སེང་རྡོར་གྱི་ལྷུག་རྩོམ་གསར་པ་ཆེད་བཀོད།

བརྩེ་དུང་གི་དུར་ཁྲོད་དང་གཞན་དག

  ཀོའུ་ཁྲིན་གྱིས་རང་གི་ཆུང་མ་ངན་གསོད་བྱས་བཞག་པ་རེད། དེ་ནི་ཅི་འདྲའི་སྙིང་ན་བ་ཞིག་མ་རེད་དམ། ཆུང་མ་བསད་རྗེས་ཀོའུ་ཁྲིན་གྱིས་རང་ཉིད་ཀྱང་དམར་གསོད་བྱས་བཞག་པ་རེད། དེ་ནི་དེ་ལས་ཀྱང་འུ་ཐུག་དང་ཐབས་ཟད་ཀྱི་ལས་ཀ་ཞིག་མ་རེད་དམ། བར་འདི་ནས་ད་གཟོད་སྙན་ངག་འཇུར་ཡོང་བ་རེད།

  ཀོའུ་ཁྲིན་གྱིས་ཆུང་མ་བསད་པ་ནི་ཆུང་མ་ལ་དགའ་དྲགས་པའི་རྣམ་འགྱུར་གཞན་ཞིག་ཡིན་ཞེས་པའི་ཟེར་སྲོལ་ཡང་ཡོད་པ་རེད། ཀོའུ་ཁྲིན་གྱིས་རང་ཉིད་བསད་པ་ནི་ཆུང་མ་དང་གཏན་དུ་ཁ་མི་འབྲལ་བའམ་ངོ་བོ་གཞན་ཞིག་གིས་ཆུང་མར་འཕྲད་སྟངས་ཤིག་ཡིན་ཞེས་པའི་ཟེར་ལུགས་ཀྱང་ཡོད་པ་རེད། བར་འདི་ནས་ད་གཟོད་སྒྱུ་རྩལ་འཇུར་ཡོང་བ་རེད།

  ཨ་སྟག་ལྷ་མོས་གེ་སར་ཏེ་སོ་སོའི་དགའ་རོགས་དང་བསྡོངས་ནས་རང་གི་མིང་པོ་སྟེ་ཀླུ་བཙན་མེད་བརླགས་བྱས་པ་རེད། བར་འདི་ནས་ད་གཟོད་བརྩེ་དུང་འཇུར་ཡོང་བ་རེད།

  དཔེ་ཞིག་བཞག་ན། སྐབས་རེར། སྙན་ངག་ལ་དད་དྲགས་པའི་མཇུག་འབྲས་ཀྱང་ཕལ་ཆེར་དེ་འདྲ་ཞིག་རེད། མཚམས་རེར། སྒྱུ་རྩལ་ལ་དུངས་དྲགས་པའི་རང་བཞིན་ཡང་ཧ་ལམ་དེ་འདྲ་ཞིག་རེད། ལན་རེར། བརྩེ་དུང་ལ་འཐིམས་དྲགས་པའི་ཁྱད་ཆོས་ནི་ཡོངས་སུ་དེ་འདྲ་ཞིག་རེད། དེ་ཅིའི་ཕྱིར་ཞེ་ན། སྙན་ངག་དང་སྒྱུ་རྩལ་གང་ཡིན་ཀྱང་ཚོར་བའི་རླབས་རྩེ་ཏག་ཏག་ནས་གཡུལ་གཤོམ་དགོས་པའི་ནང་སེམས་ཀྱི་ཛ་དྲག་ཅིག་ཡིན་པས་སོ།།

  བརྩེ་དུང་ནི་ལྷག་ཏུ་དེ་བཞིན་ཏེ། མནར་གཅོད་མེད་པའི་བརྩེ་དུང་དང་ཛ་དྲག་མིན་པའི་བརྩེ་དུང་ནི་ཅི་ཞིག་རེད། ཅི་ཡང་མ་རེད་ཅེས་མང་པོ་ཞིག་གིས་དང་ལེན་མི་བྱེད་པ་མིན་ནམ། ལྷག་ཏུ་ལོ་ཉུང་ཚོས་དེ་ལྟར་བསམས་ཤིང་སེམས་པ་རེད། མནར་གཅོད་དང་བརྩེ་དུང་གཉིས་གཤིབ་གཤིབ་འགྲོགས་འགྲོགས་ལ་འགྲོ་ཡི་ཡོད་པ་རེད། ལོ་ཉུང་ཚོས་རང་གིས་རང་ལ་ཐ་མག་གིས་གསུར་བ་ཚུན་ཆད་ཀྱང་མཐར་གཏུགས་ན་རྒྱུ་དེ་འདྲ་ཞིག་ལ་ཐུག་མི་འདུག་གམ། རྐྱེན་ཡང་དེ་འདྲ་ཞིག་ལ་ཐུག་མི་འདུག་གམ།

  དཔེ་ཞིག་བཞག་ན། མི་ལ་རས་པས་རང་གི་ཨ་ཁུ་ཚང་གི་སྐྱེ་བོ་བཅུ་ཕྲག་གསུམ་ལྷག་བསད་པ་རེད། ཁོ་རང་མི་གསོད་ལག་དམར་ཞིག་ཆགས་པ་ལ་རྒྱུ་རྐྱེན་དུ་མ་ཡོད་སྲིད་མོད། ཁོ་དང་ཆུང་གཉེན་བསྒྲིགས་ཡོད་ཀྱང་ཅིས་ཀྱང་དོན་སྨིན་མ་བྱུང་བའི་བུ་མོ་དེའི་ཆེད་ཀྱང་ཡིན་པ་སྨྲ་མི་དགོས་པ་ཞིག་རེད་ཨང་།

  མི་ཕལ་ཆེ་བ་ནི་ཚོར་བ་ལ་ཧ་ཅང་དགའ་བ་རེད། དེའི་རྐྱེན་གྱིས་གང་ཞིག་ན་སུ་ཞིག་ངུ་བཞིན་ཡོད་ན་མི་འཚོགས་དེར་གདུ་ཡོང་བ་རེད། ངུ་བ་ནི་སྐྱོ་དྲགས་པའི་མཚོན་རྟགས་ཤིག་རེད། མི་འཚོགས་གདུ་དོན་ཡང་ཚོར་བ་དེ་འདྲར་དགའ་སོང་བས་མིན་ནམ། འབྲུག་པ་ཀུན་ལེགས་དང་རུས་པའི་རྒྱན་ཅན། ཚངས་དབྱངས་རྒྱ་མཚོ། དགེ་ཆོས་དང་དྲུང་པ་སོགས་ཀྱི་རྣམ་ཐར་དང་ལོ་རྒྱུས་ལ་མི་ཚོ་ལྷག་པོ་ཞིག་སྤྲོ་ཡི་ཡོད་པ་རེད། དེ་ཡང་གང་གིས་རེེད་ཅེ་ན། ཁོང་རྣམ་པས་ཚོར་བ་རང་གི་ཐོག་ནས་སྨྱོན་པའི་རྟུལ་ཞུགས་ཡང་ཡང་བསྐྱངས་པས་མིན་ནམ།

  ཀུན་ལེགས་ཀྱི་གནང་སྟངས་ལ་ལྟོས་དང་། སྤྱོད་པ་ཚད་ལས་འདས་པ་ཞིག་མ་རེད་དམ། དགེ་ཆོས་ཀྱི་ཆུང་གྲོགས་རྗེས་དྲན་ཀློགས་དང་། སྡུག་བསྔལ་ཚད་ལས་འདས་པ་ཞིག་མ་རེད་དམ། ཁོང་ཚོའི་རྣམ་ཐར་དུ“བརྣངས་དྲགས་ཏེ་སྐད་མ་ཐོན”ཞེས་དང་། “འདི་ལས་ཤི་བ་དགའ་སྙམ”ཞེས་པ་ལྟ་བུའི་ཚོར་བའི་མགོ་གནོན་མ་ཐུབ་པ་མང་དུ་མཇལ་རྒྱུ་ཡོད་ཨང་།

  ད་ལྟ་གསོན་ངོགས་སུ་ཡོད་པའི་སྙན་ངག་པ་ཞིག་གིས་ཀྱང་། “ངས་སྙན་ངག་འབྲི་དུས་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་ཡོང་། ད་ནི་འབྲི་ཐུབ་པ་མི་འདུག”ཅེས་སྐད་ཀྱང་ཤོར་སྐད་འདུག ཕྱོགས་གཅིག་ནས་དེ་ལ་ཁག་ཀྱང་མི་འདུག་ཨང་། རྟག་པར་དེ་འདྲ་མིན་ཀྱང་དེ་འདྲའི་སྣང་བ་ངེས་པར་དུ་ལོས་སྐྱེ་ཨང་།

  སྙན་ངག་དང་སྒྱུ་རྩལ་གྱི་ལས་ཀ་ལས་མཁན་ཞིག་གམ། བརྩེ་དུང་གི་དབང་དུ་ཚུད་པའི་སྐྱེ་བོ་ཞིག་ལ་མཚོན་ན་ཕ་མ་དང་ནང་མིས“ཁྱོད་སྨྱོས་བཏང་བ་མིན་ནམ”ཞེས་བསླབ་བྱ་གཏོང་དགོས་པའི་ཚད་ལ་ཅིས་ཀྱང་ཐོན་རྒྱུ་ཡོད་པ་འདྲ། དེ་འདྲའི་ཚོར་བ་མེད་ན་དེ་འདྲའི་སྙན་ངག་ཀྱང་ཕྲིས་རྒྱུ་མ་རེད། རྫ་དཔལ་སྤྲུལ་སོགས་ལ་ཆོས་ཀྱི་གདེང་ཚོད་དེ་འདྲ་ཡོད་ཀྱང་། སྙན་ངག་དང་ཚོར་བའི་དབང་ལ་ཤོར་དྲགས་དུས་སོ་སོར“སྨྱོན་པ”ཞེས་པའི་བརྡ་ཞིག་ཀྱང་མི་སྦྱོར་རང་སྦྱོར་ཆགས་ཀྱི་ཡོད་པ་རེད།

  འཇུ་མི་ཕམ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ཁར་བསྩལ་བའི་གསུང་ཞིག་ལས། “ད་ཤི་ད་སྨྱོ་ལན་གྲངས་མྱོང་བའི་མཐར། །པདྨ་འཇམ་དཔལ་སྒྲོལ་མ་ལ་སོགས་པའི། །ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེའི་འོད་ཟེར་གྱིས། །བདེ་བར་བསུས་ཏེ་འཇིགས་མེད་ཐང་ལ་སླེབས། །ན་སྙམས་དྲག་པོའི་ནད་ཀྱང་རང་སར་ཞི། །སྨྱོ་སྙམས་དྲག་པོའི་དུས་སུ་སྨྱོ་ཡང་ཞི། །ཀུན་འཁྲུགས་དྲག་པོའི་དུས་སུ་འཁྲུགས་མེད་འགྱུར། །”ཞེས་ཧ་ཅང་གནག་པོ་འདྲ་ཞིག་གསུངས་ཡོད་པ་རེད། སྐྱེས་མཆོག་དེ་འདྲའི་རིགས་ཀྱང་སྨྱོན་པ་ཕྱེད་ཅིག་ཆགས་གྲབས་སུ་གནས་མྱོང་ཡོད་ན། ང་རང་ཚོའི་གྲས་ནི་བརྗོད་ཀྱང་མ་དགོས་པ་ཞིག་མིན་ནམ།

  སྙན་ངག་པ་དང་སྒྱུ་རྩལ་པ་ཚོའི་ལན་ཆགས་ཤིག་ལ། ཡང་ན་ཁོ་ཚོའི་བུ་ལོན་ཞིག་ལ། རེས་ཚིག་གཅིག་གི་སྟེང་ནས་ཀྱང་འཆི་འཆི་མ་ཐུབ་པར་གསོན་གསོན་མ་ཐུབ་པར་བསྡད་ཡོད་པ་རེད།

  སྙན་ངག་ལ་བཅོས་པའི་བརྩེ་དུང་གི་དབང་དུ་ཚུད་པ་ཚོས་དེ་ལས་ཀྱང་ཚིག་གཅིག་གི་ཟ་ཟུར་ཕྲ་མོ་རེ་རེ་ཡང་ཞིབ་ཅིང་ཕྲ་མོས་བཙགས་ཏེ་ཉར་ཁར། ཁོ་ཚོའི་གྲས་ཀྱིས་ཆགས་སྡང་གི་དུམ་བུ་ཆུང་ཆུང་རེ་རེ་བསྒྲིགས་ནས་ཀྱང་ལོ་བཅུ་དང་ཉི་ཤུ་ཕན་ཆད་སོང་ཞིང་འགྲོ་བས་ན། དེ་དང་དེ་འདྲར་དོན་དག་མི་འབྱུང་བའི་ངེས་པའང་ཅི་ལ་ཡོད་དེ་མེད་དོ།།

  དེ་ལྟར་ཚོར་བའི་ཆེད་དུ་ཕྱི་མི་སྡུག་ལ་གཏད། ཚོར་བའི་ཆེད་དུ་ནང་མི་ཡང་སྡུག་ལ་གཏད། ཚོར་བའི་ཆེད་དུ་རང་ཉིད་ཀྱང་སྡུག་ལ་གཏད་ཅིང་གཏོད་པས་ན། འདིའི་མིང་འདོགས་ལ་བརྩེ་དུང་གི་དུར་ཁྲོད་ཟེར་མི་དགོས་སམ། ད་ལྟའི་ཟེར་སྲོལ་བྱས་ན་དམངས་ཁྲོད་དུའང་འདི་ལ་ཚིག་ཅིག་ཡོད་པ་རེད། “གསོན་ན་ཁྱོད་ཀྱི་མི་ཡིན།། ཤི་ན་ཁྱོད་ཀྱི་འདྲེ་ཡིན།།”ཞེས་པ་དེའོ།། དེས་ན། ཁྲག་དམར་འབབ་པའི་ཚོད་ཀྱི་བརྩེ་དུང་ཡང་ཡོད་པའོ།།

  ཨ་ཕ།

  ཨ་ཕ་ཞེས་པ་ཐུང་མཐའ་ཡང་གོམ་པ་གསུམ་ཕན་ཆད་དུ་འགྲེངས་པའི་ང་རྒྱལ་ཞིག་སྟེ། ཡང་ན་དེ་འདྲའི་རྣམ་པ་ཞིག་སྟེ། སྐབས་དང་སྐབས་སུ་འཁྱུགས་ཡོང་བའི་གློག་ཞགས་ལྟ་བུའོ།། <<ལྷ་སྲིན་སྡེ་བརྒྱད>>ཅེས་པའི་གློག་བརྙན་རིང་མོ་ལས་ཆོ་ཧྥིན་གྱི་ཨ་ཕ་གློ་བུར་དུ་མངོན་ཡོང་སྟེ་ཆོ་ཧྥིན་བསྐྱབས་པ་ལྟ་བུའོ།། དེ་ནི་སྐབས་དེའི་ཆོ་ཧྥིན་གྱི་བློ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ང་རང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཀྱང་ངེས་པར་ཡིན་ནོ།།

  དཔེ་མི་མཛའ་བ་ཞིག་གིས་དོན་མཛའ་བ་ཞིག་ཀྱང་བསྟན་ན་འདི་ལྟ་སྟེ། ང་ཚོས་ནོར་ལུག་གི་ཁྱུར་བལྟས་མ་ཐག་ཏུ་གང་དང་གང་མ་བུ་ཡིན་པ་ཅུང་ཟད་ཤེས་ནའང་། སུ་དང་སུ་ཕ་བུ་ཡིན་པ་དེ་ཙམ་མི་ཤེས་པ་ཡིན། འོན་ཀྱང་འཕར་སྤྱང་གིས་འཇབ་རྒོལ་བྱེད་ཐེངས་རེ་རེར་ཅི་མི་སྙམ་པར་རྗེས་སུ་སྡོད་པ་དང་། བསམ་གཟས་ནས་མཐའ་རུ་ཉུལ་བ། ཆེད་མངགས་གདོང་གིས་བསུ་བ་ཕལ་ཆེར་ཞིག་ཕ་དང་ཕོ་ཡི་རིགས་ཡིན་པ་ཁོ་ཐག་ཆོད་དོ།། མི་ལ་སྦྱར་ནའང་དེ་བཞིན་གྱི་རང་བཞིན་ནོ།།

  དེ་བས། ང་ཚོས་ཨ་མའི་རིགས་ཀྱི་དྲིན་ལན་རྟོགས་དགོས་པའི་ཕན་ཆད་དུ། ཨ་ཕ་རྣམས་ཀྱི་མི་བཤད་ཀྱང་སྙིང་ཐག་པ་ནས་སྒྲུབ་པ་དང་། མི་ངུ་ཡང་བརྟན་བརླིང་གིས་གདུང་བ་དང་། མི་མཐོང་ཡང་གང་ཞིག་ན་ཅིས་ཀྱང་འཚོས་ནས་ཡོད་པའི་བྱ་སྤྱོད་རིགས་ཀྱང་མི་དྲན་རང་དྲན་ཡིན་ཨང་།

  འདྲིས་དང་མ་འདྲིས་པའི་མཛའ་བཤེས་ཞེས་པའི་བརྡ་དེའི་དབང་དུ་བཏང་ན། ཨ་མ་རྣམས་ནི་སྔ་མ་དང་། ཨ་ཕའི་གྲས་ནི་ཕྱི་མའོ།། མ་འདྲིས་ན་མཛའ་བཤེས་མིན་པའི་ངེས་པའང་མེད་ཙང་། མི་ཚོས་སངས་རྒྱས་ལའང་མ་འདྲིས་པའི་མཛའ་བཤེས་ཞེས་བོས་ཤིང་འབོད་པ་མིན་ནམ།

  ང་ལ་རང་གི་བུ་ཆུང་དང་ལྷན་དུ་ནམ་ཙ་སྐྱེལ་བའི་ཁོམ་ལོངས་མེད་ལ། ཧ་ཅང་འདྲིས་ཡོད་ཟེར་ནའང་དཀའ་སྟེ་ཁོས་ང་ལ་སྙད་རྐོ་བ་སོགས་ཀྱང་བྱེད་མི་ཕོད་དོ།།

  སྐབས་མང་པོར། ངས་ཁོ་ལ་ངོ་གནག་སྟེ་སྐད་ཆ་བཤད་ཀྱིན་ཡོད་ཅིང་། གཤེ་གཤེ་ཡང་གང་འཚམ་ཞིག་གཏོང་གིན་ཡོད། ད་སྔ་ངས་ཁོ་ལ་ལག་འབུད་མ་མྱོང་མོད། དེ་ཡང་མི་སྲིད་པ་ཞིག་མ་རེད་འདོད།

  ཡིན་ནའང་ཁོ་རང་གྲི་སོགས་ལ་ཐུག་སྟེ་མི་གཅོད་པའི་ཆེད་དུ་ཁྱིམ་གྱི་རྣོ་ཆོད་ཅན་ཕལ་ཆེར་གད་སྙིགས་སུ་དོར་མྱོང་ལ། ཁོ་རང་མཐོ་ས་ནས་ལྡིང་ཨེ་འཇོག་ལ་སྐྲག་སྟེ་སྒེའུ་ཁུང་ཚང་མར་ལྕགས་ཀྱིས་དམ་ཡང་བརྒྱབ་མྱོང་། སྨན་རིགས་བཟི་རིགས་སོགས་ཁོའི་མི་མཐོང་སར་སྦེད་རྒྱུ་ལའང་ལྷོད་གཡེང་གཏན་ནས་ཤོར་མྱོང་མེད་ལ། ཁོའི་ངལ་གསོ་དང་སློབ་སྦྱོང་གི་ཆེད་དུ་ཁྱིམ་ལ་ཆང་འཐུང་མི་བསུ་བ་ཚུན་ཆད་ཀྱང་བྱས་ཤིང་བྱེད་ལ་ད་དུང་ཡང་བྱ་ངེས་སོ།། ང་རང་གོམ་པ་གསུམ་མམ་གོམ་པ་བརྒྱའི་ཕན་ཆད་ཀྱི་ཨ་ཕ་བྱེད་སྟངས་འདི་འདྲ་ཞིག་ཡིན་ལ། གཅིག་བྱས་ན་ངའི་ཨ་ཕ་དང་ངའི་ཨ་ཕའི་ཨ་ཕ་སོགས་ཀྱིས་ཀྱང་འདི་འདྲ་ཤ་སྟག་བྱས་ནས་ཡོང་ཡོད་ལས་ཆེའོ།།

  ད་ལོའི་རིམས་ནད་དྲག་མཆེད་ཀྱི་སྐབས་སུ་ཡང་བུ་ཆུང་ཁྱིམ་ལ་བསྡུས་ནས་རང་ཉིད་ལ་གདོང་ལ་བུད་པ་ཡིན། རིགས་འདེད་ཀྱིས་བྱས་ན། ནད་ཅེས་པ་དེ་ང་ལ་འགོས་རྗེས་ཁོ་ལ་མི་འགོ་བ་ཞིག་མིན་ནའང་། ཚོར་བས་བྱས་ན། ང་རང་ཨ་ཕ་ཞིག་གི་ཚོད་ན་ཅིས་ཀྱང་འགྲེངས་ནས་ཡོད་པ་ཡིན་ནོ།།

  དགོད་ཀྱང་བྲོ་ཞིང་ཞེ་ཡང་གཉོམ་འགྲོ་བ་ཞིག་ལ། མོ་ཊ་གཏོང་སྐབས་རང་དང་མཉམ་དུ་བུ་ཆུང་ཡོད་ན་རྐང་ཚ་ནས་ཟི་ལིང་བར་ལའང་ཐོན་རྒྱུ་ཞིག་མེད་མོད། སོ་སོ་གཅིག་པུ་ཡིན་དུས་འཕུར་བ་དང་གཉིས་སུ་མེད་པའོ།། དེ་ལའང་རིགས་འདེད་ཀྱིས་བྱས་ན་ཅང་མེད་མོད། ཚོར་བས་བྱས་ན་ཨ་ཕ་ཞིག་གི་མི་བཤད་མི་གླེང་བའི་ལྟག་རྒྱབ་ཀྱི་སེམས་ཁྲལ་ཚ་ཤོས་དེ་སྦས་མེད་དམ་སྙམ་མོ།།

                                                                                                                      ༢༠༢༠ ༨ ༢

  གྱང་ཁའི་རྩྭ།

  ངའི་སྤུན་ཟླ་དག་གིས་མགོ་བོ་རུམ་ལ་བཅུག་ནས་ཉི་མ་དྲོ་མི་དྲོ་དང་ནམ་ཟླ་ལེགས་མི་ལེགས་བརྩད་ཅིང་རྩོད་དོ།། ཁོ་ཚོས་རེས་མགོ་ཕྱི་ལ་འཕུད་ཙམ་གྱིས་ནམ་ཟླ་དང་ས་ཆུ་འདྲི་ཞིང་། ལན་འདེབས་མཁན་མེད་དུས“ཕལ་ཆེར་ཉི་མ་དྲོ་བ་འདྲ། ཕལ་ཆེར་ས་ཆུ་བཟང་བ་འདྲ”ཞེས་ཀྱང་རང་སེམས་གསོའོ།།

  ཁོ་ཚོས་རེས་གོ་ཁའི་ཐལ་བ་འབའ་ཞིག་དྲག་ཏུ་དཀྲུག་ཡོང་བ་ཕུད། ལས་དང་བྱ་བ་ཅི་ལའང་ཧ་ཅང་ཚེགས་དཀའ་བྱེད་དོ།།

  ང་ལའང་གོམས་གཤིས་ངན་པ་དེ་འདྲ་གཏན་ནས་མེད་པ་མིན་མོད། ང་རང་ཉིན་རེར་གླལ་སྒྱིང་དང་བཅས་སྒོ་རའི་ནང་དུ་ཡོང་ཙམ་བྱེད་ཀྱི་ཡོད་ལ། སྐེ་བསྲིངས་པ་ཙམ་གྱིས་མཐོང་བའི་གྱང་ཁའི་རྩྭ་ཕྲན་དག་ལ་མཉམ་འཇོག་རེ་བྱེད་ཀྱིན་ཡོད་དོ།།

  གྱང་ཁའི་རྩྭ་ཕྲན་དག་ནི་རླུང་ཆེན་པོ་ལྡང་ན་དེའི་ཚོད་ཀྱིས་གཡོ་ལ་ཆུང་ངུ་ལྡང་ནའང་དེའི་ཚོད་ཅིག་གཡོ་སྟེ། མཐའ་ན་ཤེས་མི་ཤེས་ཙམ་གྱི་རླུང་ཞིག་ལས་ལྡང་གིན་མེད་ཀྱང་གྱང་ཁའི་རྩྭ་ཕྲན་དག་གིས་དེ་དང་མཚུངས་པའི་འཕར་འགུལ་ཞིག་ངེས་པར་སྟོན་ནོ།།

  རླུང་གང་སར་གཡུག་ན་དེ་སར་གཡོ་བ་ནི་གྱང་ཁའི་རྩྭ་ཕྲན་དག་གི་རྩ་དོན་འགྱུར་བ་མེད་པ་དེ་ཡིན་པས། ངས་ད་བར་དུ་རླུང་གི་ལྡོག་ཕྱོགས་སུ་གཡོ་བའི་རྩྭ་ཕྲན་ཞིག་གཞར་ཡང་མཐོང་མྱོང་མེད་དོ།།

  ཁ་ཚོན་གཅོད་ཐུབ་པ་ཞིག་ནི། གྱང་ཁའི་རྩྭ་ཕྲན་དག་གཡས་ཕྱོགས་སུ་གཡོ་བཞིན་ཡོད་ན་གྱང་རྟིང་གི་རྩྭ་ཕྲན་དག་ཀྱང་གཡས་ཕྱོགས་སུ་གཡོ་བཞིན་ཡོད་པའོ།། མི་འདྲ་ས་ནི་གྱང་ཁའི་རླུང་ཤུགས་ཆེ་ཞིང་གྱང་རྟིང་གི་རླུང་ཤུགས་ཆུང་བས་ན། གྱང་རྟིང་གི་རྩྭ་ཕྲན་དག་ལ་ཁ་ཕྱོགས་སྟོན་པའི་ནུས་པ་དེ་ཙམ་མེད་པའོ།།

  བརྒྱ་ཆ་བརྒྱ་ཡིས་བློ་གཏོད་ཆོག་པ་ནི་གྱང་ཁའི་རྩྭ་ཕྲན་དག་སྟེ། རླུང་གང་སར་གཡུག་ན་དེ་སར་གཡོ་ཞིང་། རླུང་ནམ་ཚོད་གཡུག་ན་དེ་དུས་གཡོ་བ། རླུང་ག་ཚོད་གཡུག་ན་དེ་ཚོད་གཡོ་ཞིང་། རླུང་ཤུགས་ཇི་ཙམ་ཡིན་ན་རྩྭ་ཕྲན་རྣམས་ཀྱི་གཡོ་འགུལ་ཡང་དེ་ཙམ་ཡིན་པས། གནད་འགག་གི་སྐབས་སུ། གྱང་ཁའི་རྩྭ་ཕྲན་དག་ནི་དུས་ལས་ཡོལ་བ་མེད་པའི་སྔོན་བརྡ་དང་ལུང་བསྟན་ནོ།།

  ངའི་གོ་ཚོད་ཡིན་ན། གྱང་ཁའི་རྩྭ་ཕྲན་དག་གང་ཕྱོགས་སུ་གཡོ་བཞིན་ཡོད་ན་རི་ལུང་གི་རྩྭ་དང་རྩི་ཤིང་། ནགས་དང་མེ་ཏོག་སོགས་ཀྱང་དེ་ཕྱོགས་སུ་གཡོ་བཞིན་ཡོད་སྐད། དུས་གཅིག་ལ་གྱང་ཁའི་རྩྭ་ཕྲན་དག་ནུབ་ཕྱོགས་སུ་གཡོ་ཞིང་ནགས་དང་མེ་ཏོག་སོགས་ཤར་ཕྱོགས་སུ་གཡོ་བ་ཞིག་མི་སྲིད་ཅིང་མི་དཔེ་སྟེ། རླུང་རྒྱུན་གཅིག་དུས་གཅིག་ལ་ཕྱོགས་གཉིས་སུ་གཡོ་བ་ནི་ཆོས་ཉིད་ལའང་མི་འགྲིག་ཅིང་མི་ཡོང་བས་སོ།།

  རྩ་བའི་ཆ་ནས་གྱང་ཁའི་རྩྭ་ཕྲན་དག་གི་གཡོ་ཕྱོགས་ནི་འཇིག་རྟེན་ཕལ་ཆེར་གྱི་གཡོ་ཕྱོགས་སམ། གནས་དུས་བྱེ་བྲག་པ་ཞིག་གི་དཔག་ཚད་དུ་མའི་ནང་ཚུན་གྱི་གཡོ་ཕྱོགས་ཡིན་པར་ཁོ་ཐག་ཆོད་དོ།།

  གྱང་ཁའི་རྩྭ་ཕྲན་དག་བྱང་ཕྱོགས་སམ་ལྷོ་ཕྱོགས་གང་རུང་དུ་གཡོ་བཞིན་ཡོད་དུས་གདོན་མི་ཟ་བར་འབྲོག་ཁྱིམ་གྱི་སྒོ་དར། རོང་ཞིང་གི་ལོ་སྙེ། རྟའི་རྔོག་མ། ལུག་གི་བལ་རྩེ་སོགས་ཀྱང་དེ་ཕྱོགས་སུ་གཡོ་ཡི་ཡོད་པའོ།། གྱང་ཁའི་རྩྭ་ཕྲན་དག་གིས་འབྱུང་བ་རླུང་སོགས་ཀྱི་རྒྱུ་ཕྱོགས་མི་ནོར་བར་སྟོན་ཞིང་། དེར་སྒྲོ་ཡང་མི་འདོགས་ལ་སྐུར་བ་ཡང་མི་འདེབས་པའོ།།

  གྱང་ཁའི་རྩྭ་ཕྲན་དག་གི་རྩ་བར་སྔོ་ཆ་འདྲེ་ཡི་ཡོད་དུས་ནམ་ཟླ་དབྱར་ལ་ཉེ་ཞིང་། དེར་སེར་ཆ་འདྲེ་ཡི་ཡོད་སྐབས་ཕལ་ཆེར་སྟོན་དགུན་ལ་གཞོལ་བའོ།། བརྡ་དེར་ཡང་འཁྲུལ་བ་ཁྱོན་ནས་མེད་ཅིང་སྣོད་བཅུད་མ་ལུས་པོ་མངོན་ལ་མི་མངོན་གྱི་གསལ་འདེབས་དེའི་ངང་དུ་ཡོད་པའོ།།

  གྱང་ཁའི་རྩྭ་ཕྲན་དག་གི་གཤིས་ལུགས་དེ་གཏམ་དཔེ་རེ་ཟུང་གིས་མཚོན་པར་བྱས་ན། རྟ་འདོ་བའི་ཁ་ལོ་གང་ལ་འཁོར་ན།། སྒ་བེ་ཤིང་ཁ་ལོ་དེ་ལ་འཁོར་དགོས།། ཞེས་པ་དང་། ཡར་ཀླུང་ཁམས་ནས་བསྡད་ན།། ཡར་ལྷ་ཤམས་པོར་བསྟུན་དགོས།། ཞེས་པའོ།།

  གྱང་ཁའི་རྩྭ་ཕྲན་དག་གིས་རབ་ཏུ་མཁྲེགས་པའི་གྱང་གཞི་བརྟོལ་ཏེ་ཡང་སྙིང་ག་རེ་བྱེད་འདོད་པ་རེད་ཅེ་ན། རླུང་གི་རྒྱུ་ཕྱོགས་ལ་ལོག་འགྲེལ་མི་རྒྱག་རྒྱུ་དང་ནམ་ཟླའི་ཆོས་ཉིད་ཇི་མ་ཇི་བཞིན་དུ་ཁས་ལེན་རྒྱུ་དེའོ།།

  ཧྥན་ཀོའི་རི་མོ་དང་ངའི་འཆར་སྒོའི་གདོང་ཐུག

  སྣུམ་ཚོན་རི་མོ་འདིའི་མིང་ལ་ཕྱི་ཡིག་གིསThe Starry Nightདང་། རྒྱ་ཡིག་གིས星月夜ཟེར་ཏེ། རྒྱལ་ཁོངས་ཧི་ལན་ནས་ཡིན་པའི་ཧྥན་ཀོ་ལགས་ཀྱི་བརྩམས་ཆོས་རྩེ་གྲས་ཤིག་ཀྱང་ཡིན་སྐད། ཡིག་ཚགས་ལྟར་ན། སྤྱི་ལོ1889ལོར་བྲིས། ཆེ་ཆུང་ལ73.0x92.0cmརྐྱང་རྐྱང་ཡོད། ད་ལྟ་ཉིག་ཡོའུ་ཡི་དེང་རབས་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད་པའོ།། རི་མོ་འདིའི་མཚོན་དོན་གཙོ་བོ་འཆད་སྐབས“བྲེལ་ཟིང་གི་བརྩེ་དུང་དང་མགོ་འཁོར་བློ་ཁམས་ཀྱི་འཇིག་རྟེན”ཞེས་སུ་བྲིས་ཡོད་དོ།།

  ང་ལའང་རི་མོ་འདི་དང་ཁ་ཐག་དེ་ཙམ་མི་རིང་བའི་འཆར་སྒོ་ཞིག་བརྡོལ་མྱོང་བ་དེ་ལུགས་འབྱུང་དང་ལུགས་ལྡོག་འདྲེས་མས་རན་ཙམ་བྲིས་ན་གཤམ་གྱི་འདི་འདྲའོ།།

  ང་རང་ད་ལྟ་ཟི་ལིང་ནས་ལྷ་སར་འཕུར་བའི་གནམ་གྲུ་ཞིག་གི་ནང་དུ་ཡོད་ལ། མདང་ནུབ་ཀྱང་གཉིད་ཀྱིས་མ་འདང་བས་མགོ་བོ་ལྕི་ཞིང་ཚིག་པ་ཟ་བ་ཞིག་རེད། འོན་ཀྱང་ངའི་ཡིད་དུ་གསལ་པོར་འཆར་བ་ནི་ཁོ་བོ་གནམ་གྲུའི་སྒོ་མོ་རུ་འཛུལ་ཁ་མ་ཏག་ཏག་ལ་སྒོ་གཞན་ཞིག་ཏུ་མཐོང་མྱོང་མྱོང་འདྲ་བའི་རྒྱབ་གཟུགས་ཤིག་ཐོལ་གྱིས་སྣང་སོང་བ་དེའོ།།

  རྒྱུས་ཡོད་ཀྱི་ཕྲག་པ། ཆ་མེད་ཀྱི་སྒལ་གཞུང་། སྐྲ་ལོའི་རྦབ་ཆུའི་རྦབ་ཆུ་ཨང་། ཁོ་མོ་ཡང་སྙིང་སུ་ཞིག་ཡིན་ནམ།

  གནམ་གྲུས་སྤྲིན་རིམ་བརྟོལ་བའི་རྒྱུན་དང་བསྡེབས་ནས་ངས་སྐར་ཚོགས་ཀྱི་འཇིག་རྟེན་ཞིག་ལ་བསམ་བློ་གཏོང་དགོས་བྱུང་། ངའི་སྣང་བ་ཞིག་ལ་གནམ་གྲུས་རླུང་ཡར་གཅོད་མར་གཅོད་དང་སྤྲིན་གཡས་བསྐྱུར་གཡོན་བསྐྱུར་གྱིས་འཕུར་གྱིན་ཡོད་པ་འདྲ། སྣང་བ་ཙམ་ལས་དོན་གྱིས་དེ་ལྟར་འཕུར་གྱིན་མེད་ཀྱང་སྲིད་དེ། དཔེར་ན། ཧྥན་ཀོའི་རི་མོའི་ཚོས་ཁར་ལས་སླ་པོས་གླགས་མི་འཁེལ་བ་ནང་བཞིན་ནོ།།

  ཡང་ངའི་སྣང་བ་ཞིག་ལ་ང་རང་ངམ་ང་རང་བསྡད་ཡོད་སའི་གནམ་གྲུ་འདི་སྐར་མ་ཞིག་དང་ཐག་ཇེ་ཡིན་པ་འདྲ་སྟེ། ལས་ཀྱིས་འབྲེལ་བའི་སྐར་མ་ཞིག་ཨང་། ཡང་ན་སྐར་མ་དང་འདྲ་བ་ཞིག་ཨང་།

  འཁྱགས་ལ་མཁྲེགས་པའི་སྐར་མ་ཞིག་གི་སྟེང་དུ། ཁོ་མོ་འདར་ལྕུག་ལྕུག་གིས་བསྒོངས་ཡོད་པ་འདྲ། འོ་ན་ཁོ་མོ་ཅིའི་ཕྱིར་སྐར་མ་ཞིག་གི་སྟེང་དུ་འཁྱགས་བསྒོངས་ཀྱིས་འདུག་དགོས་སོང་བ་རེད་དམ། དེ་རང་ཧྥན་ཀོའི་རི་མོ་ལ་འབྲེལ་བ་མེད་ཀྱང་སྲིད་དོ།།

  ང་ལ་འཆར་སྒོ་འདི་འདྲ་ཞིག་བྱུང་ནས་དུས་ཡུན་ཧ་ཅང་རིང་པོ་སོང་མོད། མུག་ལས་སྡུག་ལས་ཀྱིས་མནན་དྲགས་ནས་སམ་གང་ལྟར་འཆར་སྒོ་དེ་དངོས་སུ་ཡི་གེར་ཕབ་རྒྱུ་ནི་བྱུང་མ་སོང་། ཡིན་ནའང་འདི་ལྟར་ས་རུབ་ཐེངས་རེ་རེར་འཆར་སྒོ་དེ་འཇགས་པ་མེད་པར་ངའི་ཀླད་པའམ་བསམ་པའི་གཞི་དཀྱིལ་དུ་ཡང་ཡང་གདུ་ཞིང་ཡང་ཡང་འཕྱོའོ།། དཔེར་ན་དོ་དགོང་ནང་བཞིན་ནོ།། དཔེར་ན། ཧྥན་ཀོའི་རི་མོ་ནང་བཞིན་ནོ།།

  འཆར་སྒོ་འདི་སྔོན་ཆད་ཡི་གེར་གཏན་ནས་ཕབ་མ་མྱོང་ཟེར་ནའང་མི་འགྲིག་སྟེ། སྙན་ཚིག་གི་ལམ་ནས་ནི་བྲིས་མྱོང་མོད། དེ་ནི་རང་གིས་གོ་བ་མ་གཏོགས་གཞན་ཚང་མས་གོ་བ་ཞིག་ཡིན་རྒྱུ་མ་རེད་སྙམ་པའི་སེམས་ཁྲལ་ཞིག་རྟག་པར་འབྱུང་ངོ་།། ཧྥན་ཀོའི་རི་མོ་གོ་དཀའ་བ་ནི་འདི་ལ་བསྡུར་རུང་མི་རུང་ངས་ཀྱང་མི་ཤེས་སོ།།

  ངའི་སྙན་ཚིག་དེའི་ཁ་བྱང་ལའང<<ནམ་མཁར་རྒྱུ་བའི་སྙིང་སྡུག་མ>>ཞེས་ཟེར། ང་ལ་བསམ་པ་འདི་འདྲ་ཞིག་ག་རེ་བྱས་བྱུང་ངམ་ཟེར་ན་ནི། ལན་ཡང་དག་ཅིག་མེད་དེ། མི་ལ་བླ་སྐར་ཟེར་བ་ཞིག་ཡོད་ལུགས་དང་། མི་རེ་ཤི་དུས་སྐར་མདའ་རེ་ལྷུང་འགྲོ་ཟེར་བའི་བག་ཆགས་དེས་སམ། ཡང་ན་ཚན་རིག་རྟོག་སྒྲུང་གི་གློག་བརྙན་དག་གིས་བཞག་པའི་ཤུགས་རྐྱེན་གང་ཡིན་མི་ཤེས་ཤིང་། དེ་ལས་གཞན་ཞིག་ཡིན་ནའང་ཐང་སྟེ་འཆར་སྒོ་ལ་ལ་ཞིག་ནི་འཆར་སྒོ་ཙམ་ཞིག་ཡིན་མིན་ཡང་ཧ་ཅང་ལབ་དཀའ་བས་སོ།།

  ཁོ་མོས་ལོ་ལྔ་བརྒྱ། ཡང་ན་ལོ་ཁྲི་གཅིག ཡང་ན་ལོ་དུང་ཕྱུར་གྱི་རིང་ཞིག་ལ་ནམ་མཁའི་སྐར་མ་རེ་རེའི་ཐོག་ནས་ས་སྟེང་གི་ང་ལ་ལྟ་བཞིན་ཡོད་ཟེར་ན་ཁྱོད་ཚོའི་རྣར་མི་འགྲོ་ལས་ཆེ་སྟེ། སྤྱིར་བཏང་ངའི་རྣར་ཡང་འགྲོ་དཀའ་ཙམ་འདུག་མོད། སྐབས་དང་སྐབས་སུ་རྣར་མི་འགྲོ་བའི་རང་དབང་ཁྱོན་ནས་མེད་དེ། སྔོ་ནག་གི་ནམ་མཁའི་མུ་ཁྱུད་ནས། འདར་འདར་རྒྱུ་བའི་སྐར་མ་དེ་ཚོ་མཐོང་ཐེངས་རེར་ངའི་སེམས་པ་ཧ་ཅང་སྐྱོ་བས་མནར་འགྲོ་བ་འདི་ཅིས་ཡིན་ནམ། དྲན་གདུང་གི་ལས་ལ་ཚོད་ཀྱང་མེད་ལ་གྲངས་ཀྱང་མེད་པ་འདི་ཡང་ཅིས་ཡིན་ནམ།

  བསམས་ཤིང་བསམ་ན། ཁོ་མོ་ཁ་ཆད་ཅིག་གི་ཆེད་དུའམ་དམ་བཅའ་ཞིག་གི་ཕྱིར་དུ། མུ་ནས་མུར་སྐར་མ་གང་རུང་དུ་གནས་སྤོར་བཞིན་ཡོད་ངེས་ཞེས་དང་། ཁོ་མོས་སྤྲིན་པའི་རྔམས་ཀ་བརྒྱུད་ནས་ས་སྟེང་གི་ང་དང་ངའི་ཁང་ཆུང་མིག་གིས་འཚོ་བཞིན་ཡོད་ངེས་ཞེས་པའི་ཁུངས་ལུང་མེད་པའི་གདེང་ཚོད་ཅིག་ཀྱང་རྙེད་རྒྱུ་འདུག ཧྥན་ཀོས་ཀྱང་ཁུངས་ལུང་དེ་འདྲར་བརྟེན་མེད་པའི་ངེས་པ་མི་འདུག་ཨང་།

  ངའི་ཁོ་མོ་ཞེས་པ་དེ་གསོན་པོ་ཞིག་ཡིན་ནམ་ཤི་བོ་ཞིག་ཡིན། རྣམ་ཤེས་ཤིག་ཡིན་ནམ་ཅི་ཞིག་ཡིན་ཞེས་འདྲི་བའི་དབང་དུ་བཏང་ནའང་ང་ལན་ཆ་ཚང་ཞིག་གདབ་རྒྱུ་དངོས་གནས་མི་འདུག་ལགས།

  ཡིན་ནའང་མཚན་མོ་བསླེབས་ཐེངས་རེ་རེེར་ངས་རང་གི་ཁང་མིག་གི་གློག་འོད་ལ་ནམ་མཁའི་སྐར་མའི་སྟེང་ནས་བལྟས་ན་གསལ་ཚད་ག་ཙམ་ཡོད་མེད་དང་། ས་སྟེང་གི་སྒེའུ་ཁུང་ཚང་མའི་ཁྲོད་དུ་ངའི་ཁང་མིག་གི་སྒེའུ་ཁུང་འདི་ཁོ་མོ་ཞེས་པ་ཞིག་གིས་ངོས་འཛིན་བྱ་ཐུབ་མིན་བཅས་ལ་སེམས་ཁྲལ་བསྟུད་མར་བྱེད་ཀྱིན་ཡོད་དོ།།

  སྐྱེ་བོ་གཞན་དག་གིས་མཁའ་འགྲུལ་བྱེད་པ་ལ་དོན་དག་ཁ་གསལ་འདི་དང་དེའི་ཆེད་དུ་ཡིན་ཞེས་བརྗོད་རྒྱུ་ཞིག་ཡོད་སྲིད་ཀྱང་། ང་ལ་ནི་དེ་འདྲའི་དམིགས་ཡུལ་མཐར་ཐུག་པ་ཞིག་གཏན་ནས་མེད་ཅིང་། ངས་མཚན་མོར་མཁའ་འགྲུལ་བྱེད་པའང་སྐར་མ་ཞིག་ལ་ཐག་ཇེ་ཉེར་གཏོང་བའམ་སྐར་མ་ཞིག་ཅུང་གསལ་པོར་མཐོང་རྒྱུའི་དོན་ཁོ་ན་ལྟ་བུའི་ཅིས་ཀྱང་བཤད་ས་མི་རྙེད་པ་ཞིག་གོ ། འོན་ཀྱང་ཧྥན་ཀོར་བཤད་ས་འགྲོ་ཡང་ཐང་ངོ་།།

  མཚན་མོ་ཞིག་ནས་བཟུང་སྟེ་ཁོ་མོས་ངའི་སྒེའུ་ཁང་གི་འོད་སྣང་མཐོང་མི་སྲིད་པ་ཡིན་ཏེ། དུས་ཚོད་དེ་ནམ་ཞིག་ཡིན་ཟེར་ན། ང་རང་ཚེ་ལོ་མཐར་ཕྱིན་ནས་སྐར་མ་བྱས་ཟིན་ཁར་མི་ཚོས་སྐར་ཐུག་ཀྱང་འཐུངས་ཟིན་པ་དེ་མ་ཐག་གི་སྐབས་སོ།། ང་རང་ཧྥན་ཀོའི་རི་མོ་ལྟ་བུའི་འཇིག་རྟེན་དེར་ལོག་ཟིན་པ་དེ་མ་ཐག་གི་སྐབས་སོ།།

  དུས་དེ་ནས་བཟུང་སྟེ་ཁོ་མོ་ཡང་མཁའ་དབྱིངས་སྐར་མའི་འཇིག་རྟེན་ནས་གཏན་དུ་ཡལ་འགྲོ་ཡང་སྲིད་ལ། ད་དུང་ཡང་འདར་འདར་རྒྱུ་བའི་འོད་ཆུང་གཞན་ཞིག་གིས་མུ་མཐུད་གནས་དགོས་ཀྱང་ཅི་ཆ་སྟེ། རིགས་པ་ལས་བརྒལ་བ་འདི་དག་ཅིས་ཀྱང་མི་འཚལ་ལོ།།

  ངས་རྩོམ་འདི་བློས་བསླངས་བྱས་ཚར་དུས་གནམ་གྲུས་ལྷ་སའི་བར་སྣང་གཤགས་ཏེ་སར་འབབ་ལ་ཉེའོ།། མི་འགྱང་བར་ངས་ལྷ་སའི་ནམ་མཁའ་ལ་བལྟ་ཆོག་ཅིང་། ཧྥན་ཀོའི་ནམ་མཁའ་ལའང་བལྟ་ཆོག་པའོ།།

  གང་ལྟར་ངས་སྔོ་མདོག་གི་འཇིངས་སུ་བསྔལ་བའི་སྐར་མ་ཞིག་དང་། དེ་དང་ལས་སྐལ་གཅིག་པའི་ས་སྟེང་གི་འདུ་ཤེས་དང་འདུ་བྱེད་ཀྱི་གར་སྟབས་འགའ་ཞིག་ཅི་མི་སྙམ་པར་བཤམས་པ་འདི་ལ། ཧྥན་ཀོའི་རི་མོ་དང་སྦྲགས་ཏེ་འཕགས་པ་རྡོ་རྗེ་གཅོད་པའི་ཆོས་སྐད་ཅིག་གིས་ལམ་འཇུག་བྱས་ནའང་འཐད་སྙམ་སྟེ། སྐར་མ་རབ་རིབ་མར་མེ་དང་།། སྒྱུ་མ་ཟིལ་བ་ཆུ་བུར་དང་།། རྨི་ལམ་གློག་དང་སྤྲིན་ལྟ་བུ།། འདུས་བྱས་ཐམས་ཅད་དེ་ལྟར་ལྟ།། ཞེས་ཀྱང་དབྱངས་སུ་འཐེན་པར་བྱའོ།།

  རྩེད་གདུག

  བྱ་བ་ཞིག་གི་མིང་ལ་འབྲོག་པ་ཚོས“རྩེད་འདུག་འཛིན་པ”ཟེར། བརྩེ་འདང་མེད་ས་ཞིག་ལ་རྩེད་གདུག་འཛིན་པ་ནི་གནས་མི་སྲིད་པས། གང་དེ་ནི་འདང་ཡོད་དྲགས་པ་དག་གི་བར་ལ་ད་གཟོད་འབྱུང་སྲིད་པའོ།།

  “བརྩེས་ནས་བསད་ན་གྱོད་མེད”ཅེས་པའང་འབྲོག་པ་ཚོའི་ཁ་དཔེ་གཞན་ཞིག་རེད་ཨང་།

  ང་རང་ན་ཕྲ་བའི་དུས་དེར་ཕན་ཚུན་ལོབས་དྲགས་པ་དག་རྒྱ་སྲང་ནས་ཐུག་ན། ཕོ་མོ་ལའང་ཁྱད་མེད་པར་སྒལ་དཀྱིལ་ལ་ཁུ་ཚུར་ཤུགས་ཀྱིས་བཞུ་བ་དང་། སྒྱིད་ཁུག་ལ་རྡོག་ཐོས་དྲག་ཏུ་བསྣུན་པ་སོགས་ནི་ཁམས་འདྲི་བྱེད་སྟངས་མཐར་ཐུག་དེའོ།། ད་དུང“གནའ་ཤི་བོ”དང“ཀློའུ”སོགས་ཁ་ལ་བྲེས་པ་ནི་ལག་ལ་བྲེས་པ་ལས་ཀྱང་ལྡབ་འགྱུར་གྱིས་ཐུའོ།།

  ཁོག་ལ་ནག་ལྷུང་དུ་འཇུག་པའི་སྦྱོར་བ་དེས་ཉེས་ན་གསོད་ཀྱང་སྲིད་མོད། དེ་ལ་ཁ་རིས་ངོ་མདོག་ཅུང་ཙམ་འགྱུར་ཚེ་ཡང“ཨ་ལ། འདིས་རྩེད་གདུག་མི་ཁྱག་གི”ཞེས་ལྷག་ཏུ་བརྙས་ཡོང་བས། འདྲ་མེད་ཀྱང་། མ་མགལ་སོ་བཅིངས་ཀྱིས་བསྲན་ནས་ཡོང་བ་ཡིན་ནོ།།

  གལ་ཏེ། རྩེད་གདུག་མ་ཁྱག་པར་འཁོན་པ་ཡིན་ན“རྩེད་རེས་རྔ་མ་རྡུང་རེས”ཞེས་དེ་ལས་ཀྱང་རིག་མི་ཉན་པའི་ཚད་དུ་བྱེད་པས། རང་གི་ཚོད་ཀྱིས། ཧྲ་ལ་པ་ལ་མ་བྱས་བསམས་པ་ཞིག་མེད་དོ།།

  ང་ནི་རྩེད་གདུག་འཛིན་རྒྱུར་དགའ་དྲགས་པའི་མི་ཞིག་མིན་མོད། བརྒྱ་ལ་བཟུང་ས་རེ་ཡོད་པའི་དབང་དུ་བཏང་ན། “མ་གནོད”དང“མ་སྡུག”ཅེས་ཞེ་གཉོམ་ཤ་སྟག་གིས་ཟེར་རྒྱུ་ཡིན་ནོ།།

  “སྙིང་སྡུག”ཅེས་པའི་གོ་བ་ནི“སྙིང་ལ་སྡུག་འཇོག་པའི་དོན་ཡིན”ཞེས་ཅུང་པྲ་ཆལ་གྱི་འགྲེལ་ལུགས་ལྟར་བྱས་ཚེ། རྩེད་གདུག་འཛིན་པ་ནི་བརྩེ་འདང་ཡོད་དྲགས་པའི་རྟགས་སུ་ཡང་ཅིས་མི་འགྲོ་སྟེ། ལོས་ཀྱང་འགྲོ་ངེས་སོ།།

  གླིང་སྒྲུང་ལ་ཆ་བཞག་ནས་བཤད་ན། འབྲུག་མོ་ཇོ་རུ་འབོད་དུ་རྨ་སྨད་ལ་སོང་དུས། ཇོ་རུའམ་གེ་སར་གྱིས་འབྲུག་མོ་ལ་ཡང་དང་ཡང་དུ་རྩེད་གདུག་ངམ་གནག་ཏག་ཏག་བཟུང་ཡོད།

  དཔེར་ན། རྒྱ་གར་བློན་པོ་བེར་དཀར་དང་གདོང་བེ་རིའི་ཉི་མ་རྒྱལ་མཚན་སོགས་ལ་སྤྲུལ་ནས་འབྲུག་མོའི་རྩ་ཚོད་ལ་བལྟས་པ་དང་། མི་འདོད་བཞིན་དུ་ཨབ་ཤ་ཟ་རུ་བཅུག་པ་དང་། སོ་ཡང་བསྡད་མེད་པའི་ཚོད་དུ་བསྐྱལ་ཁར། ཆར་བ་དྲག་ཏུ་ཕབ་ནས་སྐྲ་མེད་སྤྱི་ཐེར་དུ་བཏང་བ་སོགས་སུས་ཀྱང་དང་ལེན་བྱེད་དཀའ་བ་མང་ཙམ་བྲིས་འདུག་མོད། གེ་སར་འབྲུག་མོ་ལ་བརྩེ་འདང་མེད་པའང་མིན་ཏེ་ཇ་མ་མིང་ཆེན་བཅོ་བརྒྱད་ཀྱི་ལེའུ་ལ་དབྱེ་ཞིབ་ཅིག་བྱས་ན། གེ་སར་གྱི་ཐུགས་དང་ཐོད་པའི་དཀྱིལ་ན་ཡོད་པ་ནི་འབྲུག་མོ་ཁོ་ནའོ།།

  ང་ཚོའི་གྲས་ལ་དཔེ་གེ་སར་དང་འབྲུག་མོ་འདྲ་ཞིག་ཅུང་ཆེ་ཐལ་མོད། ས་ཆུའི་ཚོད་ཀྱི་རི་དྭགས་ལྟར་བྱས་ནའང་རྩེད་གདུག་འཛིན་པ་སོགས་ནི་དཔེ་མི་སྲིད་པ་ཞིག་མིན་ལ། ལ་གཞས་ཤིག་ཏུ། རྟ་སྟོད་ལ་ཁྱེར་བར་མ་སྡུག །ལྕག་ཕྲ་མོས་བརྒྱབ་པར་མ་སྨྲེང་།། ཁྱོད་མ་སྡུག་མ་སྨྲེང་སྡོད་དང་།། ཞེས་ངུ་ཁ་ལེན་པའི་ཚུལ་ཞིག་ཡོད་པ་དེ་སོགས་ཀྱང་དྲན་པར་བྱའོ།།

  སྐད་ཆའི་གདངས་དབྱངས་སོགས་ཀྱི་རྣམ་གཞག

  སྐད་ཆ་ཟེར་དུས་སྤྱིར་བཏང་གདངས་ཀྱི་ཆ་ནས་འཇོག་དགོས་པ་ཞིག་རེད། གདངས་ཟེར་དུས་གཙོ་བོར་ང་རོ་དྲག་ཞན་དང་འདེགས་འཇོག་སོགས་ཀྱི་སྒོ་ནས་གླེང་དགོས་པ་ཞིག་རེད། སྤྱིར་བཏང“ཚིག་བཤད་པ་རྗེ་བཙུན་མགུར་མ་རེད”ཟེར་བ་ལས། གླུ་བླངས་པ་རྗེ་བཙུན་མགུར་མ་རེད་ཟེར་མཁན་ཉུང་ཉུང་ཡིན་པ་རེད། དེས་ཀྱང་སྐད་ཆ་ཞེས་པ་གླུ་དབྱངས་ཀྱི་རྣམ་པ་གཞན་ཞིག་ཡིན་ལུགས་ཚེགས་མེད་དུ་ར་སྤྲོད་པར་བྱེད་དོ།།

  སངས་རྒྱས་ཀྱི་གསུང་གི་ཁྱད་ཆོས་ལ་དྲུག་ཅུ་འདྲེན་སྲོལ་ཡོད་པ་ལས་མང་ཙམ་ཞིག་གདངས་ཀྱི་ཡོན་ཏན་རང་ངོ་།། གསུང་དབྱངས་ཡན་ལག་དྲུག་ཅུ་ཞེས“དབྱངས་ཤིག”ཐོན་དོན་ཡང་སངས་རྒྱས་ཁོང་གཞས་པའམ་གླུ་བ་ཡིན་ཞེས་པའི་དོན་མིན་པར། གསུང་ཡོད་ཚད་པོ་དབྱངས་ཀྱིས་ཕྱུག་པ་ལྟ་བུ་ཞིག་ཏུ་གོ་རུང་ངོ་།།

  དེ་ཡང་འདི་ལྟར་འདྲེན་ཏེ། སྙན་ཞིང་འཇེབས་པ། སེང་གེའི་སྒྲའི་ཤུགས་ཅན། གླང་པོ་ཆེའི་སྒྲ་སྐད། འབྲུག་གི་སྐད། ཀླུའི་དབང་པོའི་སྐད། དྲི་ཟའི་གླུ་དབྱངས། ཀ་ལ་པིང་ཀའི་སྒྲ་དབྱངས། ཚངས་པའི་སྒྲ་དབྱངས། ཤང་ཤང་ཏེའུའི་སྒྲ་དབྱངས། ལྷའི་དབང་པོའི་སྒྲ་དབྱངས། རྔའི་སྒྲ། སྒྲ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་སོགས་སོ།།

  ང་རང་ཚོར་སངས་རྒྱས་ཀྱི་གདངས་དེ་ལྟ་བུ་འབྱོར་དཀའ་ཡང་སྲིད་མོད། སྐད་ཆ་ཐམས་ཅད་འགྲོས་གཅིག་གིས་བརྗོད་པ་ནི་གནས་མི་སྲིད་པས། གདངས་ནི་ངེས་པར་ཡོད་ཅིང་། དེ་ལ་ངག་སྒོ་ཡངས་མིན། ཚིག་སྒྲོས་གཙང་མིན། ཁ་ལྕེ་དག་མིན། མུག་སྐད་ཡིན་མིན་སོགས་ཀྱིས་གདེང་འཇོག་བྱེད་སྲོལ་ཆེས་ཆེར་དར་བ་ཡིན་ནོ།།

  སྐད་ཆའི་ཡོ་ལང་གི་འཕར་འབེབས་དང་བསྟུན་ཏེ་བཤད་མཁན་གང་གི་ཁ་ངོའི་རྣམ་འགྱུར་དང་ལུས་ཀྱི་ལག་བརྡ་ཚུན་ཆད་གཅིག་གྲོགས་གཅིག་ཏུ་འགྱུར་ཚུལ་ལ་ཟློས་གར་གྱི་བསྟན་བཅོས་ཁག་དང་། ས་པཎ་གྱི་མཁས་འཇུག་སོགས་ན་བཤད་པ་དུ་མ་མཆིས་སོ།།

  གླུ་ལེན་པ་ལའང་གཟེངས་མཐོན་པོས་ལེན་པ་དང་། རན་པོས་ལེན་པ། འགྲོ་གླུ་འདུག་གླུ་སྟེ་རང་ཁོ་ནས་གོ་བ་ཞིག་ལེན་པ་དང་། སྣ་གླུ་སྟེ་རང་གིས་ཀྱང་གོ་མི་གོ་ཙམ་དུ་ལེན་པ་བཅས་རིམ་པ་མང་པོར་དབྱེ་ཆོག་པ་ཡོད་ཅིང་། ཐམས་ཅད་ཀྱང་མཐར་གཏུགས་ན་སྐད་ཆའི་མ་གདན་གྱི་དབྱངས་རྟགས་ས་ལ་ཐུག་པ་དེའི་བྱེད་ལས་འབའ་ཞིག་གོ །

  དེང་སང་གི་བཤད་གཞས་ཞེས་པ་འདིའི་དོད་ཐུབ་རེ་གནའ་དུས་ཀྱང་ཡོད་པ་སྟེ། འབྲས་དཀར་གྱི་ཚིག་གདངས་སོགས་དེར་ཟད་ལ། གཡང་འབོད་ལའང་སྐད་ཆ་ལས་ཅུང་འཕགས་པའི་དབྱངས་རྟ་ཙམ་ཞིག་ཡོད་མོད། དེར་གཡང་འབོད་བྱེད་ཟེར་བ་ལས་གཡང་འབོད་ལེན་ཟེར་སྲོལ་མེད་པའོ།། མག་སྐག་བག་སྐག་གྱི་བཤད་པ་ལའང་སྐད་ཆ་དང་མཉམ་ལ་མི་མཉམ་གྱི་དབྱངས་རྟ་ཞིག་ཡོད་མོད། དེར་ལེན་ཞེས་པའི་བརྡ་ནི་མི་སྦྱོར་རོ།། བསྐངས་པ་ནི་འདོན་པ་རང་ཡིན་མོད་དེ་ལའང་སྐད་ངག་ལ་ཆེར་མི་ལྟོས་པའི་དབྱངས་རྟ་ཞིག་རང་ཡོད་ཅིང་། དེར་འདོན་དབྱངས་ཞེས་ཟེར་རོ།། བསྐངས་པ་ཞིག་ལེན་གྱིན་འདུག་སོགས་ཟེར་སྲོལ་མེད་པའོ།།

  དེ་ལྟ་ནའང་། གདངས་དབྱངས་ཐམས་ཅད་ཀྱི་རྩ་བ་ནི་སྐད་ཆ་ཡིན་ལ། མི་ལའི་མགུར་སོགས་སུ“གླུ་མ་དབྱངས”ཞེས་འབྱུང་བ་ལའང་གོ་རྒྱུ་འགའ་རེ་མཆིས་སོ།། གང་ལྟར་སྒྲའི་ཟུར་ཚང་བ། ང་རོའི་དལ་ལྷོད་འཁོལ་བ། འཐེན་སྐུམ་རྐྱོང་གསུམ་ཚད་དང་མཐུན་པ་ཞིག་འཁྱོལ་ན་ནི། “ངས་ལེན་གྱིན་ཡོད”ཅེས་ཨག་མ་བཏབ་ཀྱང་རྣ་བའི་བུ་རམ་དུ་འགྱུར་སྲིད་པས་ན། དབྱངས་ཞེས་པ་ཐག་རིང་ཐག་རིང་ཞིག་ན་མེད་པའང་ཤེས་གལ་ཆེའོ།།

  སྐད་ཆ་ནི་མ་གཞི་ནས་གདངས་སྣ་ཚོགས་ཀྱིས་གྲུབ་ཡོད་པས། དེ་ལྟར་གོ་ཡང་གོ་སྟེ་ལག་ལེན་དུའང་འདེབས་པ་ནི་དེང་རབས་རོལ་མོའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་ཞིག་ཏུ་ཟད་ལ། བཤད་པ་དང་ལེན་པའི་བར་ལ་གནམ་སའི་བར་ཐག་འཛིན་པ་ནི་གནའ་དང་མའི་ལྟ་སྟངས་ཕྱོགས་རེ་བ་ཞིག་ཏུ་སྣང་མོད། སྲོལ་རྒྱུན་ཆ་ཚང་བོས་དེ་ལྟར་མི་འདོད་ཚུལ་གོང་དུ་བསྐངས་པ་སོགས་འདྲེན་པའི་སྐབས་སུའང་སོང་ཟིན་པ་ལྟར་རོ།།

  བཟླ་རྒྱུའི་མ་ཎི་དེང་སང་ལེན་གྱིན་ཡོད།།
       གཤོམ་རྒྱུའི་ཐང་ཀ་དོ་ཞག་གོན་གྱིན་ཡོད།།
       གཞས་ཀྱང་བཤད་དམ་གྱེར་ལ་གནད་འགག་མེད།།
       ཀྱེ་ཀྱེ་འཇིག་རྟེན་ཕྱེད་ཅིག་རྩེད་མོས་འཁོར།། ཞེས་ཀྱང་སེང་རྡོར་གྱིས་སོ།།

  <<ཤམ་བྷ་ལའི་བྱ་རྒོད།>>

  གྲོགས་པོ་ཞིག་གི་རྩོམ་ལ་དཔྱད་འཇོག་བྱེད་དུས། ཡང་ན་བསྟོད་ཐལ་བ་དང་ཡང་ན་སྨད་ཐལ་བ་གཉིས་ཤིག་ཡོང་སླ་སྟེ། སྔ་མ་དེ་ངོ་སྲུང་ལ་གཏོགས་ཤིང་ཕྱི་མ་དེ་ཕྲག་དོག་ལ་གཏོགས་སོ།། དེ་མིན་ཅི་ལའང་ཁ་ཚོན་གང་ཡང་མི་གཅོད་པར་བར་མ་དོར་འཇོག་ཐལ་བའང་འགན་མ་ཁུར་བའི་རྟགས་མཚན་ཞིག་ཏུ་འགྲོ་སྲིད་ན། འདིར་ཁ་ཚོན་བཅད་ནས་ཀྱང་རེ་ཟུང་ཞིག་སྨྲ་བར་བྱའོ།།

  ནུབ་ཕྱོགས་ཀྱི་རི་མོ་གླེང་བའི་དེབ་ཅིག་ཏུ། རི་མོ་པ་ཞིག་གིས་རི་མོ་ལ་ཡུན་རིང་སྦྱངས་རྗེས་ཚོན་རྩི་དཀར་དམར་སེར་གསུམ་ཅི་འདོད་གང་འདོད་དུ་ཐང་ལ་གཅོལ་ཞིང་། དེ་ལས་མཚོན་དོན་རིགས་ཤིག་བཙལ་ཞིང་དེ་ལ་འགྲེལ་བ་རིགས་ཤིག་ཀྱང་བརྒྱབ་སྐད། ངའི་ཡིད་དུ་འཇགས་པ་ལྟར་ན། རི་མོ་པ་དེ་ནི་པིས་ཁ་སོ་ཡིན་དགོས་པ་འདྲ།

  ཨ་མདོ་བྱམས་པ་ཐིག་རྩ་ལས་བརྒལ་བ་ལའང་བསམ་ཕྱོགས་དེའི་རིགས་ཡོད་ལས་ཆེའོ།།

  ནུབ་ཕྱོགས་ཀྱི་སྒྲུང་གསར་གླེང་བ་ཞིག་ཏུའང་ལེའུ་སོ་སོའི་གོ་རིམ་དཀྲུག་ནས་བལྟ་ཆོག་པའི་རྩོམ་དེབ་ཅིག་ངོ་སྤྲད་བྱས་འདུག་སྟེ། ནང་དོན་དེ་འདྲ་ཡིན་པ་མ་ཟད་རྣམ་པའི་ཆ་ནའང་ཁ་མཚར་ཧ་ལས་པ་ཡོད་དེ། དཔེར་ན། དེབ་ཀྱི་མགོ་ཡང་ཡོངས་སུ་བཙེམས་མེད་པས་ཕལ་ཆེར་ཤོག་ཕེ་ནང་བཞིན་དཀྱིལ་ལམ་གང་རུང་ནས་ཤོག་ངོས་རེ་ཅི་མི་སྙམ་པར་ཕྱུང་སྟེ་བལྟས་ནའང་འགྲེལ་མི་ཆགས་པའི་ཚོད་དུ་མི་འགྲོ་ཞིང་། ཧྲིལ་པོ་བྱས་ན་ཧྲིལ་པོ་དང་ཐོར་བུ་བྱས་ན་ཐོར་བུའང་ཡིན་སྐད་དེ། ཕྲན་གྱིས་ཀྱང་བོད་ཀྱི་རྩོམ་སྟེགས་སུ་དེ་འདྲའི་བྲོ་བ་རེ་ཡོད་ནའང་ཅི་མ་རུང་སྙམ་དུ་བསམས་མྱོང་ལ། སྐྱབས་ཆེན་བདེ་གྲོལ་གྱི་རྩོམ་ནི་དེའི་རིགས་ཀྱི་ཚབ་མཚོན་ལྟ་བུར་ཡང་ངོས་འཛིན་གྱིན་ཡོད། དེ་ཡང་བརྗོད་བྱ་དང་རྗོད་བྱེད། མཚོན་དོན་སོགས་ཤིན་ཏུ་འགྱུར་སྐྱེན་ཞིང་ཧ་ཅང་ཚད་བཟུང་མེད་པས་ན“མི་རྟག་པ”ཡིན་ནོ།།

  ལར་གཏན་ཆགས་དང་རྒྱུན་ཆགས་སུ་བྱས་པའི་རྩོམ་དག་ལའང་རང་རང་གི་ཆེ་བ་ཅི་ལ་མེད་དེ་ཡོད་ཅིང་། གནའ་ནས་ད་ལྟའི་བར་དུ་དེའི་རིགས་ཀྱིས་རྩོམ་རིག་གི་རྒྱ་ཁྱོན་བཟུང་བའང་རྦད་དེ་ཁོད་ཆེ་མོད། སྒྱུ་རྩལ་འཕར་མ་ཞིག་གི་ཚོད་དུ་ཡོད་པའི“མི་རྟག་པ”ཅན་ཡང་ངེས་པར་མཁོ་རེ་ཆེ་ཨང་།

  སྐྱབས་ཆེན་གྱིས་སྒྲུང་རྩོམ་གྱི་ལམ་ནས་སྙན་ངག་འབྲི་ལ། སྙན་ངག་གི་སྒོ་ནས་སྒྲུང་རྩོམ་ཡང་འབྲི་བས་ན། ཁོས“རྩོམ་ལུས་ཀྱི་ཕོག་ཐུག”ཟེར་བ་ཞིག་གླེང་བཞིན་པའི་གནད་ཀྱང་རྒྱུ་མཚན་འདི་འདྲ་ལ་ཐུག་ཡོད་ཀྱང་སྲིད་དོ།།

  སྐྱབས་ཆེན་གྱི་རྩོམ་འགྲོས་མྱུར་ཞིང་ཟིན་དཀའ་བ་ནི་རྒྱ་གར་ཆོས་འབྱུང་དང་འདྲ་ས་ཞིག་ཡོད། ངས་འདིར་འདྲ་ས་ཞིག་ཡོད་ཟེར་བ་ཙམ་ལས་འདྲ་ས་དུ་མའམ་མང་པོ་ཡོད་ཅེས་ལབ་མེད་ཙང་། ཡི་གེ་བརྒྱུད་ནས་གོ་བ་ལེན་དུས་ཟུར་འདི་ཙམ་ཡང་ཕར་ལ་འཕེན་ཡག་བྱ་མི་ཉན་ནོ།།

  གང་ལྟར་བརྡལ་དྲགས་པ་དང་སྤྲོས་དྲགས་པ་དག་གིས་སུན་པོར་གཏད་རྗེས་ད་གཟོད་སྐྱབས་ཆེན་གྱི་མྱུར་འགྲོས་དེ་ཚོར་ཐུབ་བོ།།

  ཅུང་རྒྱ་ཆེན་ཞིག་བྱས་ནས་བཤད་ན། སྐྱབས་ཆེན་གྱི་ཆོས་ལུགས་ཀྱི་གོ་བའང་འགྲིག་བསྡད་ཡོད། གཞུང་གཞན་དག་གི་གོ་བའང་འགྲིག་བསྡད་ཡོད། དེ་བས་སྐྱབས་ཆེན་གྱི་རྩོམ་དག་བཀླགས་ན་རྩོམ་པ་པོའི་སྤོབས་པ་གང་འཚམས་ཤིག་ངང་ངམ་ཤུགས་ཀྱིས་ཚོར་ནུས་སོ།།

  དཔེ་མི་མཛའ་བ་ཞིག་ཀྱང་བཞག་ན། སྐྱབས་ཆེན་ལ་ཁྲོམ་རའི་ཡིན་ན་འདྲ། གསར་ལམ་གྱི་ཡིན་ན་འདྲ། ཐོན་རྫས་ཀྱི་ཡིན་འདྲ། གང་ཐད་ཀྱི་ཤེས་བྱ་ཅུང་འདང་ངེས་ཡོད་པའི་ཡིད་ཆེས་ཀྱང་ཡོད། ང་རང་སྐྱབས་ཆེན་གྱི་རྩོམ་ལ་དགའ་བར་རྒྱུ་མཚན་དེ་འདྲ་དང་འདི་འདྲ་མང་པོ་ཡོད་དོ།།

  འབྲི་སྟངས་འབྲི་ལུགས་སོ་སོར་འཚམས་མི་འཚམས་ཡོད་པའི་ལུགས་ལྟར་བྱས་ན། སྐྱབས་ཆེན་གྱིས་སོ་སོར་གང་འཚམས་པ་དང་སོ་སོས་གང་ཡོང་བ་དེ་ཤེས་ཐག་ཆོད་ཡོད། ཁོས་རང་གི་བརྒྱུད་ཟིན་པའི་འཚོ་བ་དང་རང་ལ་འཛོམས་ཤ་སྟག་གི་ཆ་དག་ཅིས་ཀྱང་བློ་ཁོག་ཏུ་ལོན་ཡོད་པ་མ་ཟད། དེ་དག་ཚུལ་ཇི་ལྟ་བུ་ཞིག་གིས་དང་ཐབས་གང་འདྲ་བ་ཞིག་གིས་མཚོན་ལུགས་ཀྱང་ལྷག་མ་མེད་པར་རྟོགས་ཡོད་ཟེར་ཆོག རྩོམ་པ་པོ་དག་གིས་རྙེད་དགོས་པའང་དེ་ཡིན་ལ་སྐྱབས་ཆེན་གྱིས་རྙེད་ཡོད་པའང་དེ་ཡིན་ནོ།།

  རྩོམ་ཞིག་འབྲི་བ་ནི་གོས་ཚགས་ཤིག་བྱེད་པ་འདྲ་བོ་ཡོད་ཅིང་། མི་ལ་ལའི་རྩོམ་ལ་ལ་ཞིག་བལྟས་མ་ཐག་ཏུ་ཅུང་འདྲ་ཆགས་ནའང་དོན་གྱིས་དབོ་ལུག་ཡོད་ས་དང་། བདག་ཐུབ་མེད་ས་མང་བའང་ཁྱད་པར་དེ་འདྲ་ཞིག་ལ་རག་ལས་མེད་སྙམ་མོ།།

  སྒྱུ་རྩལ་རྩོམ་རིག་ཏུ་ཇི་བཞིན་བརྗོད་པ་མེད་པ་མིན་མོད་དེ་རྐྱང་རྐྱང་གིས་མི་ཆོག་པའང་ཤེས་གལ་ཆེ་སྟེ། སྐྱབས་ཆེན་གྱིས་གནད་དོན་འདིའི་རིགས་ཐག་གིས་བཅད་པའང་ཤིན་ཏུ་ལེགས་སོ།།

  སྐྱབས་ཆེན་ནི་རིང་ལུགས་ཤིག་གི་མངའ་ཁོངས་སུ་འཇུག་པ་ལ་ཚེགས་དེ་ཙམ་མེད་མོད་དགོས་པ་ཆུང་དྲགས་པས་ན་བསྐྱུར། སྐྱབས་ཆེན་ལ་རྩོམ་ལུས་ཀྱི་ཐད་ནས་འཁང་ར་བྱ་མཁན་ཡང་གཅིག་བྱས་ན་འབྱུང་སྲིད་ལས་ཆེ་མོད། ཁོ་བོར་ནི་རྣམ་རྟོག་དེ་འདྲ་གང་ཡང་མ་མཆིས་པས་ན། ཁ་ཅིག་ནང་བཞིན་མེད་ཀྱང་ཡོད་ཁུལ་གྱི་བཤད་རྒྱུ་ལྷག་མའང་མ་བཙལ་ལོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེང་རྡོར་གྱི་ལྷུག་རྩོམ་གསར་པ་ཆེད་བཀོད།

2020-09-12 སེང་རྡོར།(རྐང་ཚ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།