སེང་རྡོར་གྱི་ཉེ་དུས་ཀྱི་རྩོམ་གསར་ཕྱོགས་བསྒྲིགས།

དགོས་པའི་དབང་གིས་ཧ་ཅང་གོ་བདེར་བརྩམས།།
དུས་ཀྱི་དབང་གིས་ཅི་བས་འཇུག་སླར་བྲིས།།
བློ་སྐྱེད་གོ་སྐོན་ཡོད་མེད་ཐག་མི་གཅོད།།
རང་མཉམ་གཞན་བྲོད་ཡོང་བ་ངས་ཤེས་སོ།།
ཚིག་སྡུད་ལུགས་ཀྱི་བསྟན་བཅོས་དངོས་ལ་གཏུགས།།
དག་ཆ་ཡིག་རྩའི་སྐོར་ནི་དཔང་གིས་བཙུན།།
ཕལ་ཆེར་ས་པཎ་དག་སྡེབ་མི་ཕམ་གཞུང་།།
ལོ་ཆེན་མང་པོའི་གསུང་དང་བསྒྲིགས་ནས་དཔྱད།།
རྙིང་ལ་རྦ་བཞེད་ཡན་གྱི་ལྟད་མོ་མཐོང་།།
གསར་ལ་ཏོག་གསར་ཡང་ན་བྲོག་གསར་བར།།
མཐར་ཆགས་བསྡུར་བའི་སྒོ་རྙེད་རྙེད་ནས་ཀྱང་།།
གཞན་དྲིང་མི་འཇོག་ཟེར་ན་སྦོམ་མོད་དེ།།
རང་བྱན་ཚུད་པའི་སྤོབས་ཆུང་རྫོགས་པས་ན།།
ཐོས་པ་མི་འདོད་དག་ནི་འདིར་བརྟེན་ཏེ།།
རིམ་པས་བཀླག་ཅིང་བྲི་ལ་འཁྲིད་ཀྱང་སྲིད།།
                       ____ ཀླད་ཀྱི་གཏམ།


༈ རང་ཚོད་ཀྱི“རྟོགས་བརྗོད་འདུན་ལེགས་མ”འདྲ་བོ། 


ཁུ་བྱུག་སྐད་ལ་སྙན་དུ་སྨྲ་བའི་ས།།
རྟ་ནི་འགྲོས་བཟང་རྔ་རྔོག་སྤྲིན་རིས་འཆར།། 
འགྲོ་མགོན་འཕགས་པས་མགོན་གཡག་བསྔགས་པའི་ཡུལ།།
རི་རྩེའི་ཁ་བའི་འཕུར་ལྡིང་མང་ཞིང་མང་།།
སོར་རྩེའི་གླིང་བུའི་སྐད་ཕྱུང་རེས་ཀྱིས་འབོད།།
བཀའ་གདམས་གླེགས་བམ་ས་དཔྱད་ཚང་བ་ཅན།།
འདི་རུ་སྐྱེས་ལ་འགྲེལ་བཤད་མི་ཕོག་སྟེ།།
འབྲེལ་དང་མི་འབྲེལ་ཚིག་མགོ་དེ་ཙམ་ཞུ།།
ས་ཁར་ལྷུང་ཙམ་ཉིད་ནས་འདྲ་འདྲའི་ཁྲོད།།
མི་འདྲའི་རྩིས་འཇོག་མང་ཞིག་བྱས་སྐད་དོ།།
བསམ་ཤེས་དུས་ན་རྣམ་ཤེས་དགའ་ཅན་དུ།།
གཅིག་ཏུ་སྨྲ་བའི་རུ་སྡེའི་སྐྱེ་བོ་ཚོས།།
ས་ཆུའི་ཚོད་ཀྱི་རི་དྭགས་ལྟ་བུར་བྱས།།
བཀའ་དྲིན་ཞུ་འམ་ཟེར་ན་ཞུ་རིགས་ཏེ།།
འབྲོག་ཕྲུག་རྟོགས་གྲོལ་དུས་མཉམ་གཡེར་ཆེ་ཞེས།།
མགོ་ལ་མི་འཚམས་ཅོད་པན་ལྕི་བ་ཨང་།།
དེ་འདྲའི་བཤུལ་ལམ་ན་ཆུ་འདམ་ཁུས་སྦངས།།
དེ་ལྟར་དགའ་སྐྱོའི་ལོ་ནི་བཅུ་ཕྲག་བརྒལ། 
སྐད་གོམས་ཆ་ལུགས་དགེ་སྡུག་སེམས་སུ་བརྡལ།།
གཏན་དུ་འབོར་མེད་སྐ་རགས་དགུ་བསྒྲིལ་བཅིངས།།
ད་ལྟ་བསམ་ན་རིན་མེད་ཁྲིད་དུ་ཟད།།
ད་ཚོད་རིན་པ་བྱིན་ཀྱང་སུ་ཡིས་འཁྲིད།།
བཀའ་དྲིན་ཞུ་ས་འགོག་མེད་རྟེན་འབྲེལ་དང་།།
མི་རྟག་ཚིས་དང་རྟག་འཛིན་ལོ་ཐོ་ཨང་།།
སྙིང་གི་དཔྱིད་གྱུར་ཟུང་དང་སྨིན་ལེགས་སྡེས།། 
འཁྲབ་རྨོག་མེད་ཀྱང་གེ་སར་ཚོད་དུ་བརྩིས།།
སྙེམས་པའི་ཁྲ་གླག་སྟག་གིས་འཁྱུགས་མྱོང་བདག །
དར་མའི་རྔོན་ལ་འགྱོད་པ་ཆེར་མ་མཆིས།།
རྟོགས་བརྗོད་མིན་མོད་འདུན་མ་བཟང་ནས་གདའ།།
བཀའ་དྲིན་ལོས་ཆེ་བརྩེ་གདུང་མེ་ལྕེ་ཡིས།། 
ཚིག་ཀྱང་སྐྱིད་པའི་ལོ་རབས་མང་ཙམ་ཡོད།།
སློབ་ཡོན་སྐར་གང་ཆུད་ཟོས་མ་བྱས་པར།།
འཛིན་དང་ཀློག་དང་སུག་བྲིས་བགྱིས་དྲགས་ཏེ།།
རྔུལ་ཆུས་གོས་བརྟོལ་ལོ་བདུན་ཁྱིམ་ཕྱིར་བསྐྱལ།།
ནམ་གསལ་ཟླ་རིས་འོག་གི་རང་སློབ་ཀྱིས།།
ཅུང་ཟད་གོ་ཞིང་གོ་བ་དེབ་ཏུ་བརྩམས།།
བརྩམས་པས་ལོངས་སྤྱོད་ཅུང་རྙེད་ཁ་ཡང་སོས།།
དུས་ཀྱིས་མེད་ཐབས་བྲལ་བའི་མགོ་ཁང་དང་།།
རྟ་ཚབ་འཁོར་ལོའི་རིགས་ཀྱང་དུ་མ་བརྗེས།།
བཀའ་དྲིན་ཞུ་ན་དང་པོའི་སློབ་དཔོན་དང་།།
ཟུར་ཁྲིད་དགེ་བཤེས་གཉིས་ཙམ་ཡོད་དེར་རོ།།
ཕུ་དུད་སྲི་ཞུ་ཁོང་ཡངས་ལས་བརྩོན་དང་།།
ལག་འབྲས་གཙང་བ་བུ་ཡི་དཔལ་བསྐྱེད་པ།།
ལྡན་འོས་ལྡན་པ་དེ་འདྲ་ཟླར་ཐོབ་ནས།།
ཡན་ཆད་བླ་སྤྲུལ་མཉམ་པའི་འཚོ་བས་དལ།།
ཕྱིན་ཆད་ཅིར་འགྱུར་སངས་རྒྱས་ཁོ་ནས་མཁྱེན།།
བཀའ་དྲིན་ཞུ་དགོས་ཐོད་པའི་ཁ་ཡིག་གམ།།
ལས་སམ་ཅི་ཡིན་མི་ཤེས་དེ་ལ་འོ།།
ཚེ་སྔོན་བསགས་རྒྱབ་ཡིན་ནམ་བློ་རུ་ཟིན།།
ཟིན་པ་མི་བརྗེད་རྣམ་པས་མི་རྫོད་སྐད།།
ཆུང་ནས་ལྕེ་དག་བློ་ཕེར་མི་དྲག་དང་།།
ལས་ཀྱི་སྣེ་མོས་རྗེས་འཛིན་ད་བར་བདེ།།
རང་ཆེ་མིན་སྙམ་ཡིན་ན་མཐོལ་ལོ་བཤགས།།
བཀའ་དྲིན་སུ་ལ་ཞུ་དང་ཇི་ལྟར་ཞུ།།
ཤ་ཁྲག་རི་མོ་གནང་བའི་ཕ་མར་རམ།།
ལྟེ་བའི་མེ་ཏོག་བཅད་པའི་ལྗོངས་འདིར་རོ།།
སྐད་མང་མཁྱེན་དང་ནོར་གྱིས་ཆེས་ཕྱུག་པ།།
དབང་གྲགས་སྒྱུ་རྩལ་གྱིས་ཆེ་མང་པོར་འདྲིས།།
རོགས་རམ་མཐུན་འགྱུར་རྒྱབ་གཉེར་ངོ་ཐང་བྱིན།།
འདི་དག་རང་ཉིད་འཇོན་པས་མ་ཡིན་ཀྱང་།།
སྤྱི་ཚོགས་ལམ་སྲོལ་བཟང་པོའི་རྐྱེན་དུའང་སེམས།།
འདུན་མ་ལེགས་ཙམ་བྱས་ཀྱང་མི་འགལ་སྙམ།།

༈ སོག་གླུ་ཞིག་ལ་མཉན་རྗེས་རང་གི་སྔོན་ཆད་ཀྱི་གླེན་རྟགས་དྲན་པ། 

ཡུ་མོ་སྤྱང་ཀི་བསྡེབས་པའི་རྒྱུད་མཐའ་སྟེ།།
ངག་གི་ཟླ་བ་འདེད་ལ་མི་སྐྱོ་བ།།
ཞིས་མོ་རོང་གིས་བརྩམས་པ་སྐོར་ཞིག་ནི།།
གླུ་རུ་ལེན་དར་སོག་ཞེན་དྲག་ཏུ་འཁོལ།།
སྨུག་རྡུམ་གྱིས་བསྐོར་ཇིང་གིར་དྲེགས་པ་དང་།། 
ཡབ་ཀྱི་རྩྭ་ཐང་ཡུམ་གྱི་གཙང་པོ་ཞེས།།
ཟི་ཆིན་ཀའོ་བཱས་གྱེར་ཏེ་ཐང་དཀར་བླངས།།
སྔ་མ་ངུ་ཞིང་ཕྱི་མ་གླལ་བ་སྟེ།།
ངུ་ཚོད་ཟིན་ཞིང་གླལ་དྲགས་དྲགས་ཀྱང་འཐད།།
ཁ་ངོར་བཅོས་པའི་སྣ་གཉེར་ཚུན་ཆད་ལ།།
ཁྲོ་གཏུམ་དབལ་བཅས་གླག་གམ་སྟག་གིས་འཕྱོ།།
མཆུ་བསྐྱོད་ལུས་འདར་གར་སྟེགས་ང་རོས་ཁེངས།།
ཚིག་གིས་རྟ་མགོ་བསྒྲིགས་ནས་འཁྱར་ལྡོམ་མོལ།།
གླིང་བུ་འབུད་པ་དུ་མའི་རྒྱབ་གཟུགས་སྟོན།།
གུར་སྒོར་གྱད་འགྲན་རྡོ་འཕེན་ཤ་རློན་ཟ།།
དེ་ལྟའི་རྡུལ་ཚོགས་བསླངས་ནས་ཁ་ཆར་འབེབས།།
འཇགས་མེད་ཟུངས་ཁྲག་འབབ་པའི་གླུ་འདི་འདྲར།།
དེབ་ཐེར་ཕལ་བ་སྟོང་གིས་འགྲན་ནུས་མིན།། 
མིག་ཡིད་རྣ་བའི་དགའ་སྟོན་སྡེ་སྲིད་བྱས།།
རོལ་མོའི་བསྟན་བཅོས་ཀུན་དགའ་རྒྱལ་མཚན་བརྩམས།།
གླུ་བྲོ་སྒྱུ་མ་ཅན་ནི་མི་ཕམ་བྲིས།།
འོན་ཀྱང་ལག་ལེན་ཁྲོད་དུ་མ་སུངས་ཙམ།།
དེབ་དཀར་ངལ་གསོའི་ཚིག་དག་ཐེངས་འགར་བཏོན།།
རྔ་ཆེན་རོལ་དབྱངས་གཉིས་འགྱུར་སྔ་མ་སྙན།།
ཐང་ཡིག་གསར་རྙིང་བཀླགས་པས་ཆ་རེ་རྙེད།།
འདི་དག་བསྡོམས་ན་སོག་གླུའི་ཟླ་འཕེར་འདྲ།།
རྦ་བཞེད་ལས་བྱུང་སྒོམ་ཆེན་སོགས་ཀྱི་གླུ།།
གླིང་སྒྲུང་ཐུན་མོང་དྲུག་འགྱུར་བཞི་སོགས་ལ།།
བློ་ཚོད་བྱས་ཀྱིན་བྱས་ཀྱིན་བསམས་ན་ཡང་།།
སྒྲུང་ལྡེའུ་བོན་གྱི་ཁ་སྟབས་ཡོངས་མ་རྙེད།།
བདག་གིས་ལྷུག་མའི་ལམ་ནས་ས་སྤར་གང་།།
མཆི་མར་སྦངས་པའི་ཚོད་ལ་བསྐྱལ་བ་ཡོད།།
བསམ་མ་ཤེས་པའི་དུས་སུ་མི་རབས་བརྩམས།།
རྟུལ་ཕོད་ལ་བཅུག་ཚད་ལྡན་དཔར་དུ་དྲངས།།
ལོ་མང་སོང་ཡང་ས་འོག་ཆང་བསྡུས་ལྟར།།
ཁ་ལ་རེག་ཙམ་བཟི་སྣང་བན་བུན་བསྐྱེད།།
རོལ་དབྱངས་སོགས་ཀྱང་རྩོམ་རྙིང་དུད་དྲེག་ཅན།། 
འོན་ཀྱང་ཡིད་འགྱུར་གློ་བ་འཕར་ལ་རྣོ།།
དྲོད་ཆུང་བྱིས་པར་སོང་མོད་ཚིག་རིས་སུ།།
གཡག་མགོ་སྡིག་རྭའི་ཆེ་རྟགས་བག་ཙམ་མཆིས།།
ད་ཚོད་དར་མར་སོང་གཤིས་འཁོར་པ་འཛིན།།
རིག་པ་འཚོལ་ལས་ཕོ་ཚོད་བསྐྱུངས་ཟིན་མོད།།
དང་མའི་རང་ཉིད་དྲན་ན་དགོད་ཀྱང་འཆོར།།
སྙིང་ཁམས་གླེན་པ་དེང་སང་ངོ་ཡང་ཚ།།
འོན་ཀྱང་གླུ་འདྲ་སྒྲུང་འདྲར་མཉན་པའི་རྗེས།།
བཟང་ངན་བག་ཆགས་རྐྱ་འཐབ་འདྲ་མིན་དུ།།
བསམ་པ་འཆལ་བ་ལས་ཀྱི་འཕྲོ་རུ་ཟད།།
གོམས་པའི་ཕྱོགས་འཛིན་ཀྱེ་མ་ལན་ཆགས་སོ།།

 
༈ གླུ་གྲང་ངར་འཁུན་འདེབས་མ། 

འཁྱགས་ནས་འཁྱོལ་དཀའ་གངས་འདབས་འདིར།།
དེ་བས་བཟོད་དཀའ་དགུ་དག་ཟུག །
བུ་ཡུག་དྲག་པོས་མགོ་ལྕག་གཞུ།།
སྣ་ཁྲག་མ་ཕུད་ཙམ་དུ་གཟིར།།
རྣ་བ་འོན་པའི་ཚོད་ཅིག་གཡུགས།།
ཟིར་ཟིར་ཝང་ཝང་སྲོན་དུ་དཀའ།།
ཤར་འགྲོ་ནུབ་ཏུ་བསྐོར་ནས་བརྙས།།
བྱིས་པ་གོམ་ཕྱེད་ཙམ་རེར་འདེད།།
མིག་ལ་ས་རྡོས་ཁྲག་ཀྱང་འབྱིན།།
སྐ་རགས་སྣེ་མོ་དྲང་སེ་འཐེན།།
བལྟས་ན་ཨོ་ཅོ་ལྟ་བུར་སྣང་།།
ཞྭ་སོགས་མཁའ་ལ་ཁྱེར་ཁྱེར་ནས།།
ཐག་རིང་གྲོང་ཚོ་གཞན་དུ་རྙེད།།
ཁ་རུ་རྩྭ་སོང་འབྱིད་མི་ཚར།།
འདར་ནས་སོ་དག་ཐམ་ཐམ་འཆའ།།
མར་ཁུ་ཚ་བོ་ལྡུག་སྒང་དཀག །
ད་ཚོད་རླུང་གིས་ས་སྟེང་གཡོ།།
ནགས་སོགས་ལེབ་ཞེང་གཅིག་གིས་འབལ།།
ཁ་ཤུ་བཏབ་འདྲའི་སྒྲ་ཡང་ཐོས།།
དེ་ལ་སྲོལ་རྒྱུན་རྒན་པོ་རྣམས།།
“ཙག་གིས་སྐད་ཆ་བཤད”ཅེས་འདོགས།།
སློག་པའི་སྤུ་ཡང་མངོན་སུམ་འཐོག །
རྡུལ་དམར་ཀློང་དུ་ཡོད་ཚད་བསྟིམས།།
བཙས་མ་ཐག་གི་ལུག་ཆུང་ནི།།
དེ་མུར་དར་རྡོར་གྱུར་པའང་མཐོང་།།
རི་རྩེའི་ཇོ་དར་ཐག་ཐག་རྡེབ།།
ཁང་སྒོའི་ཆུ་བན་ཐག་ཚད་འཁུར།།
ཁྱི་མགོའི་བད་སྐྱར་ལྡོག་འོད་འཕྲོ།།
ས་སོགས་གས་པར་བོའུ་སྐད་གྲགས།།
ནོར་མཆུ་ཆུ་ཤེལ་ཞུན་མར་གྱུར།།
ཨ་བྲ་སོགས་ནི་ས་ཞབས་སོང་།།
ཝ་སྤྱང་ངུ་སྐད་བྲག་ཅར་འཁོར།། 
མི་ནི་ལྷག་པར་འཁོབས་ཏེ་སྡོད།།
མོ་ཊ་མེད་ཚེ་ཕྱིད་ཀྱང་སྲིད།།
དེ་བས་སྲོག་མེད་རྟ་འདི་ཉོ།།
ཡུལ་དུང་ཆེ་དག་འདིར་བརྟེན་ན།།
ད་གཟོད་ཁྱིམ་ངོགས་མཐོང་བར་ཟད།།
སྲོག་མེད་པས་ན་འཆི་བའང་མེད།།
གྲང་དམྱལ་བ་ཚོར་སྐྱེས་འདི་ལས།།
ལྷག་པར་བཟང་བ་ཅང་ཡོད་དམ།།
རྟ་ལ་འཆི་བ་མེད་ན་ཡང་།།
མི་ལ་དེ་ནི་འགྲོགས་འགྲོགས་ཡོད།།
དེས་ན་བང་ལ་ཚོད་འཛིན་དགོས།།
གནད་འདི་སེམས་ཀྱི་མཐིལ་ལ་ཆོངས།།
      ཞེས་པ་འདི་ནི། སེང་རྡོར་གྱིས་རང་གི་རྩོམ་ཞེན་པ་གངས་བུ་དུང་སྐྱེས་ལ་སེམས་སྣེར་སེམས་མཐུད་པའི་ཚུལ་ལོ།།

༈ འབྲོག་པའི་ཕ་མེས་དྲན་པའི་སྐོར་གཏོལ་མེད་སྲི་ཞུ་མ་ཞེས་བྱ་བ། 

འབྲོག་སྐད་ཀྱིས་ནི་ཀུན་བཟང་བླ་མ་བརྩམས།།
དཔལ་སྤྲུལ་ཨ་བུ་སློག་པའི་རྒྱལ་སྲས་མཆོད།།
འབྲོག་སྲོལ་མདུད་པ་བཅས་ཀྱིས་པོད་རྒན་བརྩམས།།
མི་ཕམ་བླ་མ་རེ་ལྡེའི་ཉི་ཐིག་མཆོད།།
འབྲོག་པའི་ཏིས་རྩོད་ཚུན་ལ་ཐུགས་རབ་དགྱེས།།
ཞང་བོན་མཁས་དབང་ཆོས་རྒྱལ་ནོར་བུ་མཆོད།།
བསོད་ནམས་ཞེས་པའི་ཚིག་ཆུང་རྡོ་ལ་རྐོ།།
རྒྱུ་འབྲས་ཞེས་པའི་གོ་བ་རགས་ཙམ་འཁྱེར།།
སྡུག་རུས་ཆེ་ཞིང་མཆོད་མཇལ་གཙོ་བོར་བྱེད།།
དྲིན་ཅན་འབྲོག་པའི་གསོབ་ཀྱི་བླ་མ་སྟེ།།
ཕྱི་ཚུལ་སྤྱིར་བཏང་པད་མ་རྒྱལ་མཚན་མཆོད།།
ལོ་བརྒྱད་བྱིས་པ་བདག་ནི་དེ་ཙ་ན།།
ཁ་བས་གཡོགས་པའི་རི་ཐང་བརྒལ་དཀའ་སྙམ།།
མིག་སོགས་ཕྱིད་ངེས་ལབ་ཅིང་སྒྱིད་ལུག་ཚེ།།
སྣང་དག་མེད་ཅེས་རྣམ་འགྱུར་ཐག་ཆོད་པོས།།
ལས་སུ་བསྐུལ་ཞིང་དཀའ་སྣང་སེལ་མཁས་པའི།།
སྤོ་བོ་ན་རཀ་ཁོ་སོགས་ཏུར་གྱིས་དྲན།།
འབྲོག་པའི་མི་བོའི་ཁ་ཤེད་ཨུ་ཚུགས་གཉིས།།
ཆོས་སམ་སྲོལ་གྱི་དེ་ནས་ཚུར་བསྣུན་ཚེ།། 
ཅི་མ་ཡིན་ལ་སེམས་ནི་ལས་སུ་རུང་།།
བདག་གི་མར་པའི“ཕྱག་འབེབས”ངོ་མཚར་ཆེ།།
འཁོན་དུ་མི་འཛིན་ཟབ་ཆོས་ཉག་གཅིག་ཨང་།།
“ཆམ་པ་སྐྱ་རིས”ནད་མིན་ཟེར་ཙམ་གྱིས།།
ཚ་ཡང་རང་འཇགས་སྣབས་ཀྱང་མི་བཞུར་ཨང་།།
མགོ་ཁོལ་སོ་ཁོལ་ཚིག་གིས་སངས་པར་བྱེད།།
གླང་ཐབས་རྩྭ་དང་བཙན་ཁ་ཀྱལ་ཏས་གསོ།།
གསོས་པ་མིན་ལས་ཆེ་སྟེ་ད་བར་གསོན།།
ལོ་ལོན་རྣམས་ཀྱི་དབང་ཆོད་ཁ་ཁ་ཡིན།།
ཐ་མ་ཁ་ཞེས་མིང་ཙམ་གླེངས་ཀྱང་བརྡུངས།།
ཆང་དང་རྩེད་ཤོག་བདུད་དང་གདོན་དུ་གཅོད།།
བདག་ཀྱང་དེ་ལྟར་རྗེས་བརྗོད་བྱས་དྲགས་པས།།
ད་ཚོད་ནན་གྱིས་ཞུགས་ཀྱང་ལོབས་པ་དཀའ།།
ཁ་རེག་མཆུ་རེག་བྱས་ཀྱང་ནོངས་སུ་འགྱུར།།
གདོན་འདྲེའི་བཤད་པ་སྤངས་ཀྱང་མ་སྤངས་ཀྱང་།།
“མི་རུང”སྙམ་པ་ཞིག་ནི་བརྗེད་རེ་སྐན།། 
འབྲོག་པའི་སྐམ་པར་ཆོས་ཀྱི་མཆུ་སྤྲད་ནས།།
གཟིར་བའི་ཤུལ་དག་འགོར་གྱིན་ཟབ་པ་ལ།།
གཤེགས་ནས་ལོ་མང་སོང་ཡང་བྱེད་མི་ཕོད།།
བྱས་ཀྱང་མཚམས་དང་སྐབས་སུ་དྲན་སོས་ཏེ།།
ག་ཞའི་གྲལ་ལས་མི་བཤོལ་རང་བཤོལ་ཆགས།།
ཅི་སྐྱོན་སེམས་མོད་མཐར་ནི་ལོས་སྐྱོན་སེམས།།
བག་ཆགས་འཐས་པས་ལན་ནམ་ངས་མི་ཤེས།།
ཕྱི་རྒྱའི་གྲགས་ཚིག་གིས་ནི་འདག་མི་འགྱུར།།
གློག་བརྙན་སོགས་ཀྱང་རང་ལྟར་མི་འགྱུར་རོ།།
དེ་བས་རྩ་དོན་ཡོང་བ་ཅི་ལ་སྲིད།།
འབྲོག་ཕྲུག་བདག་ནི་གནའ་རྒྱལ་ཚེ་ལོ་འམ།།
རི་དྭགས་སྐྱོ་གླུར་འཐིམ་ནས་འཆི་དགོས་སམ།།
ཡང་བསྐྱར་སྔོན་འཕྲོ་འཆད་ཀྱིས་རྣ་ཕྱེད་གཡོར།།
ལྷམ་སྣ་བརྡོལ་ཡང་ཅི་མི་སྙམ་དུ་བསྐྱུར།།
སེར་གའི་ཁྲག་ཀྱང་དེ་ཙམ་བཤད་ས་མེད།།
བལ་གཞོབ་ཁུལ་གཞོབ་གླན་དང་མི་གླན་ཚོད།། 
སྟག་ཤར་ཆགས་གྲབས་ལྕགས་ཀྱི་ཐུ་ལུམ་ཞེས།།
ཁོ་ཐག་ཆོད་པའི་གདེང་གིས་ལན་མེད་གཏོང་།།
ཉི་དུག་ཆར་དུག་གིས་ཚིག་ཁ་ངོ་ལ།།
སྔོ་ཞིང་དམར་བ་འདྲེས་པའི་རྫ་མདོག་ཤར།།
རྒོད་པ་མིག་དང་དཀར་བ་སོ་ཙམ་དུ།།
ལུས་པའི་འབྲོག་ཕྲུག་བདག་སོགས་ཅི་ཡིན་ནམ།།
དུས་མིན་པ་དང་སྐྱས་ལམ་ཅི་རིགས་སུ།།
ལྟོགས་སྐོམ་གླེང་ཙམ་བྱས་ཀྱང་སྙིང་འཕྱས་གཏོང་།། 
ས་སྟོང་ཉུལ་བའི་སྙིང་ཁམས་བཙན་གྱིས་བསླབས།།
བརྒྱ་ནོར་སྤྲིན་ནག་འཁྲིགས་འདྲའི་མཐའ་ཞིག་ན།།
ངུ་འདོད་ངུ་མི་ཉན་པའི་ང་རང་མཆིས།།
བུ་རྟའི་ཁ་རླབས་ཞེས་སུ་གཏམ་དཔེ་འཐེན།། 
ཁ་ཞ་ལག་ཞ་ཞེས་ཀྱང་ཐེར་ལ་འདོན།།
བྱིས་པའི་ཚོད་ཀྱི་ལོ་དྲུག་དཀའ་ཐུབ་འདྲ།།
ནོར་མང་ལུག་ཉུང་རྟ་ནི་བཅུ་སྐོར་འཚོ།།
མང་ཉུང་དེ་ཙམ་ལ་ཡང་དེ་ལུགས་ཀྱི།།
དཔེ་འཇོག་གོ་སྐོན་མཉན་ནས་མི་ཚར་ཡོད།།
འོན་ཏེ་དགུན་ཞོ་ཆད་ཀྱང་ཁྲོ་ཞིང་སྤྱོ།།
ཆུ་ནག་སྟོང་གདུའི་ཟླ་ལ་འོ་མ་འདྲེན།།
ཤ་ནི་ཐུན་གཅིག་ཆད་ཀྱང་མི་རུང་ཚོད།།
ཕྱེ་ནས་སྒྲོ་དང་སྒྲོ་བྱས་བརྩིགས་པ་ལ།།
སྣོད་ན་ཟས་དང་སེམས་ན་འགྲངས་ཡོད་སྨྲ།།
གཅིག་ལ་གསུམ་གྱི་སྡེར་སྐལ་བསྒྲིགས་དགོས་སོགས།།
ཐང་ཡིག་དེབ་དཀར་ལས་བྱུང་ཁྱད་པར་མེད།།
སྐྲ་ཡི་རིང་ཐུང་གོས་ཀྱི་ཁ་དོག་ནས།།
སྐད་གདངས་ཁ་ཚིག་ལུས་ཀྱི་བྱ་རྨྱང་ཚུན།།
ཆོག་དང་མི་ཆོག་དབྱེ་བ་གསལ་པོ་མཆིས།།
ལྟོས་མེད་སྲི་ཞུའི་དགོས་རིམ་མཐའ་དག་པོ།།
དེ་དུས་དཀའ་ཞིང་ཐེག་ཏུ་མི་བཟོད་ཀྱང་།།
ད་ལྟ་རང་ཡང་ཁ་ཚེགས་ཅི་བས་ཆེ།།
ཇི་ལྟར་བསམས་ན་ཁོང་ཅག་དེ་ལྟར་བདེན།།
འཚོ་བ་དེ་ལྟར་རོལ་བས་ལུས་ཀྱང་བདེ།།
གོང་འོག་དེ་ལྟར་ཡོད་པས་སེམས་ཀྱང་སྐྱིད།།
དེ་ལྟ་ན་ཡང་བདག་གིས་ག་ལ་ཡོང་།།
བརྒྱ་ཆའི་བཅུ་ཙམ་འཁྱོལ་ན་ཡང་རབ་བོ།།
རྒན་རྒོན་སྲིད་པའི་ཉི་མ་རི་ལ་ནུབ།།
འགྲོ་ལུགས་གཉན་པོའི་ཚིག་ནི་སུ་ཞིག་འཁུར།།
རྟ་ཐོག་ཐོ་རུས་བརྗེས་པའི་དཔེ་ལྟར་དུ།།
བདག་འདྲ་བསམ་ཤེས་ཡིན་ཞེས་གྲལ་ཕྱེ་མོད།།
འཇུ་ཡིས་བཤད་ལྟར་ཤར་བསྙེགས་ལྷོ་ལ་རིང་།།
ལྷོར་གཏད་ཤར་རིང་གཅིག་ཏུ་ཟིན་པ་མེད།།
ཆང་ཡང་འཐུང་ཆོག་འདྲ་ལ་མི་ཆོག་འདྲ།།
བྱི་ཕོའི་ལས་ཀྱང་བཟང་ངན་གཉིས་སུ་ཆད།།
ཚོང་རིགས་སྒྱུ་མའི་གྱ་གྱུ་སྨད་ཚོད་མེད།།
ལེགས་བཤད་གླ་ལྤགས་གར་འཐེན་འབེལ་བའི་ང་།།
ཕ་མེས་རྡོ་རྗེའི་ཚིག་གི་ཤུལ་མཐར་སྡོད།།
གྱི་ནར་ལུས་པའི་མཆི་མ་དེང་ཡང་འབྱིན།།


༈ ནག་མོ་ཁོལ། 

ཆུང་ནས་འདྲིས་དག་བརྗེད་དཀའ།།
དེའི་ངོ་འདིའི་ངོ་མི་ཆོད།།
འགལ་དང་མི་འགལ་མནོ་དཀའ།།
ལམ་མཐུན་གྲས་ཀྱང་བསྐྱུར་དཀའ།།
གཅིག་ལས་གཅིག་གི་དགའ་བ།།
ཚེ་ཕྱེད་དབར་དུ་ཚུད་པ།།
ས་མཐར་སྤྱུགས་ལས་ཐུ་བ།།
ང་ནི་ནག་མོའི་ཁོལ་རེད།།

འབྲུག་མོ་རྩོད་རྡོར་གྱུར་ནས།།
མི་ཤི་རྟ་འགྱེལ་བྱུང་བ།།
དེས་ཀྱང་མི་ཚད་མང་སྟེ།།
མེ་བཟས་མུན་ཆུ་བླུད་པ།།
ཨ་སྟག་ཀླུ་མོའི་ཆེད་དུ།།
དམྱལ་ཡུལ་གསོན་པོར་ཉུལ་བ།།
སྤྲིན་བཞིན་ཁ་ཕྱོགས་མེད་དྲགས།།
ཁོང་ཡང་ནག་མོའི་ཁོལ་རེད།།

རྒྱ་བཟའ་བལ་བཟའ་འཁོན་ནས།།
བསམ་པ་གནག་རེས་བྱས་དུས།།
སྲོང་བཙན་ཐུགས་རབ་མུག་ཨང་།།
འདུམ་དཀའ་མཐུན་དཀས་འཛིངས་ཨང་།། 
སི་ཏཱ་གཟུགས་ཀྱི་ཉི་མ།།
ཡིད་འཕྲོག་སྣང་ས་སོགས་ཀྱི།།
མཐུ་ལས་མི་རྗེ་དུ་ངུས།།
དེས་ན་ནག་མོའི་ཁོལ་ལོ།།
        ༢༠༢༠ ༡༡ ༢༧ 

༈ ཐང་སིན་གྱི་སྙན་ངག་གསར་བ། 
                                                                                                          __ སོ་སོའི་བྱིས་དུས་ཀྱི་གཏམ་རྒྱུད་ཅིག་ལའང་སྦྱར་བ།

དམར་སེར་ལི་ཁྲིའི་དུམ་བུ་ཆད་པ་ང་།།
ཅི་བས་གུས་ཆུང་རང་སྐྱེས་སྙེ་མ་སྟེ།།
རླུང་གི་འགྲོས་དང་བསྡེབས་ནས་ནུབ་ཏུ་ཆས།།
ཟླ་འོད་གསལ་བའི་ཀློང་དུ་རྟ་དཀར་ཞོན།།
ལང་ཚོས་ཡོབ་གནོན་ཡོབ་སྒྲ་ལྷང་ལྷང་མཆེད།།
གཟུགས་ལ་ཡོན་ཏན་ཡོད་པ་མ་ལགས་ཏེ།།
སྡུག་ལ་ཟད་མཐའ་མེད་པ་ཨེ་ཡིན་སྙམ།།
པད་མའི་མཚེའུ་འགྲམ་ཞིག་ཏུ་ངུས་ཀྱང་ངུས།།
དགེའོ་དགེའོ་ཞེས་སུ་ནགས་ཀྱང་བརྒལ།།
རྫུ་འཕྲུལ་མེད་པས་འཕུར་ནི་ག་ལ་ཐུབ།།
གུར་ཀུམ་ཆུ་ལ་འཕངས་ཤིང་ཆུ་མདོག་བསྒྱུར།།
ཆུ་དེའི་རྒྱུན་དང་བསྡོངས་ནས་རང་ཡུལ་དྲན།།
སྨུག་རྒྱུའི་ནང་དུ་ཚུར་ལ་ཅི་ཞིག་ཡོང་།།
ཉེ་འགྲམ་བརྒྱུད་ནས་ཕར་ལ་སུ་ཞིག་སོང་།།
འཁར་གསིལ་ས་ལ་བཙུགས་ཤིང་སྐྱབས་འཇུག་ཞུས།།
ལས་ཀྱི་དབང་གིས་རང་ཤ་དགྲ་རུ་ལངས།།
གསོལ་བ་འདེབས་ཀྱིན་འདེབས་ཀྱིན་སོང་བ་ལགས།།
དགེ་ཚུལ་མངོན་ཆུང་ཐང་སིན་ཆུང་བ་ངས།།
བྲག་རོང་གནམ་ལ་ཟུག་པའི་འོབས་ཀྱང་བསྐོར།།
བུད་མེད་རྒྱལ་ཁབ་རྒྱལ་མོར་སེམས་ཀྱང་ཤོར།།
དུད་ཞགས་གཡུ་སྔོན་འཁྲིགས་པའི་གྲོང་ཁྱིམ་དུ།།
འབྲས་དཀར་བསོད་སྙོམས་བླངས་དུས་ངོ་ཡང་ཚ།།
གཡེར་བག་ཉམས་བརྒྱས་གཟིར་དུས་ཡིད་ཀྱང་འཚབ།།
བདུད་ཀྱིས་གནོད་ཀྱང་བདུད་ལ་སྡང་མྱོང་མེད།།
བྲོས་བྱོལ་ཀློང་དུ་ལམ་གྱི་བདེན་པ་བཙལ།།
ང་རོ་དྲག་པོ་རྣ་བའི་བདུད་རྩིར་བསྒྱུར།།
བུད་མེད་རྣམས་ཀྱང་དགྲ་རུ་བཟུང་མྱོང་མེད།།
བྱང་ཆུབ་མེ་ཏོག་རེ་རེ་རྗེས་སུ་བསྐྱུར།།
བཟང་འབྲེལ་ངན་འབྲེལ་བྱུང་ཚད་ཨེ་མ་དགའ།།
སྐྱོན་འཛུགས་ཡང་ཡང་བྱས་སའི་ཝུའུ་ཁུང་བདེན།།
མངོན་ཤེས་མེད་པས་དེ་བྱུང་འགྱོད་པར་ཟད།། 
རྫུན་ལ་བྱང་ཡང་བསམ་པ་ཅུང་གཙང་བའི།།
པཱ་ཅུས་སོགས་ཀྱང་སྙིང་ནས་གུ་ཡངས་གཏོང་།།
སྤྲིན་བཞོན་ལྡིང་སྐོར་གཅིག་གིས་འཐུས་པའི་ལས།།
ང་ཚོས་གོམ་ཆུང་བརྩེགས་མས་དལ་གྱིས་བསྲུབས།།
ད་དུང་ལོ་ཟླའི་འཁོར་ལོས་ལྷོད་ཀྱིས་བྱས།།
ཕྱམ་གཅིག་སངས་རྒྱས་འགྲུབ་ཀྱང་མ་འགྲུབ་ཀྱང་།།
སྐྱིད་སྡུག་ཡང་ཡང་བརྒྱུད་པའི་འཚོ་བ་ལགས།།
                     ༢༠༢༠ ༩ ༡༧ 

༈ རྩོམ་ལུས་སོགས་ནས་ཅུང་ཟད་མོལ་བ་ལོ་ཚོད་ཀྱི་ཁ་བརྡ་ཞེས་བྱ་བ། 

དབྱངས་ཀྱི་མགྲིན་པ་མཛེས་པའི་སྙན་ངག་པ།།
སྤྱིར་ན་རང་རང་སོ་སོའི་སྐད་ཀྱིས་འཚེངས།།
ཁུངས་དང་སྲོལ་གྱི་ཆས་ཀྱང་བསྐྱོར་བ་ཡོད།།
གཙོ་བོར་གང་དར་མི་དར་སོགས་ལ་བྱེད།།
ང་ཚོས་གླུ་ཞེས་གཟེངས་མཐོར་ལེན་པ་འདིར།།
ཡོངས་སུ་མཚུངས་པ་ཞིག་ནི་གུད་ན་མེད།།
མེད་ཀྱང་མི་སྐྱོན་རིག་པའི་ཤུལ་བཞག་ཀུན།།
གོ་བབ་མཚུངས་ཕྱིར་མཆོག་དམན་འབྱེད་དུའང་མེད།།
གང་གིས་ལེན་དང་གང་ལ་ལེན་པ་གཉིས།།
དགའ་བའི་དགའ་སྟོན་ཡོང་བ་ཙམ་གྱིས་འཐུས།།
རྩམ་པའི་གཏོར་མ་མར་གྱི་གཤོག་པ་ཅན།།
གཞན་ལ་ཅི་ཆ་རང་གི་ཚོད་དུ་མཛེས།།
ཏིས་སི་ཁཱའོ་ཞེས་ལྡིང་ལྡིང་འཁོར་འཁོར་དེ།།
དམན་ཞེས་སྨྲ་བ་མིན་མོད་ལོབས་རང་དཀའ།།
འདི་ལས་རྣམ་ཐར་ལམ་ཡིག་འབྲས་དཀར་སོགས།།
གཞན་ལ་ཡོད་མེད་སོགས་ནི་དོན་ཆུང་འདྲ།།
རང་ལ་སྙན་པས་སྙན་གོ་མི་ཆོད་ཅིང་།།
གཞན་ལ་སྙན་ཚེ་རང་ལ་མི་སྙན་རུང་།།
སྙན་གོ་ཆོད་དགོས་བཙན་གཏམ་བྱེད་པའི་གྲས།།
བསམ་པ་ནང་དུ་སྐོར་དང་འདི་ལྟར་ཡིན།།
རང་གི་རྣ་བ་གཉིས་ནི་རྣ་མིན་ནམ།།
རང་གི་མིན་ཞེས་བསྒྲགས་དང་ཁྱད་པར་མེད།།
དགེ་ཆོས་རྒྱལ་ཁམས་བསྐོར་བའི་མིང་བླངས་ཀྱང་།།
སོ་སོས་ཁ་གསལ་བརྩམས་ཤིང་ཚིག་རྒྱན་དང་།།
བརྡ་རྙིང་མངོན་བརྗོད་ཕལ་ཆེར་སྤངས་ནས་ནི།།
ལེགས་ལྡན་ནག་པོ་བྱ་ལེན་མ་ཙམ་བསྒྱུར།།
རྩོམ་གཞན་དོ་གལ་ཅན་དུ་མ་བརྩིས་འདྲ།།
གདམ་ག་འདིས་ཀྱང་བློ་སྐྱེད་མི་སྟེར་མིན།།
བཀྲས་གླིང་དབང་རྡོར་དབྱིན་ཡིག་བཅས་པར་ཆུབ།།
ཤིག་སེ་ཕེར་གྱི་ཟློས་གར་གཉིས་བསྒྱུར་མོད།།
རང་གིས་རྩོམ་དུས་བཀྲས་ཟུར་གཏམ་རྒྱུད་ཅེས།།
གཏམ་རྒྱུད་ཙམ་གྱི་ལམ་ནས་འདུམ་བདེར་བཤད།།
འདི་ཡང་རྩོམ་སྒྱུར་བྱེད་ལ་མིག་སྒྲོན་ཡིན།།
ནམ་མཁའི་ནོར་བུ་ཕྱི་གླིང་ཡུལ་དུ་བསྡད།།
གཞན་སྡེའི་དཔེ་སྲོལ་རྣམ་གྲངས་མཐའ་ཡས་ཤེས།།
ཐ་དད་སྒྱུ་རྩལ་གང་མིན་ཚད་ཅིག་མཐོང་།།
འོན་ཀྱང་ཚུར་ལ་ཅིའི་ཕྱིར་མ་བསྒྱུར་ཏམ།།
རྩོམ་ཡང་བྱ་དཔེ་བྱེའུ་སྐོར་ཞང་གཟི་སྨན།།
སྒྲུང་ལྡེའུ་བོན་འབའ་ཞིག་གིས་མི་ཚེ་རྫོགས།།
མཁར་རྨེའུ་སོགས་ཀྱང་ཉིན་མཚན་ས་ཆུ་བརྗེས།།
གོམས་སྲོལ་མི་གཅིག་ཡུལ་གྲོང་དེ་ཙམ་བསྐོར།།
འོན་ཀྱང་རྩོམ་པའི་བརྗོད་བྱ་དགོས་དོན་ཚུན།།
རང་གིས་དེ་ལས་མ་འདའ་གསར་ངས་སྤངས།།
འདི་ཡང་ཅིའི་ཕྱིར་ཞེས་སུ་འདྲི་རྟགས་འབེལ།།
ཨ་མས་བསླབས་པའི་ངག་གི་ས་བོན་ནམ།།
ལུང་པ་རང་གི་སྐད་ནི་གལ་ཆེ་རབས།།
དགེ་ཆོས་བརྣན་ལ་བདེ་སྨོན་ཉི་ནུབ་མ།།
སྙན་པའི་ཚད་བྱེད་བླ་བྲང་ལ་བསྐུར་བར།།
ཁ་སྐད“ག་ཡང”ཞེས་སོགས་བཅུག་པ་མཐོང་།།
དེང་གི་གློག་བརྙན་སོགས་ཀྱང་འདྲ་མ་སྟེ།།
འབྲོག་པའི་ལུག་བཤའ་རོང་བའི་མདའ་འཕེན་སོགས།། 
མཚོན་ལས་ཆ་རྒྱུས་མེད་ཅིག་ག་ལ་སྟོན།།
བསྟན་རུང་མིག་གི་ལོངས་སྤྱོད་འཕེར་ཚོད་མེད།།
ལུག་བསད་འགྱོད་དྲགས་བདུན་གཏོད་དཀོན་ན་ཡང་།།
མི་རིགས་མང་པོའི་དབང་བྱས་ཚོད་བགམ་ན།།
བོད་མིར་སྲིད་ཙམ་གཞན་ལ་མི་སྲིད་པའི།།
ཚད་ཅིག་ཡོང་ལས་ཆེ་བས་སྒྱུ་རྩལ་ལ།།
དེ་ལྟར་འུད་ཀྱིས་བྱས་ཀྱང་ཆེར་མི་འགལ།།
འོན་ཀྱང་མཚོན་བྱེད་དམ་དྲགས་མང་ཚོགས་ཀྱི།།
རྣ་བའི་དཔྱིད་དུ་འགྱུར་མིན་བསྡུར་ན་ནི།།
གློག་བརྙན་ཚད་ལྡན་ལས་ནི་མུ་འབྲེལ་གྱི།།
ཁ་སང་གཏམ་རྒྱུད་བྲིན་ལ་དེ་བས་ཀྱང་།།
གོ་བདེ་འཛིན་སླའི་རིགས་ལ་ལྟ་རུབ་བྱེད།།
ཚེགས་བཏོད་དངུལ་བཏང་གློག་བརྙན་སོགས་ཀྱི་གམ།།
བདག་རྩོམ་ཇ་ཆུར་ཧུབ་རྒྱག་མང་བ་འདིར།།
ཅུང་ཟད་སྤོབས་པ་སྐྱེས་ཤིང་དགོད་ཀྱང་བྲོ།།
བརྡ་ཡི་མ་བུ་ཁ་འཐོར་ཁ་གཏུག་པའི།།
འོ་མ་བསྣུན་པའི་ལས་འདིར་སྔོན་ལས་སམ།།
བྱིས་པའི་བག་ཆགས་དར་མའི་ཁ་སྟབས་སམ།།
རྒྱུ་རྐྱེན་རྟེན་འབྲེལ་དམར་བ་མེད་དམ་སྙམ།།
འདི་སྐད་བྲིས་པ་ཚུར་བསྒྱུར་དཔྱས་འདོགས་མིན།།
གཞན་སྡེའི་རྩོམ་སྟངས་ཁྱད་གསོད་ཅི་ལ་ཡིན།།
ངང་གིས་གྲུབ་པ་སྐད་གོམས་བསམ་པ་དང་།།
དེ་ལ་བོགས་འདོན་འཆར་སྣང་ཐབས་སྒོ་བཅས།།
ད་བར་བསྟེན་པའི་རང་མྱོང་གདེང་ཆུང་ལགས།།


༈ ལས་ཤོར་བ།           
                                                                                       ___ མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་རྗེས་དྲན། 

ཕྱི་ན་ཤ་ཁྲག་གཉེར་མའི་འཕྲོ་ཙམ་ལུས།།
དེ་ཡང་རིངས་པ་རིངས་པར་ཡལ་སྙམ་བྱེད།།
ནང་ན་སླར་ཡང་མི་སྐྱེའི་དྲོད་ཅིག་བརྟས།།
དྲོད་དེ་བསྡུས་པར་མི་ཚོས“གཤེགས”ཞེས་ཟེར།།
ཁྱེད་ལ་སྐྱེ་འཆིའི་བརྡ་དེ་ཨེ་འབྱོར་རམ།།
སྐྱེ་བའི་དོན་ནི་ལས་དང་བྱ་བས་འཇོག །
ཁྱེད་ལ་བྱ་བ་མེད་ཙང་བྱ་བྲལ་ཟེར།།
འཁོར་བའི་ལས་ཤོར་བ་ཁྱེད་བསྔགས་མི་ཤེས།།
སྨད་ཀྱང་མི་འཕོག་མི་གནོད“ཤིང་བཞིན”ཏེ།།
སྤྱོད་འཇུག་ཆེན་མོར་གསུངས་པ་ནང་བཞིན་ནོ།།
དབུལ་ན་དབུལ་པོའི་སྡུག་བསྔལ་ཡོད་པ་ནི།།
ཕལ་ཆེར་སྐྱེ་བོ་ཀུན་གྱི་གཤིས་སུ་ཟད།།
ཁྱེད་ནི་དབུལ་ཡང་དབུལ་སྡུག་མེད་ཅེས་ཐོས།།
ཁྱད་པར་དེ་ཙམ་ཁྱད་ཆོས་དེ་ཙམ་ལགས།།
ན་དང་རྒ་བའི་སྡུག་ཀྱང་ང་ཚོར་ལྕི།།
ཁྱེད་ལ་ཡང་ཚོད་ཙམ་ཞིག་བདག་བློར་འཆར།།
དེ་ལྟ་ན་ཡང་བསྟོད་མི་ཤེས་པ་སྟེ།།
ཚད་དེར་མ་ཐོན་བདག་སོགས་གྱི་ནར་ལུས།།
ཚད་དེར་ཐོན་པའི་མྱོང་བ་ཅི་ལ་རྟོགས།།
དབུལ་སྡུག་ནོར་གྱིས་སེལ་ལས་ཐབས་གཞན་མེད།།
ནོར་གྱིས་སེལ་གྱིན་སེལ་གྱིན་ཇེ་ཐུར་འགྲོ།།
ན་དང་རྒ་བ་སོགས་ཀྱང་དེ་བཞིན་ནོ།།
ཁྱེད་ཀྱི་རྗེས་སུ་ཆོད་པ་ནམ་ཚོད་རེད།།
གནམ་གྲུར་བསྡད་ཀྱང་ཐག་ཉེར་སླེབས་ཚོད་མེད།།
འཇིག་རྟེན་འདི་ནི་བྲེ་གསོག་ཕུལ་གསོག་གིས།།
ཡང་ན་ཉིན་འབད་མཚན་འབད་མི་བཟད་པས།།
གཞན་དུ་སྙན་མིན་གཏམ་གྱི་ཐག་སྣེར་འཇུ།།
དེ་འདྲའི་བྲེལ་ཆེའི་ཛ་དྲག་བརྡོལ་ན་ཡང་།།
ཁྱེད་ནི་དགའ་ཁྲས་ཁྲས་ཀྱིས་ཐང་ལ་བསྣར།།
རྣམ་རྟོག་ཟ་བའི་ཚོད་ཀྱི་སྤྲང་ལུས་འཁྱེར།། 
སྐྱུག་བྲོའི་ཁ་ལག་ཙམ་ཞིག་ཟ་ཁུལ་བྱེད།།
ནམ་སྟོད་ནམ་སྨད་མི་ངེས་དུས་ཀྱང་གཏོར།། 
ལྷས་མཐའ་ཆུ་ཁར་རེས་མངོན་རེས་མི་མངོན།།
དེ་འདྲའི་གྲིབ་མ་སྤྱིར་ན་གསུམ་དུ་ཟད།།
རླུང་ཁྲོད་གྲོགས་མེད་འདེགས་པའི་རྟ་མགོ་དང་།།
ཡུལ་མེད་ས་སྟོང་བསྐོར་བའི་ཁྱི་ལྡོམ་དང་།།
མི་ལྤགས་ཕུད་ཟིན་མཁན་པོ་ཆོས་དབྱིངས་སོ།།
                    ༢༠༢༠ ༩ ༡༩ 
                          ཞེས་པ་འདི་ཡང་། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་སོགས་ཀྱིས་ཡང་ཡང་བསྐུལ་ངོར། སེང་རྡོར་དུ་འབོད་པ་དེས་ཤར་མར་འཁྱུགས་སོ།། 

༈ ནམ་ཞིག་ཅིས་ཀྱང་འཆི་ངེས་པའི་རང་ཉིད་ལ་སྤྲིངས་པ།

བདེ་གཤེགས་ཟླ་བའི་ཕྱེད་ཅིག་མཇལ་བའི་དུས།།
འཁོར་ལོའི་ཚོགས་ཀྱི་སོ་ཁར་ལྡོག་འོད་འབར།།
དེ་ལས་བདག་མེད་ཤ་བའི་ཁྱུ་ཡང་འཆར།།
སྐད་ཅིག་དེ་རུ་འགྱུར་ལ་འདིར་ཡང་འཕོ།།
སོ་མེད་རུས་པ་འབུད་འདྲའི་སྒྲས་ཀྱང་འབོད།།
སྟ་གོན་ཆར་བས་མགོ་ཆུ་སྤྲོད་དུ་ཟད།།
སེང་ལྡེང་རྔ་ཆུང་རང་གིས་རང་ལ་བརྡུང་།།
ཉི་ཟེར་དྲག་པོ་ཆུ་ཀླུང་དྲག་པོ་ཡིས།།
རབ་ཏུ་སྤྲས་པའི་རྣམ་ཤེས་མདའ་ལྟར་རོ།།
བྲག་འོབས་བསྐོར་བའི་གྲུ་ཆུང་རྒྱང་དུ་བཞུད།།
བདེན་མེད་ཐག་པའི་རི་མོ་ངས་ཀྱང་བྲི།།
བྲག་ཅ་གློག་གི་མེ་ཏོག་ཕང་ཕུང་བསྙིལ།།
དེ་ཡང་རི་རྒྱལ་ལྷུན་པོའི་གོང་དུ་བརྟོལ།།
ནགས་མགོའི་བད་སྐྱར་བསམ་བཞིན་དཔེ་འགའ་དྲན།།
ཆར་སྤྲིན་འཁོལ་འཁོལ་སེམས་ཀྱང་འཁོལ་བ་སྟེ།།
སྙིང་གི་བུམ་ཆུང་འཛིན་གྲས་བདག་ཀྱང་ངོ་།།
སྐྲ་འོག་སྨིན་མ་རྔུལ་ནས་ཆུ་ཡང་འཐོན།། 
ཤ་ལྤགས་ལུས་རྒྱ་འཇིག་གམ་གཞིག་ངེས་ལགས།།
རྐང་འོག་ས་ཡང་ཡེ་ནས་ནོན་པ་མེད།།
སྙན་ངག་པ་ནི་རྩམ་སྐྱའི་བཀོད་པ་སྟེ།།
ནམ་མཁའི་སྙིང་པོ་འཕག་པ་མི་སྲིད་ཙམ།།
དེ་ལ་བྲིས་ཤིང་བསུབས་པ་བརྒྱ་ཕྲག་ཙམ།།
དེ་ཡིས་བརྣངས་ཤིང་བརྒྱལ་བའང་འབུམ་ཕྲག་ཙམ།།
ལུས་མེད་གཟུགས་ཀྱི་ཡང་ཟོར་དེ་འདྲ་ཡིན།།
ཁྱིམ་ལས་ཐོན་པ་དང་པོ་རབ་བྱུང་དང་།། 
ཁྱིམ་ལས་ཐོན་པ་གཉིས་པ་འཆི་བར་ཤེས།། 
ཕ་ཡུལ་རི་ཆུའི་དབྱིབས་ལ་ཡང་བསྐྱར་ཞེན།།
ངོགས་དེ་བློས་མི་ཐོངས་པ་བརྗོད་ལས་འདས།། 
སྙིང་གི་རུས་པ་ཆག་འདྲའི་ཚོད་དུ་ལུས།།
ངང་པ་མཚོ་ལ་ཆགས་འདྲའི་ཁུངས་མེད་ཨང་།། 
སྒྲོ་སྤུ་རླུང་ཁར་བསྐྱོད་ཅིང་རླུང་ཡང་བསྐྱོད།།
རྒྱུས་ཡོད་ལམ་དང་ཆ་ཡོད་ལ་དག་གསལ།། 
རྐང་རྗེས་གྲངས་མེད་དཔར་ས་རེད་སྙམ་སྐྱོ།། 
གང་སར་ན་བུན་མཐོང་བས་ཡིད་ཅིག་ཆད།།
རང་ཡང་དུས་ཐུང་མགྲོན་པོར་ཁོ་ཐག་ཆོད།། 
                     ༢༠༢༠ ༡༡ ༡༥ 

༈ བུད་མེད་དུས་ཆེན་ལ་ཕུལ་བ། 

ཕོ་ནི་མེ་དཔུང་མོ་ནི་ཆུ་གཏེར་ཏེ།།
སྔ་མས་དྲོད་སྟེར་ཕྱི་མས་སྐོམ་གསོད་ཙང་།།
གཅིག་ཚབ་གཅིག་གིས་མི་ཡོང་མཆོག་དམན་མེད།།
རང་རང་ལས་དང་སོ་སོའི་གཤིས་ཀྱིས་འཚེང་།།
གྲལ་གྱི་གོང་འོག་རྩོད་པ་དགོད་བྲོར་ཟད།།
ནུས་ན་མཛངས་མའི་ཡོན་ཏན་བརྒྱད་དུ་བསྙེག །
དགེ་ཆོས་ཀྱིས་བསྒྲིགས་ཡོན་ཏན་དྲུག་ཀྱང་བསླབ།།
                   —— ཐོག་མར་བསྡུས་ཏེ་བརྗོད་པ། 
              ༡
གནའ་མིའི་མཆེད་ཁུངས་གང་ཡིན་ཟེར་ཁག་མོད།།
ད་ལྟའི་མིའི་རིགས་ཡོངས་རྫོགས་བུད་མེད་ལས།།
དངོས་སུ་བྱུང་བ་འདི་ལས་བདེན་པ་མེད།།
མཐོང་བ་མངོན་གྱུར་ལས་ལ་སུ་ཞིག་བསྙོན།།
སྐྱེས་པས་འཇིག་རྟེན་བསྐྲུན་པའི་དབང་བྱས་ན།།
བུད་མེད་ཀྱིས་ནི་སྐྱེས་པ་བསྐྲུན་པ་ལགས།།
གཞན་ཡང་ཞི་དུལ་མཉེས་བྱམས་བཞིའི་བདག་མོ།།
སྒེག་མཛེས་མཛངས་འཕྲུལ་སྲོག་སྟེར་ལྔའི་བདག་མོ།།
འཁོར་སྒྱུར་མངལ་དུ་འཛིན་ནུས་ཁོ་ནས་ཀྱང་།།
སྐྱེས་པའི་ལུས་སེམས་གསོ་ཐུབ་རྐྱང་བས་ཀྱང་།།
སྙིང་ནས་བཀུར་ཞིང་བརྩི་དགོས་འོས་སུ་འཐད།།
འོན་ཀྱང་ཕོ་མོའི་ཡོན་ཏན་སོ་སོ་སྟེ།།
མོ་ལ་ཕོ་ཡིས་གཞལ་བ་གནས་མ་ཡིན།།
དེ་ལྟར་ཅིག་ཤོས་ཀྱང་ནི་གནས་མ་ཡིན།།
བུད་མེད་དམག་དཔོན་བུད་མེད་རྩོམ་པ་པོ།།
བུད་མེད་མཁས་དབང་ལ་སོགས་མེད་མིན་ཀྱང་།།
སྐྱེེས་པར་བསྡུར་ན་ཤིན་ཏུ་ཉུང་དྲགས་པ།།
བཅུ་ཡི་ཁྲོད་དུ་གཅིག་ཙམ་ཡོད་མེད་ཚོད།།
བརྒྱ་ཆར་བགོས་ན་འཛམ་གླིང་སྲིད་སྟེགས་ཀྱི།།
དང་པོའི་གོ་ས་འཛིན་མཁན་མང་ཤོས་ཕོ།།
ཁྲོམ་ཕི་ཕུའུ་ཅིན་ལ་སོགས་སུས་མི་ཤེས།།
རྒྱལ་ཁབ་ཅིག་གི་ཆེས་མཐོའི་ལྔ་བརྩིས་ཀྱང་།།
བུད་མེད་གཅིག་ལས་བརྒལ་བ་ཨེ་ཡོད་སྙམ།།
རྒྱལ་པཎ་སྐུ་ཕྲེང་ན་རིམ་ལོ་སྟོང་སོང་།།
དེའི་ནང་བུད་མེད་གཅིག་ཀྱང་ཡོད་མ་ཡིན།།
དགའ་ལྡན་ཁྲི་རབས་ས་སྐྱའི་གདུང་རབས་དང་།།
གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔའི་ཁྲོད།།
བུད་མེད་ག་ཚོད་ཡོད་པ་རྩོད་དགོས་སམ།།
ནོ་པེལ་བྱ་དགའ་ཐོབ་མིར་གྲངས་གཤེར་བྱོས།།
བོད་ཀྱི་མཁས་དབང་རིམ་བྱོན་མིང་མཛོད་གློངས།།
དེ་ནས་གོ་རྒྱུ་ཞིག་ནི་གོ་འགྱུར་མོད།།
འོན་ཀྱང་བུད་མེད་རིན་ཐང་གུད་དུ་ཡོད།།
ངེས་པར་སྐྱེས་པའི་ལས་ཀྱིས་རྒྱལ་དགོས་མེད།།
           ༢
དགེ་ཆོས་ལྟར་ན་རྟེན་འབྱུང་རྒྱལ་མོས་ཏེ།།
གཞན་དུ་ཚངས་པས་ཡང་ན་བྱེད་པོས་ནི།།
ཕོ་དང་མོ་ཡི་འཇོན་ཕྱོགས་གཏན་ཕབ་ཡོད།།
བུད་མེད་རྣམས་ཀྱིས་གཤིན་དྭངས་གཡེར་གསུམ་ཕེར།།
སྐྱེས་པར་དབང་དྲག་གཏུམ་ལས་རང་ཆས་སོ།།
སྔ་མས་ཕྱི་མར་འབད་ན་རང་མདངས་མཆོར།།
སྐད་སྦོམ་ཁ་སྣ་རགས་པའི་བུད་མེད་སྨད།།
ཕྱི་མས་སྔ་མར་བརྩོན་ནའང་དེ་བཞིན་ཏེ།།
རྐང་ཆུང་ཁ་དམར་སྐྱེས་པར་ཀུན་ཡིད་ཆད།།
ཕོ་ལ་སྐྱོན་མང་དེ་བཞིན་མོ་ལའང་མང་།།
དེས་ནི་ཕོ་མོའི་མཆོག་དམན་སྟོན་དུ་མེད།།
ཆོས་ལུགས་ཆེན་པོའི་སྟོན་པ་རྣམ་གསུམ་ཕོ།།
གེ་སར་ཇིང་གིར་ཚའོ་ཚའོ་མའོ་ཡང་ཕོ།།
གནའ་བོའི་མུ་སྟེགས་སྟོན་པ་དྲུག་ཀྱང་ཕོ།།
ཆུ་ངོགས་དཔའ་བོ་བརྒྱ་རྩའི་ཕལ་ཆེར་ཕོ།།
རྒྱན་དྲུག་མཆོག་གཉིས་ཀྱང་ནི་ཕོ་ཡིན་མོད།།
དེ་ནི་ཕོ་ཡིས་ཕོ་གོ་ཆོད་རབས་ལས།།
བུད་མེད་ནུས་མེད་ཡིན་པའི་དཔང་རྟགས་མིན།།
བུད་མེད་ཀྱིས་ནི་སྟོན་པའི་ཡུམ་ཡང་བྱས།།
རྩོད་འདུམ་རྩོད་སློང་སེམས་གསོ་སུམ་སྦྲགས་ཀྱིས།། 
ཕོ་ཡིས་སླེབས་སར་མོས་ཀྱང་སླེབས་པར་བྱས།།
དགྲ་ཐབས་མེ་དཔུང་ཁྲོད་ཀྱི་ཆུ་བསིལ་ཏེ།།
དྲེགས་ལྡན་ལུས་སྲོག་གཏོང་སའི་དྭངས་སྨན་ཉིད།།
གཡུལ་གྱི་དོ་རའི་བདེ་བའི་ཙུ་ཏ་མ།།
བུད་མེད་རང་ཉིད་རང་གི་གཤིས་ཀྱིས་དང་།།
རང་གི་ནུས་པས་ཆེས་ཆེར་འཕགས་ཡོད་དོ།།
མདོར་ན་སྐྱེས་པར་སྲོག་འཛིན་བུ་སྣོད་མེད།།
ངང་གིས་གྲུབ་པ་ལྟོགས་གསོའི་འོ་བུམ་མེད།།
ཕྲ་རྒྱས་བཞིན་ལག་ཀྱང་ནི་མེད་པས་ན།།
མོ་ཡིས་འཇོན་ཚད་ཕོ་ཡིས་འཇོན་ལེ་མེད།།
དེ་བཞིན་མོས་ཀྱང་ཕོ་ལས་མི་ཡོང་ལ།།
ཡོང་ཡང་མི་དགོས་སྲིད་པའི་བསྐོས་བཞག་ལྟར།།
ཕོ་མོའི་ཞི་དྲག་སོ་སོའི་ཐད་དུ་རྣོ།།
དེ་ལྟར་བྱས་པས་ཐོབ་ཐང་ལ་མི་གནོད།།
ཕོ་བདེ་མོ་བདེ་འཁོར་པའི་རང་བཞིན་རྫོགས།།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེང་རྡོར་གྱི་ཉེ་དུས་ཀྱི་རྩོམ་གསར་ཕྱོགས་བསྒྲིགས།

2021-03-15 སེང་རྡོར།(རྐང་ཚ) ཀློག་གྲངས། མཆན ཡོད།
དགོས་པའི་དབང་གིས་ཧ་ཅང་གོ་བདེར་བརྩམས།།
དུས་ཀྱི་དབང་གིས་ཅི་བས་འཇུག་སླར་བྲིས།།
བློ་སྐྱེད་གོ་སྐོན་ཡོད་མེད་ཐག་མི་གཅོད།།
རང་མཉམ་གཞན་བྲོད་ཡོང་བ་ངས་ཤེས་སོ།།
ཚིག་སྡུད་ལུགས་ཀྱི་བསྟན་བཅོས་དངོས་ལ་གཏུགས།།
དག་ཆ་ཡིག་རྩའི་སྐོར་ནི་དཔང་གིས་བཙུན།།
ཕལ་ཆེར་ས་པཎ་དག་སྡེབ་མི་ཕམ་གཞུང་།།
ལོ་ཆེན་མང་པོའི་གསུང་དང་བསྒྲིགས་ནས་དཔྱད།།
རྙིང་ལ་རྦ་བཞེད་ཡན་གྱི་ལྟད་མོ་མཐོང་།།
གསར་ལ་ཏོག་གསར་ཡང་ན་བྲོག་གསར་བར།།
མཐར་ཆགས་བསྡུར་བའི་སྒོ་རྙེད་རྙེད་ནས་ཀྱང་།།
གཞན་དྲིང་མི་འཇོག་ཟེར་ན་སྦོམ་མོད་དེ།།
རང་བྱན་ཚུད་པའི་སྤོབས་ཆུང་རྫོགས་པས་ན།།
ཐོས་པ་མི་འདོད་དག་ནི་འདིར་བརྟེན་ཏེ།།
རིམ་པས་བཀླག་ཅིང་བྲི་ལ་འཁྲིད་ཀྱང་སྲིད།།
                       ____ ཀླད་ཀྱི་གཏམ།


༈ རང་ཚོད་ཀྱི“རྟོགས་བརྗོད་འདུན་ལེགས་མ”འདྲ་བོ། 


ཁུ་བྱུག་སྐད་ལ་སྙན་དུ་སྨྲ་བའི་ས།།
རྟ་ནི་འགྲོས་བཟང་རྔ་རྔོག་སྤྲིན་རིས་འཆར།། 
འགྲོ་མགོན་འཕགས་པས་མགོན་གཡག་བསྔགས་པའི་ཡུལ།།
རི་རྩེའི་ཁ་བའི་འཕུར་ལྡིང་མང་ཞིང་མང་།།
སོར་རྩེའི་གླིང་བུའི་སྐད་ཕྱུང་རེས་ཀྱིས་འབོད།།
བཀའ་གདམས་གླེགས་བམ་ས་དཔྱད་ཚང་བ་ཅན།།
འདི་རུ་སྐྱེས་ལ་འགྲེལ་བཤད་མི་ཕོག་སྟེ།།
འབྲེལ་དང་མི་འབྲེལ་ཚིག་མགོ་དེ་ཙམ་ཞུ།།
ས་ཁར་ལྷུང་ཙམ་ཉིད་ནས་འདྲ་འདྲའི་ཁྲོད།།
མི་འདྲའི་རྩིས་འཇོག་མང་ཞིག་བྱས་སྐད་དོ།།
བསམ་ཤེས་དུས་ན་རྣམ་ཤེས་དགའ་ཅན་དུ།།
གཅིག་ཏུ་སྨྲ་བའི་རུ་སྡེའི་སྐྱེ་བོ་ཚོས།།
ས་ཆུའི་ཚོད་ཀྱི་རི་དྭགས་ལྟ་བུར་བྱས།།
བཀའ་དྲིན་ཞུ་འམ་ཟེར་ན་ཞུ་རིགས་ཏེ།།
འབྲོག་ཕྲུག་རྟོགས་གྲོལ་དུས་མཉམ་གཡེར་ཆེ་ཞེས།།
མགོ་ལ་མི་འཚམས་ཅོད་པན་ལྕི་བ་ཨང་།།
དེ་འདྲའི་བཤུལ་ལམ་ན་ཆུ་འདམ་ཁུས་སྦངས།།
དེ་ལྟར་དགའ་སྐྱོའི་ལོ་ནི་བཅུ་ཕྲག་བརྒལ། 
སྐད་གོམས་ཆ་ལུགས་དགེ་སྡུག་སེམས་སུ་བརྡལ།།
གཏན་དུ་འབོར་མེད་སྐ་རགས་དགུ་བསྒྲིལ་བཅིངས།།
ད་ལྟ་བསམ་ན་རིན་མེད་ཁྲིད་དུ་ཟད།།
ད་ཚོད་རིན་པ་བྱིན་ཀྱང་སུ་ཡིས་འཁྲིད།།
བཀའ་དྲིན་ཞུ་ས་འགོག་མེད་རྟེན་འབྲེལ་དང་།།
མི་རྟག་ཚིས་དང་རྟག་འཛིན་ལོ་ཐོ་ཨང་།།
སྙིང་གི་དཔྱིད་གྱུར་ཟུང་དང་སྨིན་ལེགས་སྡེས།། 
འཁྲབ་རྨོག་མེད་ཀྱང་གེ་སར་ཚོད་དུ་བརྩིས།།
སྙེམས་པའི་ཁྲ་གླག་སྟག་གིས་འཁྱུགས་མྱོང་བདག །
དར་མའི་རྔོན་ལ་འགྱོད་པ་ཆེར་མ་མཆིས།།
རྟོགས་བརྗོད་མིན་མོད་འདུན་མ་བཟང་ནས་གདའ།།
བཀའ་དྲིན་ལོས་ཆེ་བརྩེ་གདུང་མེ་ལྕེ་ཡིས།། 
ཚིག་ཀྱང་སྐྱིད་པའི་ལོ་རབས་མང་ཙམ་ཡོད།།
སློབ་ཡོན་སྐར་གང་ཆུད་ཟོས་མ་བྱས་པར།།
འཛིན་དང་ཀློག་དང་སུག་བྲིས་བགྱིས་དྲགས་ཏེ།།
རྔུལ་ཆུས་གོས་བརྟོལ་ལོ་བདུན་ཁྱིམ་ཕྱིར་བསྐྱལ།།
ནམ་གསལ་ཟླ་རིས་འོག་གི་རང་སློབ་ཀྱིས།།
ཅུང་ཟད་གོ་ཞིང་གོ་བ་དེབ་ཏུ་བརྩམས།།
བརྩམས་པས་ལོངས་སྤྱོད་ཅུང་རྙེད་ཁ་ཡང་སོས།།
དུས་ཀྱིས་མེད་ཐབས་བྲལ་བའི་མགོ་ཁང་དང་།།
རྟ་ཚབ་འཁོར་ལོའི་རིགས་ཀྱང་དུ་མ་བརྗེས།།
བཀའ་དྲིན་ཞུ་ན་དང་པོའི་སློབ་དཔོན་དང་།།
ཟུར་ཁྲིད་དགེ་བཤེས་གཉིས་ཙམ་ཡོད་དེར་རོ།།
ཕུ་དུད་སྲི་ཞུ་ཁོང་ཡངས་ལས་བརྩོན་དང་།།
ལག་འབྲས་གཙང་བ་བུ་ཡི་དཔལ་བསྐྱེད་པ།།
ལྡན་འོས་ལྡན་པ་དེ་འདྲ་ཟླར་ཐོབ་ནས།།
ཡན་ཆད་བླ་སྤྲུལ་མཉམ་པའི་འཚོ་བས་དལ།།
ཕྱིན་ཆད་ཅིར་འགྱུར་སངས་རྒྱས་ཁོ་ནས་མཁྱེན།།
བཀའ་དྲིན་ཞུ་དགོས་ཐོད་པའི་ཁ་ཡིག་གམ།།
ལས་སམ་ཅི་ཡིན་མི་ཤེས་དེ་ལ་འོ།།
ཚེ་སྔོན་བསགས་རྒྱབ་ཡིན་ནམ་བློ་རུ་ཟིན།།
ཟིན་པ་མི་བརྗེད་རྣམ་པས་མི་རྫོད་སྐད།།
ཆུང་ནས་ལྕེ་དག་བློ་ཕེར་མི་དྲག་དང་།།
ལས་ཀྱི་སྣེ་མོས་རྗེས་འཛིན་ད་བར་བདེ།།
རང་ཆེ་མིན་སྙམ་ཡིན་ན་མཐོལ་ལོ་བཤགས།།
བཀའ་དྲིན་སུ་ལ་ཞུ་དང་ཇི་ལྟར་ཞུ།།
ཤ་ཁྲག་རི་མོ་གནང་བའི་ཕ་མར་རམ།།
ལྟེ་བའི་མེ་ཏོག་བཅད་པའི་ལྗོངས་འདིར་རོ།།
སྐད་མང་མཁྱེན་དང་ནོར་གྱིས་ཆེས་ཕྱུག་པ།།
དབང་གྲགས་སྒྱུ་རྩལ་གྱིས་ཆེ་མང་པོར་འདྲིས།།
རོགས་རམ་མཐུན་འགྱུར་རྒྱབ་གཉེར་ངོ་ཐང་བྱིན།།
འདི་དག་རང་ཉིད་འཇོན་པས་མ་ཡིན་ཀྱང་།།
སྤྱི་ཚོགས་ལམ་སྲོལ་བཟང་པོའི་རྐྱེན་དུའང་སེམས།།
འདུན་མ་ལེགས་ཙམ་བྱས་ཀྱང་མི་འགལ་སྙམ།།

༈ སོག་གླུ་ཞིག་ལ་མཉན་རྗེས་རང་གི་སྔོན་ཆད་ཀྱི་གླེན་རྟགས་དྲན་པ། 

ཡུ་མོ་སྤྱང་ཀི་བསྡེབས་པའི་རྒྱུད་མཐའ་སྟེ།།
ངག་གི་ཟླ་བ་འདེད་ལ་མི་སྐྱོ་བ།།
ཞིས་མོ་རོང་གིས་བརྩམས་པ་སྐོར་ཞིག་ནི།།
གླུ་རུ་ལེན་དར་སོག་ཞེན་དྲག་ཏུ་འཁོལ།།
སྨུག་རྡུམ་གྱིས་བསྐོར་ཇིང་གིར་དྲེགས་པ་དང་།། 
ཡབ་ཀྱི་རྩྭ་ཐང་ཡུམ་གྱི་གཙང་པོ་ཞེས།།
ཟི་ཆིན་ཀའོ་བཱས་གྱེར་ཏེ་ཐང་དཀར་བླངས།།
སྔ་མ་ངུ་ཞིང་ཕྱི་མ་གླལ་བ་སྟེ།།
ངུ་ཚོད་ཟིན་ཞིང་གླལ་དྲགས་དྲགས་ཀྱང་འཐད།།
ཁ་ངོར་བཅོས་པའི་སྣ་གཉེར་ཚུན་ཆད་ལ།།
ཁྲོ་གཏུམ་དབལ་བཅས་གླག་གམ་སྟག་གིས་འཕྱོ།།
མཆུ་བསྐྱོད་ལུས་འདར་གར་སྟེགས་ང་རོས་ཁེངས།།
ཚིག་གིས་རྟ་མགོ་བསྒྲིགས་ནས་འཁྱར་ལྡོམ་མོལ།།
གླིང་བུ་འབུད་པ་དུ་མའི་རྒྱབ་གཟུགས་སྟོན།།
གུར་སྒོར་གྱད་འགྲན་རྡོ་འཕེན་ཤ་རློན་ཟ།།
དེ་ལྟའི་རྡུལ་ཚོགས་བསླངས་ནས་ཁ་ཆར་འབེབས།།
འཇགས་མེད་ཟུངས་ཁྲག་འབབ་པའི་གླུ་འདི་འདྲར།།
དེབ་ཐེར་ཕལ་བ་སྟོང་གིས་འགྲན་ནུས་མིན།། 
མིག་ཡིད་རྣ་བའི་དགའ་སྟོན་སྡེ་སྲིད་བྱས།།
རོལ་མོའི་བསྟན་བཅོས་ཀུན་དགའ་རྒྱལ་མཚན་བརྩམས།།
གླུ་བྲོ་སྒྱུ་མ་ཅན་ནི་མི་ཕམ་བྲིས།།
འོན་ཀྱང་ལག་ལེན་ཁྲོད་དུ་མ་སུངས་ཙམ།།
དེབ་དཀར་ངལ་གསོའི་ཚིག་དག་ཐེངས་འགར་བཏོན།།
རྔ་ཆེན་རོལ་དབྱངས་གཉིས་འགྱུར་སྔ་མ་སྙན།།
ཐང་ཡིག་གསར་རྙིང་བཀླགས་པས་ཆ་རེ་རྙེད།།
འདི་དག་བསྡོམས་ན་སོག་གླུའི་ཟླ་འཕེར་འདྲ།།
རྦ་བཞེད་ལས་བྱུང་སྒོམ་ཆེན་སོགས་ཀྱི་གླུ།།
གླིང་སྒྲུང་ཐུན་མོང་དྲུག་འགྱུར་བཞི་སོགས་ལ།།
བློ་ཚོད་བྱས་ཀྱིན་བྱས་ཀྱིན་བསམས་ན་ཡང་།།
སྒྲུང་ལྡེའུ་བོན་གྱི་ཁ་སྟབས་ཡོངས་མ་རྙེད།།
བདག་གིས་ལྷུག་མའི་ལམ་ནས་ས་སྤར་གང་།།
མཆི་མར་སྦངས་པའི་ཚོད་ལ་བསྐྱལ་བ་ཡོད།།
བསམ་མ་ཤེས་པའི་དུས་སུ་མི་རབས་བརྩམས།།
རྟུལ་ཕོད་ལ་བཅུག་ཚད་ལྡན་དཔར་དུ་དྲངས།།
ལོ་མང་སོང་ཡང་ས་འོག་ཆང་བསྡུས་ལྟར།།
ཁ་ལ་རེག་ཙམ་བཟི་སྣང་བན་བུན་བསྐྱེད།།
རོལ་དབྱངས་སོགས་ཀྱང་རྩོམ་རྙིང་དུད་དྲེག་ཅན།། 
འོན་ཀྱང་ཡིད་འགྱུར་གློ་བ་འཕར་ལ་རྣོ།།
དྲོད་ཆུང་བྱིས་པར་སོང་མོད་ཚིག་རིས་སུ།།
གཡག་མགོ་སྡིག་རྭའི་ཆེ་རྟགས་བག་ཙམ་མཆིས།།
ད་ཚོད་དར་མར་སོང་གཤིས་འཁོར་པ་འཛིན།།
རིག་པ་འཚོལ་ལས་ཕོ་ཚོད་བསྐྱུངས་ཟིན་མོད།།
དང་མའི་རང་ཉིད་དྲན་ན་དགོད་ཀྱང་འཆོར།།
སྙིང་ཁམས་གླེན་པ་དེང་སང་ངོ་ཡང་ཚ།།
འོན་ཀྱང་གླུ་འདྲ་སྒྲུང་འདྲར་མཉན་པའི་རྗེས།།
བཟང་ངན་བག་ཆགས་རྐྱ་འཐབ་འདྲ་མིན་དུ།།
བསམ་པ་འཆལ་བ་ལས་ཀྱི་འཕྲོ་རུ་ཟད།།
གོམས་པའི་ཕྱོགས་འཛིན་ཀྱེ་མ་ལན་ཆགས་སོ།།

 
༈ གླུ་གྲང་ངར་འཁུན་འདེབས་མ། 

འཁྱགས་ནས་འཁྱོལ་དཀའ་གངས་འདབས་འདིར།།
དེ་བས་བཟོད་དཀའ་དགུ་དག་ཟུག །
བུ་ཡུག་དྲག་པོས་མགོ་ལྕག་གཞུ།།
སྣ་ཁྲག་མ་ཕུད་ཙམ་དུ་གཟིར།།
རྣ་བ་འོན་པའི་ཚོད་ཅིག་གཡུགས།།
ཟིར་ཟིར་ཝང་ཝང་སྲོན་དུ་དཀའ།།
ཤར་འགྲོ་ནུབ་ཏུ་བསྐོར་ནས་བརྙས།།
བྱིས་པ་གོམ་ཕྱེད་ཙམ་རེར་འདེད།།
མིག་ལ་ས་རྡོས་ཁྲག་ཀྱང་འབྱིན།།
སྐ་རགས་སྣེ་མོ་དྲང་སེ་འཐེན།།
བལྟས་ན་ཨོ་ཅོ་ལྟ་བུར་སྣང་།།
ཞྭ་སོགས་མཁའ་ལ་ཁྱེར་ཁྱེར་ནས།།
ཐག་རིང་གྲོང་ཚོ་གཞན་དུ་རྙེད།།
ཁ་རུ་རྩྭ་སོང་འབྱིད་མི་ཚར།།
འདར་ནས་སོ་དག་ཐམ་ཐམ་འཆའ།།
མར་ཁུ་ཚ་བོ་ལྡུག་སྒང་དཀག །
ད་ཚོད་རླུང་གིས་ས་སྟེང་གཡོ།།
ནགས་སོགས་ལེབ་ཞེང་གཅིག་གིས་འབལ།།
ཁ་ཤུ་བཏབ་འདྲའི་སྒྲ་ཡང་ཐོས།།
དེ་ལ་སྲོལ་རྒྱུན་རྒན་པོ་རྣམས།།
“ཙག་གིས་སྐད་ཆ་བཤད”ཅེས་འདོགས།།
སློག་པའི་སྤུ་ཡང་མངོན་སུམ་འཐོག །
རྡུལ་དམར་ཀློང་དུ་ཡོད་ཚད་བསྟིམས།།
བཙས་མ་ཐག་གི་ལུག་ཆུང་ནི།།
དེ་མུར་དར་རྡོར་གྱུར་པའང་མཐོང་།།
རི་རྩེའི་ཇོ་དར་ཐག་ཐག་རྡེབ།།
ཁང་སྒོའི་ཆུ་བན་ཐག་ཚད་འཁུར།།
ཁྱི་མགོའི་བད་སྐྱར་ལྡོག་འོད་འཕྲོ།།
ས་སོགས་གས་པར་བོའུ་སྐད་གྲགས།།
ནོར་མཆུ་ཆུ་ཤེལ་ཞུན་མར་གྱུར།།
ཨ་བྲ་སོགས་ནི་ས་ཞབས་སོང་།།
ཝ་སྤྱང་ངུ་སྐད་བྲག་ཅར་འཁོར།། 
མི་ནི་ལྷག་པར་འཁོབས་ཏེ་སྡོད།།
མོ་ཊ་མེད་ཚེ་ཕྱིད་ཀྱང་སྲིད།།
དེ་བས་སྲོག་མེད་རྟ་འདི་ཉོ།།
ཡུལ་དུང་ཆེ་དག་འདིར་བརྟེན་ན།།
ད་གཟོད་ཁྱིམ་ངོགས་མཐོང་བར་ཟད།།
སྲོག་མེད་པས་ན་འཆི་བའང་མེད།།
གྲང་དམྱལ་བ་ཚོར་སྐྱེས་འདི་ལས།།
ལྷག་པར་བཟང་བ་ཅང་ཡོད་དམ།།
རྟ་ལ་འཆི་བ་མེད་ན་ཡང་།།
མི་ལ་དེ་ནི་འགྲོགས་འགྲོགས་ཡོད།།
དེས་ན་བང་ལ་ཚོད་འཛིན་དགོས།།
གནད་འདི་སེམས་ཀྱི་མཐིལ་ལ་ཆོངས།།
      ཞེས་པ་འདི་ནི། སེང་རྡོར་གྱིས་རང་གི་རྩོམ་ཞེན་པ་གངས་བུ་དུང་སྐྱེས་ལ་སེམས་སྣེར་སེམས་མཐུད་པའི་ཚུལ་ལོ།།

༈ འབྲོག་པའི་ཕ་མེས་དྲན་པའི་སྐོར་གཏོལ་མེད་སྲི་ཞུ་མ་ཞེས་བྱ་བ། 

འབྲོག་སྐད་ཀྱིས་ནི་ཀུན་བཟང་བླ་མ་བརྩམས།།
དཔལ་སྤྲུལ་ཨ་བུ་སློག་པའི་རྒྱལ་སྲས་མཆོད།།
འབྲོག་སྲོལ་མདུད་པ་བཅས་ཀྱིས་པོད་རྒན་བརྩམས།།
མི་ཕམ་བླ་མ་རེ་ལྡེའི་ཉི་ཐིག་མཆོད།།
འབྲོག་པའི་ཏིས་རྩོད་ཚུན་ལ་ཐུགས་རབ་དགྱེས།།
ཞང་བོན་མཁས་དབང་ཆོས་རྒྱལ་ནོར་བུ་མཆོད།།
བསོད་ནམས་ཞེས་པའི་ཚིག་ཆུང་རྡོ་ལ་རྐོ།།
རྒྱུ་འབྲས་ཞེས་པའི་གོ་བ་རགས་ཙམ་འཁྱེར།།
སྡུག་རུས་ཆེ་ཞིང་མཆོད་མཇལ་གཙོ་བོར་བྱེད།།
དྲིན་ཅན་འབྲོག་པའི་གསོབ་ཀྱི་བླ་མ་སྟེ།།
ཕྱི་ཚུལ་སྤྱིར་བཏང་པད་མ་རྒྱལ་མཚན་མཆོད།།
ལོ་བརྒྱད་བྱིས་པ་བདག་ནི་དེ་ཙ་ན།།
ཁ་བས་གཡོགས་པའི་རི་ཐང་བརྒལ་དཀའ་སྙམ།།
མིག་སོགས་ཕྱིད་ངེས་ལབ་ཅིང་སྒྱིད་ལུག་ཚེ།།
སྣང་དག་མེད་ཅེས་རྣམ་འགྱུར་ཐག་ཆོད་པོས།།
ལས་སུ་བསྐུལ་ཞིང་དཀའ་སྣང་སེལ་མཁས་པའི།།
སྤོ་བོ་ན་རཀ་ཁོ་སོགས་ཏུར་གྱིས་དྲན།།
འབྲོག་པའི་མི་བོའི་ཁ་ཤེད་ཨུ་ཚུགས་གཉིས།།
ཆོས་སམ་སྲོལ་གྱི་དེ་ནས་ཚུར་བསྣུན་ཚེ།། 
ཅི་མ་ཡིན་ལ་སེམས་ནི་ལས་སུ་རུང་།།
བདག་གི་མར་པའི“ཕྱག་འབེབས”ངོ་མཚར་ཆེ།།
འཁོན་དུ་མི་འཛིན་ཟབ་ཆོས་ཉག་གཅིག་ཨང་།།
“ཆམ་པ་སྐྱ་རིས”ནད་མིན་ཟེར་ཙམ་གྱིས།།
ཚ་ཡང་རང་འཇགས་སྣབས་ཀྱང་མི་བཞུར་ཨང་།།
མགོ་ཁོལ་སོ་ཁོལ་ཚིག་གིས་སངས་པར་བྱེད།།
གླང་ཐབས་རྩྭ་དང་བཙན་ཁ་ཀྱལ་ཏས་གསོ།།
གསོས་པ་མིན་ལས་ཆེ་སྟེ་ད་བར་གསོན།།
ལོ་ལོན་རྣམས་ཀྱི་དབང་ཆོད་ཁ་ཁ་ཡིན།།
ཐ་མ་ཁ་ཞེས་མིང་ཙམ་གླེངས་ཀྱང་བརྡུངས།།
ཆང་དང་རྩེད་ཤོག་བདུད་དང་གདོན་དུ་གཅོད།།
བདག་ཀྱང་དེ་ལྟར་རྗེས་བརྗོད་བྱས་དྲགས་པས།།
ད་ཚོད་ནན་གྱིས་ཞུགས་ཀྱང་ལོབས་པ་དཀའ།།
ཁ་རེག་མཆུ་རེག་བྱས་ཀྱང་ནོངས་སུ་འགྱུར།།
གདོན་འདྲེའི་བཤད་པ་སྤངས་ཀྱང་མ་སྤངས་ཀྱང་།།
“མི་རུང”སྙམ་པ་ཞིག་ནི་བརྗེད་རེ་སྐན།། 
འབྲོག་པའི་སྐམ་པར་ཆོས་ཀྱི་མཆུ་སྤྲད་ནས།།
གཟིར་བའི་ཤུལ་དག་འགོར་གྱིན་ཟབ་པ་ལ།།
གཤེགས་ནས་ལོ་མང་སོང་ཡང་བྱེད་མི་ཕོད།།
བྱས་ཀྱང་མཚམས་དང་སྐབས་སུ་དྲན་སོས་ཏེ།།
ག་ཞའི་གྲལ་ལས་མི་བཤོལ་རང་བཤོལ་ཆགས།།
ཅི་སྐྱོན་སེམས་མོད་མཐར་ནི་ལོས་སྐྱོན་སེམས།།
བག་ཆགས་འཐས་པས་ལན་ནམ་ངས་མི་ཤེས།།
ཕྱི་རྒྱའི་གྲགས་ཚིག་གིས་ནི་འདག་མི་འགྱུར།།
གློག་བརྙན་སོགས་ཀྱང་རང་ལྟར་མི་འགྱུར་རོ།།
དེ་བས་རྩ་དོན་ཡོང་བ་ཅི་ལ་སྲིད།།
འབྲོག་ཕྲུག་བདག་ནི་གནའ་རྒྱལ་ཚེ་ལོ་འམ།།
རི་དྭགས་སྐྱོ་གླུར་འཐིམ་ནས་འཆི་དགོས་སམ།།
ཡང་བསྐྱར་སྔོན་འཕྲོ་འཆད་ཀྱིས་རྣ་ཕྱེད་གཡོར།།
ལྷམ་སྣ་བརྡོལ་ཡང་ཅི་མི་སྙམ་དུ་བསྐྱུར།།
སེར་གའི་ཁྲག་ཀྱང་དེ་ཙམ་བཤད་ས་མེད།།
བལ་གཞོབ་ཁུལ་གཞོབ་གླན་དང་མི་གླན་ཚོད།། 
སྟག་ཤར་ཆགས་གྲབས་ལྕགས་ཀྱི་ཐུ་ལུམ་ཞེས།།
ཁོ་ཐག་ཆོད་པའི་གདེང་གིས་ལན་མེད་གཏོང་།།
ཉི་དུག་ཆར་དུག་གིས་ཚིག་ཁ་ངོ་ལ།།
སྔོ་ཞིང་དམར་བ་འདྲེས་པའི་རྫ་མདོག་ཤར།།
རྒོད་པ་མིག་དང་དཀར་བ་སོ་ཙམ་དུ།།
ལུས་པའི་འབྲོག་ཕྲུག་བདག་སོགས་ཅི་ཡིན་ནམ།།
དུས་མིན་པ་དང་སྐྱས་ལམ་ཅི་རིགས་སུ།།
ལྟོགས་སྐོམ་གླེང་ཙམ་བྱས་ཀྱང་སྙིང་འཕྱས་གཏོང་།། 
ས་སྟོང་ཉུལ་བའི་སྙིང་ཁམས་བཙན་གྱིས་བསླབས།།
བརྒྱ་ནོར་སྤྲིན་ནག་འཁྲིགས་འདྲའི་མཐའ་ཞིག་ན།།
ངུ་འདོད་ངུ་མི་ཉན་པའི་ང་རང་མཆིས།།
བུ་རྟའི་ཁ་རླབས་ཞེས་སུ་གཏམ་དཔེ་འཐེན།། 
ཁ་ཞ་ལག་ཞ་ཞེས་ཀྱང་ཐེར་ལ་འདོན།།
བྱིས་པའི་ཚོད་ཀྱི་ལོ་དྲུག་དཀའ་ཐུབ་འདྲ།།
ནོར་མང་ལུག་ཉུང་རྟ་ནི་བཅུ་སྐོར་འཚོ།།
མང་ཉུང་དེ་ཙམ་ལ་ཡང་དེ་ལུགས་ཀྱི།།
དཔེ་འཇོག་གོ་སྐོན་མཉན་ནས་མི་ཚར་ཡོད།།
འོན་ཏེ་དགུན་ཞོ་ཆད་ཀྱང་ཁྲོ་ཞིང་སྤྱོ།།
ཆུ་ནག་སྟོང་གདུའི་ཟླ་ལ་འོ་མ་འདྲེན།།
ཤ་ནི་ཐུན་གཅིག་ཆད་ཀྱང་མི་རུང་ཚོད།།
ཕྱེ་ནས་སྒྲོ་དང་སྒྲོ་བྱས་བརྩིགས་པ་ལ།།
སྣོད་ན་ཟས་དང་སེམས་ན་འགྲངས་ཡོད་སྨྲ།།
གཅིག་ལ་གསུམ་གྱི་སྡེར་སྐལ་བསྒྲིགས་དགོས་སོགས།།
ཐང་ཡིག་དེབ་དཀར་ལས་བྱུང་ཁྱད་པར་མེད།།
སྐྲ་ཡི་རིང་ཐུང་གོས་ཀྱི་ཁ་དོག་ནས།།
སྐད་གདངས་ཁ་ཚིག་ལུས་ཀྱི་བྱ་རྨྱང་ཚུན།།
ཆོག་དང་མི་ཆོག་དབྱེ་བ་གསལ་པོ་མཆིས།།
ལྟོས་མེད་སྲི་ཞུའི་དགོས་རིམ་མཐའ་དག་པོ།།
དེ་དུས་དཀའ་ཞིང་ཐེག་ཏུ་མི་བཟོད་ཀྱང་།།
ད་ལྟ་རང་ཡང་ཁ་ཚེགས་ཅི་བས་ཆེ།།
ཇི་ལྟར་བསམས་ན་ཁོང་ཅག་དེ་ལྟར་བདེན།།
འཚོ་བ་དེ་ལྟར་རོལ་བས་ལུས་ཀྱང་བདེ།།
གོང་འོག་དེ་ལྟར་ཡོད་པས་སེམས་ཀྱང་སྐྱིད།།
དེ་ལྟ་ན་ཡང་བདག་གིས་ག་ལ་ཡོང་།།
བརྒྱ་ཆའི་བཅུ་ཙམ་འཁྱོལ་ན་ཡང་རབ་བོ།།
རྒན་རྒོན་སྲིད་པའི་ཉི་མ་རི་ལ་ནུབ།།
འགྲོ་ལུགས་གཉན་པོའི་ཚིག་ནི་སུ་ཞིག་འཁུར།།
རྟ་ཐོག་ཐོ་རུས་བརྗེས་པའི་དཔེ་ལྟར་དུ།།
བདག་འདྲ་བསམ་ཤེས་ཡིན་ཞེས་གྲལ་ཕྱེ་མོད།།
འཇུ་ཡིས་བཤད་ལྟར་ཤར་བསྙེགས་ལྷོ་ལ་རིང་།།
ལྷོར་གཏད་ཤར་རིང་གཅིག་ཏུ་ཟིན་པ་མེད།།
ཆང་ཡང་འཐུང་ཆོག་འདྲ་ལ་མི་ཆོག་འདྲ།།
བྱི་ཕོའི་ལས་ཀྱང་བཟང་ངན་གཉིས་སུ་ཆད།།
ཚོང་རིགས་སྒྱུ་མའི་གྱ་གྱུ་སྨད་ཚོད་མེད།།
ལེགས་བཤད་གླ་ལྤགས་གར་འཐེན་འབེལ་བའི་ང་།།
ཕ་མེས་རྡོ་རྗེའི་ཚིག་གི་ཤུལ་མཐར་སྡོད།།
གྱི་ནར་ལུས་པའི་མཆི་མ་དེང་ཡང་འབྱིན།།


༈ ནག་མོ་ཁོལ། 

ཆུང་ནས་འདྲིས་དག་བརྗེད་དཀའ།།
དེའི་ངོ་འདིའི་ངོ་མི་ཆོད།།
འགལ་དང་མི་འགལ་མནོ་དཀའ།།
ལམ་མཐུན་གྲས་ཀྱང་བསྐྱུར་དཀའ།།
གཅིག་ལས་གཅིག་གི་དགའ་བ།།
ཚེ་ཕྱེད་དབར་དུ་ཚུད་པ།།
ས་མཐར་སྤྱུགས་ལས་ཐུ་བ།།
ང་ནི་ནག་མོའི་ཁོལ་རེད།།

འབྲུག་མོ་རྩོད་རྡོར་གྱུར་ནས།།
མི་ཤི་རྟ་འགྱེལ་བྱུང་བ།།
དེས་ཀྱང་མི་ཚད་མང་སྟེ།།
མེ་བཟས་མུན་ཆུ་བླུད་པ།།
ཨ་སྟག་ཀླུ་མོའི་ཆེད་དུ།།
དམྱལ་ཡུལ་གསོན་པོར་ཉུལ་བ།།
སྤྲིན་བཞིན་ཁ་ཕྱོགས་མེད་དྲགས།།
ཁོང་ཡང་ནག་མོའི་ཁོལ་རེད།།

རྒྱ་བཟའ་བལ་བཟའ་འཁོན་ནས།།
བསམ་པ་གནག་རེས་བྱས་དུས།།
སྲོང་བཙན་ཐུགས་རབ་མུག་ཨང་།།
འདུམ་དཀའ་མཐུན་དཀས་འཛིངས་ཨང་།། 
སི་ཏཱ་གཟུགས་ཀྱི་ཉི་མ།།
ཡིད་འཕྲོག་སྣང་ས་སོགས་ཀྱི།།
མཐུ་ལས་མི་རྗེ་དུ་ངུས།།
དེས་ན་ནག་མོའི་ཁོལ་ལོ།།
        ༢༠༢༠ ༡༡ ༢༧ 

༈ ཐང་སིན་གྱི་སྙན་ངག་གསར་བ། 
                                                                                                          __ སོ་སོའི་བྱིས་དུས་ཀྱི་གཏམ་རྒྱུད་ཅིག་ལའང་སྦྱར་བ།

དམར་སེར་ལི་ཁྲིའི་དུམ་བུ་ཆད་པ་ང་།།
ཅི་བས་གུས་ཆུང་རང་སྐྱེས་སྙེ་མ་སྟེ།།
རླུང་གི་འགྲོས་དང་བསྡེབས་ནས་ནུབ་ཏུ་ཆས།།
ཟླ་འོད་གསལ་བའི་ཀློང་དུ་རྟ་དཀར་ཞོན།།
ལང་ཚོས་ཡོབ་གནོན་ཡོབ་སྒྲ་ལྷང་ལྷང་མཆེད།།
གཟུགས་ལ་ཡོན་ཏན་ཡོད་པ་མ་ལགས་ཏེ།།
སྡུག་ལ་ཟད་མཐའ་མེད་པ་ཨེ་ཡིན་སྙམ།།
པད་མའི་མཚེའུ་འགྲམ་ཞིག་ཏུ་ངུས་ཀྱང་ངུས།།
དགེའོ་དགེའོ་ཞེས་སུ་ནགས་ཀྱང་བརྒལ།།
རྫུ་འཕྲུལ་མེད་པས་འཕུར་ནི་ག་ལ་ཐུབ།།
གུར་ཀུམ་ཆུ་ལ་འཕངས་ཤིང་ཆུ་མདོག་བསྒྱུར།།
ཆུ་དེའི་རྒྱུན་དང་བསྡོངས་ནས་རང་ཡུལ་དྲན།།
སྨུག་རྒྱུའི་ནང་དུ་ཚུར་ལ་ཅི་ཞིག་ཡོང་།།
ཉེ་འགྲམ་བརྒྱུད་ནས་ཕར་ལ་སུ་ཞིག་སོང་།།
འཁར་གསིལ་ས་ལ་བཙུགས་ཤིང་སྐྱབས་འཇུག་ཞུས།།
ལས་ཀྱི་དབང་གིས་རང་ཤ་དགྲ་རུ་ལངས།།
གསོལ་བ་འདེབས་ཀྱིན་འདེབས་ཀྱིན་སོང་བ་ལགས།།
དགེ་ཚུལ་མངོན་ཆུང་ཐང་སིན་ཆུང་བ་ངས།།
བྲག་རོང་གནམ་ལ་ཟུག་པའི་འོབས་ཀྱང་བསྐོར།།
བུད་མེད་རྒྱལ་ཁབ་རྒྱལ་མོར་སེམས་ཀྱང་ཤོར།།
དུད་ཞགས་གཡུ་སྔོན་འཁྲིགས་པའི་གྲོང་ཁྱིམ་དུ།།
འབྲས་དཀར་བསོད་སྙོམས་བླངས་དུས་ངོ་ཡང་ཚ།།
གཡེར་བག་ཉམས་བརྒྱས་གཟིར་དུས་ཡིད་ཀྱང་འཚབ།།
བདུད་ཀྱིས་གནོད་ཀྱང་བདུད་ལ་སྡང་མྱོང་མེད།།
བྲོས་བྱོལ་ཀློང་དུ་ལམ་གྱི་བདེན་པ་བཙལ།།
ང་རོ་དྲག་པོ་རྣ་བའི་བདུད་རྩིར་བསྒྱུར།།
བུད་མེད་རྣམས་ཀྱང་དགྲ་རུ་བཟུང་མྱོང་མེད།།
བྱང་ཆུབ་མེ་ཏོག་རེ་རེ་རྗེས་སུ་བསྐྱུར།།
བཟང་འབྲེལ་ངན་འབྲེལ་བྱུང་ཚད་ཨེ་མ་དགའ།།
སྐྱོན་འཛུགས་ཡང་ཡང་བྱས་སའི་ཝུའུ་ཁུང་བདེན།།
མངོན་ཤེས་མེད་པས་དེ་བྱུང་འགྱོད་པར་ཟད།། 
རྫུན་ལ་བྱང་ཡང་བསམ་པ་ཅུང་གཙང་བའི།།
པཱ་ཅུས་སོགས་ཀྱང་སྙིང་ནས་གུ་ཡངས་གཏོང་།།
སྤྲིན་བཞོན་ལྡིང་སྐོར་གཅིག་གིས་འཐུས་པའི་ལས།།
ང་ཚོས་གོམ་ཆུང་བརྩེགས་མས་དལ་གྱིས་བསྲུབས།།
ད་དུང་ལོ་ཟླའི་འཁོར་ལོས་ལྷོད་ཀྱིས་བྱས།།
ཕྱམ་གཅིག་སངས་རྒྱས་འགྲུབ་ཀྱང་མ་འགྲུབ་ཀྱང་།།
སྐྱིད་སྡུག་ཡང་ཡང་བརྒྱུད་པའི་འཚོ་བ་ལགས།།
                     ༢༠༢༠ ༩ ༡༧ 

༈ རྩོམ་ལུས་སོགས་ནས་ཅུང་ཟད་མོལ་བ་ལོ་ཚོད་ཀྱི་ཁ་བརྡ་ཞེས་བྱ་བ། 

དབྱངས་ཀྱི་མགྲིན་པ་མཛེས་པའི་སྙན་ངག་པ།།
སྤྱིར་ན་རང་རང་སོ་སོའི་སྐད་ཀྱིས་འཚེངས།།
ཁུངས་དང་སྲོལ་གྱི་ཆས་ཀྱང་བསྐྱོར་བ་ཡོད།།
གཙོ་བོར་གང་དར་མི་དར་སོགས་ལ་བྱེད།།
ང་ཚོས་གླུ་ཞེས་གཟེངས་མཐོར་ལེན་པ་འདིར།།
ཡོངས་སུ་མཚུངས་པ་ཞིག་ནི་གུད་ན་མེད།།
མེད་ཀྱང་མི་སྐྱོན་རིག་པའི་ཤུལ་བཞག་ཀུན།།
གོ་བབ་མཚུངས་ཕྱིར་མཆོག་དམན་འབྱེད་དུའང་མེད།།
གང་གིས་ལེན་དང་གང་ལ་ལེན་པ་གཉིས།།
དགའ་བའི་དགའ་སྟོན་ཡོང་བ་ཙམ་གྱིས་འཐུས།།
རྩམ་པའི་གཏོར་མ་མར་གྱི་གཤོག་པ་ཅན།།
གཞན་ལ་ཅི་ཆ་རང་གི་ཚོད་དུ་མཛེས།།
ཏིས་སི་ཁཱའོ་ཞེས་ལྡིང་ལྡིང་འཁོར་འཁོར་དེ།།
དམན་ཞེས་སྨྲ་བ་མིན་མོད་ལོབས་རང་དཀའ།།
འདི་ལས་རྣམ་ཐར་ལམ་ཡིག་འབྲས་དཀར་སོགས།།
གཞན་ལ་ཡོད་མེད་སོགས་ནི་དོན་ཆུང་འདྲ།།
རང་ལ་སྙན་པས་སྙན་གོ་མི་ཆོད་ཅིང་།།
གཞན་ལ་སྙན་ཚེ་རང་ལ་མི་སྙན་རུང་།།
སྙན་གོ་ཆོད་དགོས་བཙན་གཏམ་བྱེད་པའི་གྲས།།
བསམ་པ་ནང་དུ་སྐོར་དང་འདི་ལྟར་ཡིན།།
རང་གི་རྣ་བ་གཉིས་ནི་རྣ་མིན་ནམ།།
རང་གི་མིན་ཞེས་བསྒྲགས་དང་ཁྱད་པར་མེད།།
དགེ་ཆོས་རྒྱལ་ཁམས་བསྐོར་བའི་མིང་བླངས་ཀྱང་།།
སོ་སོས་ཁ་གསལ་བརྩམས་ཤིང་ཚིག་རྒྱན་དང་།།
བརྡ་རྙིང་མངོན་བརྗོད་ཕལ་ཆེར་སྤངས་ནས་ནི།།
ལེགས་ལྡན་ནག་པོ་བྱ་ལེན་མ་ཙམ་བསྒྱུར།།
རྩོམ་གཞན་དོ་གལ་ཅན་དུ་མ་བརྩིས་འདྲ།།
གདམ་ག་འདིས་ཀྱང་བློ་སྐྱེད་མི་སྟེར་མིན།།
བཀྲས་གླིང་དབང་རྡོར་དབྱིན་ཡིག་བཅས་པར་ཆུབ།།
ཤིག་སེ་ཕེར་གྱི་ཟློས་གར་གཉིས་བསྒྱུར་མོད།།
རང་གིས་རྩོམ་དུས་བཀྲས་ཟུར་གཏམ་རྒྱུད་ཅེས།།
གཏམ་རྒྱུད་ཙམ་གྱི་ལམ་ནས་འདུམ་བདེར་བཤད།།
འདི་ཡང་རྩོམ་སྒྱུར་བྱེད་ལ་མིག་སྒྲོན་ཡིན།།
ནམ་མཁའི་ནོར་བུ་ཕྱི་གླིང་ཡུལ་དུ་བསྡད།།
གཞན་སྡེའི་དཔེ་སྲོལ་རྣམ་གྲངས་མཐའ་ཡས་ཤེས།།
ཐ་དད་སྒྱུ་རྩལ་གང་མིན་ཚད་ཅིག་མཐོང་།།
འོན་ཀྱང་ཚུར་ལ་ཅིའི་ཕྱིར་མ་བསྒྱུར་ཏམ།།
རྩོམ་ཡང་བྱ་དཔེ་བྱེའུ་སྐོར་ཞང་གཟི་སྨན།།
སྒྲུང་ལྡེའུ་བོན་འབའ་ཞིག་གིས་མི་ཚེ་རྫོགས།།
མཁར་རྨེའུ་སོགས་ཀྱང་ཉིན་མཚན་ས་ཆུ་བརྗེས།།
གོམས་སྲོལ་མི་གཅིག་ཡུལ་གྲོང་དེ་ཙམ་བསྐོར།།
འོན་ཀྱང་རྩོམ་པའི་བརྗོད་བྱ་དགོས་དོན་ཚུན།།
རང་གིས་དེ་ལས་མ་འདའ་གསར་ངས་སྤངས།།
འདི་ཡང་ཅིའི་ཕྱིར་ཞེས་སུ་འདྲི་རྟགས་འབེལ།།
ཨ་མས་བསླབས་པའི་ངག་གི་ས་བོན་ནམ།།
ལུང་པ་རང་གི་སྐད་ནི་གལ་ཆེ་རབས།།
དགེ་ཆོས་བརྣན་ལ་བདེ་སྨོན་ཉི་ནུབ་མ།།
སྙན་པའི་ཚད་བྱེད་བླ་བྲང་ལ་བསྐུར་བར།།
ཁ་སྐད“ག་ཡང”ཞེས་སོགས་བཅུག་པ་མཐོང་།།
དེང་གི་གློག་བརྙན་སོགས་ཀྱང་འདྲ་མ་སྟེ།།
འབྲོག་པའི་ལུག་བཤའ་རོང་བའི་མདའ་འཕེན་སོགས།། 
མཚོན་ལས་ཆ་རྒྱུས་མེད་ཅིག་ག་ལ་སྟོན།།
བསྟན་རུང་མིག་གི་ལོངས་སྤྱོད་འཕེར་ཚོད་མེད།།
ལུག་བསད་འགྱོད་དྲགས་བདུན་གཏོད་དཀོན་ན་ཡང་།།
མི་རིགས་མང་པོའི་དབང་བྱས་ཚོད་བགམ་ན།།
བོད་མིར་སྲིད་ཙམ་གཞན་ལ་མི་སྲིད་པའི།།
ཚད་ཅིག་ཡོང་ལས་ཆེ་བས་སྒྱུ་རྩལ་ལ།།
དེ་ལྟར་འུད་ཀྱིས་བྱས་ཀྱང་ཆེར་མི་འགལ།།
འོན་ཀྱང་མཚོན་བྱེད་དམ་དྲགས་མང་ཚོགས་ཀྱི།།
རྣ་བའི་དཔྱིད་དུ་འགྱུར་མིན་བསྡུར་ན་ནི།།
གློག་བརྙན་ཚད་ལྡན་ལས་ནི་མུ་འབྲེལ་གྱི།།
ཁ་སང་གཏམ་རྒྱུད་བྲིན་ལ་དེ་བས་ཀྱང་།།
གོ་བདེ་འཛིན་སླའི་རིགས་ལ་ལྟ་རུབ་བྱེད།།
ཚེགས་བཏོད་དངུལ་བཏང་གློག་བརྙན་སོགས་ཀྱི་གམ།།
བདག་རྩོམ་ཇ་ཆུར་ཧུབ་རྒྱག་མང་བ་འདིར།།
ཅུང་ཟད་སྤོབས་པ་སྐྱེས་ཤིང་དགོད་ཀྱང་བྲོ།།
བརྡ་ཡི་མ་བུ་ཁ་འཐོར་ཁ་གཏུག་པའི།།
འོ་མ་བསྣུན་པའི་ལས་འདིར་སྔོན་ལས་སམ།།
བྱིས་པའི་བག་ཆགས་དར་མའི་ཁ་སྟབས་སམ།།
རྒྱུ་རྐྱེན་རྟེན་འབྲེལ་དམར་བ་མེད་དམ་སྙམ།།
འདི་སྐད་བྲིས་པ་ཚུར་བསྒྱུར་དཔྱས་འདོགས་མིན།།
གཞན་སྡེའི་རྩོམ་སྟངས་ཁྱད་གསོད་ཅི་ལ་ཡིན།།
ངང་གིས་གྲུབ་པ་སྐད་གོམས་བསམ་པ་དང་།།
དེ་ལ་བོགས་འདོན་འཆར་སྣང་ཐབས་སྒོ་བཅས།།
ད་བར་བསྟེན་པའི་རང་མྱོང་གདེང་ཆུང་ལགས།།


༈ ལས་ཤོར་བ།           
                                                                                       ___ མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་རྗེས་དྲན། 

ཕྱི་ན་ཤ་ཁྲག་གཉེར་མའི་འཕྲོ་ཙམ་ལུས།།
དེ་ཡང་རིངས་པ་རིངས་པར་ཡལ་སྙམ་བྱེད།།
ནང་ན་སླར་ཡང་མི་སྐྱེའི་དྲོད་ཅིག་བརྟས།།
དྲོད་དེ་བསྡུས་པར་མི་ཚོས“གཤེགས”ཞེས་ཟེར།།
ཁྱེད་ལ་སྐྱེ་འཆིའི་བརྡ་དེ་ཨེ་འབྱོར་རམ།།
སྐྱེ་བའི་དོན་ནི་ལས་དང་བྱ་བས་འཇོག །
ཁྱེད་ལ་བྱ་བ་མེད་ཙང་བྱ་བྲལ་ཟེར།།
འཁོར་བའི་ལས་ཤོར་བ་ཁྱེད་བསྔགས་མི་ཤེས།།
སྨད་ཀྱང་མི་འཕོག་མི་གནོད“ཤིང་བཞིན”ཏེ།།
སྤྱོད་འཇུག་ཆེན་མོར་གསུངས་པ་ནང་བཞིན་ནོ།།
དབུལ་ན་དབུལ་པོའི་སྡུག་བསྔལ་ཡོད་པ་ནི།།
ཕལ་ཆེར་སྐྱེ་བོ་ཀུན་གྱི་གཤིས་སུ་ཟད།།
ཁྱེད་ནི་དབུལ་ཡང་དབུལ་སྡུག་མེད་ཅེས་ཐོས།།
ཁྱད་པར་དེ་ཙམ་ཁྱད་ཆོས་དེ་ཙམ་ལགས།།
ན་དང་རྒ་བའི་སྡུག་ཀྱང་ང་ཚོར་ལྕི།།
ཁྱེད་ལ་ཡང་ཚོད་ཙམ་ཞིག་བདག་བློར་འཆར།།
དེ་ལྟ་ན་ཡང་བསྟོད་མི་ཤེས་པ་སྟེ།།
ཚད་དེར་མ་ཐོན་བདག་སོགས་གྱི་ནར་ལུས།།
ཚད་དེར་ཐོན་པའི་མྱོང་བ་ཅི་ལ་རྟོགས།།
དབུལ་སྡུག་ནོར་གྱིས་སེལ་ལས་ཐབས་གཞན་མེད།།
ནོར་གྱིས་སེལ་གྱིན་སེལ་གྱིན་ཇེ་ཐུར་འགྲོ།།
ན་དང་རྒ་བ་སོགས་ཀྱང་དེ་བཞིན་ནོ།།
ཁྱེད་ཀྱི་རྗེས་སུ་ཆོད་པ་ནམ་ཚོད་རེད།།
གནམ་གྲུར་བསྡད་ཀྱང་ཐག་ཉེར་སླེབས་ཚོད་མེད།།
འཇིག་རྟེན་འདི་ནི་བྲེ་གསོག་ཕུལ་གསོག་གིས།།
ཡང་ན་ཉིན་འབད་མཚན་འབད་མི་བཟད་པས།།
གཞན་དུ་སྙན་མིན་གཏམ་གྱི་ཐག་སྣེར་འཇུ།།
དེ་འདྲའི་བྲེལ་ཆེའི་ཛ་དྲག་བརྡོལ་ན་ཡང་།།
ཁྱེད་ནི་དགའ་ཁྲས་ཁྲས་ཀྱིས་ཐང་ལ་བསྣར།།
རྣམ་རྟོག་ཟ་བའི་ཚོད་ཀྱི་སྤྲང་ལུས་འཁྱེར།། 
སྐྱུག་བྲོའི་ཁ་ལག་ཙམ་ཞིག་ཟ་ཁུལ་བྱེད།།
ནམ་སྟོད་ནམ་སྨད་མི་ངེས་དུས་ཀྱང་གཏོར།། 
ལྷས་མཐའ་ཆུ་ཁར་རེས་མངོན་རེས་མི་མངོན།།
དེ་འདྲའི་གྲིབ་མ་སྤྱིར་ན་གསུམ་དུ་ཟད།།
རླུང་ཁྲོད་གྲོགས་མེད་འདེགས་པའི་རྟ་མགོ་དང་།།
ཡུལ་མེད་ས་སྟོང་བསྐོར་བའི་ཁྱི་ལྡོམ་དང་།།
མི་ལྤགས་ཕུད་ཟིན་མཁན་པོ་ཆོས་དབྱིངས་སོ།།
                    ༢༠༢༠ ༩ ༡༩ 
                          ཞེས་པ་འདི་ཡང་། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་སོགས་ཀྱིས་ཡང་ཡང་བསྐུལ་ངོར། སེང་རྡོར་དུ་འབོད་པ་དེས་ཤར་མར་འཁྱུགས་སོ།། 

༈ ནམ་ཞིག་ཅིས་ཀྱང་འཆི་ངེས་པའི་རང་ཉིད་ལ་སྤྲིངས་པ།

བདེ་གཤེགས་ཟླ་བའི་ཕྱེད་ཅིག་མཇལ་བའི་དུས།།
འཁོར་ལོའི་ཚོགས་ཀྱི་སོ་ཁར་ལྡོག་འོད་འབར།།
དེ་ལས་བདག་མེད་ཤ་བའི་ཁྱུ་ཡང་འཆར།།
སྐད་ཅིག་དེ་རུ་འགྱུར་ལ་འདིར་ཡང་འཕོ།།
སོ་མེད་རུས་པ་འབུད་འདྲའི་སྒྲས་ཀྱང་འབོད།།
སྟ་གོན་ཆར་བས་མགོ་ཆུ་སྤྲོད་དུ་ཟད།།
སེང་ལྡེང་རྔ་ཆུང་རང་གིས་རང་ལ་བརྡུང་།།
ཉི་ཟེར་དྲག་པོ་ཆུ་ཀླུང་དྲག་པོ་ཡིས།།
རབ་ཏུ་སྤྲས་པའི་རྣམ་ཤེས་མདའ་ལྟར་རོ།།
བྲག་འོབས་བསྐོར་བའི་གྲུ་ཆུང་རྒྱང་དུ་བཞུད།།
བདེན་མེད་ཐག་པའི་རི་མོ་ངས་ཀྱང་བྲི།།
བྲག་ཅ་གློག་གི་མེ་ཏོག་ཕང་ཕུང་བསྙིལ།།
དེ་ཡང་རི་རྒྱལ་ལྷུན་པོའི་གོང་དུ་བརྟོལ།།
ནགས་མགོའི་བད་སྐྱར་བསམ་བཞིན་དཔེ་འགའ་དྲན།།
ཆར་སྤྲིན་འཁོལ་འཁོལ་སེམས་ཀྱང་འཁོལ་བ་སྟེ།།
སྙིང་གི་བུམ་ཆུང་འཛིན་གྲས་བདག་ཀྱང་ངོ་།།
སྐྲ་འོག་སྨིན་མ་རྔུལ་ནས་ཆུ་ཡང་འཐོན།། 
ཤ་ལྤགས་ལུས་རྒྱ་འཇིག་གམ་གཞིག་ངེས་ལགས།།
རྐང་འོག་ས་ཡང་ཡེ་ནས་ནོན་པ་མེད།།
སྙན་ངག་པ་ནི་རྩམ་སྐྱའི་བཀོད་པ་སྟེ།།
ནམ་མཁའི་སྙིང་པོ་འཕག་པ་མི་སྲིད་ཙམ།།
དེ་ལ་བྲིས་ཤིང་བསུབས་པ་བརྒྱ་ཕྲག་ཙམ།།
དེ་ཡིས་བརྣངས་ཤིང་བརྒྱལ་བའང་འབུམ་ཕྲག་ཙམ།།
ལུས་མེད་གཟུགས་ཀྱི་ཡང་ཟོར་དེ་འདྲ་ཡིན།།
ཁྱིམ་ལས་ཐོན་པ་དང་པོ་རབ་བྱུང་དང་།། 
ཁྱིམ་ལས་ཐོན་པ་གཉིས་པ་འཆི་བར་ཤེས།། 
ཕ་ཡུལ་རི་ཆུའི་དབྱིབས་ལ་ཡང་བསྐྱར་ཞེན།།
ངོགས་དེ་བློས་མི་ཐོངས་པ་བརྗོད་ལས་འདས།། 
སྙིང་གི་རུས་པ་ཆག་འདྲའི་ཚོད་དུ་ལུས།།
ངང་པ་མཚོ་ལ་ཆགས་འདྲའི་ཁུངས་མེད་ཨང་།། 
སྒྲོ་སྤུ་རླུང་ཁར་བསྐྱོད་ཅིང་རླུང་ཡང་བསྐྱོད།།
རྒྱུས་ཡོད་ལམ་དང་ཆ་ཡོད་ལ་དག་གསལ།། 
རྐང་རྗེས་གྲངས་མེད་དཔར་ས་རེད་སྙམ་སྐྱོ།། 
གང་སར་ན་བུན་མཐོང་བས་ཡིད་ཅིག་ཆད།།
རང་ཡང་དུས་ཐུང་མགྲོན་པོར་ཁོ་ཐག་ཆོད།། 
                     ༢༠༢༠ ༡༡ ༡༥ 

༈ བུད་མེད་དུས་ཆེན་ལ་ཕུལ་བ། 

ཕོ་ནི་མེ་དཔུང་མོ་ནི་ཆུ་གཏེར་ཏེ།།
སྔ་མས་དྲོད་སྟེར་ཕྱི་མས་སྐོམ་གསོད་ཙང་།།
གཅིག་ཚབ་གཅིག་གིས་མི་ཡོང་མཆོག་དམན་མེད།།
རང་རང་ལས་དང་སོ་སོའི་གཤིས་ཀྱིས་འཚེང་།།
གྲལ་གྱི་གོང་འོག་རྩོད་པ་དགོད་བྲོར་ཟད།།
ནུས་ན་མཛངས་མའི་ཡོན་ཏན་བརྒྱད་དུ་བསྙེག །
དགེ་ཆོས་ཀྱིས་བསྒྲིགས་ཡོན་ཏན་དྲུག་ཀྱང་བསླབ།།
                   —— ཐོག་མར་བསྡུས་ཏེ་བརྗོད་པ། 
              ༡
གནའ་མིའི་མཆེད་ཁུངས་གང་ཡིན་ཟེར་ཁག་མོད།།
ད་ལྟའི་མིའི་རིགས་ཡོངས་རྫོགས་བུད་མེད་ལས།།
དངོས་སུ་བྱུང་བ་འདི་ལས་བདེན་པ་མེད།།
མཐོང་བ་མངོན་གྱུར་ལས་ལ་སུ་ཞིག་བསྙོན།།
སྐྱེས་པས་འཇིག་རྟེན་བསྐྲུན་པའི་དབང་བྱས་ན།།
བུད་མེད་ཀྱིས་ནི་སྐྱེས་པ་བསྐྲུན་པ་ལགས།།
གཞན་ཡང་ཞི་དུལ་མཉེས་བྱམས་བཞིའི་བདག་མོ།།
སྒེག་མཛེས་མཛངས་འཕྲུལ་སྲོག་སྟེར་ལྔའི་བདག་མོ།།
འཁོར་སྒྱུར་མངལ་དུ་འཛིན་ནུས་ཁོ་ནས་ཀྱང་།།
སྐྱེས་པའི་ལུས་སེམས་གསོ་ཐུབ་རྐྱང་བས་ཀྱང་།།
སྙིང་ནས་བཀུར་ཞིང་བརྩི་དགོས་འོས་སུ་འཐད།།
འོན་ཀྱང་ཕོ་མོའི་ཡོན་ཏན་སོ་སོ་སྟེ།།
མོ་ལ་ཕོ་ཡིས་གཞལ་བ་གནས་མ་ཡིན།།
དེ་ལྟར་ཅིག་ཤོས་ཀྱང་ནི་གནས་མ་ཡིན།།
བུད་མེད་དམག་དཔོན་བུད་མེད་རྩོམ་པ་པོ།།
བུད་མེད་མཁས་དབང་ལ་སོགས་མེད་མིན་ཀྱང་།།
སྐྱེེས་པར་བསྡུར་ན་ཤིན་ཏུ་ཉུང་དྲགས་པ།།
བཅུ་ཡི་ཁྲོད་དུ་གཅིག་ཙམ་ཡོད་མེད་ཚོད།།
བརྒྱ་ཆར་བགོས་ན་འཛམ་གླིང་སྲིད་སྟེགས་ཀྱི།།
དང་པོའི་གོ་ས་འཛིན་མཁན་མང་ཤོས་ཕོ།།
ཁྲོམ་ཕི་ཕུའུ་ཅིན་ལ་སོགས་སུས་མི་ཤེས།།
རྒྱལ་ཁབ་ཅིག་གི་ཆེས་མཐོའི་ལྔ་བརྩིས་ཀྱང་།།
བུད་མེད་གཅིག་ལས་བརྒལ་བ་ཨེ་ཡོད་སྙམ།།
རྒྱལ་པཎ་སྐུ་ཕྲེང་ན་རིམ་ལོ་སྟོང་སོང་།།
དེའི་ནང་བུད་མེད་གཅིག་ཀྱང་ཡོད་མ་ཡིན།།
དགའ་ལྡན་ཁྲི་རབས་ས་སྐྱའི་གདུང་རབས་དང་།།
གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔའི་ཁྲོད།།
བུད་མེད་ག་ཚོད་ཡོད་པ་རྩོད་དགོས་སམ།།
ནོ་པེལ་བྱ་དགའ་ཐོབ་མིར་གྲངས་གཤེར་བྱོས།།
བོད་ཀྱི་མཁས་དབང་རིམ་བྱོན་མིང་མཛོད་གློངས།།
དེ་ནས་གོ་རྒྱུ་ཞིག་ནི་གོ་འགྱུར་མོད།།
འོན་ཀྱང་བུད་མེད་རིན་ཐང་གུད་དུ་ཡོད།།
ངེས་པར་སྐྱེས་པའི་ལས་ཀྱིས་རྒྱལ་དགོས་མེད།།
           ༢
དགེ་ཆོས་ལྟར་ན་རྟེན་འབྱུང་རྒྱལ་མོས་ཏེ།།
གཞན་དུ་ཚངས་པས་ཡང་ན་བྱེད་པོས་ནི།།
ཕོ་དང་མོ་ཡི་འཇོན་ཕྱོགས་གཏན་ཕབ་ཡོད།།
བུད་མེད་རྣམས་ཀྱིས་གཤིན་དྭངས་གཡེར་གསུམ་ཕེར།།
སྐྱེས་པར་དབང་དྲག་གཏུམ་ལས་རང་ཆས་སོ།།
སྔ་མས་ཕྱི་མར་འབད་ན་རང་མདངས་མཆོར།།
སྐད་སྦོམ་ཁ་སྣ་རགས་པའི་བུད་མེད་སྨད།།
ཕྱི་མས་སྔ་མར་བརྩོན་ནའང་དེ་བཞིན་ཏེ།།
རྐང་ཆུང་ཁ་དམར་སྐྱེས་པར་ཀུན་ཡིད་ཆད།།
ཕོ་ལ་སྐྱོན་མང་དེ་བཞིན་མོ་ལའང་མང་།།
དེས་ནི་ཕོ་མོའི་མཆོག་དམན་སྟོན་དུ་མེད།།
ཆོས་ལུགས་ཆེན་པོའི་སྟོན་པ་རྣམ་གསུམ་ཕོ།།
གེ་སར་ཇིང་གིར་ཚའོ་ཚའོ་མའོ་ཡང་ཕོ།།
གནའ་བོའི་མུ་སྟེགས་སྟོན་པ་དྲུག་ཀྱང་ཕོ།།
ཆུ་ངོགས་དཔའ་བོ་བརྒྱ་རྩའི་ཕལ་ཆེར་ཕོ།།
རྒྱན་དྲུག་མཆོག་གཉིས་ཀྱང་ནི་ཕོ་ཡིན་མོད།།
དེ་ནི་ཕོ་ཡིས་ཕོ་གོ་ཆོད་རབས་ལས།།
བུད་མེད་ནུས་མེད་ཡིན་པའི་དཔང་རྟགས་མིན།།
བུད་མེད་ཀྱིས་ནི་སྟོན་པའི་ཡུམ་ཡང་བྱས།།
རྩོད་འདུམ་རྩོད་སློང་སེམས་གསོ་སུམ་སྦྲགས་ཀྱིས།། 
ཕོ་ཡིས་སླེབས་སར་མོས་ཀྱང་སླེབས་པར་བྱས།།
དགྲ་ཐབས་མེ་དཔུང་ཁྲོད་ཀྱི་ཆུ་བསིལ་ཏེ།།
དྲེགས་ལྡན་ལུས་སྲོག་གཏོང་སའི་དྭངས་སྨན་ཉིད།།
གཡུལ་གྱི་དོ་རའི་བདེ་བའི་ཙུ་ཏ་མ།།
བུད་མེད་རང་ཉིད་རང་གི་གཤིས་ཀྱིས་དང་།།
རང་གི་ནུས་པས་ཆེས་ཆེར་འཕགས་ཡོད་དོ།།
མདོར་ན་སྐྱེས་པར་སྲོག་འཛིན་བུ་སྣོད་མེད།།
ངང་གིས་གྲུབ་པ་ལྟོགས་གསོའི་འོ་བུམ་མེད།།
ཕྲ་རྒྱས་བཞིན་ལག་ཀྱང་ནི་མེད་པས་ན།།
མོ་ཡིས་འཇོན་ཚད་ཕོ་ཡིས་འཇོན་ལེ་མེད།།
དེ་བཞིན་མོས་ཀྱང་ཕོ་ལས་མི་ཡོང་ལ།།
ཡོང་ཡང་མི་དགོས་སྲིད་པའི་བསྐོས་བཞག་ལྟར།།
ཕོ་མོའི་ཞི་དྲག་སོ་སོའི་ཐད་དུ་རྣོ།།
དེ་ལྟར་བྱས་པས་ཐོབ་ཐང་ལ་མི་གནོད།།
ཕོ་བདེ་མོ་བདེ་འཁོར་པའི་རང་བཞིན་རྫོགས།།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།