སྙན་ངག་པ་གཅན་མེ་སྟག་གི་སྙན་ངག་གསར་བ་བདམས་བཀོད།
ལྷ་སའི་ལི་ཐོ།
ཉིན་གཅིག་ལ རླུང་ལྡང་སྲིད
ཁ་དོག་དང་རེག་བྱ་མེད་པའི་རླུང་དེ ཁྱོད་ཀྱི་རྡོའི་བུ་ག་དག་ལས་ལྡང་སྟེ
ཁྱོད་ཀྱི་མཁར་གྲོང་དང་ལྕགས་རིའི་ལྡེབས་སུ
སྡིག་སྲིན་དང་འབུ་སྡོམ་རྒྱུ་སའི་ཨུ་ཁུང་བརྒྱ་ཕྲག་ཅིག་བཟོ་ངེས
ཨུ་ཁུང་དེ་དག་དུ་ཚོགས་པའི་མུན་ནག་གི་མཆེ་བས
ཁྱེད་ཀྱི་ཉི་འོད་དུམ་བུ་དུམ་བུར་ཟོས་ཏེ
ལོ་རྒྱུས་ཀྱི་མར་མེས་ཀྱང་སེལ་ཐབས་བྲལ་བའི་མཚན་མོ་གཉིས་པ་ཞིག་བསྐྲུན་སྲིད
ཉིན་གཅིག་ལ ཆར་འབབ་སྲིད
མིག་ཆུ་དང་འདྲ་བའི་ཆར་བ་དེ ཁྱོད་ཀྱི་རྒྱ་ཕིབས་སེར་པོ་དག་ལས་བབས་ཏེ
ཁྱོད་ཀྱི་དཀར་པོ་དང་དམར་པོའི་ཚོན་མདངས་དག
སྡིག་སྲིན་རྒྱུ་ཤུལ་གྱི་ཁྲག་གི་སུག་རྗེས་ནར་མོ་བཞིན་བཟོ་ངེས
སུག་རྗེས་དེ་དག་ལས་དེབ་ཐེར་རེ་རེ་གྲུབ་སྟེ
ཁྱེད་ཀྱི་བཙན་པོ་དང་རྒྱལ་སྲས་དག་ལ
བཀའ་གཙིགས་ཀྱི་རྡོ་རིང་མེད་པའི་རྒྱས་ཤོམ་གྱི་བང་སོ་ཞིག་འགྲུབ་སྲིད
ཉིན་གཅིག་ལ ཁྱེད་ཀྱི་ཆུའི་བང་སོ་ངོགས་ནས
ངང་བ་སེར་པོ་ཚོགས་དངངས་སྟབས་ཀྱིས་འཕུར་འོངས་ཏེ
ཁྱོད་ལ་ཀེང་རུས་མདོག་གི་སྙན་ངག་ཅིག་གྱེར་ངེས
སྙན་ངག་དེའི་ནང་རིམ་དུ་བུ་ག་ཕྲ་མོ་ཞིག་ཡོད་དེ
བུ་ག་དེ་བརྒྱུད་ནས
ཁྱོད་ཀྱིས་རང་ཉིད་སྡོད་ཀྱིན་པའི་འཇིག་རྟེན་འདི་ཡང་ཐེངས་གཅིག་མཐོང་སྲིད
ཉིན་གཅིག་ལ ལྕགས་པོ་རིའི་སྤྱི་གཙུག་ནས་མེ་ལྕེ་ཞིག་མཆེད་སྲིད
མེ་ལྕེ་དེ་ལས ཁྱོད་ཀྱིས་ལྕགས་ཐག་གིས་སྦྲེལ་བའི་ཉི་འོད་ཀྱི་སྨེ་སྔགས་ཐོས་ཐུབ
རྡོ་ཟམ་སྟེང་འགྲོ་འོང་བྱེད་ཀྱིན་པའི་མཁའ་དབུགས་སྐྱུར་མོ་ཞིག་གི་བྲོ་བ་མྱོང་ཐུབ
ད་དུང ཡར་ཀླུང་གཙང་བོའི་ཉ་མོ་དང་བྱེའུ་དག་གི་བཀྲེས་ལྟོགས་ཚོར་ཐུབ
རྡོ་དང་གཡུ་བྱུར་གྱིས་བརྒྱན་པའི་སྐུ་དྲག་དག་གི་ལྕམ་སྲས་མཐོང་ཐུབ
ཉིན་གཅིག་ལ ངས་དཀར་རྩི་བྱུགས་པའི་གཙུག་ལག་ཁང་དེ་མཐོང་སྲིད
ལྕང་གླང་གི་གསེབ་ཏུ་སྐུངས་པའི གྲུ་ཟུར་སྙོམས་པོར་རྩིག་པའི
རྡོ་ཁང་དག་གི་མདའ་ཚོམ་དེ་མཐོང་སྲིད
མཐོང་ནས་ཀྱང་ཁྱེད་ཀྱི་མཛུབ་རྩེ་གཏད་ས་རུ
ཉིན་ངོས་མེད་པའི་ལོ་རྒྱུས་ཀྱི་སྲིབ་ལུང་ཞིག་བརྒྱུད་དགོས་ཡོད་འགྲོ
དེ་ལྟ་བུའི་ཉིན་གཅིག་ལ
ངས་ཁུ་སིམ་མེར་ཁྱོད་ཀྱི་མིང་ནས་ཡང་བསྐྱར་ཐེངས་གཅིག་འབོད་སྲིད
༢༠༠༩ལོའི་ཟླ༢པའི་ཚེས༡༠ཉིན།
འཕྱོངས་རྒྱས་སུ།
འཕྱོངས་རྒྱས་འཕྱོངས་རྒྱས་མ་ཟེར།།
ཟླ་བ་སྒྲོལ་མ་དྲན་བྱུང་།།
འཕྱོངས་རྒྱས་ཟླ་བ་སྒྲོལ་མའི།།
སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་།།
----དམངས་གཞས་ལས་བཏུས།
ཡུན་རིང་ལ་བསམ་བློ་བཏང་རྗེས དེ་ནི་སྙན་ངག་ཅིག་ཡིན་པ་ཚོར་བྱུང
ལྕང་གླིང་གི་གསེབ་ཏུ་མོག་པོར་འགྱུར་ཀྱིན་པའི་འོད་ཟེར་དེ
སེམས་ཀྱི་འཁྲེང་ཞེན་མིག་ལ་བསྒོས་པའི་ཕབ་རྩི་དེ
འཛུབ་བར་ནས་ཤོར་ཀྱིན་བའི་དུས་ཚོད་ཀྱི་སྨེང་བ་དེ
དབེན་སིམ་དུ་སྡོད་ཐབས་བྲལ་བའི་དབེན་སིམ་དེ གཏམ་དང་བརྗོད་པ་ཡོད་ཚད
སྙན་ངག་འདི་ཁོ་ནས་ད་གཟོད
ཁྱོད་ཀྱི་མ་ཉེས་ཁ་གཡོགས་ཀྱི་སེམས་དོན་དེ་དང་དབུགས་རླངས་དེ
ལྷག་ལུས་མེད་པར་དགུན་ཁ་འདིའི་རུམ་ལ་བྱོ་ནུས་འདུག
ཟླ་བ་སྒྲོལ་མ ད་ལྟ ང་གང་ལའང་ཞེན་ཆགས་སྦྲུམ་ཀྱིན་མེད
ཁྱོད་ཀྱི་ཕ་རོལ་ལ རི་དེའུ་འབའ་འབུར་ཅིག་ངས་ནན་ཏན་གྱིས་ཀློག་ཀྱིན་ཡོད
ཤོག་བུ་མེད་པའི་དཔེ་དེབ་ཅིག་ངས་གཟབ་ནན་གྱིས་འབྲི་བཞིན་ཡོད
དུར་བྱང་མེད་པའི་བང་སོ་ཞིག་ངས་སྐྱོ་སྣང་གིས་སྔོགས་ཀྱིན་ཡོིད
དེ་ལས་གཞན ངས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་འདི་ཡང
རླུང་བཞིན་ལྕི་བའི་ལོ་རྒྱུས་ཀྱི་གཙབ་གདན་སྟེང་ཕངས་མེད་དུ་འབུལ་ཀྱིན་ཡོད
ད་ནངས་ཞོགས་པར ངས་མེ་ལོང་ཁྲོད་ཀྱི་རང་ཉིད་མཐོང་བྱུང
མིག་ཟུང་ལ་ངལ་དྲེགས་ཆགས་པའི་ཁོང་བུ སྦྲང་ཚང་བཞིན་སྦོས་ཤིང
རྩྭ་ཕུང་ཞིག་གི་མནོ་བསམ་ལྟ་བུའི་སྐྲ་ལོ་ཐར་ཐོར
དུར་ཡིག་བབས་འདྲའི་དཔྲལ་ངོས་སུ་འཕྱང་འདུག
ཉམས་ཚུགས་དེ་ལ་བསམ་ན ཡར་ལུང་བྲག་ཕུག་ནས་ལྡངས་པའི
གོར་མ་རྡོ་ལས་མཁྲེགས་པའི་རླུང་བུ་དེ་དག ངའི་ངག་སྒོ་ལས་ཤོར་ཏེ
ལོ་རྒྱུས་ཀྱི་རི་ལྡེབས་སུ་དཀྲིགས་པ་ཡིན་ནམ
ཕ་ཡུལ་མལ་གྲོ་ནས་ཡིན་པའི་བཙན་པོ་དེ་གནས་འདིར་གཉིད་འདུག
རྟ་མཆོག་གི་འཚེར་སྐད་མེད་ལ རུ་དར་གྱི་གཡོ་བསྐྱོད་ཀྱང་མི་འདུག
རུས་སྦལ་གྱི་རྒྱབ་ཏུ་བསླངས་པའི་རྡོ་རིང་དེར་བལྟས་རྗེས
ངའང་འགྲོ་དགོས་ཏེ སྔོན་ལས་ཀྱི་འབྲེལ་ཐག་མ་ཆད་ན
སྙན་ངག་འདིའི་ཁྲོད་དུ ད་དུང་ཁྱོད་རང་དྲན་ཚུལ་གྱི
རྨི་ལམ་ཇི་འདོད་དུ་འབྲི་ངེས
༢༠༠༩ལོའི་ཟླ༢པའི་ཚེས༡༨ཉིན་རྩེད་ཐང་དུ་མ་ཡིག་ཕབས།
ཡར་འབྲོག་གཡུ་མཚོ།
རི་དེ་གམ་པ་ལ་མོ།།
བསོད་བདེ་ཡིན་ཡང་ཆེ་སོང་།།
དཔལ་ཏི་སྟོང་ཆེན་བཅོ་བརྒྱད།།
མི་ཚེ་ཡིན་ཡང་རིང་སོང་།།
----དམངས་གཞས་ཤིག་ལས་བཏུས།
པར་ཆས་དང་དབྱང་དབུགས་འཁུར་མཁན་ཚོའི་མིག་ལམ་དུ
ཡར་འབྲོག་གཡུ་མཚོ་ནི་ཡར་སྟོད་འབྲོག་གནས་སུ་འཁྱིལ་བའི
གནམ་གྱི་ཆུ་ཐིགས་ཤིག་སྟེ
རང་བྱུང་གི་མཁའ་དབུགས་རྩུབ་མོས་གྲུབ་པའི
གངས་ཀྱི་ཆབ་རོམ་གྱི་འབབ་ཚིགས་ཆུང་ངུ་ཞིག་རེད
རྒྱགས་བྱེ་དང་དད་མོས་འཁུར་མཁན་ཚོའི་མིག་ལམ་དུ
ཡར་འབྲོག་གཡུ་མཚོ་ནི་གནོད་སྦྱིན་གངས་བཟང་གི་ཉིང་བཅུད་བསྐྱིལ་བའི
ལྷ་ཡི་མེ་ལོང་ཞིག་སྟེ
འཇིག་རྟེན་གྱི་བདེ་སྡིག་གསལ་ལེར་འཆར་བའི
འདི་ཕྱིའི་སྒྲིབ་སེལ་གྱི་གཟུངས་ཆུ་ཆེན་པོ་ཞིག་རེད
འཚོ་བ་དང་དཀའ་ཚེགས་འཁུར་མཁན་ཚོའི་མིག་ལམ་དུ
ཡར་འབྲོག་གཡུ་མཚོ་ནི་སོང་ནས་ཟད་མཐའ་མེད་པའི
མི་ཚེའི་འཕྲང་ལམ་ཞིག་སྟེ
སྡུག་ཡུས་དང་ལེ་བདས་བསགས་པའི
སྔོན་བསགས་ཀྱི་ཉེས་སྣང་དག་ཐབས་མེད་པ་ཞིག་རེད
འགྲུལ་བཞུད་དང་མཚར་སྣང་འཁུར་མཁན་ངའི་མིག་ལམ་དུ
ཡར་འབྲོག་གཡུ་མཚོ་ནི་མཐའ་མཇུག་གི་སྙིང་སྟོབས་བཅོལ་སའི
མཐོ་སྒང་གི་རྒྱ་མཚོ་ཞིག་སྟེ
ལང་ཚོ་དང་ཚེ་སྲོག་གཏིམས་སའི
སྙན་ངག་གི་རྒྱབ་ལྗོངས་ཟིན་ཐབས་བྲལ་བ་ཞིག་རེད
༢༠༠༩ལོའི་ཟླ་༢་པའིཚེས་༡༧ཉིན་གོང་དཀར་རྫོང་ནས་མ་ཡིག་ཕབས།
ས་སྐྱ་རུ། ཀུན་དགའ་རྒྱལ་མཚན་ལ་བགྲོ་གླེང་བྱས་པ།
བཀྲ་ཤིས་རྩེ་སྒང་ནས་བལྟ་དུས
རི་ངོས་སུ་འབྱར་བའི་ས་སྐྱ་ལེབ་མོ་ཞིག་གིས
ཧྲལ་ཧྲུལ་ལོ་རྒྱུས་ཀྱི་འཕོངས་རྐུབ་དམར་བོའི་ངོས་ལ
སྐར་ཚོམ་ལྟ་བུའི་ལྷན་པ་ཁྲ་བོ་ཞིག་བཙེམས་ཟིན་འདུག
ཀུན་དགའ་རྒྱལ་མཚན ལྷན་པ་ལྟ་བུའི་ལུང་ཁུགས་འདི་ནས
ཁྱོད་ཀྱིས་ཁྲི་སྐོར་རེ་རེའི་གཞིས་རའི་ནང གཏིང་ཡངས་པའི་ཁྲོན་པ་རེ་རེ་བཟོ་དུས
ངས་འཁུར་ཅིང་ཕྲག་ཏུ་བཏེགས་འོངས་པའི་རྫ་བུམ་འདིར
ཡང་སྙིང་དག་པ་ག་ཚོད་ཀྱི་གཟུངས་ཆུ་སྣོན་དགོས་སམ
ཉེ་སར་བཅར་དུས
ཆོས་དུང་དཀར་མོ་དེ་སེང་གེ་བཞུགས་ཁྲི་ན་སྔར་བཞིན་ཉལ་འདུག
དཀར་ནག་དམར་གསུམ་གྱི་སྐྱ་རྩིག་དག
གླིང་གྲུ་བཞིར་བསྐོར་བའི་རྡོ་ཕུང་གསེབ་ན་རི་རབ་ལྟར་འགྱིང་ནའང
ཀུན་དགའ་རྒྱལ་མཚན དེ་རིང་ཁྱོད་ནི་རི་ལ་ཤོར་བའི་སེང་གེ་གཞན་ཞིག་སྟེ
ཆོས་རྩིག་གི་གླེགས་ཤིང་བར་ནས་ཐར་བའི་
རལ་བ་སྔོན་པོ་མིན་པའི་གཅན་གཟན་གཞན་ཞིག་རེད་དེ
ཁྱེད་ཀྱི་ཕྲ་ཕུང་ལྟ་བུའི་གྲམ་ཆུའི་ངོགས་ནས དོ་དགོང
ང་སླར་ཡང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་དབང་ལ་བསྐྱར་དུ་མཇལ་དགོས་བྱུང
ས་སྐྱ་ན མི་མང་པོ་ཞིག་གིས
འཇིག་རྟེན་དང་མི་ཆོས་གླེང་ཀིན་འདུག
ལེགས་བཤད་ཀྱི་སྦུབས་སུ་འཐིམས་པའི་སྨྲ་ར་རིང་བོ་དག
ཕྱི་རིམ་ནང་རིམ་དུ་བཏུམས་པའི་པད་ལོག་ཅིག་དང་འདྲ་བར
ཤུན་པ་རེ་རེ་ནས་བཤུ་ཐབས་ཡེ་ནས་མེད་ནའང
ཀུན་དགའ་རྒྱལ་མཚན ཁྱེད་ནི་ད་དུང་ཡང་གསལ་ཐག་ཆོད་པའི་ཚོད་དཀར་ཞིག་སྟེ
བཀྲེས་སྐོམ་དང་བཅས་སླེབས་པའི་སྐུ་མགྲོན་དག་གི་མདུན་དུ
ནམ་ཡང་དོན་སྙིང་གིས་ཕྱུག་པའི་ཟས་ཐུན་འཛོམས་པོ་ཞིག་གོ
དེའི་དབང་གིས ས་སྐྱ་བོ་འདི་མཐོང་ཐེངས་རེར
གནམ་ས་ཞེས་པ་དེའང་དོག་དྲགས་པའི་ཁྲོན་པ་ཞིག་ཡིན་པར་སྒྲུབ་མཁན
ཁྱོད་ཁོ་ན་སྟེ
༢༠༠༩ལོའི་ཟླ༢པའི་ཚེས༡༦ཉིན་གྱི་དགོང་མོར་ས་སྐྱའི་མགྲོན་ཁང་ནས་མ་ཡིག་ཕབས།
༢༠༠༨ལོའི་ཟིན་ཐོ།
ཟིན་ཐོ་དང་པོ།
གློག་ཀླད་ངོས་སུ་ཅེར་ནས་ཧད་དེ་སྡོད་སྐབས
སྒོ་དང་སྒེའུ་ཁུང་ཕྱི་རོལ་གྱི་ནམ་ཟླ་ག་ཚོད་ཡིན་ནམ
ནོར་གནག་རེ་གཉིས་ཕར་ཁའི་ཉག་ཀ་རུ་བཞུད་ཀྱིན་ཡོད་དམ
གྲོང་ཁུལ་འདི་དང་ཆ་མི་མཉམ་པའི་ཁྲོམ་གཞུང་ཆེན་པོ་དེར
དབྱར་རྩྭ་དབྱར་རྩྭ་ཟེར་མཁན་གྱི
ཆ་མི་མཉམ་པའི་གྲྭ་བ་རེ་གཉིས་དང་ཁ་ཆེ་བ་རེ་གཉིས
མགོ་རུག་རུག་ངང་སྡོད་ཀྱིན་ཡོད་དམ
བདག་གི་ཡིག་ཚགས བདག་གི་གློག་ཀླད
དྲ་ངོས་ཀྱི་ཁྱིམ་མཚེས QQརོལ་རྩེད་དང་TNTERNETEXPIORER
དྲག་རླུང་གློག་བརྙན་ཁང གད་སྙིགས་བསྡུ་གནས
མཐིང་མདོག་གི་ཤེལ་སྒྲོམ་ནང་རོལ་གྱི
ཆ་མི་མཉམ་པའི་ཤེས་རིག་དང་ཆགས་སྲེད་ཀྱི་བརླ་ཤ
བར་མེད་དུ་སྣབས་ལུད་སྐྱུགས་ཀྱིན་པའི་རྟོག་གེ་བ་དང སྙན་ངག་པའི་ཚོགས
དེའི་ཀྱང་ནང་རོལ་ན ཁེར་རྐྱང་གིས་དྲ་རྒྱའི་ཚིལ་ཁུ་གཞིབ་ཀྱིན་པའི
ནད་དུག་ཚོན་པོ
----ཡོད་ཚད་ལ་དོན་སྙིང་ཅི་ཡང་མི་འདུག
ཡོད་ཚད་ལ་དོན་སྙིང་ཅི་ཡང་མི་འདུག
སྔོ་ཚལ་ཚོང་རའི་སྒོ་ལམ་དུ
སྲོག་བླུ་སྲོག་བླུ་ཟེར་མཁན་གྱི་གྲྭ་རྫུན་བགྲེས་པོ་ཞིག་དང་འཕྲད་བྱུང
ཁོང་གིས་སུ་ཞིག་གི་ཚེ་སྲོག་བླུ་འདོད་དམ
རིན་གོང་ག་ཚོད་ཡིན་ནམ
འགྲོ་ཞོར་དུ་ངས་དེ་ལྟར་བསམ
༢༠༠༨ལོའི་ཟླ༣པར།
ཟིན་ཐོ་གཉིས་པ།
བསྲུབས་ཇ་འཐུང་ཞོར
གངས་སྐྱོན་ཐེབས་ཚུལ་གྱི་གནས་ཚུལ་ལ་ཉན་ཞོར
ཇ་ཕོར་ཁར་འཕྱོ་བའི་མར་ཞག་ལ་ཕུ་འདེབས་ཞོར
འབྲི་མོ་དེ་ཤི་རྗེས་ཀྱི་ནུ་འབྲས
དབུགས་ལྒང་བཞིན་གས་ཡོད་དམ་སྙམ
གཉིད་མ་སད་ཀྱི་ངང་ལ ལུས་པོ་འགུལ་སྐྱོད་མ་བྱས་པར
རང་ཉིད་གནོད་འགོག་རུ་ཁག་གི་གྲས་སུ་ཆས་ཤིང
གངས་བབས་མཚམས་མ་ཆོད་པའི་རུ་སྡེ་དེར
བྱ་སྤུའི་གྱོན་ཆས་དང་ཨ་ཞི་ཕིས་ལིན ཉི་གློག
མི་དམངས་ཤོག་སྒོར་བཅས་ཐུམ་བུ་ཐུམ་བུ་བཞིན
མི་དམངས་མང་ཚོགས་ཀྱི་ལག་ཏུ་འགྱེད་ཀྱིན་འདུག
བརྙན་འཕྲིན་ལས
མགོ་ལོག་ནུབ་རྒྱུད་དུ་གངས་སྐྱོན་དྲག་པོ་བྱུང་བས
མང་ཚོགས་ཀྱི་འཚོ་བར་གྱོང་གུད་ཚབས་ཆེན་ཕོག
ལས་བྱེད་པ་དང་ཁེ་ལས་ཚོང་བ དགེ་རྒན
བྱམས་ལྡན་མི་སྣ་ཡོངས་ནས་ཕྱག་ཟུང་ཡངས་པོར་བརྐྱངས་ཏེ
ནུས་ཤུགས་གཅིག་སྒྲིལ་སྒོས གནོད་འགོག་བྱ་བར་ཤུགས་སྣོན་བྱེད་དགོས
ཟེར་ཀྱིན་འདུག
གསར་འཕྲིན་དེ་ལ་ཉན་བཞིན
ང་ལ་རྨུགས་དུབ་པའི་ཉམས་སྣང་ཤིག་སྐྱེས་ཤིང
ཕྱིར་ཁྱིམ་དུ་ལོག་ནས་གཉིད་དྲོན་མོ་ཞིག་ཉལ་དགོས་བསམ
བསྲུབས་ཇ་འཐུང་ཞོར
སྦྱིན་བདག་མའི་རྐུབ་འཕོངས་ལ་ཅེར་བཞིན
དོ་དགོང་ཁེར་རྐྱང་གི་གནས་མལ་ཇི་ལྟར་སྐྱེལ་ལམ་བསམས
༢༠༠༨ལོའི་ཟླ༣པར།
ཟིན་ཐོ་གསུམ་པ།
༢༠༠༨ལོའི་ཐལ་མདོག་གི་ནམ་མཁའི་འོག་ཏུ
བྱ་རྒོད་ཅིག་འཕུར་ཀྱིན་འཕུར་ཀྱིན གཤོག་སྒྲོ་གཡོན་པ་ཆད་སོང
གཤོག་སྒྲོ་གཡས་པ་ཆད་སོང མིག་གི་རྒྱང་ཐག་ཆད་སོང
བྱ་རྒོད་ཅིག་འཕུར་ཀྱིན་འཕུར་ཀྱིན
ཁ་ཕྱོགས་དང་དབུ་འཕང་ཁོ་ནས
རྒྱང་བཞུད་ཀྱི་མདུན་པ་ཨུ་ཚུགས་ཀྱིས་བསྲིངས་འདུག
༢༠༠༨ལོའི་ཐལ་མདོག་གི་ནམ་མཁའི་འོག་ཏུ
ལྗོན་ཤིང་ཞིག་སྐྱེས་ཀྱིན་སྐྱེས་ཀྱིན སིལ་ཏོག་རྩེ་ནས་སྐམ་སོང
སྡོང་ལོ་འདབས་ནས་སྐམ་སོང བྱ་ཚང་བར་ནས་སྐམ་སོང
ལྗོན་ཤིང་ཞིག་སྐྱེས་ཀྱིན་སྐྱེས་ཀྱིན
གཅེར་གཟུགས་ཀྱི་འགྲེང་སྟབས་ཁོ་ནས
རྩ་བ་ས་འོག་ནས་སྨིན་པའི་རྨི་ལམ་རྨིས་ཀྱིན་འདུག
༢༠༠༨ལོའི་ཐལ་མདོག་གི་ནམ་མཁའི་འོག་ཏུ
བགྲེས་པོ་ཞིག་རྒས་ཀྱིན་རྒས་ཀྱིན དབུ་སྐྲ་ཀླད་ནས་འཐོར་སོང
ཚེམས་ཕྲེང་ངག་ལས་འཐོར་སོང སེམས་དོན་སྙིང་ནས་འཐོར་སོང
བགྲེས་པོ་ཞིག་རྒས་ཀྱིན་རྒས་ཀྱིན
མཇུག་མཐའི་ཕྱི་མིག་གི་རེ་བ་ཁོ་ནས
མགོ་སྦྲ་ལེབ་མོ་འདིའི་ཡང་སྦུག་གི་དྲོད་ཁོལ་བསམ་ཀྱིན་འདུག
༢༠༠༨ལོའི་ཐལ་མདོག་གི་ནམ་མཁའི་འོག་ཏུ
བུ་མོ་ཞིག་འཁྱམ་ཀྱིན་འཁྱམ་ཀྱིན བརྩེ་དུང་ཡིད་ནས་བོར་སོང
སྐད་ཆ་ལམ་ནས་བོར་སོང ཕ་ཡུལ་གནས་ནས་བོར་སོང
བུ་མོ་ཞིག་འཁྱམ་ཀྱིན་འཁྱམ་ཀྱིན
དངུལ་ལོར་དང་ཆགས་སྲེད་ཀྱི་སྦུབས་སུ་ཐིམ་པའི་དུས་ཚོད་ཁོ་ནས
ཆུང་དུས་ཀྱི་མཛའ་བོར་བཅོལ་བའི་ལང་ཚོ་ལ་སྒུགས་འདུག
༢༠༠༨ལོའི་ཐལ་མདོག་གི་ནམ་མཁའི་འོག་ཏུ
སྙན་ངག་པ་དེ་བསྡད་ཀྱིན་བསྡད་ཀྱིན ཤོག་བུ་སྒམ་ནས་རུལ་སོང
ཚོར་བ་ཁྱིམ་ནས་རུལ་སོང ཡིག་འབྲུ་ལྕེ་ནས་རུལ་སོང
སྙན་ངག་པ་དེ་བསྡད་ཀྱིན་བསྡད་ཀྱིན
བྲག་ཕུག་ལྟ་བུའི་མགྲིན་པ་འཛེར་འཛེར་གྱིས
བཙའ་ཆགས་ཟིན་པའི་སྐད་ཆ་ཁ་ཤས་འུ་ཐུག་གིས་བཤད་ཀྱིན་འདུག
མདོག་འགྱུར་བའི་མེ་ལོང་།
ཡུན་རིང་བོར་བརྗེད་ངེས་སུ་གྱུར་བའི་མི་དེ་དག
གངས་དང་རླུང་འཚུབ་ཁྲོད་ཕྱིར་ལོག་པའི ཉི་འོད་འཚོ་མཁན་གྱི་རྫི་བུ་དེ་དག
ངའི་སྙན་ངག་གི་མེ་ལོང་ཁ་རུ་མངོན་བྱུང
རི་སྒང་དེ་དག་དང ཟླ་བ
སྔོ་བསང་བསང་གི་སུ་རུའི་མེ་ཏོག་དེ་དག
བརླན་བཤེར་གྱི་ན་རྩྭའི་ཁུགས་ན ལྷབ་ལྷུབ་ཀྱི་ཕྱེ་མ་ལེབ་དེ་དག
ངའི་སྙན་ངག་གི་མེ་ལོང་ཁ་རུ་མངོན་བྱུང
བོངས་ལྕི་བའི་མཁའ་དབུགས་ཀྱི་ཁུར་བོས་མནན་པའི
ངལ་དུབ་ཀྱི་མི་དེ་དག ལྕགས་མདོག་གི་ངོ་གདོང་དེ་དག
ཤ་ཚིལ་དང་མར་རྩམ་ཁྲོད་འཛུམ་ཆིལ་ཆིལ་གྱི་སོ་ཕྲེང་དེ་དག
ཉག་ཁ་རུ་དར་ལྕོག་འཐེན་མཁན་གྱི་མི་དང རྡེའུ་འབུམ་སྲུང་མཁན་གྱི་མི
རྡུལ་ཕྲན་ཞིག་དང་མཚུངས་པའི་མི་དེ་དག
རྡུལ་ཕྲན་ཞིག་དང་མཚུངས་པའི་གྲོང་བརྡལ་དེ་དག
སྙན་ངག་གི་མེ་ལོང་ཁ་རུ
ལུས་ཡོངས་རྡུལ་དྲེགས་ཀྱིས་ཟིན་པའི་མི་དེ་དག་མངོན་བྱུང
ལོ་རྒྱུས་དང་དེབ་ཐེར་ཁྲོད་ཡེ་ནས་མི་མངོན་པའི
རི་ཚོགས་ཀྱི་རྒས་གཉེར་བར་ན་འབུ་ཕྲ་ནང་བཞིན་འཚོ་བའི
གོད་ཆག་ཁྲོད་གཞན་ལ་མེ་ཕུང་སྦྱིན་མཁན་གྱི་མི་དེ་དག
ཐང་ཆེན་སྟེང་སྐད་ཤུགས་མཐོན་པོས་ཨ་ལན་སྟེར་མཁན་གྱི་མི
ལས་དབང་ལ་སྐྱབས་སུ་རེ་བའི་མི་དེ་དག
མི་ཆེན་དུ་འབོད་པའི་སྐྱེས་བུ་རེ་གཉིས་སྒལ་བར་འཁུར་ནས
དེ་དག་གི་ལུང་བསྟན་སྒུགས་མཁན་གྱི དེ་དག་གི་ཆེད་དུ
འུར་སྒྲ་དང་བཅས་མདུན་དུ་མཆོངས་ཕོད་མཁན་གྱི་མི་དེ་དག
ངའི་སྙན་ངག་གི་མེ་ལོང་ཁྲོད
འཚོ་མྱོང དགའ་མྱོང ངུས་མྱོང ཤི་མྱོང་བའི་མི་དེ་དག
དོན་གྲུབ་ཚེ་རིང་དེ་དག བཀྲ་ཤིས་བསམ་འགྲུབ་དེ་དག
རྦད་སེམས་དང་སྟོང་མདང་ཁོ་ནས
ཁ་སང་གི་གཞིས་ཁྱིམ་སྙེགས་མཁན་གྱི སྙིང་ཉེ་བའི་གླེན་པ་དེ་དག
དེ་དག་རེ་རེ་བཞིན་མངོན་བྱུང
ཐ་མག་རེ་འཐེན་བཞིན ཨ་རག་རེ་བཏུང་བཞིན
དབེན་སིམ་པར་བསྡད་ནས ཁྱེད་ཀྱིས
སློག་ཚར་གྱི་གོང་ཤ་མཐོན་པོར་སློང་མཁན་གྱི་མི་དེ་དག
ངའི་སྙན་ངག་གི་མེ་ལོང་ཁ་ན
བདག་མེད་ཀྱིས་འཚོ་ཀྱིན་པ་མཐོང་བྱུང་ངམ
ཀྭ་ཡེ མཐོང་བྱུང་ངམ
ཡིད་འོང་གི་དུས་རབས།
ཡིད་འོང་གི་དུས་རབས-
ཡིད་འོང་གི་ཇོ་མོ་གླང་མ ཡིད་འོང་གི་རྡོ་དང་ཡིད་འོང་གི་གཡའ་མའི་ཕུང་བོ
ཡིད་འོང་གི་ཡར་ཀླུང་གཙང་པོ ཡིད་འོང་གི་འདམ་དང་ཡིད་འོང་གི་བྱེ་མའི་བཞུར་རྒྱུན
ཡིད་འོང་གི་པོ་ཏ་ལ ཡིད་འོང་གི་ལྷ་དང་ཡིད་འོང་གི་ཁྱི་ལྡོམ་འདུ་གནས
ཡིད་འོང་གི་ནམ་མཁའ ཡིད་འོང་གི་ཆར་དང་ཡིད་འོང་གི་བྱེ་རླུང་དཀྲིགས་ས
ཡིད་འོང་གི་ཁྲོམ་སྲང ཡིད་འོང་གི་ཇག་རྐུན་དང་ཡིད་འོང་གི་ཆག་སྒོ
ཡིད་འོང་གི་རྟོག་གེ་བ ཡིད་འོང་གི་བསམ་བློ་དང་ཡིད་འོང་གི་སྐྱུགས་མེར
ཡིད་འོང་གི་གཙོ་འཛིན ཡིད་འོང་གི་མཉམ་འབྲེལ་རྒྱལ་ཚོགས་དང་ཡིད་འོང་གི་འགྲོ་བ་མིའི་དབང་ཐང
ཡིད་འོང་གི་ཨ་མེ་རི་ཀ ཡིད་འོང་གི་དབྱི་རག་དང་ཡིད་འོང་གི་འཇིགས་སྐུལ་ཚོགས་པ
ཡིད་འོང་གི་རྡུལ་ཕྲན་མཚོན་ཆ ཡིད་འོང་གི་ཨེ་ཙིའི་འགོས་ནད་དང་ཡིད་འོང་གི་སུམ་བརྒྱ་དྲུག་ཅུ
ཡིད་འོང་གི་ལོ་རྒྱུས ཡིད་འོང་གི་ཀི་ལུན་པུ་དང་ཡིད་འོང་གི་ཉལ་ཐའི་དམག་འཁྲུག
ཡིད་འོང་གི་མཛེས་མ ཡིད་འོང་གི་སྨྱོ་འབོག་དང་ཡིད་འོང་གི་རྐུབ་འཚོང
ཡིད་འོང་གི་ཆུང་མ ཡིད་འོང་གི་འབར་འཐབ་དང་ཡིད་འོང་གི་ཞྭ་མོ་ལྗང་གུ
ཡིད་འོང་གི་དབུ་ཁྲིད ཡིད་འོང་གི་ལྐོག་རྔན་དང་ཡིད་འོང་གི་དབང་ཤེད
ཡིད་འོང་གི་སྲོལ་རྒྱུན ཡིད་འོང་གི་ཡ་རབས་གུས་ཞབས་དང་ཡིད་འོང་གི་མ་བུའི་འཁྲིག་སྦྱོར
ཡིད་འོང་གི་མི་རིགས ཡིད་འོང་གི་རིག་གནས་དང་ཡིད་འོང་གི་རྨོངས་དད
ཡིད་འོང་གི་བྱིས་པ ཡིད་འོང་གི་སྐྱེ་སྤྲུལ་དང་ཡིད་འོང་གི་མི་གསོད་ལག་དམར
ཡིད་འོང་གི་གྲོགས་པོ ཡིད་འོང་གི་ཟོག་རྫུན་དང་ཡིད་འོང་གི་ཞབས་འདྲེན
ཡིད་འོང་གི་རྩྭ་ཐང ཡིད་འོང་གི་བྱི་ལོང་དང་ཡིད་འོང་གི་ས་ནག་གྲོག་པོ
ཡིད་འོང་གི་རི་དྭགས ཡིད་འོང་གི་མེ་མདའ་དང་ཡིད་འོང་གི་དམར་གསོད
ཡིད་འོང་གི་བཙུན་པ ཡིད་འོང་གི་ན་བཟའ་དང་ཡིད་འོང་གི་སྡོམ་འཆལ
ཡིད་འོང་གི་བོད་པ ཡིད་འོང་གི་ཁམས་པ་དང་ཡིད་འོང་གི་ཨ་མདོ་བ
ཡིད་འོང་གི་འབྲོག་པ ཡིད་འོང་གི་རོང་བ་དང་ཡིད་འོང་གི་ས་གནས་རིང་ལུགས
ཡིད་འོང་གི་ཡོད་ཚད ཡོད་ཚད་ཀྱི་ཡིད་འོང
ཡིད་འོང་གི་དུས་རབས ཡིད་འོང་གི་སྙན་ངག་པ་དང་ཡིད་འོང་གི་སྟོང་བསམ་རིང་ལུགས
ཡིད་འོང་གི་2008ལོ ཡིད་འོང་གི་མིག་ཆུ་དང་ཡིད་འོང་གི་ལས་དབང་ཨ
ཡིད་འོང་གི་གསང་བ ཡིད་འོང་གི་དུར་ཁྲོད་དང་ཡིད་འོང་གི་སུ་དང་གང
རྩོམ་ཁུངས། ངེད་དྲ་བ།