ལོག་ལྟ་ནི་སྙན་ངག་གི་ཀློག་སྟངས་ཤིག་རེད།

ལོག་ལྟ་ཞེས་ན་ཁྱེད་ཀྱི་སེམས་སུ་ནང་བ་སངས་རྒྱས་པའི་ཆོས་ལ་ལྟ་བ་ལོག་པ་ཞིག་ཏུ་གོ་ངེས་རེད། ཡིན་ནའང་འདིར་ཤོད་འདོད་པ་ནི་དཔེ་ཀློག་གི་ཁྲོད་དུ་གོ་བ་ལོག་འཁྱེར་དང་འཆར་རྟོག་ལོག་པར་འཇུག་པའི་རིགས་ལམ་ཞིག་ལ་བཤད་པ་ཡིན་པས། ཁྱེད་ཀྱི་བསམ་ཚུལ་དང་ངའི་གོ་སྟངས་གཅིག་འདྲ་ཡིན་རྒྱུ་མ་རེད།
  སྙན་ངག་ལ་ངེས་པར་དུ་ལོག་ལྟ་བྱེད་དགོས་པ་མིན་ནའང་། སྙན་ངག་ནི་ལོག་ལྟ་བྱས་ཆོག་པ་ཞིག་རེད། དེ་བས་འདིར་ཤོད་འདོད་པ་ནི་བྱེ་བྲག་གི་ཀློག་སྟངས་ཁྱད་མཚར་བོ་ཞིག་ཡིན་པས་སྙན་ངག་ནི་སྙིང་བོ་མེད་པར་མཐོང་མཁན་ཚོས་གོ་བ་ལོག་འགྲེལ་མི་གནང་བར་ཞུ། སྤྱིར་འཇིག་རྟེན་གྱི་རིག་གཞུང་སྣ་ཚོགས་པ་གང་ཞིག་ཀློག་དུས་ཀྱང་གོ་བ་ལོག་འཁྱེར་དང་ལྟ་ཚུལ་ལོག་པར་འཛིན་མི་རུང་བ་ནི་གནས་ལུགས་ཀྱི་བདེན་རྫུན་ལ་གསལ་ཁ་འབྱེད་ཅིང་རང་གི་རིགས་ལམ་དྲང་བོར་འགྲོ་བའི་ཐབས་ལམ་ཞིག་རེད།
  ཡིན་ནའང་སྙན་ངག་ལ་ལོག་འགྲོའི་རིག་པ་ཞིག་ཡོད་དེ། ཁྱོད་ཀྱིས་གནའ་བོའི་སྙན་ངག་ཅིག་དེང་གི་སྙན་ངག་བཞིན་བཀླགས་ཆོག་ལ། དེང་གི་སྙན་ངག་ཅིག་ཀྱང་གནའ་བོའི་སྙན་ངག་གི་ཚུལ་དུ་བཀླགས་ཆོག གཞོན་ནུའི་སྙན་ངག་ཅིག་རྒན་པའི་སྙན་ངག་བཞིན་བལྟས་ཆོག་ཅིང་། རྒན་པོས་བྲིས་པའི་སྙན་ངག་དེའང་གཞོན་པའི་སྙན་ངག་བཞིན་མྱངས་ཆོག ཐ་ན་སྲོལ་རྒྱུན་དུ་བྲིས་པའི་སྙན་ངག་དེ་གྲོལ་བའི་སྙན་ངག་གི་ཚུལ་དུ་བལྟས་ཆོག་ལ། གྲོལ་བའི་སྙན་ངག་དག་ཀྱང་དེ་བཞིན་སྲོལ་རྒྱུན་གྱི་རྣམ་པས་བཀླགས་ཆོག
  སྙན་ངག་གི་མཚོན་དོན་ཐད་ནས་ཀྱང་སྙན་ངག་པའི་སྐྱོ་ཡུས་ཀྱི་མཚོན་དོན་དེ་རང་གི་མི་ཚེའི་བསམ་གཞིག་ཅིག་ཏུ་གོ་ཆོག་ལ། ལེགས་བཤད་ཀྱི་བརྗོད་སྙིང་དེའང་ཡིད་འགྱུར་གྱི་འཕར་རིམ་ཞིག་ཏུ་བལྟས་ཆོག སྙན་ངག་པའི་དུངས་པ་གཏིང་ནས་བརྡོལ་བའི་ཚོར་རྟོག་དེ་གཡོ་འགུལ་མེད་པའི་མནོ་བསམ་ཞིག་ཏུ་སྙམ་ཆོག་ལ། བརྩེ་བ་གཞན་ལ་དྲངས་པའི་རི་མོ་དེ་རྟོག་གེ་རིག་པ་བརྡོར་བའི་བདེན་ལུགས་ཤིག་ཏུའང་གོ་ཆོག
   སྙན་ངག་ལ་ཕ་མཐའ་ཟེར་བ་ཞིག་དང་སྣེ་ཐིག་ཟེར་བ་ཞིག་མེད་པ་འདི་ལོ་རྒྱུས་ཀྱིས་སྔར་ནས་ཐག་བཅད་ཟིན་པས། སྙན་ངག་གི་ཚོར་བ་དང་མྱོང་རོལ་གང་ཡིན་རུང་ཟིན་དུ་མེད་པའི་སྨིག་སྒྱུའི་གྲོང་ཁྱེར་དང་འདྲ་བོ་ཞིག་བྱུང་བ་འདི་ཡང་ལོག་ལྟ་ལས་བྱུང་བའི་ཞིང་ཁམས་ཁྱད་པར་བ་ཞིག་ཡིན་ལ། སྙན་ངག་དམ་པའི་རོ་བཅུད་དག་ལྐུགས་པས་བུ་རམ་མྱངས་པ་བཞིན་ཤོད་དུ་མེད་པ་འདིའང་ལོག་ལྟ་ལས་བྱུང་བའི་དམིགས་པ་ཁྱད་མཚར་བོ་ཞིག་རེད།
   ལོག་ལྟ་འདི་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁོ་བོས་འདི་ལྟར་སྙམ་སྟེ། སྙན་ངག་པས་སྙན་ངག་གསར་རྩོམ་བྱེད་སྐབས་རྟོག་པ་འོག་འགྱུའི་ཚོར་བ་ཞིག་ལ་བརྟེན་དགོས་ཕྱིར། བརྗོད་སྙིང་འདི་ཞེས་དམིགས་པ་གསལ་བོ་ཞིག་ཆགས་མེད་ལ། དོན་སྙིང་འདི་ཞེས་བསྟན་དོན་ཧྲིལ་ལོག་པ་ཞིག་ཀྱང་མེད་པར་། ཚོར་བ་དེའི་སྣེ་འམ་ཁུངས། བར་དང་གསེང་གང་རུང་ན་ཡུན་རིང་འགུལ་གྱིན་པའི་རྣམ་རྟོག་ཅིག་བསྙེགས་ནས་སྣང་བརྙན་མང་པོ་ཞིག་བཞེངས་བསྐྲུན་བྱེད་ཀྱིན་ཡོད་པ་རེད།
   སྙན་ངག་གིས་དམིགས་སྣེ་ཞིག་དང་བརྗོད་བྱ་གང་རུང་གཏན་འཁེལ་མིན་པའི་ནང་སེམས་ལྗོངས་ཀྱི་འགུལ་བསྐྱོད་ཅིག་འབྲི་བའི་ཚེ་ན་མ་མཐའ་ཡང་དེ་འདྲ་ཡིན་ཏེ། འབྲི་མཁན་རང་གིས་བཤད་ཀྱིན་པའི་སྣེ་དེ་ལག་པས་བསྙབ་ན་འཛིན་རྒྱུ་ཞིག་དང་མིག་གིས་ཅེར་ན་མཐོང་རྒྱུ་ཞིག་གི་ཚད་དུ་མེད། གསལ་བོར་བཤད་ན་ཁོས་འབྲི་ཀྱིན་པ་ནི་མ་རིག་པའི་འཇིག་རྟེན་ཞིག་རེད། ཡང་ན་འདི་ལྟར་བཤད་ཆོག་སྟེ། སྙན་ངག་ནི་ཐོག་མཐའ་བར་གསུམ་དུའང་མིའི་རིགས་ཀྱི་རྣམ་རྟོག་གི་ཡུལ་ལྗོངས་མག་མོག་ཅིག་ཏུ་སིམ་ཡོད།
   དེ་ན་དོན་གྱི་སྙན་ངག་ཅེས་པའང་མཐར་གཏུགས་ན་མིའི་རིགས་ཀྱི་མ་རིག་པའི་ཚོར་འདུའི་ཁྲོད་དབང་མེད་དུ་བརྡོལ་བའི་སྐྲག་སྣང་རིགས་ཤིག་གམ། རྟོག་པ་དེའི་ཕ་མཐའ་རུ་དབང་མེད་དུ་བཞུར་འགྲོ་བའི་དུངས་ཚོར་སད་རྟོགས་ཅན་ཞིག་ཡིན་པར་སྙམ། དེ་ལྟར་མིན་ན་དགེ་ཆོས་ཀྱིས་རྟེན་འབྲེལ་བསྟོད་པ་བཀླགས་ཀྱིན་བཀླགས་ཀྱིན་ངུ་ཤོར་འགྲོ་བའི་དུངས་བརྩེ་ཁྱད་པར་བ་ཞིག་ཅིས་ཀྱང་ཐོན་ཁག་པོ་རེད། དེ་ནི་བལྟ་སྟངས་ཤིག་གི་ཁྱད་པར་སྟེ། སྙན་ངག་ལས་སློབ་གསོ་ཞིག་དང་ཤེས་བྱ་ཞིག་ཨེ་ལོན་ལ་སྙེགས་འདོད་པ་ནི་སྙན་ངག་མ་ཤེས་པའི་ཁྱད་ཙམ་རེད།
   སྙན་ངག་ལས་སྙན་ངག་པའི་ཚོར་བ་ཞིག་གིས་ཀློག་པ་པོར་སད་རྟོག་གི་རིགས་པ་ཞིག་འཕྲོ་བར་བྱེད་པའམ། ཡང་ན་ཀློག་པ་པོས་སྙན་ངག་དེའི་ཚིག་འབྲུ་རེ་གཉིས་དང་རྐང་བ་རེ་གཉིས་ལས་རང་གི་མྱོང་བ་དང་རིགས་ལམ་ཞིག་རྙེད་དགོས་པའང་ལོག་ལྟའི་རིག་པ་འདི་འབྱུང་བའི་གནད་གཅིག་རེད་བསམ་ཀྱིན་ཡོད། དེ་གསལ་བོར་བཤད་ན་སྙན་ངག་པའི་ཚོར་བ་གང་ཡིན་པ་དེ་ཇི་བཞིན་དུ་ཀློག་པ་པོས་རྟོགས་དཀའ་སྟེ། ཀློག་པ་པོས་སྙན་ངག་དེའི་ཤུགས་ནས་རང་ཉིད་ཀྱི་ཚོར་བ་གང་རུང་ཞིག་རྙེད་དགོས་པ་དེ་རེད།
  དེའི་དབང་གིས་སྙན་ངག་ནི་གོ་དཀའ་བོར་འགྱུར་བ་འདིའང་ཆོས་ཉིད་ཅིག་ཡིན་ཏེ། སྙན་ངག་འདི་ཚད་ལས་བརྒལ་བའི་གོ་སླ་བོ་ཅན་ནམ་མཐོང་མ་ཐག་དོན་སྙིང་ཤེས་ཐུབ་པ་ཞིག་ཡིན་ན་དེས་ཕྱོགས་གཅིག་ནས་སྙན་ངག་གི་བསམ་བློ་དང་གཉུག་གཤིས་དག་རྦད་དེ་སག་གཅོད་བྱས་ཡོད་ལ། གཏན་ཚིགས་དང་བཅས་ཏེ་གོ་རིམ་ཡོད་པའི་སྒོ་ནས་བདེན་ལུགས་ཤིག་དང་བསམ་བློ་ཞིག་བཤད་ཀྱིན་པའི་སྙན་ངག་དག་ནི་གཞི་རྩའི་ཆ་ནས་སྙན་ངག་ཅིག་ཏུའང་གོ་ཁག་པོ་སྟེ། སྙན་ངག་དེ་དག་ལ་སྙན་ངག་པ་རང་ལ་དབང་བའི་དུངས་བརྩེ་ཡོད་མི་སྲིད་པའི་ཕྱིར་རོ།
   རྒྱུ་མཚན་ཤིན་ཏུ་སླ་སྟེ། སྙན་ངག་གི་ཁོངས་སུ་ཕན་ཚུན་བསྣོལ་འདྲེས་ཀྱིས་འཁྲིགས་པའི་ཚོར་རྟོག་གི་ན་བུན་གྲངས་མེད་པ་ཞིག་གཡོ་ཀྱིན་ཡོད་པས། ད་གཟོད་སྙན་ངག་དེ་ལ་ལོག་ལྟ་ཞེས་པའི་ཀློག་སྟངས་ཁྱད་མཚར་བོ་འདི་འདྲ་ཞིག་བྱུང་བ་རེད། ལོག་ལྟ་འདི་ལ་རང་སྣང་གི་ཆ་ཤིན་ཏུ་དྲག་པོ་ཞིག་ཀྱང་ཡོད་དེ། ཀློག་པ་པོ་སུ་ཡིན་ཡང་རང་གིས་གོ་བ་དེ་བདེན་པར་འཛིན་ཞིང་ཚད་མར་བགྲང་ཀྱིན་ཡོད་ལ། དེ་ལས་གཞན་པའི་འགྲེལ་སྟངས་དག་ལ་ཅི་མི་སྙམ་པའི་འདུ་ཤེས་སྐྱེས་ཀྱིན་ཡོད། དེ་ཡིས་ཀྱང་ཕྱོགས་ངོས་གཞན་ཞིག་ནས་མིའི་རིགས་ཀྱི་གསར་བཏོད་རང་བཞིན་འཕེལ་རྒྱས་སུ་འགྲོ་བར་བཀག་འགོག་བྱེད་ཀྱིན་ཡོད།
ཆུ་སྣོད་རེ་ལ་ཟླ་གཟུགས་རེ་རེ་འཕྲོས་པ་ལོག་དང་རྟོག་པའི་སྐད་ཆ་ཡིན།།
བུད་མེད་རེ་ལ་ཆགས་སྡང་སོ་སོ་འབྱུང་བ་ལོག་དང་རྟོག་པའི་རང་གཤིས་ཡིན།།
བུ་རམ་རེ་ལ་མངར་སྐྱུར་ཁ་ཁ་ཚོར་བ་ལོག་དང་རྟོག་པའི་ངོ་བོ་སྟེ།།
ཐ་སྙད་རེ་ལ་བདེན་རྫུན་འགྲིག་འགྲིག་འབྱུང་འདི་ལོག་དང་རྟོག་པའི་ཁྱད་ཆོས་ཡིན།།

 ཞེས་ཀྱང་བྱའོ།།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོག་ལྟ་ནི་སྙན་ངག་གི་ཀློག་སྟངས་ཤིག་རེད།

2009-08-03 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།