༄༅།། བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་འུད་ཆེན་པོའི་མཚོན་སྟངས་ཀྱི་སྐོར་གླེང་བ།

  དེའང་དེང་གི་ཞིབ་འཇུག་པ་འགའ་ཞིག་གིས་ཨིན་ཡིག་གི་ཐ་སྙད་poetryདང་། རྒྱ་ཡིག་གི་ཧྲི()སོགས་སྤྱད་དེ་བོད་ཀྱི་གླུ་ལ་གཞས་དང་མགུར་མ། བསླབ་བྱ། ལེགས་བཤད། བསང་འབོད་སོགས་ཐམས་ཅད་སྙན་ངག་ཅེས་པའི་ཁོངས་སུ་སྡུད་བཞིན་ཡོད( 1 འཇུ་སྐལ་བཟང་གིས་བརྩམས་པའི<<སྙན་ངག་གི་རྣམ་བཤད>>ཅེས་པར་རྒྱ་ཡིག་གི་ལ་རིགས་བསྒྲེས་ནས“རང་ཅག་གིས་རྒྱུན་པར་སྙན་ངག་ཅེས་པར་འབོད་པའི་ཐ་སྙད་འདི་ལ་ཁོ་བོས་དཔྱད་ངོར་ནི་གོ་བ་མི་འདྲ་བ་བཞི་ཙམ་ཡོད་དེ། སྒྲ་ཤིན་ཏུ་ཡངས་འཇུག་ཏུ་ཚིག་རྒྱན་ཙམ་ལ་གོ་བ་དང་། ཡངས་འཇུག་ཏུ་སྒྱུ་རྩལ་རྩོམ་རིག་སྤྱི་ལ་གོ་བ། དོག་འཇུག་ཏུ་སྒྱུ་རྩོམ་གྱི་ནང་གསེས་རྩོམ་ལུས་ཤིག་ལ་གོ་བ། ཤིན་ཏུ་དོག་འཇུག་ཏུ་རྩོམ་ལུས་དེ་ལས་ཀྱང་མེ་ལོང་མའི་རང་ལུགས་ཀྱི་སྙན་ངག་ཁོ་ན་ཙམ་དུ་གོ་བར་འདོད”(༡༩༩༠ལོའི་ཟླ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི<སྙན་ངག་གི་རྣམ་བཤད>ཀྱི་P20)ཅེས་བྲིས་ཡོད། )ནའང་བོད་ཀྱི་སྔོན་བྱོན་མཁས་པའི་གསུང་རྩོམ་ཁག་ཏུ། སྙན་ངག་ཅེས་པ་ནི་མགུར་དང་ལེགས་བཤད་སོགས་དང་ཐ་དད་པའི་རྩོམ་ལུས་ཡན་གར་བ་ཞིག་ལ་ངོས་འཛིན་གྱིན་ཡོད། ( 2 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི<< ཚིག་རྒྱན་རིག་པའི་སྒོ་འབྱེད>>(༡༩༦༠ལོའི་ཟླ་༩བ་ནས་༡༩༦༤ལོའི་ཟླ་༡༢བའི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མི་རིགས་སྐད་ཡིག་ཚན་ཁག་གི་སློབ་དེབ་ཏུ་བརྩམས་པ)དུ“དེ་སྔོན་སྙན་ངག་གི་འགྲེལ་བ་མང་ཆེ་བར། ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱིས<མཁས་པ་ལ་འཇུག་པའི་སྒོ>ཞེས་པའི་གསུང་རྩོམ་ནང་དུ་སློབ་དཔོན་དཎྜིས་བརྩམས་པའི<སྙན་ངག་མེ་ལོང>གི་ཚིག་མང་ཙམ་ཞིག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ས་སྐྱའི་གཙུག་ལག་ཁང་དུ<སྙན་ངག་མེ་ལོང>གི་གཞུང་ཆ་ཚང་བར་བསྒྱུར་བའི་སྔོན་ལ་བོད་དུ་སྙན་ངག་གི་ལུགས་སྲོལ་མ་དར་བ་ལྟ་བུ་ཞིག་གསུངས་པ་དེ་ནི<སྙན་ངག་མེ་ལོང>གི་གཞུང་འདི་བོད་སྐད་དུ་མ་བསྒྱུར་གོང་སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་མེད་པའི་དོན་ཡིན་གྱི། དེའི་གོང་དུ་བོད་ལ་སྙན་ངག་རྩ་བ་ནས་མེད་པ་དང་རྩོམ་མི་ཤེས་པའི་དོན་མིན”(༢༠༠༤ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི<སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད>ཀྱི་P4)ཞེས་བཀོད་པ་དེས་སྙན་ངག་ལ་གོ་བ་གཞན་ཞིག་ལེན་པའི་སྲོལ་ཕྱེ་བ་དང་། འཇུ་སྐལ་བཟང་སོགས་ཀྱིས་ཀྱང་ལྟ་ཚུལ་དེའི་རྗེས་སུ་འབྲངས་པར་འདོད། ) རྩོམ་ལུས་དེ་ནི་གསུང་རབ་ཀྱི་སྐད་ལ་གཞོལ་ཅིང་བོད་སྐད་ཀྱི་བརྡ་སྤྲོད་པའི་རྩལ་ལ་ཤིན་ཏུ་ནང་བྱན་ཆུབ་པ། སྙན་ངག་གི་གཞུང་ལས་བསྟན་པའི་ཚིག་རྒྱན་གྱི་སྦྱོར་བར་མཆོག་ཏུ་བྱང་བ་དག་གི་ལོངས་སྤྱོད་ཉག་གཅིག་ཏུ་ལྟ། དེ་བས་གྲོང་ཚིག་གི་ཤན་ཞུགས་པ་དང་། ཚིག་གི་རྒྱན་གྱིས་སྤྲས་མེད་པར་ཕལ་བའི་སྐད་དུ་བྱས་པ་རྣམས་སྙན་ངག་ཏུ་མི་རྩི་བའི་སྲོལ་ཞིག་འདུག་སྟེ། དེང་གི་ཞིབ་འཇུག་པ་འགའ་ཞིག་ཕུད་བོད་ཀྱི་སྔོན་བྱོན་མཁས་པ་སུས་ཀྱང་རྒྱ་གར་ནས་འགྱུར་བའི་<<རྟོགས་བརྗོད་དཔག་བསམ་འཁྲི་ཤིང>>དང་། <<སྐྱེས་རབས་སོ་བཞི>>བོད་ཀྱི་མཁས་པའི་བརྩམས་པའི<<རྟག་ཏུ་ངུའི་རྟོགས་བརྗོད>>དང་། <<རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས>> <<ཕོ་ཉ་གཞོན་ནུ་དོན་གྲུབ་མ>> <<རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ>>ལྟ་བུ་ནི་སྙན་ངག་ཏུ་ངོས་འཛིན་པ་ལས<<ས་སྐྱ་ལེགས་བཤད>>སོགས་ལེགས་བཤད་ཁག་དང་། <<མི་ལ་རས་པའི་མགུར་གླུ>>སོགས་མགུར་གླུ་སྣ་ཚོགས། དེ་མིན་དམངས་གཞས་དང་། ཤོ་བཤད། གླུ་ཤགས། ལ་གཞས་སོགས་ནི་སྙན་ངག་རེད་ཟེར་མཁན་མེད།
 སྤྱིར་སྙན་ངག་ཅེས་པའི་ཐ་སྙད་དེ་བོད་ལ་སྙན་ངག<<མེ་ལོང་མ>>མ་འགྱུར་གོང་དུ( 3 འགྱུར་མ་འགྱུར་གྱི་མཚམས་ནི་ས་སྐྱ་པཎྜིཏས་<མཁས་འཇུག>ཏུ་<<མེ་ལོང་མ>འི་ཚིག་མང་ཙམ་བོད་སྐད་དུ་བསྒྱུར་བ་ནས་བརྩི་དགོས་པར་འདོད། )ཡོད་པ་བོད་མཁས་པས(4 བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ཏེ། ཕྱི་ལོ་༡༦༡༨ལོར་སྐུ་འཁྲུངས། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་བོད་ཀྱི་སྙན་ངག་པ་ཆེན་པོ་གྲགས་ཅན་ཞིག་ཡིན་པར་མ་ཟད། སྨན་དཔྱད་ཀྱི་རིག་པ་ལའང་ཤིན་ཏུ་མཁས། དགུང་ལོ་རེ་གཅིག་ལ་ཕེབས་པ་ཕྱི་ལོ་༡༦༧༨ལོར<<སྙན་འགྲེལ་དཎྜིའི་དགོངས་རྒྱན>>ཕྱག་རྩོམ་མཛད། )བརྩམས་པའི་<<སྙན་འགྲེལ་དཎྜིའི་དགོངས་རྒྱན>>དུ་<<སློབ་སྤྲིངས>>(5 སློབ་མ་ལ་སྤྲིངས་པའི་འཕྲིན་ཡིག་སློབ་དཔོན་ཆེན་མོ་ཙནྡྲ་གོ་མིས་མཛད་པ་དང་རྒྱ་གར་གྱི་མཁན་པོ་སརྦ་ཛྙ་ན་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵ་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ་ཞེས་གཞུང་འདིའི་འགྱུར་བྱང་དུ་གསལ།།(༡༩༩༩ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི<གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག>དེབ་ཉེར་གཅིག་པ))དང་<<མདོ་དྲན་པ་ཉེར་བཞག>> (6 བྱང་ཕྱོགས་པ་ཚབ་ཀྱི་ཡུལ་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་ཅིང་ལོ་ཙཱ་བ་ཁོང་གིས་བསྒྱུར་བའི་དམིགས་བརྟག་དང་། དེའི་འགྲེལ་བ་དཀར་ཆག་ལྡན་དཀར་མར་གསལ་ཞེས<<དུང་དཀར་ཚིག་མཛོད་ཆེན་མོར>>བཀོད་ཡོད། )<<འཕགས་པ་བསྐལ་བ་བཟང་བོའི་མདོ>> (7 རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིང་ཧ་དང་། ལོ་ཙཱ་བ་བན་དེ་དཔལ་གྱི་དབྱངས་ཀྱིས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ་ཞེས་གཞུང་འདིའི་འགྱུར་བྱང་དུ་གསལ། (<འཕགས་པ་སྐལ་བ་བཟང་བོའི་མདོ>ཞོལ་པར་ཁང་གི་པར))སོགས་སུ་སྙན་ངག་ཅེས་པའི་ཚིག་ཟུར་དངོས་སུ་ཡོད་པ་ལུང་དུ་དྲངས་ཡོད་ཅིང(8 མདོ་ལས“དམ་པའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ།།”ཞེས་དང་། བསྐལ་བ་བཟང་བོའི་མདོ་ལས“དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི།། སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་།། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།”ཞེས་དང་། སློབ་སྤྲིངས་ལས།“བུད་མེད་ཡན་ལག་དྲི་ང་རུལ་བ་མི་སྡུག་པ།། པདྨ་ཟླ་བ་ཨུཏྤལ་དག་ཏུ་སྙོམས་བྱེད་པ།། སྙན་ངག་མཁན་གྱིས་རྫུན་དེའི་འབྲས་བུ་མི་བཟད་པ།། དེ་དག་དེ་ཡི་མངལ་ནས་འཇུག་པ་དེ་བཞིན་ནོ།།”ཞེས་དང་། མདོ་དྲན་ཉེར། “སྙན་ངག་གཙོ་བོར་བྱེད་པ་རྣམས་ལྷ་ཡུལ་གྱི་བྱ”ཞེས་སོགས་ལུང་དུ་དྲངས་ཡོད། (༡༩༥༧ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི<སྙན་ངག་རྩ་འགྲེལ>གྱི་P113)) དེ་དག་ཚང་མ་བསྟན་པ་སྔ་དར་གྱི་དུས་སུ་བོད་ལ་འགྱུར་བ་ཤ་སྟག་ཡིན་པ་དེ་ལས་ཤེས་ཐུབ། ཡིན་ནའང་<<མེ་ལོང་མ>>བོད་དུ་མ་འགྱུར་གོང་དུ་ཐ་སྙད་དེ་ཉིད་བོད་ཀྱི་མཁས་པའི་བརྩམས་པ་དག་ལ་སྦྱོར་སྲོལ་མེད་ཅིང་འགྱུར་བའི་རྗེས་སུའང་སྙན་ངག་གི་ལམ་ནས་བརྩམས་པ་ཞེས་པ་དེ་དག་ནི་<<མེ་ལོང་མ>>ཡི་ལུགས་ལྟར་བརྩམས་པ་འབའ་ཞིག་ལ་གོ་བཞིན་ཡོད་པ་དེ་སྔ་ནག་ཚོ་ལོ་ཙཱ་བས་མཛད་པའི<<ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་བ>>དང་། འབྲོམ་སྟོན་པས་མཛད་པའི<<ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ>>སོགས་ཀྱི་ཁ་བྱང་དུ་སྙན་ངག་ཅེས་པའི་ཚིག་ཟུར་མེད་པ་དང་། དེའི་རྗེས་སུ་འགྲོ་མགོན་འཕགས་པས་མཛད་པའི་<<བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ>>ལ་དེ་ལྟར་ཡོད་པ་ལས་ཀྱང་ཅུང་ཟད་ཤེས་ཐུབ་པར་སྙམ།
  དེ་བས་ད་ལྟའི་དུས་སུ་འགའ་ཞིག་གིས་སྙན་ངག་ཏུ་རྩི་བའི་<<ཆུང་གྲོགས་རྗེས་དྲན་གྱི་གླུ>>ལྟ་བུ་དང་<<ཉམས་མྱོང་རྒན་པོའི་འབེལ་གཏམ>>ལྟ་བུ་ནི་རྩོམ་མཁན་ཁོང་གཉིས་ཀས་ཀྱང་སྙན་ངག་ལས་ལོགས་སུ་གྱེས་པའི་གླུ་(འདིར་གླུ་དང་མགུར་གཉིས་དོན་གཅིག་པར་སྙམ)དང་འབེལ་གཏམ་ལ་གོ་བ་ལས་སྙན་ངག་ཏུ་ངོས་འཛིན་གྱིན་མེད་པ་ཁ་བྱང་གི་ནང་དུ“གླུ”དང“འབེལ་གཏམ”ཞེས་དངོས་སུ་ཡོད་པ་དེས་མཚོན་ཐུབ་པར་སྙམ། 
 ལྷག་པར་དུ<<མེ་ལོང་མའི>>དངོས་བསྟན་གྱི་དཔེ་རྒྱན་དང་། གཟུགས་རྒྱན། ཕུལ་བྱུང་གི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཉམས་ལྡན་གྱི་རྒྱན། རབ་བཏགས་ཀྱི་རྒྱན། གབ་ཚིག་གི་རྒྱན། ཟུང་ལྡན་གྱི་རྒྱན་སོགས་ལས་བརྩམས་པའི་ཚིག་གི་སྦྱོར་བ་ལ་ད་གཟོད་སྙན་ངག་ཅེས་འབོད་ཀྱི་ཡོད་པ་རེད། 
 སྤྱིར་བོད་ཀྱི་སྔོན་བྱོན་མཁས་པ་ཚོས་<<མེ་ལོང་མའི>>གཞུང་དུ་དངོས་སུ་བསྟན་པའི་ཚིག་རྒྱན་སྦྱོར་སྟངས་གང་ཡིན་ཡང་སྙན་ངག་ཏུ་ཁས་ལེན་པར་བྱ་མོད་སྤྱིར་བཏང་གི་རྩོམ་སྟངས་ལས་འདས་ཏེ་ཀློག་མཁན་ཧ་ལས་པར་བྱེད་པའི་འུད་ཆེན་པོའི་མཚོན་སྟངས་དང་། སྒྲ་རྒྱན་གྱི་རིགས་སྣ་ཚོགས་པ་སྤེལ་མཁས་པ་དག་ནི་སྙན་ངག་མཁན་ལས་ཀྱང་སྙན་ངག་པ་མཆོག་ཏུ་ལྟ་བའི་སྲོལ་ཞིག་འདུག དེ་བས་འདིར་འུད་ཆེན་པོའི་མཚོན་སྟངས་དེ་ཉིད་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལས་དམིགས་ཀྱིས་བསལ་ཏེ་གླེང་བར་བྱ་བ་ལ།

            དང་པོ། འུད་ཆེན་པོའི་མཚོན་སྟངས་ཀྱི་བྱུང་བ་དང་འཕེལ་རིམ།
  
  <<མེ་ལོང་མ>>བོད་དུ་མ་བསྒྱུར་བའི་སྔོན་ནས་བཟུང་བོད་ཀྱི་སྙན་ངག་ཏུ་རྒྱུན་པར་འབྱུང་བའི་ཚིག་རྐང་གཅིག་ལ་ཚེག་བར་དགུ་ཅན་ལས་ཆ་བཞི་དང་ཡ་གཅིག་ཅན་དང་། ཚེག་བར་བདུན་ཅན་ལས་ཆ་གསུམ་དང་ཡ་གཅིག་ཅན་གྱི་རྣམ་པ་དང་། བསྟན་བཅོས་སྤྱི་སྐད་དང་ཆོས་སྐད་ལྟར་འབྲི་བའི་སྲོལ་ཡོད་ལ་དེ་ནི་བསྟན་པ་སྔ་དར་གྱི་སྐབས་སུ་ནང་བའི་ཆོས་ཀྱི་མདོ་མང་པོ་བོད་དུ་འགྱུར་བ་དང་། བསྟན་པ་ཕྱི་དར་གྱི་དུས་སུ་རྒྱུད་སྣ་ཚོགས་འགྱུར་བ། མདོ་རྒྱུད་ཀྱི་གཞུང་དེ་དག་སྒྱུར་བའི་གོ་རིམ་ཁྲོད་དུ་རྒྱ་གར་གྱི་ཆོས་སྐད་དང་མཐུན་པའི་བོད་ཡིག་གི་རྩོམ་སྲོལ་གསར་བ་ཞིག་བྱུང་བ་དང་ཏག་ཏག་རྩོམ་སྲོལ་དེ་ནི་བོད་བཙན་པོའི་སྐབས་ཀྱི་རྗེ་བློན་བར་གྱི་མགུར་གླུ་ཡིན་ཟེར་བ་དེ་དག་དང་མི་འདྲ་བ་ཞིག་དང་། ཆོས་པ་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་མཚོན་བྱེད་ཅིག་ཡིན་པས་དེ་ཉིད་<<མེ་ལོང་མ>>འི་ལུགས་ཀྱི་རྩོམ་སྲོལ་འབྱུང་བའི་ས་བོན་ལྟ་བུར་ཡང་གྱུར་ཡོད། དེ་བཞིན<<མེ་ལོང་མ>>མ་དར་གོང་ངམ་དར་རྗེས་སུ་བྱུང་བའི་མགུར་དང་ལེགས་བཤད་མ་ཟད་དམངས་གཞས་སོགས་སུའང་<<མེ་ལོང་མ>>ལས་དངོས་སུ་བསྟན་པའི་རྒྱན་འགའ་ཞིག་བེད་སྤྱོད་བཏང་ཡོད་ནའང(9 དེ་དག་གི་དཔེར་བརྗོད་རྣམས་དུང་དཀར་ཚང་གིས་མཛད་པའི<<ཚིག་རྒྱན་རིག་པའི་སྒོ་འབྱེད>>ཀྱི་P6ཏུ་གསལ། (༢༠༠༤ལོའི་ཟླ་༣པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི<སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད>))དེ་ནི<<མེ་ལོང་མ>>ར་བསྟན་པའི་རྒྱན་དེ་དག་ནི་མིའི་རིགས་ཀྱི་སྐད་ཆ་སྤྱི་ལ་ཁྱབ་པ་ཞིག་ཡིན་པར་འབྲེལ་ཡོད་པ་ལས་བོད་དུ<<མེ་ལོང་མ>>འགྱུར་མ་འགྱུར་ལ་འབྲེལ་བ་མེད་པ་ཞིག་རེད། དེ་བས<<མེ་ལོང་མ>>བོད་དུ་མ་འགྱུར་གོང་གི་བསྟན་བཅོས་སྤྱི་སྐད་ཀྱི་རྩོམ་སྲོལ་དེ་དང་<<མེ་ལོང་མ>>བོད་དུ་འགྱུར་རྗེས་སུ་དེའི་ནང་གི་དམིགས་བསལ་གྱི་རྒྱན་འགའ་ཞིག་ལ་བརྟེན་པའི་རྩོམ་སྲོལ་དེ་གཉིས་ཟུང་དུ་འབྲེལ་བ་ལས་བོད་ཀྱི་སྙན་ངག་དེ་སྒྱུ་རྩལ་གྱི་མཛེས་པ་མཆོག་ཏུ་ཡོད་པའི་རྩོམ་སྟངས་ཤིག་ཏུ་གྱུར་བར་མ་ཟད། བར་སྐབས་ཤིག་རིང་སྔོན་མའི་རྩོམ་ཐབས་མགུར་དང་ལེགས་བཤད་སོགས་ལོགས་སུ་བསྐྱུར་ནས་ཐམས་ཅད་ཀྱིས་རྩོམ་ཐབས་དེ་ཉིད་མཆོག་ཏུ་ལྟ་བུའི་སྲོལ་ཞིག་བྱུང་ཡོད།
   དེའང<<མེ་ལོང་མ>>མ་བོད་དུ་མ་འགྱུར་གོང་དུ་བྱུང་བའི<<ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ>>ལྟ་བུ་ནི“རྒྱན་གྱི་ཆ་ནས་སྔ་མའི་དུས་དང་འདྲ་བར་གོ་རིམ་གསལ་ཞིང་རང་བཞིན་བརྗོད་པ་གཙོ་ཆེ་བ་དང་། ཁྱད་པར་བརྗོད་བྱ་སྤྱི་ལ་འཕེན་པའམ་དོན་སྤྱིའི་སྒོ་ནས་བརྗོད་པ་ཅུང་མང་པ་ལས་སྣང་བརྙན་ཅན་དུ་བཀོད་པ་སོགས་དེ་ཙམ་མེད”པ། (10 འཇུ་སྐལ་བཟང་གིས་བརྩམས་པའི<<སྙན་ངག་གི་རྣམ་བཤད>>ཀྱི་P104རུ་གསལ། (༡༩༩༠ལོའི་ཟླ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན)) དཔེར་ན།
  འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང་།།
  བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང་།།
  རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས།།
  མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།། དང་།
  ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས།།
  བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན།།
  རིགས་པས་ཚར་བཅད་ཐར་བའི་ལམ་ལ་བཀོད།།
  ཐར་འདོད་དེད་དཔོན་ཁྱོད་ལ་གསོལ་བ་འདེབས།། (11 བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི<<གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ>>འི་P81དང་P82སུ་གསལ། (༡༩༨༩ལོའི་ཟླ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན))ལྟ་བུར་འདུག་མོད་འོན་ཏེ<<མེ་ལོང་མ>>འི་ཤུགས་རྐྱེན་ཞུགས་པའི་སྙན་ངག<<བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ>>(12 སྙན་ངག་འདི་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལོ་༡༢༥༩ལོར་མཛད་པ་དང་། དེའི་རྗེས་ཀྱི་ཕྱི་ལོ་༡༢༦༥ལོར་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་བལ་ཡུལ་དུ་ཕེབས་ནས་ལོ་ཙཱ་སྦྱངས་ཤིང་༡༢༧༧ལོར་ཁོང་གིས<<མེ་ལོང་མ>>བོད་དུ་བསྒྱུར། འོན་ཀྱང་དུས་དེར་ས་པཎ་གྱིས<<མཁས་མཇུག>>རྩོམ་བཞིན་པའམ་བརྩམས་ཚར་བས་འགྲོ་མགོན་འཕགས་པར་དེའི་ཤུགས་རྐྱེན་ཐེབས་ཡོད་པར་སྙམ། (<མཁས་འཇུག>བརྩམས་པའི་ལོ་ཚིགས་ཞིབ་མོར་མ་རྙེད))ནི་ཚིག་སྡུད་མང་ལ། བརྗོད་བྱ་བྱེ་བྲག་དང་དཔེ་ལ་གཞོལ་ཆེ་བ་དང་། སྣང་བརྙན་ཅན་དུ་བཀོད་པ་མང་པ། ཚིག་ལ་བརྗིད་ཆེ་བ་སོགས་ཀྱི་ཉམས་ལྡན་པ་དཔེར་ན།
  རིན་ཆེན་གསེར་གྱི་ལྷུན་པོའི་རྒྱལ།།
  ཚ་ཟེར་བྱེ་བས་བཞུ་བའི་སྤྲིན།།
  པདྨ་རཱ་གའི་མདོག་སྣང་བས།།
  ཡོངས་སུ་བསྐོར་བ་ལྟ་བུ་ལགས།།
  ཡང་ན་ཁྱོད་སྐུ་ལྷུན་པོ་བཞིན།།
  ཆོས་གོས་ནམ་མཁའ་ལྟ་བུར་མཆིས།།
  དེ་ལ་གསེར་གྱི་རི་མོ་ནི།།
  བཀྲམ་པ་གཟའ་སྐར་ཚོགས་ལྟར་བཀྲ།། (13 མཆན་11པ་ལྟར་དེའི་P152རུ་གསལ།) ལྟ་བུར་སྣང་བས་རྩོམ་དེ་གཉིས་ལ་ཁྱད་པར་ཆེན་པོ་འདུག་པར་མ་ཟད། ཕྱི་མའི་ཁ་བྱང་ལའང་སྙན་དངགས(14 འགའ་ཞིག་གིས་སྙན་དངགས་ནི་སྙན་ངག་ཇི་ལྟར་རྩོམ་པའི་གཞུང་ལ་གོ་བ་དང་སྙན་ངག་ནི་སྙན་ངག་གི་ལམ་ནས་བརྩམས་པའི་ཚིག་སྦྱོར་ལ་གོ་ཞེས་ཁྱད་པར་ཕྱེ་ཡོད་ནའང་འདིར་དེ་གཉིས་དོན་ གཅིག་ལ་འབྲི་ལུགས་མི་འདྲ་བ་གཉིས་སུ་བལྟ་རྒྱུ་ཡིན་ལ། སྙན་ངག་མ་དར་བའི་སྔོན་དུ་སྙན་དངགས་ཞེས་འབྲི་སྲོལ་ཡོད་པས་ཕྱིས་སུ་མཁས་པ་ལ་ལས་དེ་ལ་གསར་དུ་གོ་བ་ལེན་རྒྱུ་ཡོད་པར་བཟོས་པ་ཨེ་ཡིན་ནམ་སྙམ། )ཞེས་པའི་མིང་དངོས་སུ་ཡོད་ཅིང་རྩོམ་ཧྲིལ་བོའི་ནང་དུའང་སྙན་དངགས་ཞེས་པའི་མིང་ཐེངས་ལྔ་དང་། སྙན་ཚིག་ཅེས་པའི་མིང་ཐེངས་གཅིག་ལ་བྱུང་ཡོད་པས་སྐབས་དེར་<<མེ་ལོང་མ>>བོད་དུ་སྒྱུར་བཞིན་པ་དང་རྒྱ་གར་གྱི་རྩོམ་སྲོལ་དང་མཐུན་པར་བོད་པ་རང་གི་རྩོམ་ལ་སྙན་དངགས་ཞེས་དངོས་སུ་འབོད་པའི་རྟགས་མཚན་ཡང་གྲུབ་འདུག་སྙམ།
   ཡང་སྙན་ངག་དེ་རུ་“བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།། རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ལ།། བླ་མེད་མཆོད་སྤྲིན་རྒྱ་མཚོས་མཆོད་བྱེད་ཅིང་།། བསྟོད་དབྱངས་རྒྱ་མཚོའི་སྒྲ་ཡིས་བསྟོད་པར་ཤོག”(15 མཆན་11པ་ལྟར་དེའི་P157དུ་གསལ།)ཅེས་པ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས“སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི།། སྙན་དངགས་མཁན་དུ་འགྱུར་བར་ཤོག”(16 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི་<<མཁས་པ་ལ་འཇུག་པའི་སྒོ>>གྱི་P75རུ་གསལ། (༡༩༨༡ལོའི་ཟླ་༦པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན))ཅེས་པ་ལས་སྐབས་དེའི་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་སྙན་ངག་ཕུན་སུམ་ཚོགས་པའི་ལམ་ནས་སངས་རྒྱས་དང་རང་གི་བླ་མར་བསྟོད་པའི་མཆོད་པ་འབུལ་བ་ནི་ཚོགས་གསོག་པ་དང་དགེ་བའི་ལས་ཤིག་ཏུ་ངོས་བཟུང་འདུག་པ་ཤེས་ཐུབ་པར་མ་ཟད། ཉེ་དུས་ཀྱི་མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་མཆོག་གིས“སྤྱིར་སྙན་ངག་གི་ཉམས་ཇི་ལྟར་བཏོད་པའི་ཚུལ་ནི། དཔེར་ན། བཅིང་འགྲོལ་དམག་ལ་དཔའ་མཛངས་དང་། མཚོན་ཆ་དང་། འཐབ་ཇུས་སོགས་ཆེས་ཕུལ་དུ་བྱུང་བའི་བསྔགས་ཚིག་ཉེ་བར་བཀོད་ནས། དེས་རྒྱལ་ཁབ་གནོད་སྐྱེལ་དཔུང་ཁག་གི་མིང་ཙམ་ཡང་ཤུལ་ལུས་མེད་པར་ཐལ་བའི་རྡུལ་དུ་བརླགས་སོང་ཞེས་པ་ཙམ་ཞིག་སྙན་ཚིག་དང་འབྲེལ་བར་སྤེལ་ན་ཡང་ཤིན་ཏུ་ལེགས་མོད་ཀྱི། ད་དུང་དེ་བས་དགྲ་ཟླ་ཕ་རོལ་བོ་ལ་དཔའ་ངར་དང་མཚོན་ཆ་དང་། གཡོ་འཕྲུལ་སོགས་ཆ་གང་ཐད་ནས་དཔགས་ན་ཕལ་བ་ཞིག་གིས་བསྒྲུན་དུ་མེད་ཚུལ་གྱི་སྒོ་ནས་རྒྱ་ཆེར་བསྟོད་ཅིང་། སུས་ཀྱང་འཐབ་ཚུལ་རང་ག་བ་ཞིག་གིས་འཕམ་མི་ནུས་པ་བརྗོད་པའི་མཐར། དེ་འདྲའི་དཔུང་ཁག་ཤིན་ཏུ་རྒྱལ་དཀའ་བ་ལས་ཀྱང་བསྔག་བྱའི་བཅིང་འགྲོལ་དམག་བདེ་བླག་ཏུ་གཡུལ་ལས་རྣམ་པར་རྒྱལ་བར་བསྔགས་ན་ནི། སྙན་ངག་གི་ཉམས་ཆེས་ཁྱད་པར་དུ་འཕགས་པར་འགྱུར་བ་འདི་ཉིད་ཚུལ་གཞན་ལའང་སྦྱར་བར་བྱའོ།།”(17 ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་<<སྙན་ངག་སྤྱི་དོན>>གྱི་P24རུ་གསལ། (༡༩༨༡ལོའི་ཟླ་༨པར་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན))ཞེས་པ་ལྟར་སྙན་ངག་གི་རྒྱན་སྣ་ཚོགས་ལ་བརྟེན་ནས་སངས་རྒྱས་དང་རང་གི་བླ་མར་བསྟོད་ཚིག་བྲིས་ཚེ་དེ་དག་ལ་ཕྱི་རོལ་མུ་སྟེགས་པ་དང་གྲུབ་མཐའ་གཞན་ལས་ཆེས་ཆེར་ཁྱད་དུ་འཕགས་པའི་ཡོན་ཏན་ལྡན་པ་དང་། རང་གི་དད་གུས་ལ་འགྱུར་བ་མེད་པ་དེ་བླ་ལྷག་གིས་མཚོན་ཐུབ་པར་སྙམ།
   དེ་འདྲའི་སྙན་ངག་གི་རྩོམ་ཐབས་དེ་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་དགེ་ལྡན་གྱི་བསྟན་པ་རྒྱ་ཆེར་སྤེལ་བའི་དུས་སུ་ཤིན་ཏུ་དར་ཤིང་རྒྱས་པར་གྱུར་བ་སྟེ། རྗེ་ཙོང་ཁ་བ་ཁོང་གི<<འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ>>དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གི<<ཙོང་ཁ་བ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ>> རྗེ་དགེ་འདུན་གྲུབ་ཀྱི་<<བཅོམ་ལྡན་འདས་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ>> ཞང་ཞུང་ཆོས་དབང་གྲགས་པའི<<བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཀ་ལ་བང་གའི་སྒྲ་དབྱངས>>དང་། <<རྗེ་བཙུན་བླ་མ་མཁས་གྲུབ་ཆེན་པོ་ལ་རབ་བསྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་ཆེད་དུ་བརྗོད་པ་སྤྲིན་གྱི་ཕྲེང་བ་རྣམ་པར་རོལ་བ>>(18 དེ་ལ་རྩོམ་ཧྲིལ་བོར་ཤོ་ལོ་ཀ་གཅིག་ལས་མེད་ནའང་ཚིག་རྐང་གཅིག་ལ་ཚེག་བར་བརྒྱ་དང་སོ་བཞི་ཡོད་ནའང་ཚིག་བསྡེབས་པ་ལ་ཤིན་ཏུ་ཡག་ལ་སྙན་ངག་གི་ཉམས་ཀྱིས་ཀུན་ནས་བཅིངས་པ་ཞིག་ཡིན་པས་སྐབས་དེའི་སྙན་ངག་གི་ཁྲོད་ནས་མཐོང་དཀོན་པའི་རིགས་ཤིག་གོ།)སོགས་ཚིག་སྡུད་ཆེ་ཞིང་བརྗིད་ཉམས་ལྡན་ལ། སྙན་ངག<<མེ་ལོང་མ>>ལས་དངོས་སུ་བསྟན་པའི་ཕུལ་བྱུང་གི་རྒྱན་དང་རབ་བཏགས་ཀྱི་རྒྱན། གཟུགས་རྒྱན། སྒྲ་རྒྱན་སོགས་བཀོལ་ནས་བརྗོད་པར་བྱ་བའི་ཡུལ་གང་དེ་དངོས་པོའི་རང་བཞིན་ལས་འདས་པར་འུད་ཆེན་པོས་བརྗོད་པའི་རྩོམ་སྲོལ་ཞིག་བྱུང་། དེའང་དུས་སྐབས་དེར་དགེ་ལྡན་གྱི་བསྟན་པ་རྒྱ་ཆེར་དར་ཏེ་འཆད་ཉན་གྱི་སྲོལ་གསར་བ་ཞིག་ཕྱེ་ནས“དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས”(19 རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་བརྩམས་པའི<<རྟོགས་བརྗོད་འདུན་ལེགས་མ>>ལས་བྱུང་ཞིང་<<བསྟོད་སྨོན་ཕྱོགས་བསྒྲིགས་ཀྱི>>P91ཏུ་གསལ།(༢༠༠༥ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན) )དགོས་པའི་ཁོར་ཡུག་ཅིག་ཆགས། ཁོར་ཡུག་དེའི་ཁྲོད་དུ་གྲོང་སྐད་ཀྱིས་མ་བསླད་པའི་བསྟན་བཅོས་སྤྱི་སྐད་ཀྱི་འགྲོས་གསར་བ་ཞིག་ལ་བརྟེན་ཏེ་སྟོན་པ་དང་བླ་མའི་ཆེ་བ་བརྗོད་པ་དེས་གཅིག་ནས་སྙན་ངག་པ་རང་གིས་སངས་རྒྱས་ཆོས་གཞུང་ལ་ཐོས་བསམ་བྱས་པའི་ཉམས་རྟོགས་མཚོན་པ་དང་། གཉིས་ནས་དེ་ཉིད་རང་ཕྱོགས་དང་ལྟ་ཚུལ་ཐ་དད་པའི་ཕ་རོལ་བ་དག་ཟིལ་གྱིས་གནོན་བྱེད་ལྟ་བུར་གྱུར་ཡོད། དཔེར་ན་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྙན་ངག་དེ་རྒྱལ་ཚབ་དར་མ་རིན་ཆེན་གྱི་སྙན་ངག་ལས་འུད་ཆེན་པོའི་ཉམས་དང་ལྡན་པ་དེ་ནི་མཁས་པའི་དབང་བོ་ཁོང་གཉིས་ལས་སྔ་མ་ནི་རང་ལུགས་འཛིན་པ་གཙོ་བས་ཞི་ཞིང་དུལ་བ་དང་ཕྱི་མ་ནི་གཞན་སྡེར་དགག་པ་གཙོ་བས་དྲེགས་པའི་ཚུལ་དང་ལྡན་པ་དེར་འབྲེལ་ཡོད་པར་སྙམ། དེའི་རྗེས་སུ་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་<<ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ>>དང་། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོའི<<རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དམྦུ་རའི་རྒྱུད་མངས>> རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི<<རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱབ་བདག་བླ་མ་དཀོན་མཆོག་མཚན་ཅན་གྱི་བསྟོད་པ>> རྡོ་སྦིས་ཤེས་རབ་རྒྱ་མཚོའི<<རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ>> སྒིའུ་སྟེང་བློ་བཟང་དཔལ་ལྡན་གྱི<<ཕོ་ཉ་གཞོན་ནུ་མ་དོན་གྲུབ་མ>> འཇིགས་མེད་དམ་ཆོས་རྒྱ་མཚོའི་<<བསྟོད་པ་འཇིགས་བྲལ་ངག་གི་སྙེ་མ>>སོགས་འུད་ཆེན་པོའི་ཉམས་དང་ལྡན་པའི་སྙན་ངག་མང་པོ་རིམ་པར་བྱུང་ཞིང་ཕྱི་མ་ཕྱི་མར་སྔ་མ་སྔ་མའི་ཤུགས་རྐྱེན་ཐེབས་ཏེ་དེ་འདྲའི་རྩོམ་ཐབས་ཉིད་གོང་འཕེལ་ཆེན་པོར་སོང་ནའང་སྟོན་པ་དང་བླ་མར་བསྟོད་པ་ཙམ་གྱི་ཁྱབ་ཁོངས་ལས་རབ་ཏུ་འདས་པར་བྱས་ཏེ་སྙན་ངག་གི་རྣམ་པ་དང་རྩོམ་ཐབས་ཀྱི་ཕྱོགས་ནས་རྩེ་མོའི་རྩེ་མོར་ཕྱིན་པ་ནི་ཞང་ཞུང་ཆོས་དབང་གྲགས་པས་བརྩམས་པའི<<རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས>>ཞེས་བྱ་བ(20 སྙན་ངག་འདིའི་སྦྱར་བྱང་དུ་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་དྲི་མ་མེད་པའི་རིགས་པའི་མིག་གིས་ལྟ་བ་ལ་མཁས་པའི་མདུན་སར་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང་ཐ་སྙད་ཀྱི་གཙུག་ལག་མ་ལུས་པའི་ཕ་རོལ་ཏུ་སོན་པའི་མཁས་པའི་སྐྱེ་བོ་མཐའ་དག་གི་ཞབས་ཀྱི་པད་མོ་ལ་ཕྱག་བྱས་པ། ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་སྙན་དངགས་མཁན་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་ཉིས་སྟོང་སུམ་བརྒྱ་བཅུ་དྲུག་ལོན་པ་ས་ཕོ་རྟའི་ལོར(རབ་བྱུང་བདུན་པའི་ ས་ཕོ་རྟའི་ལོ་སྟེ་ཕྱི་ལོ་༡༤༣༨ལོའོ།།)འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྣམ་པར་བསྡེབས་པའོ།། ཞེས་བཀོད་འདུག (མཆན་11པ་ལྟར་དེའི་P500དང་། 501ཏུ་གསལ།))དེ་ཡིན་ཞིང་ཕྱིས་སུ་བྱོན་པའི་སྙན་ངག་སྨྲ་བ་སུས་ཀྱང་དེ་འདྲའི་སྣང་བརྙན་གྱི་འཇིག་རྟེན་ཤིན་ཏུ་ཞིབ་ཅིང་ཕྲ་བར་བཀོད་པ་དང་། རྟོག་པའི་ཡུལ་རྒྱ་ཆེ་བར་བྱས་པ། འཇིག་རྟེན་དུ་མི་སྲིད་པའི་དཔེ་ཁྱད་མཚར་བོ་དག་གིས་འུད་ཆེན་པོས་བརྗོད་པར་བྱས་ཏེ་བཀླགས་པ་ཙམ་གྱིས་སྙན་ངག་གི་ཀློང་ཆེན་པོའི་ནང་དུ་ཡིད་ངེས་པར་དྲངས་འགྲོ་བའི་སྙན་ངག་དེ་འདྲ་མ་བྱུང་བར་སྙམ། སྙན་ངག་དེ་བརྩམས་ནས་མི་ལོ་བཞི་བརྒྱ་ཙམ་འདས་པའི་རྗེས་སུ་རྒྱ་ནག་པ་བསྟན་པའི་ཉི་མས<<རཱ་མ་ཎའི་རྟོགས་བརྗོད>>ཀྱི་རྩོམ་སྲོལ་ལྟར་<<དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་མཁའ་འགྲོ་རྣམ་པར་རྩེན་པའི་རྒྱུད་མངས་ཀྱི་ངོ་མཚར་རྣ་བའི་བཅུད་ལེན>>ཞེས་བྱ་བ་བརྩམས་ཡོད་ནའང་དེ་གཉིས་བསྡུར་ཚེ་ཕྱི་མས་སྔ་མའི་རྗེས་སུ་རྐང་བ་བཀོད་པ་ཙམ་ལས་ཆ་གང་ལ་བརྟག་ཀྱང་སྔ་མ་ལས་བརྒལ་འདུག་པ་ཅི་ཡང་མེད་དོ།།

             གཉིས་པ། འུད་ཆེན་པོའི་མཚོན་སྟངས་འགའ་ཞིག་དཔེར་དྲངས་ཏེ་བཤད་པ།

  སྤྱིར་བོད་ཀྱི་སྔོན་བྱོན་སྙན་ངག་སྨྲ་བ་དག་གིས<<མེ་ལོང་མ>>འི་གཞུང་ལ་དངོས་སུ་སྦྱོང་བ་དང་འགྲེལ་བ་རྩོམ་པའི་ཚེ་ན་གཞུང་དེར་བསྟན་པའི་སྙན་ངག་གི་རྒྱན་སྣ་ཚོགས(21 ལེའུ་དང་པོའི་སྐབས་ཀྱི་ལྷོ་ཤར་ཐུན་མོང་མ་ཡིན་པའི་རྒྱན་བཅུ་དང་ལེའུ་གཉིས་པའི་སྐབས་ཀྱི་དོན་རྒྱན་སོ་ལྔ། ལེའུ་གསུམ་པའི་སྐབས་ཀྱི་སྒྲ་རྒྱན་དང་གབ་ཚིག་གི་རྒྱན་བཅས་སོ།།)ལ་དཔེར་བརྗོད་འཇོག་པའི་གོམས་སྲོལ་ཞིག་ཡོད་ནའང་སྙན་ངག་རྩོམ་པའི་དུས་སུ་དཔེ་རྒྱན་དང་། གཟུགས་རྒྱན། ཕུལ་བྱུང་གི་རྒྱན། ཉམས་ལྡན་གྱི་རྒྱན། རབ་བཏགས་ཀྱི་རྒྱན། སྒྲ་རྒྱན་རིགས་སྣ་ཚོགས་པ་སོགས་བེད་སྤྱད་པ་ཤིན་ཏུ་མང་ལ་སྐབས་འགར་བྱ་དཀའ་བ་དང་ཀུན་འཁོར་སོགས་ཚིག་གི་རྩལ་དམིགས་སུ་འདོན་པ་དེ་སྙན་ངག་པའི་ཁྱད་ཆོས་ཤིག་ཏུ་བརྩིས་ཡོད། དེ་བས་མཁས་པའི་ནང་ནས་ཀྱང་རིག་པའི་རྩལ་ཤིན་ཏུ་རྫོགས་ཤིང་འུད་ཆེན་པོའི་བརྗོད་པ་ལ་ཤིན་ཏུ་མཁས་པ་དེ་དག་ནི་ད་གཟོད་སྙན་ངག་སྨྲ་བར་ལྟ་བའི་གོམས་སྲོལ་ཞིག་ཀྱང་ཆགས་ཡོད་པར་སྙམ། དཔེར་ན་དེ་སྔ་མདོ་སྨད་ཀྱི་ཕྱོགས་སུ་སྙན་ངག་གི་གཞུང་མ་ཡིན་པར་སྙན་ངག་ཉིད་དཔེ་ཁྲིད་བྱེད་དུས་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་དཔེ་ཁྲིད་བྱེད་པའི་སྲོལ་ཞིག་འདུག་སྟེ། དེའང་ཁོང་གི་སྙན་ངག་དེ་དེ་ལྟར་དམིགས་ཀྱིས་བདམས་དོན་ནི་རང་བཞིན་བརྗོད་པའི་རྒྱན་སོགས་བཀོལ་ནས་ཚིག་སྦྱོར་བབ་ཆགས་པར་བྱས་པ་ལ་བསམ་པ་མ་ཡིན་པར་འཁྱོག་བརྗོད་དང་འུད་ཆེན་པོའི་མཚོན་སྟངས་ཤུགས་ཆེ་བར་བྱས་པས་སྙན་ངག་གི་དཔེ་མཚོན་དུ་བཞག་པར་སྙམ།
   དེའང་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ནི་<<མེ་ལོང་མར>>དངོས་སུ་བཀོད་པའི་འུད་ཆེན་པོའི་མཚོན་སྟངས་ཤིག་ཡིན་པ་དང་། དེ་ལ་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱིས་རམ་བུ་བཏེགས་ཚེ་ད་གཟོད་སྔོན་བྱོན་སྙན་ངག་པ་ཚོའི་སྨྱུག་འོག་གི་འུད་ཆེན་པོས་བརྗོད་པའི་སྙན་ངག་གི་ཁམས་དེ་གྲུབ་ཡོད་པ་རེད། 
 གཤམ་དུ་བཀོད་པའི<<མེ་ལོང་མའི>>ནང་གི་དངོས་བསྟན་གྱི་དཔེར་བརྗོད་དང་བོད་ཀྱི་མཁས་པ་ཚོས་སྙན་ངག་ཏུ་བྲིས་པ་འགའ་ཞིག་འཕྲོ་རིམ་འཕྲོར་བསྡུར་ཚེ་ངེད་ཅག་གིས་འུད་ཆེན་པོའི་མཚོན་སྟངས་ཀྱི་ཁྱད་ཆོས་ལ་ངེས་པ་རགས་ཙམ་རྙེད་ཐུབ་པ་ཡིན།
   མ་ལླི་ཀཱ་ཡི་ཕྲེང་ཚོགས་ཅན།།
   ལུས་ཀུན་ཁྱབ་པའི་ཙནྡན་གཤེར།།
   དཀར་བའི་གོས་ཅན་མངོན་འགྲོ་མ།།
   ཟླ་བའི་འོད་ལ་མཚོན་མ་ཡིན།། (22 སློབ་དཔོན་དབྱུག་པ་ཅན་དང་བོད་མཁས་པའི་མཛད་པའི<<སྙན་ངག་རྩ་འགྲེལ>>གྱི་P34བར་གསལ། (༡༩༥༧ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན)  )
   དཔེར་བརྗོད་འདིར་མེ་ཏོག་དཀར་བོའི་ཕྲེང་བས་བརྒྱན་པ་དང་། ལུས་ལ་དྲི་བཟང་བོ་བྱུགས་ཤིང་གོས་དཀར་བོས་གཡོགས་ཏེ་ཟླ་བའི་འོད་དཀར་བོའི་ནང་དུ་འདོད་པས་གདུང་བཞིན་རང་གི་མཛའ་བོ་འཚོལ་བར་འགྲོ་བའི་བུད་མེད་ཅིག་གི་སྣང་བརྙན་བཞེངས་ཡོད་ལ་བུད་མེད་དེའི་ཕྱིའི་རྣམ་པ་ནི་ཤིན་ཏུ་དཀར་བ་དང་། ཟླ་འོད་ཀྱང་དེ་བཞིན་དུ་སྣང་བས་མོ་དེ་ཕྱོགས་ལ་འགྲོ་བ་སུས་ཀྱང་མཐོང་བར་མི་འགྱུར་བའི་ཚད་ནི་ཟླ་བའི་འོད་ཀྱིས་མོ་རང་མཚོན་དུ་མི་བཏུབ་ཅེས་འུད་ཆེན་པོས་བྲིས་ཡོད་པ་རེད། སྙན་ངག་པས་འུད་ཆེན་པོའི་མཚོན་ཐབས་ལ་བརྟེན་ནས་བུད་མེད་དེའི་ཁྱད་ཆོས་དཀར་བ་དང་ཟླ་འོད་ཀྱི་ཁྱད་ཆོས་དཀར་བ་གཉིས་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ་འཇིག་རྟེན་དུ་མི་སྲིད་པའི་དོན་ཞིག་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པར་བརྟེན་ནས་མཚོན་ཡོད་ཅིང་སྙན་ངག་དེ་བཀླགས་མ་ཐག་དང་པོ་མོ་རང་ཤིན་ཏུ་མཛེས་པའི་རྣམ་པ་དེ་ཀློག་པ་པོའི་སྣང་ངོར་འཆར་བར་བྱེད་པ་དང་། དེ་ནས་མོས་མཛའ་བོ་འཚོལ་བའི་འདུན་པ་དྲག་པོ་དེའང་ཟླ་འོད་ཀྱིས་བཏུམས་ཡོད་པ་ལྟར་བྱས་ཏེ་ཤིན་ཏུ་མཛེས་པའི་རྣམ་པ་ཅན་དུ་བྱས་ཡོད་ལ། འཇིག་རྟེན་དུ་སྲིད་པའི་དོན་ཏེ། བུད་མེད་ཅིག་གིས་མུན་པའི་ནང་ནས་རང་གི་ལུས་བསྐུངས་ཏེ་མཛའ་བོ་འཚོལ་བ་ལྟ་བུའི་སྤྱིར་བཏང་གི་སྣང་བརྙན་བཟློག་པར་བྱས་ནས་ཟླ་འོད་ཀྱི་ནང་ནས་གོས་དཀར་པོ་གྱོན་ཏེ་མཛེས་པའི་ཆ་ལུགས་སྤྲས་པ་ན་གཞན་གྱིས་མི་མཐོང་བར་འགྱུར་བ་དེ་སྣང་བརྙན་དུ་བྱས་ནས་སྙན་ངག་གི་ཁམས་དམིགས་ཀྱིས་བསལ་བ་ཞིག་བཞེངས་ཡོད།
   དགའ་མ་ཁྱོད་ཀྱི་ནུ་མ་དང་།།

  དཔྱི་ཡི་བར་ན་སྐེད་པ་ནི།།

  ཡོད་དམ་མེད་ཅེས་བདག་གི་ནི།།

  ཐེ་ཚོམ་ད་དུང་བཟློག་མ་གྱུར།། (23 མཆན་22པ་ལྟར་རོ།།)
   གོང་གི་དཔེར་བརྗོད་དང་པོ་དང་བསྡུར་ན། འདི་རུ་སྣང་བརྙན་དུ་བཀོད་པ་ཉུང་བ་དང་། བརྗོད་བྱའི་ཡུལ་དེ་སྙན་ངག་པ་རང་གི་འདོད་པ་གཙོ་བོར་བྱས་ཏེ་འུད་ཆེན་པོས་བརྗོད་པ་ལས་དཔེར་བརྗོད་དང་པོ་ལྟར་འུད་ཆེན་པོའི་མཛེས་པ་གྲུབ་བྱེད་ཀྱི་རྒྱུ་མང་པོའང་ཚང་མེད། དེ་བས་མཚོན་ཐབས་འདི་ལ་དཔེར་བརྗོད་དང་པོ་ལྟར་སྙན་ངག་གི་ཁམས་ཕུན་སུམ་ཚོགས་པ་ཞིག་ཀྱང་མེད་པས་ཀློག་མཁན་ལ་རོ་མྱོང་མི་ཟད་པ་སྟེར་བའི་ནུས་པའང་མེད་ལ་འུད་ཆེན་པོས་བརྗོད་པ་དེ་དཔེར་བརྗོད་དང་པོ་ལྟར་བདེན་པའི་དོན་དང་ལྡན་པ་ཞིག་ཀྱང་མ་ཡིན།
   སྤྱིར<<མེ་ལོང་མ>>འི་གཞུང་དུ་ཕུལ་བྱུང་གི་རྒྱན(24 རྒྱན་འདིར<<མེ་ལོང་མའི>>གཞུང་དངོས་སུ། ངག་གི་དབང་པོས་མཆོད་གྱུར་བ།། ཕུལ་བྱུང་ཞེས་ནི་བརྗོད་པ་འདི།། རྒྱན་ནི་གཞན་པ་རྣམས་ལ་ཡང་།། གཅིག་པུ་དཔུང་གཉེན་མཆོག་ཏུ་བསྔགས།། ཞེས་དམིགས་ཀྱིས་བསལ་ནས་རྒྱན་གཞན་རྣམས་དང་མི་འདྲ་བར་བརྗོད་ཡོད་པས་ཕྱིས་ཀྱི་བོད་ཀྱི་སྙན་ངག་པ་མང་པོས་རྒྱན་འདི་མང་དུ་སྤྱད་པ་དང་། དུས་རབས་ཉི་ཤུ་བའི་ནང་དུ་ཡོ་རོབ་ཏུ་དར་བའི་དངོས་བརྒལ་བའི་ལུགས(Surrealism)འཛིན་པའི་སྙན་ངག་པ་ཚོས་ཀྱང་དེ་དང་ཆ་འདྲ་བའི་སྙན་ངག་མང་པོ་བརྩམས་ཡོད་པ་སོགས་ལས་དེ་འདྲ་ཡིན་པ་ར་སྤྲད་ཡོད་པར་སྙམ། )ལ་དབྱེ་བ་བཞི་ཡོད་ནའང་རྗེས་ཀྱི་བོད་ཀྱི་སྙན་ངག་པ་ཚོས་འུད་ཆེན་པོས་ལམ་ནས་བྲིས་པའི་སྙན་ངག་ཕལ་ཆེ་བ་གོང་གི་ཁྱད་འཕགས་ཕུལ་བྱུང་དང་། ཐེ་ཚོམ་ཕུལ་བྱུང་གི་རྩ་བའི་དཔེར་བརྗོད་ཀྱི་འགྲོས་ལྟར་གཅིག་ནི་སྣང་བརྙན་དུ་བཀོད་པ་མང་པ་དང་། དཔེ་རུ་བཀོད་པ་ལའང་སྤྱི་བྱེ་བྲག་གི་ཁྱད་པར་ལྡན་པ། ཇི་ལྟར་འུད་ཆེན་པོས་བརྗོད་ནའང་ཀློག་པ་པོས་ཡིད་ཆེས་སུ་རུང་བ་དང་། ཅིག་ཤོས་ནི་སྣང་བརྙན་དུ་བཀོད་པ་ཉུང་བ་དང་། འུད་ཆེན་པོའི་ཕྱིར་ཏུ་འུད་ཆེན་པོ་བྱས་པ་སྟེ་དཔེ་དང་རྒྱུ་མཚན་ཉུང་བ། ཀློག་མཁན་གྱིས་དེ་ཙམ་ཡིད་ཆེས་སུ་མི་རུང་བ་ལྟར་བརྩམས་པ་སྟེ། དེ་གཉིས་འཇིག་རྟེན་དུ་མི་སྲིད་པ་དང་། ཕལ་བའི་སྐྱེ་བོའི་བློ་ཡུལ་ལས་འགོངས་པ་ལྟ་བུ་ཡིན་པ་འདྲ་ནའང་མི་འདྲ་བའི་ཆའང་ཤིན་ཏུ་མང་པ་རེད།འོན་ཀྱང་ངས་འདིར་ཁྱད་འཕགས་ཕུལ་བྱུང་གི་མཚན་ཉིད་ལྟར་བརྗོད་བྱའི་ཡུལ་གང་དེའི་ཁྱད་ཆོས་ལ་བསྔགས་པ་བརྗོད་ནས་ཁྱད་ཆོས་དེ་ལས་ལྷག་པ་ཞིག་དཔེ་ལ་མེད་པ་ལྟ་བུར་འུད་ཆེན་པོས་བརྗོད་པ་དང་། ཐེ་ཚོམ་ཕུལ་བྱུང་གི་མཚན་ཉིད་ལྟར་བརྗོད་བྱའི་ཡུལ་གང་དེའི་ཡོན་ཏན་འུད་ཆེན་པོས་སྟོན་པར་འདོད་ནས་ཁྱད་ཆོས་དེ་དག་ལ་ཐེ་ཚོམ་སྐྱེ་བ་ལ་ཟེར་བ་མིན་པར་སྙན་ངག་དེ་དག་གི་ནང་དུ་སྙན་ངག་ཕུན་སུམ་ཚོགས་པ་གྲུབ་བྱེད་ཀྱི་རྒྱུ་མང་པོ་ཡོད་མེད་ཀྱི་ཆ་ནས་ཟེར་བ་ཡིན། དེའི་ཕྱིར་གཤམ་དུ་བཀོད་པ་དག་ཀྱང་རྒྱན་གྱི་བྱེ་བྲག་དེ་གཉིས་ཀའི་དཔེར་བརྗོད་དུ་འགྲོ་བའི་ཁྱབ་པ་མེད་པར་མ་ཟད་འུད་ཆེན་པོས་བརྗོད་པ་མང་པོ་ཞིག་དཔེ་དང་། གཟུགས། ཕུལ་བྱུང་། རབ་བཏགས། བསྡུས་བརྗོད་སོགས་རྒྱན་མང་པོ་བསྲེས་ནས་བརྩམས་པ་དང་། མཚོན་ཐབས་འགའ་ཞིག་བོད་ཀྱི་སྙན་ངག་པ་ཚོས་སྨྱུག་རྩེ་ལས་གསར་དུ་འཁྲུངས་པ་ལས<<མེ་ལོང་མ>>དང་འབྲེལ་བ་དེ་ཙམ་མེད་པའང་ཤེས་དགོས།

  ས་སྟེང་འདི་ན་སྲེད་ལྡན་རྣམས།།
  དེ་ཡི་གཏམ་ལ་ཆགས་གྱུར་ཏེ།།

  མིག་ཡངས་མཛེས་མ་གཞན་དག་ལ།།

  རྨི་ལམ་དུ་ཡང་ཆགས་མ་གྱུར།།
  དབྱངས་ཅན་མིང་ནི་བཟུང་འོས་ཏེ།།

  སྤྲ་མོའི་ལག་པ་སུ་ཞིག་འཛིན།།

  སྐྱེ་རྒུའི་རིག་སྔགས་མཁན་དེ་རྣམས།།
  སི་ཏཱའི་མིང་གི་བཟླས་བརྗོད་ཀྱིས།།
  འགྲམ་པ་རུས་པའི་འཕྲུལ་འཁོར་ནི།།
  དྲལ་བ་ནུ་མའི་ངོས་སུ་འཕྱང་།། (25 མཆན་11པ་ལྟར་དེའི་P478དུ་གསལ། )
  འདི་ནི་ཞང་ཞུང་བའི<<རཱ་མ་ཎའི་གཏམ་རྒྱུད>>དུ་སི་ཏཱའི་མཛེས་པའི་སྐོར་བྲིས་པ་ཞིག་སྟེ། སྙན་ངག་པས་སི་ཏཱའི་བྱད་བཞིན་དང་ལུས་ཀྱི་མཛེས་པ་དེ་ཅི་འདྲ་ཡིན་པ་མེ་ཏོག་སོགས་ཀྱི་དཔེར་བཀོད་ཏེ་བྲིས་པ་མིན་པར་འཇིག་རྟེན་པ་རྣམས་ཀྱིས་སི་ཏཱར་འཛིན་པའི་ལྟ་བ་ཅི་འདྲ་ཡིན་པ་བྲིས་ནས་མོ་རང་འགྲན་པའི་ཟླ་དང་བྲལ་བའི་མཛེས་མ་ཞིག་གི་སྣང་བརྙན་དུ་བཞེངས་ཡོད། ཆགས་ལྡན་རྣམས་ནི་སི་ཏཱའི་མཛེས་པ་གླེང་བ་ལ་བྲེལ་བར་གྱུར་ནས་བུད་མེད་གཞན་ནི་རྨི་ལམ་དུའང་འཁོར་བར་མ་གྱུར་བ་དང་། དེ་ནི་སྤྲ་མོའི་ལག་པ་ནས་འཛིན་པ་དང་བསྡུར་ན་དབྱངས་ཅན་མའི་མཚན་ཟློ་བ་ལེགས་པ་དང་འདྲ་བ། དེ་ལྟ་བུའི་བུད་མེད་མཛེས་མ་དེའི་མིང་བཟླས་དྲགས་ཏེ། རིག་སྔགས་མཁན་གྱི་འགྲམ་པའང་མར་དྲལ་ནས་ནུ་མའི་ངོས་སུ་འཕྱང་འདུག་ཅེས་ཧ་ཅང་བསམ་པའི་ཡུལ་ལས་འདས་པའི་སྙན་ངག་གི་ལྗོངས་ཤིག་བཞེངས་ཡོད་ལ་ལྗོངས་དེ་རུ་འཇིག་རྟེན་པ་མཐའ་དག་སི་ཏཱའི་མཛེས་པས་རྨོངས་ཤིང་འཐོམས་པར་གྱུར་བ་ལྟ་བུ་ཞིག་འུད་ཆེན་པོས་བརྗོད་ཡོད་དོ།།
  གཤིན་རྗེ་མཇུག་མ་འཛིན་དེ་གཉིས།།

  ལྟོ་འགྲོ་དགྲ་བོ་གཞོམ་འདོད་བཞིན།།
  ཕན་ཚུན་འཁྱུད་དེ་འཐབ་པ་ལས།།
  འཛིན་མའི་ལྟོ་བར་ངལ་བ་བྱིན།།
   ནགས་ཚལ་ཕྲེང་བའི་ཚོགས་དག་ནི།།
   རྡུལ་གྱི་གོ་སྐབས་ཐོབ་པར་གྱུར།།
   ཀུན་གསལ་མཛེས་མ་འདར་ལྡན་མ།།
   རྡུལ་འཚུབ་ཡོལ་བའི་ཕག་ན་འཆེལ།།
   ལྷ་བུ་གཞོན་ནུས་འཛམ་གླིང་མེས།།
   ཚིག་པའི་དུད་ཚོགས་ཡིན་ཞེས་སེམས།།
   ཞེ་སྡང་ཚ་བས་གདུང་བ་ཡི།།

   ལུས་ཀྱི་གངས་རི་ལས་འོངས་པ།།
   རྔུལ་གྱི་འབབ་ཆུའི་ཀླུང་ཆེན་ཚོགས།།
   རྒྱ་མཚོ་ཆེན་པོའི་གསོས་སུ་གྱུར།།

   དགྲ་གཉེན་མགལ་མེའི་འཁོར་ལོ་ནི།།

   མྱུར་བ་མྱུར་བར་འཁོར་བ་ན།།
   ས་ཡི་བདག་པོའི་མིག་ལ་ནི།།

   ཨ་ལོང་བཞིན་དུ་དེ་སྣང་གྱུར།། (26 མཆན་11པ་ལྟར་དེའི་P488དུ་གསལ། )
   འདིའང་ཞང་ཞུང་བའི<<རཱ་མ་ཎའི་གཏམ་རྒྱུད>>དུ་སྤྲེའུ་མགྲིན་བཟང་དང་འབའ་ལེ་གཉིས་འཐབ་པའི་སྐོར་བྲིས་པ་སྟེ། སྙན་ངག་པས་གཞན་གྱི་བློ་ཡུལ་ལས་འགོངས་པའི་རྟོག་པར་བརྟེན་ནས་སྤྲེའུ་དེ་གཉིས་འཐབ་པའི་བྱ་བའི་རང་བཞིན་ཉིད་འུད་ཆེན་པོའི་མཚོན་ཐབས་ལ་བརྟེན་ནས་སྣང་བརྙན་གྱི་རྣམ་པར་བྱས་ཡོད་ལ། ཀློག་མཁན་གྱིས་བཀླགས་མ་ཐག་དེ་གཉིས་འཐབ་པའི་ཉམས་དེ་ཧ་ཅང་འཇིགས་སུ་རུང་བ་དང་། སྟོབས་དང་ལྡན་པ་ཞིག་ཡིན་པ་གློག་བརྙན་ལ་བལྟས་པ་བཞིན་ཡིད་ལ་འཆར་བར་བྱ་ཐུབ་སྟེ་དེ་གཉིས་ཤིན་ཏུ་སྟོབས་ཆེ་བས་ས་གཞིའང་ངལ་བར་གྱུར་བ་དང་། རྡུལ་མང་པོ་སྤྲུགས་པ་རྣམས་ནགས་ཀྱི་ནང་དུ་འཐོར་བ། ཐ་ན་ནམ་མཁའང་རྡུལ་གྱི་དཔུང་དེའི་ཕག་ཏུ་ཡིབ་པ། ལྷ་རྣམས་ཀྱིས་ཀྱང་ད་ནི་འཛམ་བུ་གླིང་ཉིད་མེ་ཡིས་ཚིག་སོང་བའི་ཐལ་བ་འཕྱུར་བྱུང་སྙམ་པ། ལུས་ཀྱི་རྔུལ་ཆུས་རྒྱ་མཚོའང་འཕེལ་བར་བྱེད་པ། དེ་གཉིས་ཀའི་ལུས་ནི་ཧ་ཅང་རྩལ་དང་ལྡན་པས་མགྱོགས་པོར་འཁོར་བ་ནི་མགལ་མེ་དང་འདྲ་བས་དེ་ཉིད་རཱ་མ་ཎའི་མིག་ལམ་དུ་ཨ་ལོང་བཞིན་དུ་སྣང་བའོ།།
  ཁྱོད་ཀྱི་ཐུགས་ལ་ཉོན་མོངས་ཀྱིས།།
  གླགས་སྐབས་ནམ་ཡང་རྙེད་མིན་པ།།

  འདི་ལའང་བདག་ནི་དེ་ཙམ་དུ།།

  ཡ་མཚན་གྱུར་བ་ཅང་མ་མཆིས།།

  མཐའ་དག་ནོར་འཛིན་མུན་པའི་གོས།།

  འཕྲོག་བྱེད་ཉི་མའི་འོད་སྟོང་གིས།།

  སྐྱེད་ཚལ་མུན་པ་བསལ་བ་ལའང་།།

  སྐྱེ་བོ་སུ་ཞིག་མཚར་དུ་བརྩི།། (27 མཆན་11པ་ལྟར་དེའི་P395རུ་གསལ། )
   འདི་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་གི<<ཙོང་ཁ་བ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ>>ལས་བཤུས་པ་སྟེ། ཙོང་ཁ་བ་ཆེན་པོའི་ཐུགས་ནི་ཉོན་མོངས་ཀྱི་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་གོས་པ་མེད་པ་དེ་ལ་ཁོ་བོ་སྟེ་བསྟོད་པ་པོ་ཉིད་ཅུང་ཙམ་ཡང་མཚར་དུ་མི་སེམས་པ་ནི་ཉི་མའི་འོད་ཀྱིས་མུན་པ་མ་ལུས་པ་སེལ་བར་མཛད་ན་སྐྱེད་མོས་ཚལ་གྱི་མུན་པ་ལྟ་བུའི་ཆུང་ངུ་ཙམ་སེལ་བ་ལ་མཚར་དུ་ཅི་ལྟར་འཛིན་ཞེས་སྤྱིར་མཚར་དུ་འཛིན་འོས་པའི་ཡོན་ཏན་དེ་ཉིད་མཚར་དུ་མི་འཛིན་པར་ལྟར་བྱས་ཏེ་ལྡོག་པའི་ཕྱོགས་ནས་འུད་ཆེན་པོས་བརྗོད་པའོ།།

  བདག་གི་ཁྱིམ་ན་རྟ་དང་གླང་བོའི་ཁྱུ།།

  བྱ་རྒོད་ཤུགས་ཀྱིས་ཉིན་ཞག་བཅོ་བརྒྱད་ཙམ།།

  ཉུལ་ཡང་ཕྱི་མའི་མཐའ་ནི་མི་དམིགས་པའི།། 

  སྟོབས་དང་འབྱོར་བ་ནོར་རྩེན་ཕོ་བྲང་བཞིན།།

  དེ་ལྟ་མོད་ཀྱི་ཁོ་བོ་ཡིད་བྱུང་ནས།།

  གྱོ་མའི་སྣོད་ཐོགས་ངུར་སྨིག་ཙམ་བླངས་ཏེ།།

  ཆགས་པ་མེད་པར་ཞི་བའི་བས་མཐའ་རུ།།
  ཨེ་མ་དྲང་སྲོང་འདི་འདྲ་ཆེད་དུ་བྱས།། (28 སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི<<ཆབ་ཤོག་ཕྱོགས་བསྒྲིགས>>ཀྱི་P180རུ་གསལ།(༢༠༠༣ལོའི་ཟླ་༡༢པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན) )
   འདི་ནི་སྒིས་སྟེང་བློ་བཟང་དཔལ་ལྡན་གྱི<<ཕོ་ཉ་གཞོན་ནུ་དོན་གྲུབ་མ>>འི་ནང་གི་ཚན་པ་ཞིག་སྟེ། སྙན་ངག་པས་རྟ་དང་གླང་བོའི་ཁྱུ་སོགས་ནོར་སྣ་ཚོགས་ཀྱིས་ཁྱབ་པའི་འབྱོར་བ་རྒྱ་ཆེ་བ་དང་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་བྱ་རྒོད་ཅིག་ངལ་བ་ཙམ་ཡང་མི་གསོ་བར་ཉིན་ཞག་བཅོ་བརྒྱད་ཀྱི་ལམ་ལ་འཕུར་ཡང་ད་དུང་མཐའ་མངོན་པར་མི་བྱེད་ཅེས་ཧ་ཅང་འུད་ཆེན་པོས་བརྗོད་པ་སྟེ། འདིས་བཀླགས་པ་ཙམ་གྱིས་ཀློག་པ་པོའི་ཡིད་ལ་དེ་འདྲ་སྲིད་དམ་སྙམ་པའི་དོགས་པ་ཆེན་པོ་ཞིག་སྐྱེ་རུ་འཇུག་པ་ནི་གོང་གི་སྐེད་པ་ཧ་ཅང་ཕྲ་བ་སྐེད་པ་མེད་པ་ལྟར་བྱེད་པ་དང་ཅུང་འདྲ་ལ། དེ་འདྲའི་འུད་ཆེན་པོའི་རྗོད་སྟངས་དེ་གྲུབ་བྱེད་ཀྱི་ཁྱད་ཆོས་འགའ་ཞིག་བྱེ་བྲག་ཏུ་དྲངས་ན་ཀློག་མཁན་གྱིས་ཀྱང་དེ་འདྲ་རེད་སྙམ་པའི་རྒྱུ་མཚན་ཤེས་ཡོང་མོད་འདིར“སྟོབས་དང་འབྱོར་བ་ནོར་རྩེན་ཕོ་བྲང་བཞིན”ཞེས་དཔེར་བཀོད་པ་ཙམ་ལས་སྙན་ངག་གི་ཁམས་མཛེས་པར་བྱེད་པའི་སྣང་བརྙན་སོགས་གང་ཡང་བཀོད་མེད་པས་དད་པ་དང་དག་སྣང་གིས་བཀླག་ན་མ་གཏོགས་ཀློག་མཁན་བསླུ་བར་བྱེད་པའི་ནུས་པ་དེ་འདྲ་མི་ལྡན། འོན་ཀྱང་མཇུག་གི་ཤོ་ལོ་ཀ་དེར་དེ་འདྲའི་རྒྱལ་སྲིད་དང་འདྲ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ནའང་སྙན་ངག་པ་རང་ཉིད་ལོངས་སྤྱོད་དོར་ནས་དབེན་པའི་གནས་སུ་འཁོར་བ་ལ་ངེས་འབྱུང་སྐྱེས་སྟེ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་ཚུལ་དེ་བརྗོད་པ་དེས་སྙན་ངག་གི་ཁམས་གཞན་ཞིག་གྲུབ་པར་བྱས་འདུག་པ་སྟེ། ཐོག་མར་ཀློག་དུས་རྟ་དང་གླང་བོའི་ཁྱུ་དེ་འདྲ་ཡོད་པ་ངོམ་སོ་བྱེད་ཀྱིན་པ་འདྲ་ནའང་རྗེས་ཀྱི་ཤོ་ལོ་ཀ་དེ་དང་ལྷན་ཅིག་བཀླགས་ཚེ་དེ་འདྲ་མ་ཡིན་པས་ཀློག་མཁན་ལ་ཀློག་སྐབས་ཀྱི་སྐད་ཅིག་མ་དེའི་ནང་དུ་ཚོར་བ་གཞན་ཞིག་སྟེར་ནུས་པའོ།།
   གོང་དུ་དྲངས་པའི་དཔེར་བརྗོད་དག་ལས་ངེད་ཅག་གིས་བོད་ཀྱི་སྔོན་བྱུང་སྙན་ངག་པ་ཚོས་ཐོག་མར་སྙན་ངག་སྦྱོང་བའི་ཚེ་ན<<མེ་ལོང་མ>>འི་གཞུང་ལ་ལད་མོ་བྱས་ཏེ་ཚིག་རྒྱན་སྦྱོར་སྟངས་ལ་སློབ་གཉེར་བྱ་སྲིད་མོད་འོན་ཀྱང་དེའི་རྩ་བའི་རིག་པ་རྣམས་ཨ་འཐས་སུ་བཟུང་སྟེ་ལད་མོ་བྱས་ནས་མ་བསྡད་པར་སྙན་ངག་པ་རང་གི་སེམས་གཤིས་དང་མཐུན་པའི་སྙན་ངག་གི་ཁམས་ཞིག་བཞེངས་ཡོད་ལ། དེ་ནི་རེས་འགར<<མེ་ལོང་མས>>ཀྱང་མ་ཟིན་པ་ཞིག་ཡིན་པར་ཁོ་བོས་འདོད་དོ།། 
 ལྷག་པར་དུ་ཁོང་ཚོ་ཕལ་ཆེ་བ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་འདུལ་འཛིན་པ་ཡིན་པས་ཁོང་ཚོའི་སྨྱུག་འོག་ནས་ངེད་ཅག་གི་སྤྱིར་བཏང་གི་འཇིག་རྟེན་ལས་འདས་པའི་ཞིང་ཁམས་གསར་བ་ཞིག་གྲུབ་ཅིང་། དེ་ནི་བོད་ཀྱི་བསྟན་བཅོས་སྤྱི་སྐད་ལ་བརྟེན་ཏེ་བྱུང་བའི་འཛམ་གླིང་ཤར་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་རིགས་ཤིག་ཡིན་ལ། ཏག་ཏག་འུད་ཆེན་པོའི་མཚོན་སྟངས་དེ་ནི་སྙན་ངག་རིགས་དེ་གྲུབ་བྱེད་ཀྱི་རྒྱུ་གཙོ་བོ་གཉིས་ལས་གཅིག་རེད་དོ།། (29 རྒྱུ་གཞན་དེ་ནི་ཕལ་བའི་སྐད་དང་སྤྱིར་བཏང་གི་སྐད་ཆར་བརྟེན་པའི་མཚོན་སྟངས་ཤིག་སྟེ་ལོགས་སུ་གླེང་བར་བྱའོ།།)

དཔྱད་གཞིའི་ཡིག་ཆ།
སློབ་དཔོན་དཎྜིས་བརྩམས་པའི<<སྙན་ངག་མེ་ལོང་མ>> (༡༩༥༧ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི་<<མཁས་པ་ལ་འཇུག་པའི་སྒོ>>(༡༩༨༡ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་བརྩམས་པའི<<སྙན་འགྲེལ་དཎྜིའི་དགོངས་རྒྱན>>དང་<<སྙན་ངག་མེ་ལོང་གི་དཔེར་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས>>(༡༩༥༧ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
འཇུ་མི་ཕམ་གྱིས་བརྩམས་པའི་<<སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ>> (༡༩༨༤ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་བརྩམས་པའི<<རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ>>(༡༩༨༦ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི<<གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ>> (༡༩༨༩ལོའི་ཟླ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་<<སྙན་ངག་སྤྱི་དོན>> (༡༩༨༡ལོར་པར་ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི<<ཚིག་རྒྱན་རིག་པའི་སྒོ་འབྱེད>>(༢༠༠༤ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
ཞང་ཞུང་ཆོས་དབང་གྲགས་པས་བརྩམས་པའི<<ཞང་ཞུང་ཆོས་དབང་གྲགས་པའི་བསྟོད་ཚོགས་བཞུགས་སོ>>(༢༠༠༦ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
<<བསྟོད་སྨོན་ཕྱོགས་བསྒྲིགས>> (༢༠༠༥ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
འཇུ་སྐལ་བཟང་གིས་བརྩམས་པའི<<སྙན་ངག་གི་རྣམ་བཤད>>(༡༩༩༠ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)
སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི<<ཆབ་ཤོག་ཕྱོགས་བསྒྲིགས>>(༢༠༠༣ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ)

            (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།