ང་དགེ་རྒན་ལ་བཅོལ་གདམས་བྱས་ནས་བཤད་རྒྱུར
བུ་འདིའི་མིག་མ་བཅར་ན་གང་ལ་གཅར་ཀྱང་ཆོག་ཟེར
ད་ལྟ་ཨ་མ་རྒ་བས་ནོན་ནས་མིག་ཟུང་གི་རྣོ་ངར་ཉམས་ནའང
ཁོ་མོའི་སེམས་ཁུར་བྱེད་ས་ཉག་གཅིག་པུ་ནི
བུ་ངའི་ཡ་ཐོད་ཀྱི་མིག་ཟུང་འདི་རེད
                                      2019/5/29
 
 གྱེས་ཁ་མའི་གླུ
 
གླུ་ཚིག་དེས་ཆར་རྗེས་ཀྱི་སྒེའུ་ཁུང་སྲུབས་མེད་བརྒྱན
ངས་མཐོང་སྣེ་དེ་གར་རྒྱང་རིང་གི་རི་བོའི་ཟབ་ཚད་འཇལ
ཤེལ་སྒོའི་སྟེང་ཧ་ཡིད་ཚིམ་པ་བཏབ་རྗེས
མཛུབ་མོས་རྒྱང་དུ་འཐེན་པའི་ལམ་ཕྲན་གྱ་གྱུ་དང
ལམ་ཕྲན་མུ་མཐའི་རྒྱབ་གཟུགས་མངོན་ཙམ་བྲིས་ཚར་མ་ཐག
མེ་ཏོག་ཅིག་དྲག་ཆར་གྱིས་བརྫིས་ནས
ཡུལ་ལྗོངས་དང་གཏན་དུ་གྱེས

 མེ་ལོང་།
 
རྨི་ལམ་དེའི་ནང་ནས་ངས་རང་ཉིད་མེ་ལོང་ཞིག་ཏུ་གྱུར་ཡོད་པ་རྨིས
མེ་ལོང་ཕྱི་གཙང་ནང་མཐོང་དེའི་ནང་དུ
ཅི་ཡང་ཤོང་ལ་ཅི་ཡང་མེད
སྟོང་སང་སང་གི་ནམ་མཁའི་ངོས་སུ
འཇའ་ཚོན་གྱི་རི་མོ་འབྲི་ལ་བྲེལ་བའི་ལྷ་མོ་ཞིག་གིས
མཚོ་མོ་མེ་ལོང་བྱེད་བསམས་ནས་མར་བལྟས་པ་ན
མཚོ་མོའི་གཏིང་ཟབ་ས་རུ
ནམ་མཁའ་རྗེན་འཆར་བྱེད་སའི་མེ་ལོང་ཞིག་གིས
ལྡོག་འོད་ལམ་ལམ་སྤྲོ་བཞིན་པ་མཐོང
དེ་འཕྲལ་ཁོ་མོས
མཚོ་གཏིང་དུ་བྱིངས་པའི་མེ་ལོང་ཕྱག་ཟུང་གིས་ཡར་བསྒྲུགས་ནས
རང་གི་སྒེག་ཆས་སྤྲས་སའི་སྟེགས་བུའི་སྟེང་དུ་བཞག
དེ་ནས་བཟུང
ང་ཡི་མི་ཚེ་འདི་ལ
མཛེས་པ་མི་ཚོར་བའི་སྡུག་བསྔལ་ཡོད་དོགས་མ་སྐྱེས
                                      2019/8/6

རྡོ་བར་གྱུར་བའི་གོ་རིམ།

དབུགས་འབྱིན་རྔུབ་བཞིན
སྨྲ་སྒོར་འཇགས་པའི་ཕ་སྐད
དབུགས་འབྱིན་རྔུབ་བཞིན
རྩ་ལམ་ན་རྒྱུ་བའི་མ་ཡིག
མཉེན་ཞིང་གཡོ་བ
བྱེའུའི་གཤོག་འགྱུ་དང་འདྲ་བ
སྲ་ཞིང་འཐས་པ
ཕ་བོང་གི་གཟུགས་སུ་གྱུར་དུས
དབུགས་ཐོགས་ལྷེམ་ལྷེམ་མེ་བ་དེ་ཚོ
ཉི་མ་ནུབ་ཀྱི་ཕྱོགས་སུ་ཆས་ཟིན་པའི་སྔ་ལྟས་རེད
ཨ་ཁ་ཁ
ཁོ་ཚོས་རང་གི་དབུགས་རྒྱུན་དྲོན་མོ་ཡང
རང་དགར་ཕྱི་རུ་གཏོང་ཐུབ་ཀྱིན་མི་འདུག

འབུ་མེ་ལྕེབས།
 
སྲིན་འབུ་མེ་ཁྱེར་སྒྲོན་མེར་ལྕེབས་པའི་སྐད་ཅིག་མར
སྡུག་བསྔལ་མུན་པ་གང
མེ་སྟག་གཅིག་གི་ཚམ་ཚོམ་བརྒལ་རྗེས
སྐད་ཅིག་འོད་དུ་བསྒྲོན
བདེ་བ་གློག་ཞགས་གཅིག
གཞོབ་དྲི་མཆེད་པའི་སྐད་ཅིག་འབར་གས་བརྒྱུད་རྗེས
མུན་པའི་མཐའ་རུ་ཐོན
ཤིན་ཏུ་འཁྱགས་པའི་གླུ

ཤ་ཁྲག་གི་ཕུང་བོ་རྟེན་སའི་རུས་སྒྲོམ་འཁྱགས
རུས་སྒྲོམ་གྱི་བཅུད་ན་སྨིན་པའི་རྐང་མར་འཁྱགས
གློ་སྙིང་འཁྱགས་པ
དབུགས་རྒྱུན་འཁྱགས་པ
ཆབ་རོམ་དང་ནི་རྡོ་བ་བཞིན
མགྲིན་ལམ་ན་ཡང་ཡང་འཁྱགས

 དཔེ།
 
མཚོ་མཐའ་འཁྱགས་པས་ཟིན་དུས་ཀྱི་ང་རང་གྲང་ཅང་ཅང
དྲོད་པ་མེ་དང་འཕྲད་དུས་ཀྱི་ཁྱོད་རང་ཚ་ལམ་ལམ
ཆར་བ་ཆུ་དང་བསྡེབས་རྗེས་ཀྱི་ང་རང་བརླན་ཤིག་ཤིག
ཤིང་བལ་རླུང་གིས་སྐྱོད་དུས་ཀྱི་ཁྱོད་རང་འདར་ལྕུག་ལྕུག
མིག་ཟུར་གདོང་ལ་ལྷུང་དུས་ཀྱི་ང་རང་འཛུམ་དམུལ་དམུལ
འདོད་པ་ཚྭ་དང་བསྲེས་རྗེས་ཀྱི་ཁྱོད་རང་སྐོམ་ཀྲོག་ཀྲོག
གཏི་མུག་མུན་དང་འགྲོགས་རྗེས་ཀྱི་ང་རང་ནག་ཐིབ་ཐིབ
ཞེ་སྡང་སྟག་དང་གཤིབ་དུས་ཀྱི་ཁྱོད་རང་འཁྲུག་ཟིང་ཟིང
 
རྨི་ལམ་སྙེག་པའི་རྟ་ཕོ།

རྟ་ཕོ
ང་ཡི་རྟ་ཕོ
འཚེར་སྐད་ལྷང་ལྷང་སྒྲོགས་དང
རྣ་གཤོག་ཀྲོག་ཀྲོག་སྒྲེངས་དང
སྣ་དབུགས་ཧད་ཧད་རྔུབས་དང
ཁ་རྔོག་རླུང་ལ་སྐྱོན་དང
རྨིག་གོར་སྤང་ལ་རྡོབས་དང
ད་ཆ་རྨི་ལམ་མ་གཏོགས
ངས་ཁྱོད་གཏིང་བརྗེད་དུ་གྱུར་ལ་ཉེ

 ད་ལོའི་དབྱར་འཁྱགས་གི
 
དེ་རིང་གི་ཉིན་ཐོ་འདི་འབྲི་དུས
ངས་གནམ་ངོ་དྭངས་མིན་ལ་མ་བལྟས
ཟླ་ཚེས་འབྲི་ཉེས་ཤོར་མིན་ལའང་མ་བལྟས
ཐ་ན
ཡིག་ནོར་དང་བརྡ་ལོག་དོན་ལོག་ཤོར་མིན་ལའང་མ་བལྟས་པར
དབྱར་ཁ་འཁྱགས་ཚུལ་ཁོ་ན་ཐོ་རུ་བཀོད
                                      2019/5/31

སྒྱུ་མའི་སྤྲིན་ཕུང་།
 
བལྟས་ཚོད་ལ
ནམ་མཁར་སྤྲིན་ཕུང་འཕྱོ་གཡེང་གིས་འཁྲིགས་ཏེ
གྲང་བསིལ་གྱི་སྤྲིན་ཕུང་དག་ཕན་ཚུན་ལ་འཕྲད་དེ
ཆར་ཆུའི་ངོ་བོར་འགྱུར་ངེས་པ་ནི་རྣམ་འགྱུར་ཞིག་ཡིན་ལ
ཆར་པའང་སྤྲིན་པའི་ངོ་བོ་འགྱུར་བའི་རྣམ་འགྱུར་གཞན་ཞིག
གལ་ཏེ་སྤྲིན་པ་དེ་དག་གིས་ཀྱང
རང་ཉིད་ཀྱི་ངོ་བོ་ཆུ་ཡིན་པ་ཚོར་བར་གྱུར་ན
རྦ་རླབས་བྱེ་བ་འབུམ་ཕྲག་ཡར་འཕྱོ་མར་འབབ་བྱེད་སའི
རྒྱ་མཚོར་འབབ་ངེས་ཀྱང
རྒྱ་མཚོར་མཐོ་དམན་གྱི་འཕེལ་འགྲིབ་ཅི་ཡང་མེད་པ་བཞིན
སྤྲིན་པ་ཆར་དུ་གྱུར་བའང
དོན་ལ་སྤྲིན་པ་གཏན་ནས་འཇིག་པ་མ་ཡིན་པར
སྐྱེ་འཆིའི་ཕ་རོལ་ཏུ་སོན་སྟངས་ཤིག་ཡིན་པ་ཧ་གོ་ཐུབ
                      2020/6/18

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲེན་པོའི་སྙན་ངག་བདམས་བཀོད།

2020-07-08 སྒྲེན་པོ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།