མེ་ཏོག་དང་ངོ་གདོང་།༼རང་མོས༽
མེ་ཏོག་དེ་དང་མེ་ཏོག་འདི་མི་འདྲ་བ་ཇི་བཞིན
ངོ་གདོང་དེ་དང་ངོ་གདོང་འདི་མི་འདྲའོ
དེའི་ཕྱིར་ཁྱོད་ཀྱི་མིང་གིས་བོས་མ་ཐག
ངས་ཐོག་མར་ཁྱོད་ཀྱི་ངོ་གདོང་དྲན་ཞིང་
དེ་ནས་དེ་མཚོན་བྱེད་ཀྱི་མེ་ཏོག་དེ་དྲན་ཡོང་
སྐབས་འགར
མེ་ཏོག་གང་རུང་ཞིག་རླུང་ཁའི་མར་མེ་ལྟར
ཆར་རླུང་གི་ཁྲོད་ནས་འཇིག་ལ་ཉེ་དུས
དེས་མཚོན་པའི་ངོ་གདོང་ཞིག་ཉམ་ཐག་པའི་ངང་འཆི་བའི་ཕྱོགས་ལ་གཏད་ཚུལ་དེ
དྲན་ཡོང
ཆེས་མཐའ་མའི་མིག་ཟུང་བཙུམས་ཚུལ་ཡང་དྲན་ཡོང་
ད་ལྟ
ཁྱོད་ཐག་རིང་ལ་ཆས་ཟིན་ཞིང་
འུ་ཅག་མཇལ་བའི་དུས་སྐབས་ནི་གཏན་དུ་མེད་པ
ངས་ཤེས་མོད
འོན་ཀྱང་ དཔྱིད་ཀའི་ལག་པ་འཇམ་པོའི་མཐིལ་ནས
མེ་ཏོག་ཅིག་གི་ཐེའུ་ཆུང་ཆུང་ཡར་འཕགས་ཡོང་དུས
ངས་དབང་མེད་དུ་ཁྱོད་མཐོང་བྱུང་
ཁྱོད་ཀྱི་ངོ་གདོང་མཐོང་བྱུང༌།
2005-12-08
རྩོམ་ཁུངས། ངེད་དྲ་བ།