དྲ་གྲོགས་ཡོངས་ལ་ཕུལ་བའི་མཇུག་མཐའི་འཕྲིན་ཡིག་ཅིག
སངས་རྒྱས་ནོར་བུའི་འོད་དག་ནི།།
གླིང་ཀུན་གསལ་བྱེད་མེ་ལོང་ཉིད།།
ཆུ་ཤེལ་དྭངས་པ་འཛིན་ཕྱིར་དེས།།
བདག་ཉིད་དཀར་ལ་ཉེ་བར་བསྟེན།།
ཤེས་བྱ་ཉལ་འགྲོའི་སྐ་རགས་ཅན།།
ཁོང་ཡངས་གསེར་གྱིས་དྲེགས་པ་མོར།།
བློ་གྲོས་ཀྱོ་རྣོན་རིང་རྐྱོང་བ།།
མིག་ཡངས་གང་གི་ཕྱག་མཚན་རྩེར།།
གང་ཞིག་གོམས་པས་ངང་དབང་སྲིད་ལ་ལང་ཚོ་འགོད་མཁས་མཁས་མང་རོ་འཛིན་ལ་སྲེད་པས།།
ལེགས་པར་བསྐུལ་བ་དབྱངས་ཅན་ངག་གིས་ཆགས་ལྡན་དགྱེས་བསྐྱེད་སྐྱེད་བྱེད་འཛིན་མའི་ཁོངས་པ་རུ།།
སྔོན་མེད་རིག་བྱེད་ཨ་གར་འབྲས་བུས་ཡིད་སེམས་ཉེར་སྦྲེལ་སྦྲེལ་གང་རང་དབང་སོང་བའི་མཐའ།།
མ་རྙེད་གྲོགས་དག་རིངས་པར་བསྐྱོད་སླད་རྟག་འགྲོའི་སྲོག་འཆང་འཆིང་བྱེད་བདུད་ཀྱིས་མ་ཉེས་གྲང་།།
འདི་ན་སྒྱུ་མའི་ཁང་ཆེན་འོད་ཀྱི་སྣང་བ་འཕྲོ་ལ་མིག་དཀྱུས་གཡོ་བའི་ཁེངས་པ་ཡིས།།
དར་དིར་གླུ་ལ་མྱོས་པའི་རྐང་དྲུག་ཀུན་གསལ་ཕྱོགས་ཀྱི་འཇའ་འོད་འཁྱུད་ལ་ཉེར་རྩོམ་པ།།
རྣམ་གཡེང་དེ་ཡིས་སྒྲོ་གཤོག་ཕྲ་གྱུར་ཟེའུ་འབྲུ་མལ་དུ་སིམ་བུར་གཉིད་འདོད་སྐབས་ཉིད་ན།།
ཡང་ཡང་གཙེས་བྱེད་ལས་ཀྱི་རླུང་བོས་ངེས་མེད་རྡེག་བཞིན་དུས་ཀྱི་འཁོར་མོ་རིང་ཞིག་འདས།།
མ་བརྟག་པར་ཡང་སེམས་ཀྱི་གྲུ།།
མུན་པའི་ཁུང་བུར་འཇུག་སྙམ་པ།།
སྐྱོ་དང་དགའ་བའི་ཆུ་འཛིན་ཕྲེང་།།
མཁའ་ལ་བྲེས་འདིས་ངལ་བ་བྱིན།།
ཞི་དང་བརྩོན་པའི་ཙན་ཏན་བརྡར་ལས་ངོ་མཚར་ཐིགས་ཕྲེང་ས་ལ་རྣམ་པར་བཀོད་པ་ཡིས།།
ཕྱོགས་མཐར་དགེ་བའི་འོད་སྣང་འདི་ཀོས་རིགས་ཀྱི་མྱུ་གུ་ཉེ་བར་བསྐྱངས་ཞེས་རྒོད་པ་ནི།།
མཚན་མོའི་ཁྱིམ་དུ་རྒྱུ་སྐར་བུ་མོས་དཀར་འཛུམ་སོ་ཡི་པགས་པ་བསྐྱོད་ཅིང་བལྟ་བ་བཞིན།།
བདག་རྣམས་ངེས་པར་རྗེས་སུ་སྨོན་བྱེད་ཞེན་པའི་ཡིད་ཀྱིས་བསྔགས་འདོད་ཡང་དག་ལྟ་བའོ།།
གང་ན་ཉིད་ཀྱི་རལ་བ་ཉིལ་བ་བརྗིད་ཅིང་དྲེགས་པས་ཤེས་བྱའི་རི་དྭགས་བྱེར་བ་ནི།།
གང་དག་འཇིག་རྟེན་བྱེད་པོ་དངངས་པས་མཐའ་མེད་དེ་ལ་བསམ་གཏན་ལས་ཀྱིས་གཞོལ་བ་བཞིན།།
གང་ཞིག་ངག་རིག་སྲིད་ལ་བསྒྲགས་པས་རྒྱུད་མངས་ལས་ཀྱིས་ཕོངས་བྱས་གར་གྱིས་ངལ་བ་ནི།།
གང་དག་ཆགས་པས་རྗེས་སུ་རྨོངས་ལ་བྱེད་པོ་ཉིད་ཀྱང་སོར་མོ་ནུ་བའི་སྟབས་སུ་བྱིན།།
དམར་པོའི་མདངས་ཀྱིས་ཡང་ཡང་བསླུས་པ་དགོང་ཀའི་མཚམས་སྤྲིན་ཡལ་བ་ལྟའི།།
སྐབས་ཀྱི་འཚོ་ལམ་བྱེ་མའི་ངམ་ཐང་དཀའ་བས་བགྲོད་པའི་སྣེ་ཞིག་ན།།
དུད་སྤྲིན་སྨུག་པར་རྒོད་པའི་སྒྱུ་འཕྲུལ་རིག་བྱེད་མཐའ་མའི་ཐེམ་པ་རུ།།
སྲོག་དང་བཅས་པའི་སྤར་མོ་འཐམས་ལ་ཤི་གསོན་ཁྲེལ་བའི་སྐད་ཀྱིས་ཅི།།
གླུ་ཡིས་རྨོངས་པ་ར་མའི་བུ།།
རྔ་གཡབ་མེ་ཡིས་བསྲེགས་པ་ལ།།
རི་དྭགས་སྲོག་གི་སྦྱིན་པ་དག།
དེང་ན་རིག་པའི་རོལ་དུ་ལྷུང་།།
གང་ཞིག་ཡིག་འབྲུའི་སྟོབས་ཀྱིས་འཚོ་བ་རིགས་པའི་འོབས་སུ་ལྷུང་བ་ཡི།།
སྙུ་གུའི་མཆུ་རྣོན་གྲི་ཡིས་གཏུབ་ལ་ཁོང་ཁྲོའི་ཁུ་ཚུར་རྡེག་བརྩོན་ཡང་།།
སྣང་མེད་འཇའ་རིས་གོས་སུ་གྱོན་འདོད་རེ་སྟོང་ངང་གིས་སྐྱེལ་བྱེད་པའི།།
དེང་གི་སྲོལ་འདིས་རང་དབང་ཐེམ་པ་སྤྲིན་གྱི་གཟུགས་བརྙན་ཀློང་དུ་དྲངས།།
རིགས་ཞེན་ལ་རྒྱའི་སྤོབས་པས་འགྲེང་བ་མཆོག་གི་སྣང་བརྙན་མ་བོར་ཡང་།།
འཚོ་བའི་བཞུད་ལམ་དུངས་པས་སྐྱེལ་ལ་རྗེས་ཀྱི་ཆགས་པ་མ་བཟློག་པས།།
འཕྲིན་ཆུང་འོབས་ཀྱི་དབུགས་སྒྲོམ་འབུད་ལ་གྲོགས་དག་རྟག་འགྲོའི་སྲོག་འཆང་བ།།
གང་ཞིག་སྲིད་པའི་མཐའ་ལ་ཕྱིན་ཀྱང་མི་ཕྱེད་དམ་པའི་བཀའ་ལ་བསྐོས།།
གཟེབ་དྲའི་ཕྱི་ནང་ཡུན་གྱིས་བརྒལ་ཏེ་བགྲང་བྱའི་རྒྱུན་མ་ངང་གིས་ཕྱིན།།
སེམས་ངལ་སྡུག་གི་འཁོར་མོ་སྐྱོར་བཞིན་ཁེར་རྐྱང་ལོ་ཟླ་ཡུན་གྱིས་བདས།།
མ་བསམ་རིགས་ཀྱི་ཞེན་པ་དྲོན་མོ་བག་ཆགས་སེམས་ཀྱིས་བྲིས་པ་ཡིས།།
མི་འདོད་རང་དབང་རྦད་ཀྱིས་བོར་ལ་བཟློག་མེད་ལས་ཀྱི་རི་མོར་ཕབས།།
བཞི་ཅུའི་རི་རྩེར་སྙེགས་པའི་ཚེ།།
དར་ལྕེ་ཧྲུལ་བོའི་རྣམ་ཐར་བཞིན།།
བདག་མེད་ཡུལ་བོའི་ལས་བསོད་འདི།།
ངེས་མེད་རླུང་གིས་ཡང་ཡང་གཙེས།།
སྐབས་ཀྱི་སེམས་འཕྲིན་ཕྱེད་ཕྱིར་བཟློག་ལ་མི་འདོད་ཚིག་མཚོན་རྣར་གཟན་ཡང་།།
གཅིག་མཐུན་ལས་ཀྱི་སྐད་ངག་སྨྲ་ལ་མི་ལྡོག་དམ་བཅའ་བརྟན་པོ་ཡིན།།
མདུན་བསྐྱོད་བགྲོད་པ་ཡངས་པོར་ཕྱེས་པ་དུས་ཀྱི་ལས་བསྐོས་བཙན་ཆེ་ཡང་།།
བབས་ཀྱིས་ཆགས་པའི་སྐྱེ་འབྲས་འདི་ཡང་མི་འགྱུར་རིགས་ཀྱི་སྐྱེས་སུ་འདེགས།།
༢༠༡༡ལོའི་ལུགས་རྙིང་ལོ་གསར་ཚེས༦ཉིན།
རྩོམ་ཁུངས། དགེ་ཆོས་དྲ་བ།