《བདུད་རྩི་ཕོར་པ་གང》--ན་གཞོན་སྙན་ངག་པ་འཕྱན་བྷང་ལགས་ལ་རྗེས་དྲན་ཞུ་བའི་སྙན་ངག་ཕྱོགས་བསྒྲིགས།

2021ལོའི་ཟླ8པའི་ཚེས19ཉིན་ན་གཞོན་སྙན་ངག་པ་འཕྱན་བྷང་ལགས་ཆང་ལ་རྐྱེན་བྱས་ནས་གཅིག་སྒྲིལ་རྫོང་སྨན་ཁང་དུ་ཚེ་ལས་འདས། ཁོང་གི་དངོས་མིང་ལ་ཚེ་དཔའ་ཞུ་བ་དང་། 1992ལོར་མགོ་ལོག་གཅིག་སྒྲིལ་ཏུ་སྐྱེས། ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ་སྙན་ངག་གི་དེབ《ཚེར་སྟར་ལྗང་ལོ》(2012ལོ)དང་《ཆོབ་ཚ་པོ》(2018ལོར)ལྷུག་རྩོམ་གྱི་དེབ《ར་རོ་པ》(2020ལོར)།འགྱུར་དེབ་ལ་《སྐྱེས་ཆེན་གྱི་སྙིང་སྟོབས》(ཕྱི་ལོ2018ལོར།)《དོགས་ནད་ཨང་དོན་བཞི་པ》(ཕྱི་ལོ2019ལོར)དང་འཁྲབ་གཞུང་《རྒུད་པ》སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མང་ཙམ་བཞུགས། གཞན་དཔར་འཆར་གྱི་དེབ་ལ་སྒྲུང་ཐུང་བཏུས་དེབ་ཅིག་དང་ཟློས་གར་རིང་མོ《ཉོབ་གླུ》(ལག་བྲིས་མ)  འགྱུར་དེབ《གྲུ་དཀར་པོ》(སྒྲུང་རིང)བཅས་ཡོད་པར་བཤད་ལ། ཁོང་གི་བརྩམས་ཆོས་དག་ལ་ཀློག་པ་པོའི་དགའ་བསུ་ཐོབ་མེད་ལ། ཁོང་གི་སྙན་ངག་ལ་གོ་ལ་གཞན་གྱི་བརྩམས་ཆོས་ཞེས་བསྙད་མཁན་ཡང་བྱུང་། ཡིན་ན་ཡང་དེས་ཁོང་གི་རྩོམ་གཤིས་ལ་འགྱུར་བ་མ་ཐེབས་པར་ཚེ་གང་གསར་རྩོམ་ལ་གཞོལ་བཞིན་ཚེ་ཡི་འཕེན་པ་རྫོགས།

     ངེད་ཅག་གིས་ཁྱེད་ལ་སྙན་ངག་ཅིག་གི་སྐྱེལ་མ་མཁོ་བ་ཤེས་ཡོད། སྒྱུ་རྩལ་གྱི་ཕྲ་ཕུང་གློད་གྲོལ་གཏོང་ཐུབ་པའི་ཁྱེད་ཀྱི་རྣམ་ཤེས་ལ་དབྱངས་དང་གསལ་བྱེད་ཀྱི་སྐྱེལ་མ་སྣུམ་ཤིག་གེ་བ་ཞིག་མཁོ་བ་ཤེས་ཡོད།  ངས་ཁྱེད་རང་སྙན་ངག་བཞིན་དུས་ངེས་མེད་དུ་དྭངས་ཤིང་གཙང་བ་ཤེས་ཡོད། དེ་བས་ན་ངེད་ཅག་གིས་ཁྱེད་ལ་ཡི་གེའི་སྐྱེལ་མ་ཞུ་འོས། སྙན་ངག་གི་སྐྱེལ་མ་ཞུ་འོས་སོ།།

པར་པ། མི་གསལ།

རི་མོ་པ། རྐང་ཐང་བ།

འཕྱན་བྷང་ལ་ཕུལ་བ།

                                                                                            ཨ་རྡོར།

ཁོ་བོ་ལྟ་བུའི་རྒས་འཁོགས་ཚོས།
སྙན་ངག་པ། གོ་མྱོང་མེད་པ་འདྲ།
མི་གསལ་བའི་སྐད་འཕྲིན་གྱི་ཡི་གེ་ལས།
ཆང་ལ་རྐྱེན་བྱས། གཤེགས་ཟེར།
གང་ལྟར། སྙན་ངག་ལ་དུངས་རབས་གོ
ཡུན་ཙམ་ནས། རྐང་ཐང་དུ་བགྲོད་པའི།
འབྲོག་སྐྱ་བོས། ཕངས་སེམས་བྲིས་འདུག
བཞུགས་ཤག་ནས། བསམ་བློ་བཏངས་ན།
སྐད་ཅིག་ལ། སྙན་ངག་པ་གཤེགས་པ།
ཉ་མོ་ཆུ་ལ་འཁྱུགས་ནས།
ཆུ་བོའི་རྒལ་ཚུགས་གཏོར་བ་བཞིན།
དུས་ཡུན་མེད་པའི་ཚིག་རྐང་སྟེ།
ཆུ་དང་རྩྭ་ལ་གསལ་བས་ཆོག་འདུག་ཨང་།

སྐྱེལ་མའི་སྙན་ངག
་                         —འཕྱན་བྷང་ལགས་ལ།
                                                                                                   སྐྱབས་ཆེན་བདེ་གྲོལ།

ཁྱེད་ཀྱིས་དྲག་ཤུལ་གྱི་ཉམས་དེ
ཚིག་ཚོགས་དང་ནམ་མཁར་བསྩལ
མངོན་ཆུང་གི་ཚུལ་གྱིས་ར་རོ་བར་བྱས་ཤིང
གཡར་བའི་ལུས་པོ་དེའང་ཕྱིར་སྤྲད་ཟིན

ཕག་ཚང་ནང་གི་ངག་དིག་པའི་མི་ཁྱུ་ཞིག
སྔར་བཞིན་སོ་སོའི་ཆོས་ལུགས་ནང་གཡེང
ཁྱོད་ཀྱིས་མཚམས་སྤྲིན་གྱིས་སྒོ་ལྕགས་ཤིག་བཟོས་ཏེ
དེ་ཚོ་ལོགས་ཤིག་ཏུ་བཅུག རླུང་གི་རྒྱུ་བར་འགྲོགས་པའི
འཆར་ཡན་གྱི་གཏམ་རྒྱུད་དག་ལོགས་ཤིག་ཏུ་བཅུག

ཁྱོད་ཕེབས་དུས་སྐྱོ་ངལ་ཡོད་མི་སྲིད་དེ
ལྗན་ལྗིན་གྱི་དྲི་མ་ཡལ་བའི་རྣམ་ཤེས་ཀྱིས
མཐར་ཐུག་གི་སྙན་ངག་ཉིད་མེ་ཏོག་གི་ཁོང་བར་སྦ་སྲིད
མེ་ཏོག་དེ དུས་ཀྱི་ས་གཞི་དང་ཡུལ་གྱི་ནམ་མཁའ་ལས་འདས་ཏེ
ངེད་ཅག་མི་རེ་རེའི་སེམས་སུ་གཅིག་རེ་བཞད
མཛེས་བྱད་དེས་སྲིད་པའི་ཕུན་ཚོགས་ཉིད་ནག་སུབ་བེར་བཏང
                      21/8/2021 མཛོད་དགེ་ཉིན་མ།
                      
འཛོམས་ཆིངས་ལྷག་མ། 
                                                                                       ཆོས་ཤུལ་གསང་བདག

སང་ཉིན་ལ་བཞག་པའི་པི་ཙི་གང་པོ
ལས་ཀྱི་རླུང་བུས་འཁུར
དེ་ཉིན་བཏབ་པའི་འཛོམས་ཆིངས
ད་དུང་ཆང་ཕོར་ཁ་ན་ལྟེམས་ལྟེམས་ལྟེམས
སྔ་སོང་ཟེར་ན་སྔ་མི་འདུག
ཕོ་ལོ་སུམ་ཅུ་ལྷག་ཙམ
འཕྱི་འདུག་ཟེར་ན་འཕྱི་ཡང་མི་འདུག
དུས་རབས་ཉི་ཤུ་བའི་མཇུག་དང
ཉེར་གཅིག་པའི་མགོ་ཏག་ཏག་ལ་འཁེལ་འདུག
 
སྨྱོན་པ་ཁྱོད་ཡིན  ང་ཡིན
ང་གཉིས་མཉམ་པོར་སྨྱོས་པའི་མཚན་མོ
མཚན་མོ་དེ་གཅིག་པུ
ང་གཉིས་ལ་མ་གཏོགས་མི་དབང
སྲང་དེར་མ་གཏོགས་མི་དབང
གཅིག་སྒྲིལ་མ་གཏོགས་མི་དབང
 
འཛོམས་ཆིངས་ལྷག་མ
སུ་ཡིས་འཁྱེར་སོང
པི་ཙི་ལྷག་མ
སུ་ཡིས་འཕྲོག་སོང
         ཕྱི་ལོ༢༠༢༡ལོའི་ཟླ༨པའི་ཚེས༢༠ཉིན་གྲོགས་པོ་ཁོ་འདས་པ་ཐོས་མ་ཐག་སྦྱར།
 
 ཐ་སྙད་ལ་སྐྱེ་འཆི་སྩོལ་མཁན།
                                                                                      ---ན་གཞོན་སྙན་ངག་པ་ཞིག་གློ་བུར་འདས་པ་ལ་བྲིས།                                                                                                                                                                   སྒྲེན་པོ།

ཁྱོད་ཀྱིས་ང་ཚོར་རྣམ་རྟོག་གི་གཞིས་ཀ་ཞིག་བསྐྲུན་རྗེས
ཁྱོད་རང་ནང་དུ་འདུག་ལོང་མ་བྱུང་བར་རྟབ་རྟབ་པོར་བུད་སོང
ཁྱོད་ཀྱི་ཉམས་རྟོགས་ཀྱི་ལྗོན་རྩེ་ལས་བཞད་པའི
བདེན་གྲུབ་ཀྱི་མེ་ཏོག་རེ་རེ
ད་ཆ་ཁྱོད་རང་སྐྱོར་བྱེད་ཀྱི་རྡོ་རྗེ་ཕ་ལམ་རེ་རེ
 
ཁྱོད་རང་གཏེར་རྡོ་ནང་བཞིན་མི་མངོན་པའི་སྐྱིབས་སུ་ཡིབས་རྗེས
དབྱངས་གསལ་ལ་ང་རོ་རྩོམ་མཁན་གཅིག་ཇེ་ཉུང་དུ་བུད་སོང་བ་ཙམ་ལས
དཀྱུས་མའི་འཚོ་བ་འདི་ལ་འགྱུར་བ་ཅི་ཡང་མ་ཐེབས
                2021/08/20
 
 ཤེས་རབ་ཀྱི་མིག་ཟུང་སྒྲིབ་པའི་དུས་རབས་ཀྱི་སྟོན་ཁ།
                                                                                     —སྙན་ངག་པ་འདས་པོ་འཕྱན་བྷང་ལ་མྱ་ངན་ཞུ།
                                                                                                   རྣོ་ཟུར།

སྟོན་ལོར་སེར་ཐིག་མ་ལྷུང་པའི་འཚམས་འདིར
གསེར་སྦྲང་ཁྱོད་ཀྱི་གཤོག་པ་བརྐྱངས་ཏེ་ལྷོད་ཡངས་ཀྱིས་འཕུར་སོང
གངས་རི་ལྟ་བུའི་གངས་རིའི་ངོས་སུ
ཐ་སྙད་ཀྱི་བསླུ་བྲིད་ཅིག་བཞེངས་ཏེ་འཕུར་སོང
 
ལྷོད་ཀྱིས་འཕུར      དལ་གྱིས་འཕུར
ཞེན་ཆགས་ཅི་ཡང་མེད་པར    ན་ཟུག་མེད་པར
འཕུར     འཕུར     འཕུར
མཐོང་མ་མྱོང་བ    ཐོས་མ་མྱོང་བ
གླེགས་བམ་འཐུག་པོ་དག་ལས་མ་རྙེད་པ
གློག་བརྙན་ཡག་ཤོས་རྣམས་ལས་མ་བསྟན་པའི
ཡུལ་དང་ལྗོངས    མཛེས་དང་བཙོག   ད་དུང་ཆོབ་ཚ་བོ
མང་པོ་ཞིག་གིས་ཁྱོད་ཕྱིར་ལོག་པའི་བར་དུ་སྙན་ངག་གྱེར་ངེས
 
ད་དུང་སྟོན་ལོ་འཐོར་བཞིན་མེད   རླུང་བུ་ཅུང་ཙམ་གཡུག་ནའང
ཁྱོད་མ་གྲང་བར་འཕུར་ཅིག
དེ་རིང་སྤྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༢༠རེད
ཁ་སང་གི་མཚན་མོའི་ཟླ་བ་དེ
ངའི་སྒེའུ་ཁུང་བརྒྱུད་དེ་ངུས་ཀྱང 
ང་མ་ངུས    སྒེའུ་ཁུང་འདབས་ནས་ཐ་མག་ཅིག་ལ་མེ་སྒྲོན་ནས་མར་མེ་ཙམ་བྱས
ཞབས་བཏགས་ཞིག་གི་ཚུལ་དུ   ངས་ཀྱང་རྔུབ
 
ད་དེ་འདྲ་རེད    འཕུར   
ད་ཐེངས་ཁྱོད་ལ་གཤོག་པ་ཐོགས
རང་དབང་གིས་འཕུར     བག་ཕེབས་ངང་འཕུར
ལྷོད་ཀྱིས་འཕུར་དང   རླུང་བུ་སིལ་སིལ་གྱི་ཁྲོད་ནས
ཧི་མ་ལ་ཡ་དང་ཡར་འབྲོག་གཡུ་མཚོ
མཛེས་མ་དང་ཆང་དམ་ཆེ་ཆུང
མང་པོ་ཞིག་དང་འཕྲད་པས
ལོངས་སུ་སྤྱོད  རྣམ་པར་ཤེས་པ་ཞིག་གི་ས་བོན་དེ
ངས་ཁྱོད་ཀྱི་ཐོད་པ་ལ་འོ་ཞིག་བྱ
      ༢༠༢༡-༨-༢༠མཚན་མོར།
 
བུ་རམ་དེ་ལྡག་ལོང་མ་བྱུང་།
                                                                                         ___གྲོགས་སྙན་ངག་པ་འདས་པོ་འཕྱན་བྷང་ལགས་ལ།
                                                                                     མགར་དམག

སྐྱེས་པ་ནས་ལག་མཐིལ་ལ་དཀྱིལ་འཁོར་གྱི་རྡུལ་ཚོན་བླངས་པའི་བུས་པ་ཆུང་ཆུང
ནར་སོན་ཙམ་གྱིས་སྡུག་བསྔལ་གྱི་སྐྲ་ལོ་རིང་དུ་སྐྱེས
སྨྲ་བ་ནི་མེ་ལྕེ་ལྟར་དྲག་ཏུ་ཁྲོས་ཤིང་རང་ཉིད་སྲེག
མནར་གཅོད་དེ
འཇིག་རྟེན་ལ་ཡིད་མི་ཚུམ་པའི་རྣམ་འགྱུར་ཡིན་ནམ
 
དུས་ཚོད་ཐུང་དྲགས་པས
བྲག་ཅ་དེར་སྒུག་ལོང་མ་བྱུང
 
བྱིས་པ་ཞིག་ངུ་བརྒྱལ་ལ་སོང་པའི་དུས་ཡུན་ཙམ་ལ
མིག་ཆུ་བཙོ་མར་སྦྱངས་པའི་བརྡ་སྤྲོད་ཀྱི་ནགས་ཚལ་ཁྱོད་ཀྱིས་འཁྱེར་ཟིན
ས་རྡོ་བཀད་པ་ལྟ་བུའི་ཆོབ་ཚ་བའི་ཐ་སྙད་དག་ཁྱོད་ཀྱིས་འཁྱེར་ཟིན
 
དུས་ཚོད་ཐུང་དྲགས་པས
ཕྱིར་དྲན་གྱི་ནང་དུ་ཨུག་ཆོས་མེ་ཏོག་གི་འདབ་མ་མ་ཤོང
ཁྱོད་ཀྱི་ཡིད་འོང་གི་འཛུམ་མདངས་མ་ཤོང
 
སྔ་ཙམ་འཕྱི་ཙམ་གྱི་དུས་སུ
ཁྱོད་ཀྱིས་སྐྱེ་བ་ལན་གཅིག་བརྗེས་ཟིན
དེ་ནི་དུག་ནང་གི་གཞོན་ནུ་ཁྱོད་ཀྱིས་བར་སྣང་ལ་བྲིས་པའི་ས་ཁྲ་ཡིན་འདྲ
 
ནམ་མཁའ་གཞན་ཞིག་བརྗེས་པའི་འདི་སྣང་གི་རྫིང་བུ
གན་རྐྱལ་ཏུ་སྐར་མ་འཛིན་པའི་ཁྱོད་ཀྱི་སོར་མོ་དང་ཕྲད
གོ་ལ་གཞན་དང་སྐད་བརྡ་འཆད་པའི་ཡི་གེ་དཀར་ནག
བང་རིམ་དུ་བརྩིགས་པའི་ཕོ་བྲང་དཀྱིལ་དུ
ཁྱོད་གཅིག་པུ
ང་ལ་བོད་རག་རྒྱ་མ་ཉེར་དགུ་བཞིན་བཟི་ཁ་ཚ་མྱོང
 
སྤུན་ཟླ
སྔ་མེད་ལ་འཕྱི་མེད་པའི
དུག་ནང་གི་དུས་ཚོད་ངོས་སུ
ཁྱོད་ཀྱིས་གློ་བའི་ངོས་ཀྱི་བྱེ་ཐང་ལ་སྔོ་རྩྭ་ག་ཙམ་བཏབས་མྱོང
ཁྱོད་ཀྱིས་དམུགས་པའི་རྩེ་ཡི་སྤྲིན་དཀར་དང་འཐམ་འཁྱུད་ག་ཙམ་བྱས་མྱོང
 
རང་ཉིད་ཡོངས་སུ་དོར་རྗེས
ལམ་འགྲོ་བ་ཞིག་ལ་སྙིང་གཏམ་ཟོ་གང་བྱོས་རྗེས
ཚེ་སྲོག་གི་ངོ་བོ་དཀར་ཞིང་གཙང་པར་གྱུར
དེ་ནི་ལོ་རྒྱུས་ཤིག་བཀླགས་ཚར་བ་ནང་བཞིན
དུག་ནང་གི་གཞོན་ནུ་ཁྱོད
དལ་བ་དལ་བུར
འཇམ་ཐིང་ངེར
ལྷོད་ཅིག་གེར
མིག་ཟུང་བཙུམས
    2021-8-20ཉིན།
 
རྗེ་བོ།
                                                                                          འབྲོག་སྐྱ་བོ།
 
   ང་ཚོ་ནི་རང་གི་ཆེས་མཐའ་མཇུག་གི་ཉམས་རྒུད་མཐོང་བའི་ཆེས་མཐའ་མཇུག་གི་གཞོན་པའི་མི་རབས་ཡིན།  ང་ཚོས་ཤི་ཐག་འབད་ཐག་བྱས་ནས་འཚོ་བ་རོལ་ཞིང་ཡི་གེ་བྲིས།   ང་ཚོའི་དམིགས་ཡུལ་ནི་འཇིག་རྟེན་ལ་འགྱུར་བ་གཏོང་རྒྱུ་དེ་མིན་པར། རང་གི་རྣམ་ཤེས་གཞན་ལག་ལ་མི་འཇོག་རྒྱུ་དེ་ཡིན། དེ་ནི་ང་ཚོའི་ཆེས་མཐའ་མཇུག་གི་རང་ཚུགས་ཡིན།  ང་ཚོར་རྒྱུ་འབྱོར་དང་དབང་གྲགས་མེད་ཀྱང་ཆོག་མོད་གྲོགས་པོ་མེད་མི་རུང་། གྲོགས་པོ་ཞིག་མེད་པ་ཆགས་པ་ནི། ང་ཚོའི་སེམས་ཀྱི་རྒྱལ་ས་འཛིན་པའི་རྗེ་བོ་ཞིག་མེད་པ་ཆགས་པ་ཡིན། 
                                                                                                 ༢༠༢༡.༨.༢༠ཉིན།
 
 རྣོ་སྐུད།
                                                                                           —གྲོགས་འཕྱན་བྷང་ལ།
                                                                                                      འཆལ།
 
གཡས་འཁྱོར་གཡོན་འཁྱོར་གྱི་གོམ་པ་སྤོ་སྟངས་དེས
ཁྱོད་རང 
རྣམ་རྟོག་གི་གཡང་ལ་ལྷུང
 
འཇིག་རྟེན་འགལ་འདུ་ཡིས་གྲུབ་པའི་དབང་གིས
ཁྱོད་ཀྱིས   ཆང་ཡང་ཡང་བཅད་ཅིང་ཡང་ཡང་བཏུང
 
རྣམ་རྟོག་གི་གཡང་ན་རྩེན་པའི་ཤྭ་བ་དཀར་པོ་དེ
རང་གི་རྨི་ལམ་ལས་ཀྱང་རབ་ཏུ་ཡག
 
དེ་ནས་བཟུང    ཁྱོད་ཀྱིས
དུས་ཚོད་ཀྱི་རྙོག་དྲ་འདི་གཅོད་ཕྱིར
རང་ཉིད་རྣོ་སྐུད་ཕྲ་མོ་ཞིག་ལ་བརྒྱུས་ཟིན
          2021.8.20
 
མི་རྟག་པའི་སྒྲུང་ནང་གི་གཞོན་ནུ།
་                                                                                               རྐང་ལོ།

མི་རྟག་པའི་སྒྲུང་ནང་གི་གཞོན་ནུ
ཡུན་རིང་ལ་སྨྲ་བ་མེད་པར་ལུས་རྗེས
ངས་ཁྱེད་ཉིད་དྲན་དགོས་དོན་མེད་པ་ཤེས
སྐྱོ་གདུང་དྲགས་པོའི་ནང་གི་བཟི་ཁ་དང་དབུལ་ཕོངས
ཁྱེད་ཀྱི་སེམས་སུ་དེ་འདྲའི་མཛེས་སྡུག་ལྡན
ཆོབ་ཚ་བའི་འཆི་བ་དང་གྱེས་བྲལ
རྒྱབ་ཀྱི་རལ་བ་བཞིན་ཡིད་དུ་འོང
 
མི་རྟག་པའི་སྒྲུང་ནང་གི་གཞོན་ནུ
གཏན་དུ་རྒས་མི་སྲིད་པའི་གཞོན་ནུ
དབྱངས་གསལ་ལ་ཁེར་རྐྱང་དང་མཚན་མོ་སྩོལ་བའི་གར་མཁན
ཁྱེད་ནི་ས་འོག་མེ་འཁོར*་དུ་བསྡད་ནས་སེམས་ཀྱི་རྒྱང་རིང་དུ་ལོག་པས
ངས་ཁྱེད་རང་དྲན་དགོས་དོན་མེད་པ་ཤེས
 
མཆན། སྐྱེ་བ་འདིར་ངེད་གཉིས་མི་ཚོགས་ཀྱི་འཚང་ཁ་རྒོད་པའི་ས་འོག་མེ་འཁོར་ཞིག་ནས་འཕྲད་པ་ཡིན། 
 
 རྫས་ལ་སྦངས་བའི་དམུ་རྡོ།
                                                                                   ནག་པོ་ཐུར་འདེད།

ཆོས་ཉིད་ཀྱིས་གཏོར་སྲིད་པ་ནི་འཐོར་ཡང་སྲིད་མོད
མངོན་སུམ་དང་རྨི་ལམ་གཉིས
ཕྱོགས་གཅིག་ཏུ་འཛིན་ཕོད་པ་ནི་རྫས་ལ་སྦངས་བའི་དམུ་རྡོ་དང
དེའི་སྲ་མཁྲེགས་སུ་གྱུར་བའི་གཤིས་ཀ་དེ་ཡིན
 
ཁྱེད་ཀྱིས   འཇིག་རྟེན་གཉིས་ཉིན་སྲིབ་ཏུ་བཟུང་བ་ནས
ཁྲག་རྣག་གིས་བཟོས་པའི་ཤོག་བུ་གཞན་ཞིག་གི་ངོས་སུ
ཆུ་མིག་བཞིན་དྭངས་གསལ་ལེ་བ་ཞིག་དང
ཡིད་ཀྱི་ལྗོན་པ་སྔོ་ལྡེམ་མེར་ཞིག་བྲིས
( ཡུལ་ཁམས་གཞན་ཞིག་གི་ངོས་སུ
ལྕམ་དང་བུ    འཁོར་བའི་དུས་ཚོད་ཀྱི་ཡག་བཙོག་ཁ་ན་བྲིས་པས
བརྩེ་གདུང་གྲིབ་མ་ཡང་པོ་ཞིག
གཡོ་བ་མེད་ཀྱང་ཚུར་ལ་ཉེ་བར་གཅར་བའི་དུས་སུ
སེམས་ནི་རྫས་ཀྱི་ནུས་པ་གཞན་ཞིག་ཏུ་གྱུར)
 
ཁྱེད་རང   ཕར་སོང་ཙམ་ནས
མཚེར་ཤུལ་དུ་བསྐྱུར་བ་ནི་འཇའ་ཚོན་དུ་བཞུགས་པའི་གཏམ་རྒྱུད་དང
མིས་བཟོ་ཐབས་བྲལ་བའི་རྡུལ་ཁྲི་སྟོང་གི་གྲིབ་མ་སེར་པོ་སེར་པོ་ཞིག
 
གལ་སྲིད  བདག་གིས་འཇིག་རྟེན་དང་འདས་པའི་དུས་ཤིག་ལ
མགོ་བོ་བསྙེས་ནས་བྲང་ལ་འཕྱོ་བའི་ཞེ་འདང་དེ་བཤད་དུས
མ་ཤི་བའི་སྔོན་གྱི་ཁྱེད་ཉིད   
མིག་ཟུང་གི་སྒོ་མོ་བརྒྱུད་ནས་ཐེངས་མང་པོར་འཁྱུག་ཙམ་བྱེད་ངེས
 
དུག་ནང་གི་གཞོན་ནུ།1
                                    — འདས་པོ་ན་གཞོན་སྙན་ངག་པ་འཕྱན་བྷང་ལ།
                                                བསོད་ནམས་དབང་པོ།

ཁྱོད་རང་ད་ལྟ་སྡོད་སའི་ལུས་ཀྱི་མགྲོན་ཁང་དང་ཁ་བྲལ་ནས
གནམ་སའི་བར་དུ་རྒྱང་བཞུད་གནང་པ་ཐོས་དུས
མཚན་གུང་ཞིག་རེད
“གནའ་མཁར་ཟི་ལིང་ནས་ཆང་གིས་སྙིང་རྒྱས་ཏེ
འབྲོང་གི་རྭ་རྩེ་ནས་མེ་སྟག་གཙུབ་དུས་ཀྱང”²
མཚན་གུང་ཞིག་ཡིན
 
ཟི་ལིང་གི་མཚན་མོ་དེའི་རྗེས་སུ  ང་ཚོ
དེ་རིང་གི་བར་དུ་ཡུལ་ཐག་གིས་ཕྱེས་ནས་བསྡད
མཚན་མོ་འདིར
ཁྱོད་ཀྱིས་གློ་གྲི་རྣོན་པོ་ཞིག་གིས་བར་ཐག་ཡོད་ཚད་དུམ་བུར་བཅད་སོང
ཁྱོད་ཀྱིས་རང་ཉིད་མཚན་མོའི་མཁའ་དབྱིངས་ཀྱི་ཟླ་བ་ཉ་གང་བ་ཞིག་ཏུ་བསྒྱུར་སོང
 
འཆི་བ་མ་སླེབས་པའི་དུས་ཚོད་ཀྱི་སྔ་རོལ་དུ
ཁྱོད་ཀྱིས་ཆང་འཐུངས  སྙན་ངག་བརྩམས
ལྟ་བའི་ནགས་ཀླུང་³ནས་སྟག་གཟིག་གི་འགྱིངས་ཀྱིས་ཉལ
རང་ཉིད་ཆེས་དགའ་སའི་བུད་མེད་དེའི་སྔུན་ནས
སེང་གེའི་གཡུ་རལ་བཞིན་འཕྱོ་བའི་སྐྲ་ལོ་ལྟག་གར་བཤད
འབྱམས་ཀླས་པའི་རང་བྱུང་ཁམས་ཆེན་མོའི་པང་ནས
རྟ་ཕོའི་ཁ་རྔོག་དང  ནང་ཁོག་བྲུས་པའི་རི་རྒྱུད་⁴ལ
སྐྱོ་གླུ་བླངས  མཚན་མོ་གྲངས་མེད་ཅིག་ལ
དུས་རབས་ཤིག་གི་མཇུག་མཐའི་མེལ་ཚེ་བྱས
 
“དབུས་ཉི་མ་ལྷ་སར་སོང  མེས་པོའི་ཕོ་བྲང་ལ་མཇལ”
 
འཇིག་རྟེན་ལ་སྟོན་ཁ་སླེབས་པའི་མཚན་མོ་འདིར
ཁྱོད་ཀྱིས་མི་ཡུལ་གྱི་འདུ་འཛིའི་གྲོག་རོང་ཡོངས་སུ་བརྒལ་ཏེ
རྒྱུ་སྐར་ཁྲ་ལམ་མེར་འཚེར་བའི་མཚན་མོའི་ལྷིང་འཇགས་ཁྲོད
ཁུ་སིམ་བག་ཕེབས་ངང་གཏན་དུ་ངལ་གསོས་སོང་ནའང
ཁྱོད་ཀྱི་ཡི་གེ་དག་ལ་རྣམ་ཤེས་གསར་པ་ཐོགས་ནས་འགྲོ་བཞིན་འདུག
གཞོན་ནུའི་ལང་ཚོ་སྨིན་པའི་ཆང་དམ་དེ་ཚོའང
གཡས་འགྱེལ་གཡོན་ལོག་གི་ངང་ནས་ཡར་འགྲེང་འོང་གིན་འདུག
སྒྱུ་མའི་གར་སྣ་ཚོགས་ཀྱིས  ཡིད་དབང་རྐུ་བའི་ལས་རྩོམ་གྱིན་འདུག
བསླུ་བྲིད་ཀྱི་གཡབ་མོ་འདི  འཕྱོར་སྒེག་གི་ལྡེམ་འགྲོས་འདི
ཐོག་མ་ནས་རྒྱང་རིང་ན་ཚུར་འོང་བའི་འཆི་བ་འདི
སུས་ཀྱང་བཟློག་དཀའ
 
ཡིད་རྟོན་འཕེར་དཀའ་བའི་སྣང་བའི་ཁམས་སུ
ཁྱོད་རང “གྲུ་དཀར་པོ” ཞིག་ལ་བསྡད་དེ་ཕར་འགྲུལ་ཚུར་རྒྱུ་ལ་རང་དབང་བདོག
རྒས་འཁོགས་དང་བྱིས་པའི་སོ་ཡིས་དམུར་མི་ཐུབ་པའི་ཐ་སྙད་མཁྲེགས་པོ་དག་བཞུར་ཡོང་སའི་ཁྲག་རྩ་སྦོམ་པོ་ལྟ་བུའི་
ཐ་མག་རྐང་གཅིག་ལ་མེ་བསྒོས་ཏེ  སྒམ་ཚུགས་ཀྱིས་རྔུབ་པའི་དུས་ཚོད་ཀྱང་ཇེ་དལ་དུ་སོང་འདུག
 
ཁྱོད་རང་གསོན་པའི་དུས་སུ
“ཆོབ་ཚ་བོ” འི་མ་ངེས་པའི་སྤྱོད་པ་སྣ་ཚོགས་བསྐྱངས
རྣམ་རྟོག་གི་བྱ་རྒོད་བརྡ་སྤྲོད་ཀྱི་བྲག་ཐེམ་ལ་འབབ་ཏུ་བཅུག
ར་རོར་གྱུར་དུས་ཀྱི་སྣང་བ་ཡི་གེའི་འདུ་བྱེད་ཀྱི་གཟུགས་སུ་ཕབ
 
དེ་ནུབ་ཀྱང “སྨྱོ་ནག་ཀ་ལངས” ཀྱི་རྣམ་ཐར་ཐེངས་གཅིག་བསྐྱངས
དེ་ནས་ལྷོད་ལ་བབས་བྱུང  ཡ་ཁོག་གི་མཚོ་མོ་བྲི་བ་བཞིན་གཏན་དུ་ལྷོད་ལ་བབས་སོང
 
མཆན།
¹འདས་པོ་ཁོང་གི་སྙན་ངག་ཚན་པ་ཁ་ཤས་ཡོད་པ་ཞིག་གི་ཁ་བྱང་གཡར་བ།
²ངེད་གཉིས་ཐོག་མར་ངོ་ཤེས་དུས་ཟི་ལིང་ནས་དབལ་སྲོད་རླུང་དང་སྡེ་བརྒྱད། འདས་པོ་གཉན་ཆེན་ཐང་ལྷ་བཅས་ང་ཚོས་ཆང་བཏུང་ཞིང་། ཐ་མ་ངེད་གཉིས་རྒྱག་རེས་ལྟ་བུ་ཞིག་ཤོར། རྒྱག་རེས་མ་བྱས་ན་ཤག་པོ་མི་ཡོང་པའི་ཁ་དཔེ་བཞིན་རྗེས་སུ་ག་ལེར་གྲོགས་པོར་ཆགས།
³འདས་པོ་ཁོང་ནི་རྩོམ་རིག་ལ་རང་ལ་སྒེར་གཤིས་ཀྱི་ལྟ་བ་ཡོད་ས་ཞིག་ཡིན། ངས་ངོས་ནས་སྙན་ངག་པ་ཞིག་ལ་རང་གི་སྒེར་གཤིས་ཀྱི་ལྟ་བ་ཡོད་རྒྱུ་ནི་གལ་ཆེན་ཞིག་ཡིན་པར་བསམ་གྱི་ཡོད།
⁴འདས་པོ་ཁོང་གི་ཕ་ཡུལ་རྨ་ཆེན་གངས་རིའི་ཉེ་འདབས་ནས་ཡིན་ཞིང་། རྨ་ཆེན་གངས་རི་ད་ལྟ་ཁོག་སྟོང་ལ་ཕྱུང་ཟིན་པ་རེད།
 
བོད་ཀྱི་གཞོན་ནུ།        
        ཤེའུ།
ཁྱེད་རང་ཉིད་ལ་མ་དབང
ང་ཚོ་ལའང་མ་དབང
དོན་དུ  ཁྱེད་རང་ཆང་ཕོར་ཞིག་ལ་དབང་སོང་བ་རེད་དམ
མིན  ཁྱེད་ཆང་ཕོར་ཁོ་ན་ལ་དབང་མི་སྲིད
ཁྱེད  ཆོབ་ཚ་བའི་ནགས་ཚལ་ཞིག་ལ་དབང་སྲིད
ཁྱེད  ཡིད་གདུང་གི་ཤ་དྲོད་མ་ཡལ་བའི་དབྱངས་གསལ་གྱི་ལས་དབང་ལའང་དབང་སྲིད
 
སྐྲ་ལོ་རིང་བོ་བཞག་པའི་ཁྱེད
ཕྱིར་ཕ་ཡུལ་དུ་ལོག་ཤོག
སྔར་བཞིན་ཆོབ་ཚ་པའི་ཐ་སྙད་ཀྱི་གྲུ་གཟིངས་ཏུ་བསྡད་ནས ཕྱིར་ཕེབས་ཤོག
བརྩེ་གདུང་དང་ན་ཟུག་གི་དྲོད་ཁོལ་སྦང་སའི་ཆང་ཕོར་བཏེགས་ནས
ཕྱིར་བོད་དུ་ལོག་ཤོག
ནང་སེམས་ཀྱི་དཀའ་སྡུག་སྲེག་བྱེད་ཀྱི་དུ་བ་ལ་མེ་སྒྲོན་ཞོར
བོད་ཡུལ་དུ་ལོག་ཤོག
 
བོད་ཀྱི་གཞོན་ནུ
ཕུགས་བསམ་ལ་འོད་སྣང་གི་གཤོག་པ་ཐོགས་པའི་རྒོད་པོ
དུས་ཚོད་འཐོར་ཞིག་ཏུ་སོང་ཡང
ཁྱེད་རང་ཡོང་མྱོང་བའི་འདས་སོང་གི་ལམ་ཐིག་དེ་ན
ཉི་འོད་སྔར་བཞིན་འཕྲོས་ཡོད  མེ་ཏོག་སྔར་བཞིན་བཞད་འདུག
 
སྐྲ་རིང་བོ་བཞག་པའི་བོད་ཀྱི་གཞོན་ནུ  བོད་ཀྱི་སྙན་ངག་པ
 
ཡུལ་ལྗོངས་ཆེན་པོ་ཞིག་གི་རླབས་སྒྲ།
                                                                                        སྲིན་པོ།

ཆག་འཕྲོ་དག་འོད་ཟེར་རྡོག་པོ་རེ་རེ་གྱུར
ཆག་འཕྲོ་ལས་ནོར་བུ་དང་སྤོས་ངད་ལྡང་ཡོང
ཁྱེད་ད་དུང་སྔར་བཞིན་མེ་ལྟར་དབལ་ཚ་མོ་རེད
དབྱངས་གསལ་གྱི་ཡུལ་ལྗོངས་ཆེན་མོ་དེ་ནས
ཁྱེད་ལྷ་ཆེན་པོའི་སྐད་ཡིག་ནང་ནས་བཞུར་འོང
ཁྱེད་ཉིད་གཏན་དུ་འགྱེལ་མི་འདུག
ཁྱེད་ཉིད་དུག་ནང་དུ་འགྱེལ་མི་འདུག
ཁེར་རྐྱང་གི་སྒོམ་ཁང་དཀར་པོ་དེའི་ནང་གི་སྤོས་ཤེལ་དང་ནོར་བུ་སྣ་ཚོགས
སྐྱོ་གདུང་གིས་གཟིར་ནས་ནེའུ་གསིང་དུ་བཞུར་ན་ཡང
ཁྱེད་ཀྱི་མེ་འོད་ལྟར་དམར་བའི་སེམས་པ་དེ
ཉི་མའི་ནང་གི་ཡུལ་ལྗོངས་ཤིག་ཏུ་གྱུར
ཁྱེད་ལ་གཏན་དུ་ནག་ཐིག་ཡོད་མི་སྲིད
 
ཟུར་འཕྲོས།
ཁོང་ནི་སྙན་ངག་དང་ཁེར་རྐྱང་ལ་རྣམ་དག་གི་བློ་འཆོལ་མཁན་ཞིག་ཡིན་པར་མ་ཟད་དབྱངས་དང་གསལ་བྱེད་ཀྱི་ལས་དབང་ལ་ནམ་ཀུན་སེམས་ཁུར་བཟོ་མཁན་ཞིག་ཡིན། གསར་རྩོམ་དང་དཔེ་ཀློག་གི་ལམ་ཁར་རང་ནུས་ཅི་ལྕོགས་ཀྱིས་མདུན་སྐྱོད་གནང་མཁན་ཞིག་ཡིན། འདི་དག་དྲན་ན་ཞེ་སྨྲེང་ལ་སྨྲ་བ་ཁེགས་པར་བྱེད། ད་ལྟའི་དུས་སུ་ཁོང་དང་འདྲ་བའི་མི་ནི་ཉུང་ངུ་ལས་མེད། སྐྱིད་སྡུག་གང་ལ་ཡང་མནོ་བསམ་བཞེས་ཐུབ་ཅིང་དེ་དག་ལ་བློ་རྣམ་དག་གིས་འཇུག་མཁན་ནི་ཤིན་ཏུ་ཉུང་། ཕུགས་བསམ་ཅན་གྱི་མི་ནི་ཉུང་ངུ་ལས་མེད། ཕུགས་བསམ་གྱི་ཆེད་དུ་མྱི་ཁ་དང་དཀའ་སྡུག་མྱོང་མཁན་ནི་ཉུང་ངུ་ལས་མེད། ཁོང་ནི་ཕུགས་བསམ་ཅན་ཞིག་ཡིན། ཁོང་ནི་སྒྱུ་རྩལ་དང་རྩོམ་རིག་ལ་མིག་རྒྱང་རིང་བོས་ལྟ་མཁན་ཞིག་ཡིན། ཁོང་ལ་ད་དུང་ཕུགས་བསམ་སྣ་ཚོགས་ཤིག་ཡོད། འདི་དག་དྲན་ན་ཞེ་ཕངས་པ་ལ་ཨང་། ཁོང་ནི་ངེད་ཀྱི་གྲོགས་པོ་ཚོའི་གྲས་ཀྱི་གཅེས་ཤིང་སྙིང་དུ་སྡུག་པ། གཙིགས་ཆེ་བ་ཞིག་ཡིན་ལ། དེ་རིང་གློ་བུར་ཁོང་འཇིག་རྟེན་དཀར་ངོགས་དང་གཏན་དུ་བྲལ་བ་ནི་ཅི་འདྲའི་གདོང་ལེན་དཀའ་ཞིག་རེད་ཨང་། ད་ནི་སྙན་ངག་མང་པོ་བྲིས་ཏེ་ཁོང་ལ་སྐྱེལ་མ་ཞུ་བ་ལས་ཐབས་གཞན་ནི་མེད་དོ།།

གྱེས་ཕྱག
                                ___འཕྱན་བྷང་ལ་ཕུལ། 
                            སྐལ་བཟང་རྣམ་རྒྱལ།

དེ་དུས་ང་ཚོས་ཐ་སྙད་ཀྱི་སྡོང་མགོ་ནས་དབྱངས་གསལ་གྱི་སྲོག་དབང་བཙལ་མྱོང
འཇིག་རྟེན་གྱི་འཚོ་ཚིས་དང་མ་འབྲེལ་བའི་བརྗོད་དོན་ཞིག་རོལ་དབྱངས་སུ་དཀྲོལ་དུས
ན་ཚོད་ཀྱི་སྣང་བ་ལ་འཕྱ་དགོད་ཀྱི་ཟུར་མདའ་རྣོ་ནའང
ང་ཚོས་མཚན་ལམ་རིང་མོ་རེ་རེར་ཨེ་ལི་ཐི་དང་ཅིན་ཟི་པོ་སོགས་གླེང་བཞིན
བྷོར་ཧི་ཟི་ནི་རང་གི་ཡབ་མེས་ལོས་ཡིན་འདོད་སྤྱད་ཀྱི
སྙིང་ཉེ་ཉེ་ཡི་ཁ་བརྡ་མང་པོ་བྱས་མྱོང
 
ལང་ཚོ་ནི་རྨི་ལམ་དང་འཇའ་ཚོན་གྱི་བར་ན་ལུས་པའི
རང་གི་ལས་དབང་གི་སྐྱ་ཐིག་ཅིག་ཡིན་པའི་དབང་དུ་བཏང་ན
ངས་ཁྱོད་ཀྱི་མི་ཚེ་ནི་ནོར་འཁྲུལ་གྱི་བཞི་མདོ་ན་ལུས་པའི
འཕགས་པའི་ཤེས་རབ་ཀྱི་གནས་ལུགས་ལྟ་བུ་ཞིག་ཏུ་བརྩིས་མྱོང
 
སྣང་བའི་གད་ཁུང་གི་སྐྱིབས་སུ
ཁྱོད་ཀྱིས་ཐ་སྙད་རེ་རེ་རྩེད་རྡོ་བཞིན་བསྒྲུགས་དུས
ངས་ཁྱོད་ལ   གལ་ཏེ་སྒྱུ་རྩལ་གྱི་རང་དབང་མིན་ཚེ
ངས་ཁྱོད་ཀྱི་བྲིས་བྲིས་ཐམས་ཅད་བརྡ་ནོར་ལ་རྩི་ངེས་ཟེར་མྱོང
དེ་ནས་མར་བརྩིས་ན  ད་ནི་མི་ལོ་བཅུ་འགོར་སོང
མི་ལོ་བཅུའི་རིང་ལ   ཁྱོད་ཀྱིས་ཁུ་སིམ་མེར་རང་གི་རྩ་དོན་དེ་རྒྱུན་འཁྱོངས་བྱས་སོང
 
སྔོན་ཆད  སྒྱུ་རྩལ་ནི་འཚོ་བ་དང་ཆ་མི་འགྲིག་པའི་ལྷམ་ཞིག་ཡིན་པ
ང་ཚོས་ཡང་ཡང་འཁང་ར་བྱས་མྱོང་པ་ཇི་བཞིན    
ཁྱོད་ཀྱི་ཚེ་སྲོག་ལ་གས་ཁ་ཤོར་བ་དེའང          
ང་ཚོའི་ཐོག་མའི་ལེ་ལན་དེ་དང་འབྲེལ་ཡོད་དམ
                                       
འཕྱཎ་བྷང་།    
              ལྷ་རྒྱལ་འོད།

རྣམ་ཤེས  ནག་ཐིག་ཆེ་ཞིག་ཏུ་གྱུར  ཁྱོད་དང་བཀྱེད
མིང་འདི འཕྱཎ་བྷང རྒྱང་རིང་ནའང་མི་འདུག
 
ཆང་འདི  གམ་ནའང འཁྲུལ་སྣང་སྙིང་ལ་བརྒྱབ
འཆི་བའི་ནགས་ཚལ་ཁྲོད  དེ་ལྟར་མ་སོང་ན
གང་ལྟར སྒོ་ཁར་སླེབས་འདུག  དུས་ཚིགས་འདིར
འུ་གཉིས་ཀས དྲན་གདུང་འབུགས་བྱེད་ཀྱི་རལ་གྲི་མགར
 
ཤི་རྗེས་སུ རྡོ་སྒོང་ལས་འཁྱག་པའི་ཤ་རུས
ཆང་རྒོད  གདུས་མ་ཞིག་ཏུ་འཁྲུལ་ཨ
མདང་དགོང་ཉི་མ་ཡལ་རྗེས 
ཁྱོད་ཀྱི་གྲིབ་མའང་ལུས་ལ་ཡལ
 
མདོག་ནག་པོའི་མེ་ཏོག་ཞིག་གི
ཁ་དོག་ཡལ་སོང་ཟེར་ན་ཅི་རེད
མུན་དོང་འདིའི་ནང ཁྱོད་ཀྱི་ཤ་དྲོད་འདུག
 
འཕྱན་བྷང་ལ་ཕུལ་བ།        
    
མོག་ཟླ།

མེ་ཏོག་གི་འདབ་ལོ་རྙིད།
སྦྲང་ཆུང་གིས་སྨྲེང་གླུ་བཀུག
ཁྱུང་ཁྱུ་ཡིས་རྡང་ཐག་འཐེན།
སྟོན་བད་མགོའི་དུས་སུ།
ཁྱེད་འཇའ་གཟུགས་ཀྱི་ངོ་བོར་ཤར།
ཁྱེད་འདུས་བྱས་ཀྱི་གཟུགས་སུ་གྲུབ།

སྐྱེ་འཆིའི་བརྡ་རྟགས་ལན་རེར་ཐོན་ཚེ།
ང་ཚོ་གང་དུ་ཡོད་པ་ཧ་གོ་ཐབས་མི་འདུག
འོན་ཀྱང་། ང་ཚོ་སྙན་ངག་ཡོད། དབྱངས་གསལ་ཡོད།
དེ་ཁོ་ནས་ཆོག་སྟེ།
སྙན་ངག་ཁོ་ན་ཤུལ་དུ་ཡོད་པས་ཆོག
 
ཝ་ཡེ། གཞོན་ནུ་སྣང་གསར།
ཟིང་ཟིང་གི་འདུ་སྣང་ཁྲོད།
སྙན་ངག་ཁ་ཤས་ལ་གཞོན་ཚུགས་རྒྱས་ཏེ།
ན་མཉམ་ཚོའི་རྩེད་ར་ན་ཀྲོག་ཀྲོག་ཚ་བོ་འདུག
         8/20/2021/ མཚན།
 
 ཆང་གིས་ཚོས་པའི་འཕྱན་བྷང་ལ།                
                           
__སྙན་ངག་པ་འདས་པོ་འཕྱན་བྷང་ལ་ཕུལ་བ།                
                  གསའ།

སྒྱུ་འཕྲུལ་གྱི་མེ་སྒོང་ནང་གི་སྟག
ནགས་ཚལ་གྱི་དར་ཟབ་གྱོན་པའི་ཉྭ་དཀར་པོ
འཆི་བའི་མེ་ཏོག་ལ་སོ་ཤད་བྱེད་པའི་ཕྱེ་མ་ལེབ
 
སྣང་བའི་དཀྱིལ་འཁོར་ངོས་སུ་གློག་འཁྱུག་པའི་གར་པ
མི་རྟག་པའི་འདམ་རྫབ་དང
ཨར་ལྕགས་ཀྱིས་བཟོས་པའི་གྲུ་དེ
རླུང་བུ་གཏོང་ཞིང་ཆང་གིས་བད་པའི་ཡེ་ཤེས་མཚོའི་སྐུ་དྲག
 
《ཚོབ་ཚ་པོ》ཐ་སྙད་བྱེ་བ་ཁྲི་སྟོང་ཤེལ་ཆག་བཞིན་དུ་ཟས་སུ་ཟ་བ
མདངས་སུ་དོད་པའི་དུག་ནང་དུ
ཁྲུས་བྱེད་པའི་ཡན་གར་བའི་ཁྱོད 
གློ་རྡེག་ཏུ   གོ་ལ་གཞན་གྱི་བརྩམས་ཆོས་ཞིག་ཏུ་གྱུར
ཚེ་དཔའ   འཕྱན་བྷང 
       8/20/2021/མཚན།
 
                  ཆང་དུག
 
ཁོས      དུག་རྔུབ་སོང     ཁོས     ཁོའི་ཁོག་ཏུ་དུག་རྔུབ་སོང
ཁོས      སྐྲ་རིང་བོ་བཞག   ཁོས   ཁོའི་མགོ་རུ་སྡུག་སྐྲ་རིང་བོ་བཞག
ཁོས      འཆི་བདག་ལ་རྒོལ་སོང  ཁོས   ཁོའི་ཆུང་མ་ང་ལ་ཚེ་མི་རིང་ཟེར
ཁོས    རང་གི་བེམ་པོ་དུར་དུ་སྦས   ཁོས    ཁོའི་བེམ་པོ་ཆང་དུག་ཏུ་སྙལ་ནས       སྒྱུ་མའི་འཇིག་རྟེན་འདིའི་ཞལ་ངོ་བསུབ་སོང     

                                                                             ——•ཁ་བྱང་གི་འབྲེལ།
                                     
                                           འདྲེ་ལྗང་།
 
ལག་གི་འཇའ་རིས་སྟོང་བ་དེས    
ཁྱོད་ལ་བསླུ་བྲིད་གནང   
 
ཁེར་རྐྱང་ནི་དྲག་ཆར་ནང་གི་གསོལ་འདེབས
ཁྱོད་ཀྱིས    རང་ཉིད་གསོལ་འདེབས་དེའི་ནང་ལ་རྒྱ་བསྐྱེད་པ་དང
འཇིག་རྟེན་ཇེ་ཡག་ཏུ་འགྲོ་བའི་རྨི་ལམ་སྣ་ཚོགས་རྟོགས་བཟོ་བྱེད
 
ཁྱོད་རང       ཐག་རིང་ན་དུར་ས་གཡས་སུ་འགྱེལ
ཁྱོད་རང        ཐག་ཉེ་ན་འཆི་བདག་ཀྱང་རྨི་ལམ་ཞིག
 
ཆང་ནང་ལ་སྦྱང་བའི་འཇིག་རྟེན་འདི
སྟོང་སང་སང་གི་མུན་པ་ཡུག་གཅིག་འོག་ཏུ
ཁྱོད་ཀྱི      སྡུག་སྐྲ་རིང་བོའི་ལུམས་ནས་སྡུག་བསྔལ་གྱི་རྩད་པ་རྒྱས
 
སྙན་ངག་པ་ནི  རང་གི་ངར་ཤུགས་ཀྱིས་རང་ཉིད་བསྲེག་ནུས་པའི
སྟོང་བསམ་གྱི་སྔགས་པ  ཁྱོད་ཀྱང་དེ་བཞིན་ནོ
 
ཁྱོད་ཀྱི  ཚེ་སྲོག་གི་འབབ་ཡུལ་མཐའ་མ་ནི
ཁེར་རྐྱང་དང་སྡུག་བསྔལ  རེ་ཆད་དང་རྣམ་རྟོག་གིས་བསྐྱེད་པའི
རང་གི་སྙན་ངག་ནང་ཡིན་ངེས གཟུགས་མེད་ཀྱི་འོད་སྣང་དེས
ཁྱོད་ཏག་ཏག་འཇིག་རྟེན་འདི་ལས་འདས་པར་བཏང་སོང

རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《བདུད་རྩི་ཕོར་པ་གང》--ན་གཞོན་སྙན་ངག་པ་འཕྱན་བྷང་ལགས་ལ་རྗེས་དྲན་ཞུ་བའི་སྙན་ངག་ཕྱོགས་བསྒྲིགས།

2021-08-22 ཨ་རྡོར་སོགས། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།