ཨ་ཤི་རེ་ཁོ།
སྙན་ངག་ནི་སྐབས་ལན་རེར་མིང་ཚིག་ཅིག་རེད་འདུག
མིང་ཚིག་གི་ཁྲོད་དུ་མངོན་པའི་སྙན་ངག་དེ
དོན་གྱི་ངོ་བོ་ཙམ་དུ་སྟོན་པའི་སྒྲ་ཞིག་ལ་གོ་བས
ཀ་བ་དང་བུམ་པ་ཞེས་པ་དང་འདྲ་བོ་འདུག་སྟེ
སློབ་ཆུང་གི་ལོ་རིམ་དང་པོའི་བྱིས་པ་དག་གིས་ཀྱང
སྙན་ངག་ཤར་ཤར་དུ་ཀློག་ནུས་འདུག
སྙན་ངག་ནི་སྐབས་ལན་རེར་བྱ་ཚིག་ཅིག་རེད་འདུག
བྱ་ཚིག་གི་ཀློང་དུ་འགུལ་བའི་སྙན་ངག་དེ
བྱ་བའི་ལས་ཤིག་དང་འབྲེལ་བའི་དབང་གིས
གླུ་དང་ལ་གཞས་འགུགས་པ་དང་ཡང་འདྲ་བོ་འདུག་སྟེ
ལ་ཁའི་རྫི་བོ་ཕོ་མོ་དག་གིས་ཀྱང
སྙན་ངག་སང་སང་དུ་ལེན་ནུས་འདུག
སྙན་ངག་ནི་ཤིང་གིས་བཟོས་པའི་སྒེའུ་ཁུང་ཞིག་སྟེ
ཕྱི་རོལ་གྱི་ཡུལ་ལྗོངས་འབའ་ཞིག་སྙམ་ན
སྒེའུ་ཁུང་གི་གླེགས་ཤིང་དག་གི་བར་བར་དུ
གསལ་ཐག་ཆོད་པའི་ཤེལ་སྒོ་ཞིག་བསྣན་ཆོག
སྙན་ངག་ནི་ཆོན་གྱིས་བརྒྱངས་པའི་སྦྲ་ནག་ཅིག་སྟེ
ནང་རོལ་གྱི་དྲོད་ཁོལ་ཁོ་ན་སྒོམ་ཚེ
སྦྲ་ནག་གི་ཁ་ཚུབ་ཡང་མོ་དག་ཀྱང
ནེམ་ཞིང་འབོལ་བའི་སྤང་རྩྭ་ཡིས་མནན་ཆོག
བྱིས་པ་དང་རྒན་པོ་སུ་ལའང་སྙན་ངག་ཡོད་ཆོག
སྙན་ངག་ནི་སྐད་ཆ་ཡིན་ལ དངོས་རྫས་ཀྱང་ཡིན་ཆོག
འུར་ཆའི་ལོང་ཐག་ལ་བརྒྱུས་པའི་རྩིད་སྐུད་དེ་སྙན་ངག་ཡིན་ལ
བྱུ་རུའི་ཕྲེང་འཛིན་ལ་གདམ་པའི་གཡུ་ཆུང་དེའང་སྙན་ངག་ཡིན་ཆོག
ཡིན་ནའང སྙན་ངག་འདི་སྐབས་ལན་རེར་ལས་ཚིག་ཅིག་ཀྱང་ཡིན་ཏེ
དུས་གསུམ་མི་རྟག་པའི་དབང་གིས
ཞོགས་པར་སེར་པོ་དང ཉིན་གུང་དཀར་པོ
སྲོད་དུས་དམར་པོར་འགྱུར་ཀྱིན་འདུག་ན
རྟགས་འཇུག་དང་རྫས་འགྱུར་ལ་རྨོངས་པའི་ཁྱེད་རང
ད་དུང་ཡང སྙན་ངག་གི་གཟུགས་འགྱུར་གཉུག་གཤིས་དང
རྒྱང་ཐག་རིང་དོན་ཅི་ཡིན་ནམ
རྩོམ་ཁུངས། ངེད་དྲ་བ།