བོད་ཀྱི་གྲྭ་གཞོན་སྙན་ངག་པའི་སྙན་ངག་བདམས་བཀོད། (ཁག་གསུམ་པ)
རྨོག་རུ་སངས་རྒྱས་རྒྱ་མཚོ། མདོ་སྨད་དྷཱི་ཚ་དགོན་གྱི་གྲྭ་པ།
༄༅།། རིག་འཛིན་མཆོད་པའི་མེ་ཏོག
རྒྱལ་ཀུན་མཚུངས་མེད་ལེགས་གསུང་བདུད་རྩིའི་སྤྲོས་བྲལ་དག་པ་གཉིས་ལྡན་གྱི།།
རྨད་བྱུང་མཛད་བཟང་སྣང་བའི་གསལ་ཆ་མི་ཟད་གདུང་འཚོབ་དམ་པའི་མགོན།།
འབྱམས་ཀླས་སེང་ཁྲི་དགའ་ཚལ་ནོར་བུའི་རྣམ་པར་མཛེས་པའི་གཟུགས་སྐུའི་མཛོད།།
ལྷག་པར་གངས་ཁྲོད་ནམ་མཁའི་མཐའ་རུ་རྣམ་དཔྱོད་འོད་ཀྱིས་ཞབས་ཕྲེང་བསྟར།།
ཐུབ་བསྟན་དཔྱིད་ཀྱི་ལང་ཚོའི་གོས་གསར་ཆོས་དབྱིངས་ཀློང་ལས་མཁའ་ལ་རྩེན།།
གང་སྐུ་ཉི་མའི་གཟི་བྱིན་ལང་ཚོས་གར་སྒེག་སྟངས་སྟབས་མཐའ་བཞིར་སྤེལ།།
མཆོག་གྲུབ་འོ་མཚོའི་ཐུགས་ལས་གཏམས་པའི་རོ་བཅུད་བག་ལྡན་སྣང་བ་ཡིས།།
དང་བའི་ཕྱོགས་བཏུས་མཛའ་བོའི་གཉེན་རྣམ་རིན་ཆེན་ཁང་བཟང་གཅིག་ལ་འདྲེན།།
གངས་དཀར་མཛེས་སྡུག་ཡངས་པོའི་དཀྱིལ་འཁོར་ཟླ་ཤེལ་མུ་འཁྱུད་བསྟར་བའི་སྤོར།།
ཆུ་འཛིན་ལང་ལོང་དལ་བུར་གཡོ་ཞིང་རྔམ་བརྗིད་ལི་ཐང་མཛེས་ཤིང་བརྗིད།།
ནེའུ་གསེང་གཡུ་ཡི་མཎྜལ་ཕྱིས་འདྲའི་ཕྱེ་ལེབ་མགྲིན་སྒྲ་སྒྲོག་པའི་ཡུལ།།
གཞལ་མེད་ནོར་འཛིན་ཆུ་སྐྱེས་རྐང་འཐུང་སྦྲང་བུའི་ཚོགས་རྣམས་ཡོངས་སུ་མགུ།།
སུག་བཞིས་གཏུབ་པའི་མརྒད་མདངས་ཀྱི་དྲི་བཞོན་ཚོགས་རྣམ་མཁའ་ལ་རྩེན།།
དཔྱིད་དཔལ་གསར་བའི་ལང་ཚོའི་གཟི་དཔལ་ངོ་མཚར་ཉིད་དུ་འདི་རུ་འཕོས།།
བསོད་ནམས་ཞིང་མཆོག་ས་ཐོབ་སེམས་དཔའི་ཟག་མེད་ཕུང་བོ་བལྟམས་པའི་ཞིང་།།
གྲུབ་ཐོབ་དབང་གི་སྙན་ངག་སྲས་པོ་ཚངས་དབྱངས་རྒྱ་མཚོའི་ཡུལ་དུ་འཁྲོལ།།
སྨིན་ལེགས་འབྲུ་དྲུག་མགོ་ལྕོག་ལྡེམ་པའི་ཁོར་ཡུག་མུ་འཁྱུད་ཁྱོན་ཡངས་པོར།།
འདབ་བརྒྱའི་ཁོ་ལག་ཡོངས་སུ་རྫོགས་པའི་སྙན་ཚིག་མུ་ཏིག་དཀར་པོ་འཐོར།།
དགེ་བཅུའི་དཔལ་གྱི་ལང་ཚོ་འབར་བའི་བརྩེ་ཆེན་སྙིང་གི་སྡུག་གུ་མས།།
སྐྱེས་མཆོག་རབ་འབྱམས་མཆོད་པའི་ཕྲེང་བ་རིག་འཛིན་ཚངས་དབྱངས་རྒྱ་མཚོར་འབུལ།།
དབེན་པའི་དྲང་སྲོང་ཚངས་པའི་སྲས་པོའི་མགུར་དབྱངས་ཞབས་རྗེས་དྲོན་མོ་ལས།།
བརྩེ་ཞགས་བསླུ་བྲིད་སྒྱུ་མའི་འཛུམ་གྱི་འཕྱངས་ཐག་ཆད་པའི་ཟུག་རྔུ་ཐོས།།
ལྷག་བསམ་འོ་མའི་མཚོ་ཆེན་ལས་འཁྲུངས་སྐྱེ་རྒུ་འདྲེན་པའི་སེམས་བསྐྱེད་ཅན།།
འདི་སྣང་སྒྱུ་མའི་རོལ་གར་ཤེས་པའི་དབང་འབྱོར་རྒྱལ་སྲས་སེམས་དཔའ་ཆེ།།
སྲིད་གསུམ་འཛིན་མའི་ཁྱོན་ལས་རབ་འཕགས་གཞུང་ལུགས་གདེངས་ཅན་མང་པོ་གཙོས།།
འཁྲུལ་བྲལ་རིག་འཛིན་ཚངས་པའི་དབྱངས་སོགས་ཞབས་ཟུང་གེ་སེར་འདི་རུ་འཁྲིགས།།
འདྲེན་བྱེད་མིག་ལ་རྣམ་པར་འགྱུ་བའི་མཐོངས་སུ་ཆགས་པའི་སྒེག་མའི་གར།།
བསིལ་ལྗོངས་བརྩེ་བའི་འཕྲིན་པ་བསྣམས་པའི་ཁྲུང་ཁྲུང་འཕུར་བའི་ཡུལ་དུ་སྣང་།།
གྲུ་འཛིན་ནོར་བུ་གཞལ་མེད་ཁང་བའི་གཙུག་ལག་དེད་དཔོན་རྒྱལ་སྲས་ཁྱེད།།
ཤེས་བྱའི་རྒྱུ་སྐར་ཕྲེང་བའི་ལམ་ནས་གྲགས་པའི་བ་དན་ཕྱོགས་སུ་བསྒྲེངས།།
རྒུད་པའི་མུན་པ་ཐེག་པར་བཟོད་པའི་རྣམ་བསྒྱིངས་སྐྱེ་རྒུའི་མགོན་པོ་ལགས།།
དུས་མཐའི་སྙིག་མའི་རླུང་ཤུགས་འབྱིན་ཡང་སྒུལ་པར་མ་ནུས་ཨེ་མ་རྨད།།
མཐོ་རིས་གྲུ་འཛིན་ཕོངས་པ་ཀུན་བྲལ་དོན་ལྡན་གངས་རིིའི་གཟུགས་རིས་ལ།།
ལུགས་གཉིས་གཡོ་མེད་འཕྲིན་ལས་ཐུགས་རྗེའི་ཟླ་བའི་འཛུམ་ཀོང་རྣམ་པར་བཀྲ།།
ཏིང་འཛིན་ཀླུང་ལས་ཀུན་ཏུ་འཕྱུར་བའི་ཀུན་ཡིད་མྱོས་པའི་སྙན་ཚིག་ཕྲེང་།།
ཕྱོགས་ཀྱི་བུ་མོའི་རྣ་བར་བཀོད་པས་མགྲོན་ཁུགས་གདུལ་བྱ་བགྲང་ལས་འདས།།
སྡེ་དགེའི་རྣོ་ངར། གླིང་ཚང་རྫོང་མགོ་དགོན་གྱི་གྲྭ་པ།
མིག་མ་བཙུམ་པའི་གླེགས་བམ།
མངའ་ཐང་ལྕགས་ཀྱིས་རྡུང་བའི་ཉི་ཟླའི་མེ་ལོང་།།
སྤྱན་ཟུང་རྡོ་ལ་ཐོགས་ཏེ་གངས་ཁྲོད་འགྲིམ་ཉིན།།
ཆུ་མཐའི་འདམ་བུར་བསྙེས་པའི་རྡུལ་གྱི་ཚོགས་པ།།
སྟོང་པའི་དར་ཚོན་ངོས་སུ་ལུས་པ་ཨེ་གཟིགས།།
ཡང་ཐོག་རལ་གྲིས་འཆའ་བའི་སྤྲིན་པ་དམ་དུམ།།
རྫུན་རིས་ཚིག་ལ་བཏེགས་ནས་འཁྲིས་སུ་ལྡོང་དུས།།
ནང་ངོགས་བྱམས་བརྩེའི་གླིང་བུ་བུས་པ་དེ་ཡང་།།
མཐའ་མའི་བརྡ་རུ་བསྒྲོན་པ་སུས་ཡིས་རྟོགས་སམ།།
སྔོ་བསང་ཡོལ་བའི་རྒྱབ་ན་ཚོགས་དྲུག་གཏོར་ཏེ།།
གཡུང་དྲུང་ཐང་ལ་བརྡབས་པའི་གླེགས་བམ་སེར་པོ།།
ལྭ་འདབས་མཆི་མས་སྣུབ་བཞིན་གྲིབ་སོའི་བར་ནས།།
ད་ལྟ་ད་དུང་ཡང་ནི་ཚུར་ལ་ཕྱོགས་སམ།།
ཡིད་བརྙན་གས་ཧྲུལ་ནང་གི་སྒྲོན་མེའི་སྣང་བ།
ཕྱག་ཕྲེང་རླུང་གིས་འཚེ་བའི་སྐྱོ་གར་བསྣམས་ཏེ།།
བསིལ་བའི་ཟིལ་མདའ་དང་བཅས་ཡུལ་ནས་གྱར་ཚེ།།
གཞུང་གི་གྲོག་མོའི་ཆུ་ལ་རྒྱབ་ཐེབས་བཞག་སོང་།།
8/7/2021
གོ་ནག ཛམ་ཐང་གཙང་བ་དགོན་གྱི་གྲྭ་པ།
བྱེའུ་དེ།
གང་ཞིག་རྩུབ་པའི་གཟེབ་ཅིག་ན།།
མགོ་སྨད་ལུས་འདེགས་གུམ་ཀུམ་ངང་།།
གཞོགས་གཡས་སར་བསྙལ་མི་སྨྲ་བའི།།
བརྟུལ་ཞུགས་དག་ལ་ཞུགས་ཤིང་མཆིས།།
མེ་ནི་མེ་དང་ཆུ་ནི་ཆུར་འཁྲུགས་པས།།
ཡིད་དབྱུང་ཡིད་ལ་རིགས་ཀྱི་ནམ་མཁའ་ལྡིང་།།
བརྩེ་བའི་གཤོག་ཡངས་ནུས་པའི་འཕུར་རྩལ་ཅན།།
གང་ལ་ཆགས་ཐོགས་བྲལ་བ་དེ་དེ་འཁོད།།
གང་ཞིག་སྙིང་ལ་མུན་པ་བྱུགས་པ་བཞིན།།
གྱ་གྱུའི་ཆོ་འཕྲུལ་མངའ་བའི་འབྱུང་པོ་ཉིད།།
ཁྭ་དང་ཁྲ་སོགས་གདུག་པས་མྱོས་པ་རྣམས།།
འགོག་པའི་གོ་ཆ་བགོས་པའི་གླགས་བྱུང་ངམ།།
བརྩེ་བྲལ་དེ་དག་ལྕགས་ཀྱུས་མ་ཐུབ་པའི།།
གདུག་པའི་གླང་པོ་ཆེ་དང་མི་གཉིས་པས།།
གསེར་གྱི་འཁྲི་ཤིང་གཡོ་བའི་དགའ་བའི་ཚལ།།
འདམ་དུ་བརྫིས་པའི་ཚུལ་ལ་བལྟར་མི་བཟོད།།
རྐྱོང་དང་སྐུམ་པའི་དབང་ཡང་མ་དམིགས་ལ།།
ལྡབ་ལྡིབ་ཡི་གེ་འཁྲུལ་བའི་སྒྲ་ཙམ་ཡང་།།
ཕྱི་རུ་ཧུར་གྱིས་དབྱུང་བའི་སྐབས་ནི་དབེན།།
ཤེས་པ་བློང་བློང་ཡིད་ནི་ཕྱད་མ་ཕྱོད།།
གང་དང་གང་ལ་ཡུད་ཙམ་ཡང་།།
བཤོལ་བར་ནུས་པ་ཡོད་རེ་སྐན།།
ཕྱེ་མར་འཐག་པའི་ཁོར་ཡུག་ན།།
སེམས་ཉིད་ཁོང་དུ་ཆུད་པ་འཆང་།།
ངག་ལས་འཁྲོལ་བར་དཀའ་བ་རྣམས།།
ཡིད་ལ་འབྲི་དང་ནམ་མཁའ་མ།།
རབ་འཁྲུགས་ལྕེ་འབབ་འབྲུག་སྟོང་ལྡིར།།
གློག་གི་ཕྲེང་བ་འགྱུ་ལ་ལྟ།།
ཀློང་ཟབ་འཁོར་ལོ་འཁོར་བ་ཅན།།
ཆེ་བའི་ཆུ་གཏེར་རབ་གནག་པ།།
འཐོར་རླུང་དྲག་པོས་སྐྱོམ་པ་བས།།
རྣམ་པར་འགྱུར་བ་འདི་ནི་འཇིགས།།
ཇི་ག་འཇགས་པར་མི་འགྱུར་བའི།།
དུག་རླངས་སྤྲིན་བཞིན་གཏིབས་པའི་ཕུགས།།
མུ་རན་དང་བྲལ་རྒྱ་སྐར་གྱིས།།
དབེན་པའི་རླུབས་ན་ཉོན་རེ་མོངས།།
ཉི་འོད་སོགས་ཀྱིས་མི་ནུས་པའི།།
འཁྱག་རོམ་བརྩིགས་པའི་ཁྱམས་དེ་ན།།
ལུས་ནི་འདར་འདར་ཨ་ཆུ་དང་།།
སོ་སྒྲ་འཆའ་བ་བྲག་ཆར་འཁྱིལ།།
ཇི་ལྟར་ཕྱོགས་བསླད་འགྲོན་པོ་བཞིན།།
འཇུག་ལྡོག་གནས་ནི་མ་ངེས་པར།།
མྱ་ངམ་ཐང་གི་ཐང་ངོགས་ན།།
ག་ཆད་ཁུར་གྱིས་ནོན་པ་བྱུང་།།
གང་ཡང་སྲིན་བྱའི་ངུད་མོ་ཡིས།།
གང་བྱུང་ཁུ་བྱུག་མྱོས་པའི་གླུས།།
སྟོང་ཕྱིར་ད་ནི་ཇི་སྙེད་པའི།།
སྒྲ་དག་ཚེར་མ་བས་ཀྱང་རྩུབ།།
སྦྲང་བུ། ཏྲེ་ཧོར་འོག་མིན་གཉིས་པ་ཀརྨ་དགོན་གསར་དགོན་གྱི་གྲྭ་པ།
སྨྲེང་བ་བརྒྱ་རྩ་བརྒྱད།
ང་ཡི་རྣམ་རྟོག་མེ་ཏོག་ཁམས་སུ་ཐོན།།
ང་ཡི་སྙན་ངག་ཡིད་བརྙན་པང་དུ་ལུས།།
རྟོག་བཏགས་རྡོ་བ་དྲུད་པའི་མཚོ་མོའི་ཁར།
གསེར་ཉ་གཤོག་དྲུག་ཅན་གྱི་སྙན་ངག་ལ།།
གཉུག་མའི་སེམས་ལས་སྤུར་བའི་སྐྱེད་ཚལ་དུ།།
ཞེ་འདང་པདྨའི་མདངས་དེ་སེམས་སུ་འཚང་།།
སྙན་ངག་ཁ་ཅིག་གཙང་བོའི་ཁ་རུ་ལྕེབས།།
ཡིག་འབྲུ་ཚོགས་ཤིག་ལུས་ཀྱི་ཟུངས་བཅུད་ཟད།།
ང་ཡི་སྙན་ངག་དབྱར་ཁའི་ལྗོངས་སུ་སླེབས།།
ཁྱོད་ལ་བྲིས་པའི་སྙན་ངག་གསོན་པོ་དག།
དབྱངས་སུ་ལྷུང་བའི་རོལ་མོའི་ལྡིང་ཁང་དུ།།
སོར་མོའི་འཕྲུལ་ལས་ང་ཡི་ཟློས་གར་བཞད།།
རྟོག་བཏགས་སྒྱུ་མས་འདག་པ་ཨེ་ཡིན་ནམ།།
སྐྱ་རེངས་ཟླ་བའི་ཚང་དུ་ལོག་ཕེབས་རྐྱེན།།
རྟོག་འགྱུ་གླེགས་བམ་དཀར་པོའི་དྲི་ངད་དུ།།
སྙན་ངག་རི་བོའི་འདབས་སུ་རི་དྭགས་ཤྭ།
སྣང་བའི་མེ་ཏོག་ཆུན་པོ་རླུང་དུ་བསྐུར།།
ཨེ་མ་དམ་པའི་སེམས་ཀྱི་འཛུམ་དཀར་ཅན།།
སྙན་ངག་ཆུང་མ་བླངས་བར་སྔ་དྲགས་པས།།
གཏམ་རྒྱུད་དྲི་ངད་ཕོག་པའི་སྐྲ་ལོ་སྟེང་།།
གཞོང་བ་མེ་ཏོག་ཅིག་ལ་འགྲེལ་བཤད་གནང་།།
རྨི་ལམ་ཟླ་བའི་གྲོང་གི་གཟུགས་འགྱུར་ལ།།
སྨྲེང་བའི་རྒྱུད་སྐུད་བོར་བ་ཨེ་ཡིན་ནམ།།
རླུང་བུ་འཁྱག་པའི་ཀློང་གི་གཞིས་ཀ་སྟེ།།
སྙན་ངག་བྱད་གཟུགས་བོར་བས་རྐྱེན་གྱིས་སོང་།།
ཟླ་བའི་བས་མཐའི་གྲོང་གི་པདྨ་ལ།།
ཡི་གེའི་ནགས་ཚལ་ཀློང་གི་སྒྲ་ཞིག་གསོན།།
ཚིག་རྒྱན་གྲེ་རུ་ཟུག་པའི་ཁུ་བྱུག་དེས།།
ཁྱེད་ལ་བསྐུར་བའི་སྨྲེང་བ་བརྒྱ་རྩ་བརྒྱད།།
གདུང་བའི་སྐྱོ་གར་ལས་ཀྱིས་མ་བཀུག་བར།།
སེམས་སུ་འཚང་བའི་འཛུམ་བག་ཟླ་བའི་མདོག།
ང་ལ་གནང་བའི་དབྱར་ཁའི་མཚེར་ས་ཡིན།།
ཡུལ་ལྗོངས་ཤིག་ཏུ་སྙན་ངག་ས་བོན་འདེབས།།
ཡངས་པ་ཞིག་ཏུ་ཁྱེད་ཀྱི་ས་བོན་འདེབས།།
སྐྱིད་སྡུག་རྒྱ་མ་ཐོགས་པའི་ཐབ་ཚང་དུ།།
རི་དྭགས་ཡུ་མོ་ཞིག་ལ་ལག་གཡོག་བྱ།།
ང་ཡི་གམ་དུ་ལོག་ཕེབས་གྱིས་དང་ལགས།།
སྲོད་ཀའི་སྐྱ་རེངས་བྱོན་པའི་རྟ་ཕོ་ཅིག།
མ་ངེས་དྲན་གདུང་སྐོར་ཅིག་རྒྱབ་ཏུ་ཁུར།།
རྟོག་བཏགས་སྣང་བ་བཀྱགས་པའི་ལྐོག་གྱུར་བ།།
མུན་པ་ཁ་གཏད་གོན་ཏེ་ལོག་ཕེབས་གྱིས།།
ཟླ་བའི་བསིལ་ཟེར་ནང་གི་མཇུག་བསྡུ་བ།།
མཚན་མོའི་སྐར་ཚོགས་ཁྲོམ་ནས་ཅི་ལ་མེད།།
སྨྲེང་བ་སྨྲེང་བ་ཡང་སྙིང་དབེན་པ་འདི།།
ལས་སྐལ་མེ་ཏོག་ཚང་གི་ཁ་དོག་ཏུ།།
རྣམ་ཤེས་འགྲེ་ལྡོག་ཐེབས་པ་ཨེ་ཡིན་སྙམ།།
ཞེ་འཛིན་ཐག་པ་བཅད་པའི་གཙང་བོའི་གམ།།
ཕྱི་ནང་དབྱངས་རྟ་བོར་བའི་འཕྲིན་པ་ཅིག།
ཐག་རིང་ལྷིང་འཇགས་ཤིག་ནས་ཡང་དུ་བྲིས།།
སྙན་ངག་བུ་མོའི་སེམས་དེ་ཡིད་དུ་འབབ།།
ས་གཞིས་ཟླ་བའི་འོད་ཅིག་ང་ལ་འཕྲོས།།
རྩྭ་ཐང་ཡངས་པོའི་ཡུག་གཅིག་ང་ལ་གནང་།།
ལྕི་འདམ་ཆར་བའི་ཀློང་གི་ཡིག་འབྲུ་ཚོགས།།
ང་ཡི་ཡིད་བརྙན་ཐལ་རྡུལ་རབ་དྲགས་པས།།
མཚན་འདི་འཁྱག་པས་ཤིན་ཏུ་དུབ་པས་སོ།།
དལ་དལ་ལྷོད་ལྷོད་འཁོར་བའི་གཞིས་སུ་དྲངས།།
མཚར་སྡུག་བཀྲ་བའི་ཡིག་འབྲུའི་རི་བོའི་ངོས།།
བསླུ་བྲིད་བྱུང་བའི་ནགས་མའི་ཚལ་དུ་ཡང་།།
ཟླ་བའི་སྙན་ངག་ཡོལ་བའི་ཕྱོགས་སུ་འཐོར།།
སྨྲ་བ་དམ་པའི་ང་ཡི་སྙན་ངག་ཀུན།།
བློ་ཡི་ཡུལ་དུ་ཆོ་འཕྲུལ་གནས་སམ་ཅི།།
འཆི་བའི་སྙན་ངག་ཐལ་རྡུལ་སྟེང་དུ་སྤྲུལ།།
ཉམ་ཐག་གཅིག་ལ་ཐ་སྙད་ཟུངས་བྲལ་ཏེ།།
མངོན་པ་མཐོ་བའི་ནམ་ཟླའི་བསྐྱུར་མོའི་འོག།
བག་མེད་བྱུང་བའི་མཚན་མོའི་གནས་དག་ལ།།
བདག་ནི་རང་གྲོལ་མེ་ཏོག་རླབས་སུ་བཅིངས།།
ཁྱོད་ནི་ཡང་ཞིང་གླེང་ན་སྙན་ངག་པ།།
རླུང་བུ་འཇགས་རྗེས་བྱུང་བའི་ཡིག་འབྲུ་ཞིག།
ཞི་དུལ་མཚན་མོའི་ཀློང་གི་བརྟུལ་ཞུགས་ཅན།།
ཁྱོད་ལས་འཁྲུངས་བའི་སྙན་ངག་གསོན་དང་ལགས།།
ང་ཡི་གྲིབ་མའི་མཚམས་སུ་ཁྱོད་རང་སྟེ།།
བདག་གི་གྲིབ་མའི་ངང་དུ་གནས་པ་འཁྱིལ།།
ཚོན་གྱིས་མདངས་པའི་ང་ཡི་མིང་ཟུང་གཉིས།།
ལྷ་དང་ཀླུ་མོའི་མཁའ་འགྲོ་ཚོགས་སུ་འཕགས།།
ང་ཡི་སྙན་ངག་ཚོགས་སུ་སྐྱེ་བ་བླངས།།
ང་ཡི་ཡིག་འབྲུའི་ཚོགས་སུ་སྨོན་ལམ་འདེབས།།
ང་དང་འབྲེལ་མེད་ཟེར་ཡང་སྨྲེང་བ་བཏོན།།
ང་ལ་གནང་བའི་ཟློས་གར་པོ་ཏི་ཡང་།།
སེམས་སུ་སྦྱར་བའི་དགའ་བའི་ཕ་རོལ་ཕྱིན།།
སྨྲ་བ་དམ་ཞིང་ང་ཡི་ལ་མོའི་འདབས།།
ཁྲུང་ཁྲུང་འཕུར་སའི་མཁའ་ལམ་ཡངས་པོ་ནས།།
ང་ལ་བར་ཐག་དེ་དང་ཆུ་བོ་དེས།།
བཀྱེད་དེ་སོ་སོའི་སྨྲ་བ་པང་དུ་འཁུམས།།
སྐྱོ་ངལ་ལམ་ལ་ཆས་ཏེ་འགྲོ་བར་བྱ།།
སྙན་ངག་པོ་ཏི་ཀློང་གི་སྙན་ངག་པ།།
དྲན་པའི་ཕྱི་ནང་ངོས་ཀྱི་རི་དྭགས་ཤིག།
དུས་བཞིའི་འགྱུར་བའི་ནང་ལ་ཨེ་ཡོད་ལགས།།
སེམས་པ་ཅོལ་ཆུང་དེ་ཡི་ཡིད་གར་དུ།།
སེམས་པ་སྙི་མོ་ཞིག་དང་མཛའ་གཞས་གཉིས།།
དགའ་བའི་དྲན་པ་ཞིག་ཏུ་སྙན་ངག་འབྲི།།
བར་ཐག་ཞིག་ཏུ་བརྩེ་ཆང་མཐའ་མ་དྲངས།།
ཡིད་གཞུང་ཁོག་ཏུ་རྒྱུ་སྐར་ཕྲེང་ལྟར་རྒྱུ།།
སྐར་མ་སྨིན་དྲུག་ང་ཡི་འཆར་སྒོ་རུ།།
ཟུངས་བཅུད་ཞན་པའི་དགའ་བའི་ཐ་སྙད་ལ།།
འཚོ་བཅུད་སྟེར་ཞིང་ལུས་པོ་ཐང་མ་ཆགས།།
ཀྱེ་མ་སྙན་ངག་གཞུང་གི་ལྷ་མོ་ཚང་།།
སྒྱུ་མའི་མཐོན་པོའི་དཀྱིལ་དུ་ལུས་པ་འདི།།
ཆོ་འཕྲུལ་གསལ་བའི་ངོགས་སུ་བདེ་ལགས་སམ།།
རྟག་བརྟན་ལུས་པའི་སྙན་ངག་གཞི་འདི་ཡང་།།
ལས་ཤིག་ཕ་རོལ་ཕྱིན་པའི་ཨེ་ཡིན་ནམ།།
ལས་ཤིག་མཚན་མོའི་ལྗོངས་ཀྱི་མགྲོན་པོ་ཞིག།
ལས་དེ་མཚོ་མོ་ནང་གི་གསེར་ཉ་འདྲ།།
གསེར་ཉ་བློ་རུ་འབྲི་བའི་སྙན་ངག་པས།།
སྨན་ཤར་མཚོ་རུ་རྐྱལ་བའི་གཟུགས་ཤིག་བྲིས།།
གཟུགས་དེ་ཁོ་ལག་ཚང་བའི་རི་མོ་བས།།
ལྷ་མོ་མཁའ་ལས་དྲངས་བའི་རྣམ་ཤེས་སུ།།
ཡིག་འབྲུ་ཁག་ཅིག་ཀླུ་ཡི་ཡུལ་ནས་དྲངས།།
ཡིག་འབྲུ་ཁག་ཅིག་ནང་སེམས་རྩ་ནས་བརྡོལ།།
སྒྱུ་འཕྲུལ་ལྷ་མོ་འབྲི་བའི་རྒྱན་འདི་བཏགས།།
2020 7 6
སྦྲང་ནག དཀར་མཛེས་བན་རྒན་དགོན་གྱི་གྲྭ་པ།
ཤུགས་འབྱུང་གི་གླུ།
མི་ཚེ་ཞེས་པའི་ཨུ་ཁུང་ནང་།།
བདེ་སྡུག་ཁ་བ་འབབ་པ་དང་།།
དྲན་འཕྲུལ་ཤྭ་འོད་རྒྱུག་པ་དང་།།
འདུ་འབྲལ་རླབས་རིས་གཡོ་བ་དང་།།
གེགས་ཉེས་སྤྲིན་དཀར་སྤུང་པ་དང་།།
མི་ཁའི་ཆུ་རགས་རྩིག་པར་བྱེད།།
དགྲ་གཉེན་ཅིག་ཅར་སླེབས་པར་གྱུར།།
སྒྱུ་མའི་ངོ་མཚར་བརྟོལ་ཕྱིར་དུ།།
མདོག་ག་ཤོར་བའི་ཡིག་ཆུང་དག།
འཇའ་ཚོན་ཐོགས་པའི་ཐ་སྙད་དག།
ངག་ལ་བསྐྱོར་ཞིང་དུར་ལ་འདེབས།།
སྲོག་ལྟར་གཅེས་ཤིང་སེམས་ཀྱིས་དོར།།
བྲང་ལ་སྦྱར་ཞིང་པང་ནས་དཀྲོགས།།
འཁོར་བ་ཟེར་བའི་གད་ཕུག་ནང་།།
སྐྱེ་འཆི་མར་མེ་འབར་བ་དང་།།
རེ་དོགས་དར་ལྕོག་བསྐྱོད་པ་དང་།།
སྡུག་བསྔལ་རླུང་དམར་ལྡང་བ་དང་།།
འགྱུར་ལྡོག་ཉ་མོ་འཁྱུག་པ་དང་།།
ཞེ་འཁོན་རྨུ་ཐག་སྦྲེལ་བར་བྱེད།།
རྩོད་ཉོག་ཨ་འཐས་འཆིང་བས་བཅིངས།།
འཁོར་བའི་རང་མཚང་སྔོག་ཆེད་དུ།།
ཟམ་འོག་བཞུར་བའི་ཐ་སྙད་དག།
ཟམ་སྟེང་སྤོ་བའི་ཐ་སྙད་དག།
བྱ་དང་བྱེའུ་ལ་དཔེ་འཇོག་བྱ།།
ནགས་དང་ལྗོན་པ་དཔེ་ལ་འཇོག།
མཚོ་དང་མཚེའུ་འང་དཔེ་ལ་འཇོག།
༢༠༢༠ ༡༡ ༨
ཐ་སྐར། མགོ་ལོག་རྩིས་མདའ་དགོན་གྱི་གྲྭ་པ།
མཚོ་སྔོན་པོ་དང་གནམ་སྔོན་པོ།
མཚོ་སྔོན་པོའི་བཀྲག་མདངས་ཀྱིས
ནམ་མཁའ་ལ་སྔོ་ཡུག་ཡུག་གི་ཁ་དོག་བསྒོས
དུས་དེ་ནས་བཟུང
ཁྱོད་ལ་གནམ་སྔོན་པོ་ཞེས་ཡང་ཡང་བོས་ཤིང
དུས་དེ་ནས་བཟུང
གནམ་སྔོན་པོ་འདི་ཡང
རི་དང་སྤང་གི་མཛེས་སྡུག་ལ་མ་ཆགས་པར
མཚོ་སྔོན་པོ་ཁོ་ནའི་བརྩེ་བར་ཡིད་གདེང་འཁེལ
མཛེས་སྡུག་གིས་སྟོང་བའི་ནམ་མཁའ་འདི་ཡིས
བཀྲག་མདངས་བསྣམ་པར་ལྟོས་དང
སྐད་ཅིག་མའི་འཇོ་སྒེག་ཙམ་མ་ཡིན་པར
མཚོ་སྔོན་པོའི་བྱམས་བརྩེའི་རྦ་རླབས་ཁྲོད
ཁྲེལ་གཞུང་གི་རི་མོར་ལད་པ་མེད་ཅིང
རྟག་བརྟན་ཐེར་ཟུག་ཏུ་གྲུབ་པའི་གནམ་སྔོན་པོ་དེ
ཅི་འདྲའི་མཛེས་སྡུག་ལྡན་ལ
ཡིད་དུ་སིམ
གནམ་སྔོན་པོ་འདི་འབྱམས་སུ་ཀླས་ནའང
སུ་དང་གང་གིས་ཀྱང་རྐང་རྗེས་ཕབས་མེད་པ་ཇི་བཞིན
མཚོ་སྔོན་པོའི་བརྩེ་བ་ཡང་ཁྱོད་ཁོ་ནར་བསྟིམས་ཡོད
རྒྱུན་གཅིག་དང་གདངས་གཅིག་ལ་འཁེལ་བས
གནམ་གཤིས་ཀྱི་འགྱུར་བག་ཇི་ལྟར་རྒོད་ནའང
མཚོ་སྔོན་པོ་ཡིན
གནམ་སྔོན་པོ་ཡིན
རྫ་སྐྱེས་ཕུར་བ། རྫ་འབུམ་གསར་དགོན་གྱི་གྲྭ་པ།
རི་ལྗོངས་ཀྱི་སྙན་ངག
མཁར་ཁང་མཐོ་བརྩེགས་ཟླ་བའི་དབྱིངས་སུ་ཤར།།
ལམ་ཐོག་གཞིས་ཁུལ་སྟོན་ཁའི་མཛེས་སྡུག་བརྒྱན།།
ངེད་ཅག་མདུན་གྱི་རི་ཚོགས་དེར་བལྟས་ནས།།
མཐོང་སྣེ་མང་པོ་རྙེད་པའི་རེ་བ་བྱས།།
ཆུ་སྤྲིན་ལངས་ཤིང་སྨུག་པ་ཕྱོགས་གཅིག་འདུས།།
རི་ལྗོངས་རྣམས་སུ་དར་དཀར་གཡོག་པ་བཞིན།།
ཅུང་ཙམ་མཁའ་མཐའ་འོད་དམར་དཀྲིས་པ་ན།།
རི་ལྗོངས་དེ་ནི་སྔར་ལས་མཛེས་པར་གྱུར།།
ཐང་ཤིང་རྣམས་ཀྱིས་རི་བོའི་ཕྱོགས་ཀུན་བཟུང་།།
ཇ་ཡུན་གཅིག་རིང་བྱེའུ་སྐད་སྣ་ཚོགས་བརྗེ།།
པར་ཆས་འཐེན་ཤེལ་དེ་ཕྱོགས་གཏད་མ་ཐག།
སྨུག་སྤྲིན་ཐང་ལ་ལྷུང་བའི་ཉམས་ཤིག་མངོན།།
སེང་ལྡེང་ནགས་ཀྱི་ཕ་མཐའ་ཟིན་པར་དཀའ།།
གྲོང་ཞིང་རྣམས་ནི་ཉི་འོད་ན་བཟས་བཀླུབས།།
དེ་མིན་རི་བྱེའུ་རྣམས་ཀྱི་སྐད་འགྱུར་ཡང་།།
ནགས་ཁྲོད་དབེན་པའི་ཕྱོགས་ལ་ཕབ་པར་བྲེལ།།
ཨེ་མ་ལན་གཅིག་འདི་རུ་བསྐྱོད་པ་ནི།།
ལྷ་ཡི་རྨི་ལམ་མངོན་གྱུར་བྱས་དང་མཚུངས།།
གཡང་ཊི་དཀར་པོའི་བུམ་པ་བདག་ལ་གཏད།།
མདང་གི་རྨི་ལམ་གྲོགས་པོ་བརྗེད་དུ་མེད།།
ངེས་པར་འདི་ནས་འཆར་སྒོའི་མེ་ལོང་ནང་།།
སྣང་བའི་འགྱུར་བ་མང་དུ་ཤོང་བར་འདུག།
“དབྱངས་ཀྱིས་མགྲིན་པ་མཛེས་པའི་སྙན་ངག་མཁན།།
ཟམ་མི་ཆད་དུ་བྱུང”བའི་གཏམ་ཞིག་གྲགས།།
དགེ་ཆོས་དམ་པས”ལར་བསྐལ་པའི་ཆགས་སྟངས་ཉིད་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་འདི། ངེས་པར་ལྷའི་ཡུལ་དང་རྨི་ལམ་གྱི་ཞིང་ལྟ་བུ་ཞིག་ཏུ་གྲུབ་འདུག་སྟེ། འདི་ལྟ་བུའི་ཡུལ་ལྗོངས་མཛེས་ལ་ཉམས་དགའ་བ་དགའ་བ་ཕྱོགས་གང་ན་ཡང་མི་སྣང་ངོ་ཞེས་གྲགས་ཏེ་དོན་ལ་ཡང་གནས་པའོ། ། ཧོར་ཟླ་བཞི་པ་ཙམ་ནས་ཨ་ར་བྷིའི་རྒྱ་མཚོ་ལས་ཆུ་སྤྲིན་ལངས་ཏེ་བྱང་ཕྱོགས་སུ་འགྲོ་ཞིང་བྱང་ནས་གངས་ཀྱི་རི་བོ་ནམ་མཁའི་ཀ་བ་དང་འདྲ་བ་དག་ལ་ཐོགས་ཏེ་བོད་ཀྱི་ས་ཡུལ་དུ་ཆེར་མི་འགྲོ་བར་ལྷོའི་ནགས་ལྗོངས་རྣམས་སུ་ཆར་པའི་རྒྱུན་ཆེན་པོ་བདུན་ཕྲག་དུ་མའི་བར་དུ་སྦྲེལ་བ་འབབས། རི་རྩེ་རྣམས་སྨུག་པས་དཀྲིས་ནས་ཁྱིམ་ཕན་ཚུན་ཀྱང་མི་མཐོང་བར་སྡོད། དེ་ནས་དབྱར་གྱི་མཇུག་ལ་སླེབས་པ་ན། ཇི་སྐད་དུ་སློབ་དཔོན་ནག་མོའི་འཁོལ་གྱིས། ཆུ་སྟོད་ཟླ་བ་རྫོགས་པའི་ཚེས་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི། །མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་མིན།།”ཞེས་གསུངས་ཏེ་ཐུགས་ཡིད་ཤིན་ཏུ་ནས་ཤོར་བའི་ཡུལ་ཧི་མ་ལ་ཡའི་ལྷོ་ལྗོངས་སུ་བསྐྱོད་པའི་ཡུལ་གྱི་སྣང་ཚུལ་ཙམ་བྲིས་པའོ།།
དབྱངས་ཅན་སྐྱབས། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ།
ང་ཡི་པད་རྫིང་ཁའི་ཟླ་བ།
ཁྱོད་ནི་ཁྱོད་ཀྱི་ཡིད་འོང་པད་རྫིང་ཁར།།
གཡོ་བའི་ཟླ་བར་ལྟ་ལ་ཨོག་ལེན་རྡུང་།།
པདྨའི་ཡུ་བར་འཆང་ནས་ལག་ཆུང་རྨས།།
དེའི་ཚེ་མེ་ཏོག་ལྗང་སེར་རྨོ་མཁན་ཁྱོད།།
རྩི་ཤིང་རྡུལ་ཕྲན་བར་ནས་དགོད་པར་བྱེད།།
དལ་བ་དལ་བུར་རྨི་ལམ་བརྒྱ་ཕྲག་ཁྲོད།།
མཆི་མའི་ཟེའུ་འབྲུ་འཐུ་བཞིན་ཚུར་ཚུར་འོང་།།
གང་ཚེ་ང་ནི་ཞིང་ཚིགས་ག་ལ་བར།།
ནུབ་ཁའི་ཉི་མར་ལྟ་བཞིན་ཡང་ཡང་སྐྱོ།།
མིག་ཟུང་ཟིལ་བ་འཁྲིགས་པའི་ཉམས་དང་བཅས།།
ཆུ་ཡི་རྫིང་བུའི་ཀློང་དུ་གར་ལ་ཞུགས།།
ལས་ཀྱི་ཚ་བའི་ཆོ་འཕྲུལ་འཛིན་པ་ཡི།།
སེམས་ནི་སྤྲིན་དཀར་ལྡིང་བའི་ཕྱོགས་ཤིག་ཏུ།།
ཕུ་དེའི་སྐྱིབས་སུ་ཁྱོད་རང་བཞུགས་སྙམ་པའི།།
མགུར་ཆུང་ཐན་ཐུན་དེ་ཡི་ཕྱོགས་སུ་བཏང་།།
ཁྱོད་རང་སྤྲུལ་བའི་རྨི་ལམ་བྱེ་བའི་ཁྲོད།།
ཨོག་ལེན་དཀྲོལ་ཞིང་གདུང་བའི་མཆི་མ་འཁྲིགས།།
གོམ་ཆུང་གྱ་གྱུ་སྨུག་སྤྲིན་ནང་དུ་སྤོས།།
སྐྱོ་མགུར་སིང་སིང་ལེན་པའི་སྒྱུ་ལུས་མ།།
བྱང་ཐང་ལ་མོ་བརྒལ་ནས་གང་དུ་ཕེབས།།
དེའི་ཚེ་ཟླ་བ་མཁའ་རུ་འཕགས་པ་བཞིན།།
དེའི་ཚེ་སྨིག་རྒྱུའི་གཙང་པོ་ལྡེམ་པ་བཞིན།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།