དུས་མཐའི་མཚན་མོ།༼ བཅད་མ༽

 

ནོར་ལ་སྲོག་བཞིན་གཅེས་ནའང་།།
སྲོག་ལ་སྐར་གང་མི་རི་སྟེ།།
སྟོབས་དང་དབང་གི་བདག་པོ་དེས།།
སྐྱེ་འགྲོའི་འཚོ་བ་དོན་མེད་བྱས།།

གློ་བ་ནག་པོ་བྱེ་བ་བརྒྱ།།
ཆུ་ཡིས་དག་པར་མི་འགྱུར་ཏེ།།
འདོད་སྲེད་མཆེ་བས་བསློགས་བྱས་པའི།།
དུ་བའི་གཏེར་མཛོད་དེ་ལ་གཟིགས།།

ལྕགས་ཀྱིས་བྲེས་པའི་ཁང་ཆུང་དུ།།
འཁྲིག་པའི་སྒྲའང་བཙོན་དུ་བཟུང་།།
རང་སེམས་འབར་ཞུན་སྒམ་ཆུང་དུ།།
འཁྲུལ་སྣང་འབར་རྐང་ཕན་ཚུན་སྦར།།

སྒེའུ་ཁུང་རྟག་ཏུ་ཕྱེ་ནའང་།།
མིག་གིས་ནམ་མཁའ་མི་མཐོང་ཞིང་།།
གྲོགས་དང་གྲོགས་མོའང་མི་མཐོང་བར།།
ཕྱོགས་བཞིའི་གྱང་ལ་ཆིག་ལབ་འགྱེད།།

དཔྲལ་བའི་མིག་དེ་བྲུས་ཤུལ་ཏུ།།
བྱ་རོག་དེ་ལ་མཆོད་བསྟོད་རྩོམ།།
ཁོག་གི་སྙིང་ལ་སོ་བཏབ་རྗེས།།
ཁྱི་སྨྱོན་རྣམས་ལ་ལེགས་སོ་འབོད།།

རྫུན་གྱི་རྐྱལ་བ་ཁུར་བ་དག།
མཚན་ལམ་འགྲིམ་བཞིན་གང་སར་རྒྱུ།།
མཁྲིས་ནད་འཛིན་པའི་ཟླ་བ་ནི།།
ཆེད་དུ་བྱས་པའི་སྲུང་མ་བཞིན།།

དྲི་བཞོན་སུག་པས་སར་གཏོར་བའི།།
སྡོང་ལོ་དག་ནི་རྙོག་ཆུར་གཡེང་།།
འབུ་ནག་འགའ་ཞིག་དེ་ལ་འབྱར།།
ལྦུ་བ་འཕྱུར་ཅིང་ཞི་བར་བྱེད།།



ཀྭ་ཡེ་བུ་མོ་དལ་ཙམ་བྱོས།།
སེམས་ཉིད་ཞི་བར་བྱ་ཕྱིར་ཏུ།།
གོམ་སྟབས་མགྱོགས་པོས་ཕན་ནམ་ཅི།།
སྒེག་པའི་ཉམས་དེ་བརླག་གམ་ཅི།།

དུ་སྤྲིན་འཁྲིགས་པ་མཐོང་བྱུང་ངམ།།
ཟླ་བ་དམར་པོར་མཇལ་བྱུང་ངམ།།
མ་འོངས་སྐལ་བཟང་བསམ་བཞིན་དུ།།
དུས་མཐའི་མཚན་མོ་བསླེབས་བྱུང་ངོ་།།

དེ་དགོང་སླར་ཡང་རང་སྤྱིལ་དུ།།
ཁ་པར་མེ་ལོང་བསྲུངས་བསྲུངས་ནས།།
སྙིང་ནད་སེལ་བའི་སྨན་དང་བཅས།།
མིག་མི་ཟུམ་པར་སྡོད་དགོས་སམ།།

མནལ་གྱིས་ནོན་པར་མ་བྱས་ཀྱང་།།
ཡི་གེའི་གྲོག་སྦུར་འཚུབ་པ་དང་།།
གློག་གི་ཚག་སྒྲ་མཆེད་པ་ཡིས།།
རྨི་ལྟས་འཁྲུག་པ་ལྟ་བུར་བྱས།།

དབང་པོ་གཞན་དག་ཤིང་བཞིན་རེངས་གྱུར་ཀྱང་།།
མིག་གི་བུང་བ་ཟུམ་ཟུམ་འདར་བ་ནི།།
བསྣད་པར་བྱས་པའི་གཤོག་ཟུང་རྡེབ་པ་བཞིན།།
མུན་པའི་ཀློང་དུ་ཁ་ཁུ་སིམ་པར་བྱས།།

སད་ཀྱང་ཚ་བས་འཁྲུལ་བ་ཡིས།།
གཉིད་ཀྱི་གཤོང་དུ་ལྷུང་འདྲ་བྱས།།
སྡུག་ཀྱང་མཆི་མ་མེད་པ་ནི།།
མྱོས་བུམ་སྤྲང་ཁུག་རྙིད་འདྲ་བྱུང་།།

དགྲ་རྣམས་ཐོ་ཡོར་གཟུགས་འཛིན་ཅིང་།།
གྲོགས་རྣམས་གྲིབ་མའི་ངང་ཚུལ་ཅན།།
སོ་སོར་འབྱེད་ལ་ངལ་གྱུར་ཏེ།།
ཀུན་ཏུ་རྟོག་པས་ཐམས་ཅད་རྨས།།

ནམ་ཞིག་འདི་ལས་སད་གྱུར་ཚེ།།
རྒ་ཤིའི་སྐལ་བ་ཡོལ་འགྱུར་ཏེ།།
སྐྱེས་བུ་ཆོས་སྐུའི་རང་བཞིན་ཅན།།
གཏན་གྱི་སྐྱབས་སུ་འཛིན་པ་དེས།།

རྒྱུ་སྐར་བྱེ་བའི་ཕ་རོལ་ལ།།
སངས་རྒྱས་བྱེ་བའི་མཚན་བསྐུར་ནས།།
རྡུལ་དང་བྱིན་རླབས་དབྱེར་མེད་པར་།།
ལམ་སྣ་འཛིན་པའི་ཆོས་ཀྱང་གྲུབ།།

      ༢༠༡༤ ༨ ༢༠


           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་མཐའི་མཚན་མོ།༼ བཅད་མ༽

 

ནོར་ལ་སྲོག་བཞིན་གཅེས་ནའང་།།
སྲོག་ལ་སྐར་གང་མི་རི་སྟེ།།
སྟོབས་དང་དབང་གི་བདག་པོ་དེས།།
སྐྱེ་འགྲོའི་འཚོ་བ་དོན་མེད་བྱས།།

གློ་བ་ནག་པོ་བྱེ་བ་བརྒྱ།།
ཆུ་ཡིས་དག་པར་མི་འགྱུར་ཏེ།།
འདོད་སྲེད་མཆེ་བས་བསློགས་བྱས་པའི།།
དུ་བའི་གཏེར་མཛོད་དེ་ལ་གཟིགས།།

ལྕགས་ཀྱིས་བྲེས་པའི་ཁང་ཆུང་དུ།།
འཁྲིག་པའི་སྒྲའང་བཙོན་དུ་བཟུང་།།
རང་སེམས་འབར་ཞུན་སྒམ་ཆུང་དུ།།
འཁྲུལ་སྣང་འབར་རྐང་ཕན་ཚུན་སྦར།།

སྒེའུ་ཁུང་རྟག་ཏུ་ཕྱེ་ནའང་།།
མིག་གིས་ནམ་མཁའ་མི་མཐོང་ཞིང་།།
གྲོགས་དང་གྲོགས་མོའང་མི་མཐོང་བར།།
ཕྱོགས་བཞིའི་གྱང་ལ་ཆིག་ལབ་འགྱེད།།

དཔྲལ་བའི་མིག་དེ་བྲུས་ཤུལ་ཏུ།།
བྱ་རོག་དེ་ལ་མཆོད་བསྟོད་རྩོམ།།
ཁོག་གི་སྙིང་ལ་སོ་བཏབ་རྗེས།།
ཁྱི་སྨྱོན་རྣམས་ལ་ལེགས་སོ་འབོད།།

རྫུན་གྱི་རྐྱལ་བ་ཁུར་བ་དག།
མཚན་ལམ་འགྲིམ་བཞིན་གང་སར་རྒྱུ།།
མཁྲིས་ནད་འཛིན་པའི་ཟླ་བ་ནི།།
ཆེད་དུ་བྱས་པའི་སྲུང་མ་བཞིན།།

དྲི་བཞོན་སུག་པས་སར་གཏོར་བའི།།
སྡོང་ལོ་དག་ནི་རྙོག་ཆུར་གཡེང་།།
འབུ་ནག་འགའ་ཞིག་དེ་ལ་འབྱར།།
ལྦུ་བ་འཕྱུར་ཅིང་ཞི་བར་བྱེད།།



ཀྭ་ཡེ་བུ་མོ་དལ་ཙམ་བྱོས།།
སེམས་ཉིད་ཞི་བར་བྱ་ཕྱིར་ཏུ།།
གོམ་སྟབས་མགྱོགས་པོས་ཕན་ནམ་ཅི།།
སྒེག་པའི་ཉམས་དེ་བརླག་གམ་ཅི།།

དུ་སྤྲིན་འཁྲིགས་པ་མཐོང་བྱུང་ངམ།།
ཟླ་བ་དམར་པོར་མཇལ་བྱུང་ངམ།།
མ་འོངས་སྐལ་བཟང་བསམ་བཞིན་དུ།།
དུས་མཐའི་མཚན་མོ་བསླེབས་བྱུང་ངོ་།།

དེ་དགོང་སླར་ཡང་རང་སྤྱིལ་དུ།།
ཁ་པར་མེ་ལོང་བསྲུངས་བསྲུངས་ནས།།
སྙིང་ནད་སེལ་བའི་སྨན་དང་བཅས།།
མིག་མི་ཟུམ་པར་སྡོད་དགོས་སམ།།

མནལ་གྱིས་ནོན་པར་མ་བྱས་ཀྱང་།།
ཡི་གེའི་གྲོག་སྦུར་འཚུབ་པ་དང་།།
གློག་གི་ཚག་སྒྲ་མཆེད་པ་ཡིས།།
རྨི་ལྟས་འཁྲུག་པ་ལྟ་བུར་བྱས།།

དབང་པོ་གཞན་དག་ཤིང་བཞིན་རེངས་གྱུར་ཀྱང་།།
མིག་གི་བུང་བ་ཟུམ་ཟུམ་འདར་བ་ནི།།
བསྣད་པར་བྱས་པའི་གཤོག་ཟུང་རྡེབ་པ་བཞིན།།
མུན་པའི་ཀློང་དུ་ཁ་ཁུ་སིམ་པར་བྱས།།

སད་ཀྱང་ཚ་བས་འཁྲུལ་བ་ཡིས།།
གཉིད་ཀྱི་གཤོང་དུ་ལྷུང་འདྲ་བྱས།།
སྡུག་ཀྱང་མཆི་མ་མེད་པ་ནི།།
མྱོས་བུམ་སྤྲང་ཁུག་རྙིད་འདྲ་བྱུང་།།

དགྲ་རྣམས་ཐོ་ཡོར་གཟུགས་འཛིན་ཅིང་།།
གྲོགས་རྣམས་གྲིབ་མའི་ངང་ཚུལ་ཅན།།
སོ་སོར་འབྱེད་ལ་ངལ་གྱུར་ཏེ།།
ཀུན་ཏུ་རྟོག་པས་ཐམས་ཅད་རྨས།།

ནམ་ཞིག་འདི་ལས་སད་གྱུར་ཚེ།།
རྒ་ཤིའི་སྐལ་བ་ཡོལ་འགྱུར་ཏེ།།
སྐྱེས་བུ་ཆོས་སྐུའི་རང་བཞིན་ཅན།།
གཏན་གྱི་སྐྱབས་སུ་འཛིན་པ་དེས།།

རྒྱུ་སྐར་བྱེ་བའི་ཕ་རོལ་ལ།།
སངས་རྒྱས་བྱེ་བའི་མཚན་བསྐུར་ནས།།
རྡུལ་དང་བྱིན་རླབས་དབྱེར་མེད་པར་།།
ལམ་སྣ་འཛིན་པའི་ཆོས་ཀྱང་གྲུབ།།

      ༢༠༡༤ ༨ ༢༠


           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།