མཚན་གུང་གི་དགའ་རོགས།༼ བརྩམས་སྒྲུང ༽
ས་རུབ་ནས་ཡུན་རིང་འགོར། མོ་ཊ་རྣམས་གཙང་པོ་དམར་པོ་ཞིག་དང་འདྲ་བར་ག་ས་ག་རུ་བཞུར། བརྩེགས་རིམ་ཉེར་གསུམ་ཅན་གྱི་ཁང་བརྩེགས་མཐོན་པོ་དེ་གཡོ་བ་མེད་པར་བརྟན་པོར་འགྲེང་ཞིང་དེའི་གྲིབ་མ་ལྟ་བུའི་མོ་ཊ་འཇོག་སའི་ར་བ་དེའང་ཁ་ཁུ་སིམ་པོར་གནས། དེ་རུ་མོ་ཊ་ཉིས་བརྒྱ་ཙམ་སྟོད་དུ་གྲལ་ཕྲེང་གསུམ་དང་སྨད་དུ་གྲལ་ཕྲེང་གསུམ་བྱས་ཤིང་སྟོད་སྨད་གཉིས་ཀ་ཁ་སྤྲོད་པའི་ཚུལ་གྱིས་བསྒྲིགས་ཡོད་པ་དང་། སྟོད་ཀྱི་གྲལ་གཉིས་པའི་གཡས་ཀྱི་བདུན་པ་ནི་ཐོ་ཡོ་ཐ(Toyota)ལན་ཌི་ཁུ་རུ་ཟིར(LAND CRUISER)4000ཅིག་རེད། དེའི་གཡས་གཡོན་དང་མདུན་རྒྱབ་ཀྱི་མོ་ཊ་མཐའ་དག་སྟོང་བར་ཡོད་ནའང་དེའི་འདུག་སྟེགས་རྗེས་མའི་ནང་དུ་རྡོ་རྗེ་བསྡད་འདུག ཕར་བལྟས་ཚེ་ཁོས་དེ་གར་བཞག་པའི་མོ་ཊ་ཚང་མ་བསྲུངས་ཡོད་པ་འདྲ། ཁོའི་གཟུགས་ཧ་ཅང་རིང་བས་མོ་ཊའི་གཡོན་གྱི་སྒོ་རྗེས་མ་དེ་ཕྱེ་ནས་རྐང་བ་ཚུར་བསྲིངས་འདུག་ལ་ལག་ཏུ་ལག་འཁྱེར་ཁ་པར་ཞིག་ཐོགས་ནས“རྩི་ཤིང་དང་རོ་ལངས་ཀྱི་གཡུལ་འགྱེད”1ཅེས་པའི་རྩེད་མོ་ཞིག་རྩེད་བཞིན་འདུག ཁོས་རྩེད་མོ་དེའི་རིམ་པ་མཐའ་དག་ཐེངས་གཉིས་ལ་བརྒལ་ཟིན་ནའང་སྔར་བཞིན་དེའི་ནང་དུ་སེམས་གཡེང་བར་བྱེད་ནུས།
མོ་ཊ་དེའི་ནང་ནི་མོ་ཊ་གཞན་པ་ལས་ཡངས་ཤིང་ཆེ་བ་ཞིག་ཡིན་ནའང་ཁོས་ཇི་ལྟར་བྱས་ཀྱང་ལུས་པོ་དྲང་མོ་བྱས་ཏེ་རྐང་བ་བརྐྱང་མི་ཐུབ། དེ་བས་ལུས་ཀྱི་ཆ་ཤས་ཕལ་ཆེ་བ་མོ་ཊའི་ནང་ནས་ལུས་ཤིང་རྐང་བའི་མགོ་ཕྱི་ལ་བསྲིངས་འདུག་པ་དེའི་རྐྱེན་གྱིས་ཁོའི་ལུས་ཀྱི་དྲོད་གྲང་ཡང་དེ་འདྲའི་མི་སྙོམས་པར་བྱས་སོང་བ་འདྲ་སྟེ། རྐང་མགོའི་བསིལ་སྣང་དེས་ལུས་ཧྲིལ་བོར་འཁྱག་སྣང་ཞིག་སྟེར་བྱུང་།
རྩེད་མོ་དེའི་རིམ་པ་དཀའ་ཤོས་ཤིག་བརྒལ་རྗེས་ཁོས་རྐང་བ་ཕྱི་ལ་བསྐུམས་ཏེ་མོ་ཊའི་སྒོ་བརྒྱབ། ཁོ་རང་ལ་འདྲིས་ཤིང་གོམས་པའི་དྲོད་སྣང་ཞིག་གིས་ཁོའི་ལུས་སེམས་གཉིས་ཀར་བདེ་སྣང་ཞིག་སྦྱིན། དེ་མུར་ཁོའི་ཁ་པར་གྱི་དྲིལ་བརྡ་གྲག་བྱུང་ལ་ཤེལ་ངོས་སུ་ཤར་བ་ནི་ཨང་གྲངས་ཆ་མེད་ཅིག་རེད། ཁོས་གལ་སྲིད་མགོ་བས་ཀྱང་དེ་དང་དུས་མཉམ་པོར་ཁ་པར་བཏང་ཡོང་ན་ཅི་བྱ་སྙམ་ནས་དེ་ལ་མ་ཉན་པར་མ་ཟད་རྩེད་མོའང་རྩེད་མཚམས་བཞག་སྟེ་འདུག་སྟེགས་སྔོན་མའི་གཟེབ་ཁུག་གི་ནང་དུ་ཁ་པར་བཅུག་པ་དང་། གཡས་ཕྱོགས་ཀྱི་ཤེལ་སྒོ་ཅུང་ཕྱེ་སྟེ་ཨམ་ཕྲག་ནས་ཐ་མག་སྒམ་གང་བླངས་ནས་རྐང་གཅིག་ལ་མེ་བསྒྲོན།
གློ་བུར་ཏུ་ཕྱི་རོལ་ནས་རླུང་ཆེན་པོ་ཞིག་ལྡང་སྟེ་ཐ་མག་གི་དུ་བ་དེ་སྐད་ཅིག་ཉིད་ལ་ཕྱོགས་ཕྱོགས་སུ་གཏོར། ཁོས་གཟེབ་ནང་གི་ཁ་པར་གྱི་ངོ་ལ་མཛུབ་མོས་རེག་ཙམ་བྱས་པས་དེའི་ཤེལ་ངོས་ཀྱི་གློག་གསལ་བར་གྱུར་བ་དང་། མཚན་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉེར་གཅིག་ཡིན་པ་གསལ་བོར་ཤར་འདུག
ཁོས་ལོབས་ཕྱོགས་ལྟར་གཉིད་ཅོག་ཕྲན་ཙམ་བརྒྱབ། དེའང་གཉིད་ཅོག་རྒྱག་པ་ནི་ཁོ་རང་གཅིག་བུ་མོ་ཊའི་ནང་དུ་ཡོད་དུས་ཀྱི་གོམས་གཤིས་ཤིག་ཡིན་ཏེ་གལ་སྲིད་མགོ་བ་གམ་དུ་ཡོད་པ་དང་ཡང་ན་མགོ་བས་ཁ་པར་བཏང་ཡོང་དུས་ཁོའི་ལུས་ཅི་ཙམ་ངལ་བ་དང་གཉིད་སྣང་ཅི་ཙམ་ཡོད་ནའང་དེ་དག་ཐམས་ཅད་སྦ་ཅི་ཐུབ་བྱས་ཏེ་རང་གི་རྣམ་རིག་སྐྲ་རྩེ་ན་ཡོད་པའི་རྣམ་འགྱུར་ཁོ་ན་བསྟན་པས་མགོ་བས་ཁོ་རང་གི་ཁ་ལོ་བ་ལྟ་བུའི་མི་ཚེགས་ཐུབ་ཅིག་འཇིག་རྟེན་ན་མེད་པར་འདོད་ཡོད། ཡིན་ནའང་སྐབས་འགར་ཁོས་མོ་ཊ་བཏང་བ་མགྱོགས་དྲགས་པ་དང་། ཡང་ན་དལ་དྲགས་པ། ཡང་ན་གཏོང་སྟངས་ཀྱི་ཕྱོགས་ནས་མི་འགྲིག་པ་ཅུང་བྱས་ཚེ་དེ་དག་ཐམས་ཅད་མགོ་བའི་ཕྱིའི་ཉམས་འགྱུར་ལས་མངོན་ཡོང་བས་ཁོས་དེ་ལ་བརྟེན་ནས་ནོར་བ་མ་ལུས་མྱུར་བར་བཅའ་ཐུབ། དེ་ཉིད་མགོ་བས་ཀྱང་གསལ་པོར་ཤེས་ཡོད་པས་མགོ་བ་ཁོང་གིས་བསྟུད་མར་མི་ལོ་བཅོ་ལྔའི་རིང་ལ་ཁོར་ཁ་ལོ་བ་བྱེད་བཅུག་པ་རེད།
ལོ་གསུམ་གྱི་སྔོན་དུ་ཁོ་ལ་ཕོ་བའི་ནད་ཅིག་བྱུང་ནས་གཤག་བཅོས་བྱེད་དགོས་བྱུང་བས་མགོ་བས་གནས་སྐབས་རིང་ཁ་ལོ་བ་གསར་བ་ཞིག་བཙལ་ནའང་ཁོ་རང་སྨན་ཁང་ལས་སྒོར་ཐོན་དུས་མགོ་བ་དགའ་དྲགས་ཏེ“རྡོ་རྗེ། ཁྱོད་ཕྱིར་བསླེབས་པས་འགྲིག་སོང་། མི་དེ་ནི་སྨྱོན་པ་ཞིག་རེད”ཅེས་སྨྲས།
མོ་ཊ་འཇོག་ས་དེའི་མཐའ་འཁོར་གྱི་གློག་རྣམས་རེ་རེ་བཞིན་གཟིམས་པ་དང་འཇུག་སྒོའི་མདུན་གྱི་གློག་དམར་པོ་དེ་གློ་བུར་ཇེ་གསལ་ལ་འོང་བ་ལྟར་གྱུར།
རྡོ་རྗེས་བརྩེགས་རིམ་ཉེར་གསུམ་ཅན་གྱི་ཁང་བརྩེགས་དེའི་ཕྱོགས་སུ་ལྟ་ཙམ་བྱས་ཏེ་ཁོའི་མགོ་བ་དེ་ག་ན་ཡོད་མིན་སྙམ་པ་དང་། ལག་པ་གཉིས་ཀ་གྱེན་དུ་བསྲིངས་ཏེ་གླལ་མོ་ཞིག་བྱ་བསམ་ནའང་ལག་པ་མོ་ཊའི་ཀླད་ལ་ཐོགས་པར་གྱུར་བས་དེ་ལྟར་མ་ནུས། དེ་བས་ཁོས་གླལ་མོ་བྱེད་པའི་བཟོ་ལྟ་ཙམ་བསྟན་རྗེས་ལག་པ་གཡོན་པས་ཐ་མག་འཐེན་འཕྲོ་དེ་སྒོའི་ཕྱིར་གཡུག་པ་དང་ལག་པ་གཡས་པས་མིག་གཉིས་ཀ་རེ་རེ་བཞིན་ཕུར། འཕྲིན་ཐུང་ཞིག་འབྱོར་བའི་བརྡ་རུ་ཁ་པར་ལས་དྲིལ་བརྡ་ཆུང་ཆུང་ཞིག་གྲག འཕྲིན་ཐུང་དེ་རུ་汽车(མོ་ཊ)དང་། 低价(རིན་གོང་སླ་མོ) 联系电话(འབྲེལ་བ་བྱ་སའི་ཁ་པར)སོགས་ཁོས་ངོས་ཟིན་པའི་རྒྱ་ཡིག་དེ་དག་ཡོད་པས་དེ་ནི་མི་ལ་མགོ་སྐོར་གཏོང་བ་འམ་བསྒྲུབ་མི་རིགས་པའི་ལས་སྒྲུབ་པའི་བརྡ་ཡིག་ཡིན་པ་ཤེས་ཏེ་ཁ་པར་གཟེབ་ནས་ཀྱང་མ་བླངས་པར་བཞག
དེ་ནས་ཁོས་གཡས་སུ་ཡོད་པའི་སྔས་འབོལ་གམ་གྱི་རང་གི་ལག་ཁུག་ཆུང་ཆུང་དེ་པང་དུ་བླངས་པ་དང་། དེའི་ནང་གི་<<ཞལ་འདོན་ཕྱོགས་བསྒྲིགས>>བླངས་ནས<<མདོ་གདུགས་སྒྲོལ་གསུམ>>འདོན་མགོ་བརྩམས། ཁོས“རྒྱ་གར་སྐད་དུ”ཟེར་དུས་སྐད་ཅུང་ཙམ་མཐོན་པོར་བྱས་མོད“བྷ་ག་ཝ་ཏི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ”ཟེར་དུས་སྐད་འགག་པ་ཇི་བཞིན་གློ་བུར་ཏུ་དམའ་བར་གྱུར་བ་དང་། དེའི་འཕྲོར༼ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན ༽སོགས་ཟེར་དུས་སྒྲ་གཏན་ནས་མེད་པར་ཡིད་ཀྱིས་འདོན་པ་ལྟ་བུར་གྱུར། ཁོས་དེ་ལྟར<<མདོ>>བཏོན་ཚར་ཏེ་གདུགས་དཀར་ལས“རྐུན་པོའི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང”ཞེས་པ་སོགས་མིག་བཙུམ་སྟེ་བློ་ངོ་ནས་འདོན་བཞིན་པའི་སྐབས་སུ་ཁ་པར་གྱི་དྲིལ་བརྡ་གྲག་བྱུང་། ཁོས་མགོ་བ་ཨེ་ཡིན་ནམ་སྙམ་སྟེ་སེམས་ལ་བྲེད་སྣང་དང་དགའ་སྣང་ཞིག་ཅིག་ཅར་དུ་སྐྱེས་ནའང་ཁ་པར་གྱི་ཤེལ་ངོས་སུ་ཤར་བ་ནི་གོང་གི་ཨང་གྲངས་ཆ་མེད་དེ་རེད། དེ་འཕྲལ་ཁོས་མཚར་སྣང་ཞིག་དང་མཉམ་དུ་ཁ་པར་གཟེབ་ནས་བཏོན་ཏེ་ཉན་པ་ན་ཕ་རོལ་ནས་གྲག་པ་ནི་བུད་མེད་ཅིག་གི་སྐད་རེད།
“ཁྱོད་རྡོ་རྗེ་ཡིན་ནམ”
“ཡིན། ཁྱོད་སུ་ཡིན”
“ཁྱོད་ཀྱིས་ཕལ་ཆེར་ང་རང་བརྗེད་ཟིན་ཡང་སྲིད། ང་མཚོ་མོ་ཡིན”
“ཨ། ཁྱོད་ཀྱིས་ངའི་མིང་ཇི་ལྟར་ཤེས་པ་ཡིན”
ཁོས་ཅི་བྱ་གཏོལ་བྲལ་གྱི་ངང་དུ་ཁ་པར་མར་མནན། དེ་ནི་གཅིག་ནས་ཁོས་མགོ་བའི་ཁ་པར་ལ་ཉན་མ་ཐུབ་ན་ཅི་བྱ་སྙམ་པ་ཡིན་ལ། གཉིས་ནས་མཚོ་མོ་ཞེས་པའི་མིང་དེ་ཐོས་མ་ཐག་བུ་མོ་ཞིག་གི་གམ་ནས་གནམ་ལྡིང་ས་ལྡིང་བྱེད་པ་དང་། ར་བཟི་སྟེ་སྐྱུག་པ། སྒོ་རྡུང་བའི་མི་ཞིག་དྲན་ཡོང་ལ་མི་དེ་ཏག་ཏག་ཁོ་རང་ཉིད་ཡིན་པ་རེད།
དེའང་ལོ་བཞིའི་སྔོན་གྱི་དབྱར་གཞུང་ཞིག་ལ། མོ་ཊ་གཏོང་བའི་ལས་ཚེགས་ཤིན་ཏུ་ལྕི་བའི་རྐྱེན་གྱིས་ཁོས་རང་གི་ལུས་ལ་ཚ་བ་རྒྱས་པ་དང་མགོ་ཡོམ་འཁོར་བ་སོགས་རྫུན་ཚིག་འགའ་བསྒྲིགས་ཏེ་ཉིན་འགར་མགོ་བར་གནང་བ་ཞུས་ཤིང་། གྲོགས་པོ་ཞིག་དང་ལྷན་ཅིག་གྲོང་གསེབ་ཅིག་ཏུ་ཕྱིན་ནས་ཨ་རག་འཐུང་བཞིན་བསྡད། མཚན་མོ་ཞིག་ལ་ཨ་རག་གིས་རབ་ཏུ་བཟི་ནས་ཟ་ཁང་གི་ཞབས་ཞུ་མ་བུ་མོ་ཞིག་ཡོད་པ་དེའི་སར་སོང་ནས་མོ་དང་མཉམ་དུ་ལུས་འབྲེལ་བྱུང་བ་དང་ཕྱི་ཉིན་དེ་དག་ཐམས་ཅད་གཅིག་ཀྱང་མ་བརྗེད་པར་བློ་ངོ་ན་ཡོད་པ་རེད།
ཁོས་ཁ་པར་ལ་ཉན་མ་ཐག་ཁ་པར་གཏོང་མཁན་ནི་མོ་ཡིན་པ་ཤེས་བྱུང་བ་སྟེ། སྐད་གདངས་ཅུང་འགག་ཅིང་སྐད་ཆའི་འགྲོས་ཤིན་ཏུ་དལ་བ་དང་། སྐྱེས་པ་སུ་ལའང་བདེ་སྣང་སྟེར་བའི་སྐད་དེ་འདྲ་མོ་ལས་བུ་མོ་སུ་ལའང་མེད་པར་འདུག འོན་ཀྱང་ཁོས་དུས་རྒྱུན་པར་མགོ་བ་འཚོལ་ཕྱིར་ཁ་པར་གཏོང་མཁན་དེ་དག་ལ་ལན་སློག་པ་ཇི་བཞིན་གོམས་པའི་དབང་གིས་“ཁྱོད་སུ་ཡིན”ཞེས་ལན་དེ་མི་བསློག་ཀ་མེད་དུ་གྱུར་ལ་ཁ་པར་མར་མནན་རྗེས་དེ་ལ་འགྱོད་པ་ཅུང་ཙམ་ཡང་སྐྱེས།
ཁོས་ད་དུང་ཡང་བརྗེད་ཐབས་མེད་དེ། མཚན་མོ་དེར་རྩི་འཐོར་ཅིང་གས་ཁ་མང་པའི་ཤིང་སྒོ་ཆུང་ཆུང་དེ་ཁོའི་མདུན་དུ་མངོན་མ་ཐག་ཁོའི་རྒྱུད་ལ་ང་རྒྱལ་ཆེན་པོ་ཞིག་བྱུང་ཞིང་ཁོས་ཚིག་འབྲུ་གསལ་ལ་མི་གསལ་བའི་ངང་ནས“ཨ་རོ། སྒོ་ཕྱེ་ཞིག སྒོ་ཕྱེ་ཞིག”ཅེས་སྨྲས་པ་དང་ཚུལ་དེ་ནི་མགོ་བས་ཁོ་རང་ལ་བཀའ་འབེབས་པ་དང་འདྲ། དེ་ནས་ཁོས་སྒོ་ལ་འཕུད་རྒྱག་ཅིག་བྱས་པ་ན་སྒོ་དེ་ནང་དུ་ལྷུང་བ་དང་ནང་གི་བུ་མོ་དེས་ཤེད་ཤུགས་ཅི་ཡོད་ཀྱིས་ཨག་རིང་ཞིག་འབྱིན། དེ་འཕྲལ་བུ་མོ་དེས་ཡིད་ལ་ཅི་ཤར་དང་ངག་ལ་ཅི་ཡོང་གི་ངང་ནས་བསྟུད་མར་དམོད་ཚིག་མང་པོ་ཞིག་འཕྲོ་རིམ་འཕྲོར་སྨྲས་ནའང་ཁོས་ཁོང་ཁྲོ་ལངས་པ་ལྟ་ཅི། དགོད་སྒྲ་ཞིག་ཀྱང་ཕྱིར་ཕྱུང་སྟེ།“ཁོང་ཁྲོ་དེ་འདྲ་ལངས་ནས་ཅི་བྱེད། རྗེས་མར་ངས་ཁྱོད་ལ་སྒོ་གསར་བ་ཞིག་ཉོ”ཞེས་སྨྲས།
སྡིགས་དམོད་བཏང་སྟེ་ཐང་ཆད་པས་བུ་མོ་དེའང་ལྷོད་ལ་བབས་པ་དང་། ཁོ་ལ་ཆུ་ཁོལ་དམ་བུ་གང་བླུགས་ཏེ“ཁྱོད་བཟི་འདུག ཕྱིར་སོང་སྟེ་ངལ་བ་གསོ་རོགས”ཞེས་སྨྲས། ཡིན་ནའང་སྐབས་དེར་ཁོའི་མགོ་བོར་ཟུག་གཟེར་དྲག་པོ་ཞིག་བྱུང་བ་སྟེ་ལྟོ་བའི་ནང་ནས་ཅི་ཞིག་འཕྱུར་གྱིན་པ་འདྲ་བས་སྒོའི་ཕྱིར་བརྒྱུགས་ཏེ་བཟོད་ཐབས་མེད་པར་ཐེངས་འགར་བསྐྱུགས། སྐབས་དེར་གྲང་རླུང་འཁྱག་པ་ཞིག་ཁོའི་མགོ་བོ་སྐྱོར་བྱེད་ཀྱི་ལག་པ་དང་འདྲ་བར་ཡང་ནས་ཡང་དུ་ལྡང་ཞིང་ཡར་མཁའ་དབྱིངས་ཀྱི་ཕྱོགས་སུ་བལྟས་ཚེ་སྐར་མའི་ཚོགས་ནི་ཁོས་བཏུང་ཟིན་པའི་སྦི་རག་གི་ཤེལ་དམ་དེ་དག་དང་འདྲ་བར་ག་ས་ག་རུ་གཏོར་འདུག
ཡང་ནས་ཡང་དུ་ཐེངས་མང་པོར་བསྐྱུགས་ཏེ་ནང་ཁྲོལ་འགའ་ཞིག་ཀྱང་བསྐྱུགས་ཟིན་པ་ལྟ་བུའི་ཚོར་བ་བྱུང་རྗེས་སུ་ཁོའི་སེམས་ལ་གློ་བུར་ཏུ་སྐྱིད་སྣང་ཞིག་བྱུང་བ་དང་བུ་མོ་དེའང་ལམ་འགྲམ་གྱི་ལྗོན་པའམ་རྡོ་བ་ཞིག་དང་འདྲ་བར་ཁོའི་གམ་ན་ཡར་འགྲེང་འདུག
ཁོས་དེ་སྔ་མགོ་བ་དང་ཁོ་གཉིས་ལྷ་སར་འགྲོ་སྐབས་ལྷ་སའི་ཆང་ཁང་ཞིག་ནས་བསླབ་པའི་གཞས་ཆུང་ཞིག་ཡོད་པ་དེ་གཏོང་བཞིན་ས་ལྡིང་གནམ་ལྡིང་བྱས་པ་དང་། བུ་མོ་དེའི་ལག་པ་གཉིས་ཀ་ནས་བཟུང་སྟེ་ཞབས་བྲོ་འཁྲབ་པ་ལྟར་བྱས།
བུ་མོ་དེས་དང་པོ་ཁོ་ལ་འཕྱ་སྨོད་བྱེད་པའི་ཚིག་འགའ་སྨྲས་ནའང་རིམ་གྱིས་ཁོའི་བཟོ་ལྟར་བལྟས་ཏེ་གད་མོ་ཆེས་ཆེར་ཕྱུང་བར་མ་ཟད་ཁོ་ལ་རྩེད་རོགས་ཀྱང་བྱས། བརྩེས་ནས་ཐང་ཆད་རྗེས་བུ་མོ་དེས་ཁོར་བླུགས་པའི་ཆུ་དེ་སར་ཕོ་རྗེས་སླར་ཡང་ཁོ་ལ་ཆུ་ཁོལ་ཚ་བོ་ཤེལ་དམ་གང་བླུགས་ཏེ“འདི་བཏུང་དང་། བཟི་དྭངས་ངེས”ཟེར།
སྐབས་དེར་ཁོས་རྣམ་རིག་ལྷག་པར་ཇེ་གསལ་དུ་གྱུར་ཏེ་སྒོའི་ཕྱིར་སོང་ནས་ཚོང་ཁང་ཞིག་གི་སྒོ་བརྡུངས་ཏེ་སྦི་རག་ཤེལ་དམ་འགའ་ཉོས་ཏེ་ཕྱིར་ལོག་པ་དང་། བུ་མོ་དེས་ཀྱང་ཁོ་ལ་འཐུང་རོགས་བྱས། ཉིན་འགའི་སྔོན་དུ་མགོ་བ་ཆང་གིས་བཟི་སྟེ་ཁྱིམ་ཚང་ཞིག་ལ་འགྲོ་དགོས་ཟེར་བས་ཁོས་མོ་ཊ་བཏང་སྟེ་མགོ་བ་དེའི་ཕྱོགས་སུ་བསྐྱལ་ནའང་དེར་བསླེབས་རྗེས་མགོ་བ་སར་བབས་མ་ཐག་འགྱེལ་འགྲོ་བས་ཁོས་མགོ་བ་བརྩེགས་རིམ་ལྔ་བར་ཡོད་པའི་ཁྱིམ་ཚང་དེར་བསྐྱལ་ལ་ཕྱིར་ཡོང་རྗེས་སུའང་འགྱེལ་འགྲོ་སྙམ་ནས་མཚན་གང་བོར་སྒོ་འགྲམ་ནས་ལངས་བསྡད། ནམ་གསལ་ལ་ཉེ་སྐབས་མགོ་བ་སྒོའི་ཕྱིར་བུད་ཅིང་ཁོ་གཉིས་མཉམ་དུ་མོ་ཊའི་ནང་འབུད་སྐབས་མགོ་བས“རྗེས་སུ་ང་རང་ར་བཟི་སྟེ་ཁྱིམ་ཚང་གཞན་ལ་འགྲུལ་བར་འགྲོ་སྐབས་ཁྱོད་ཀྱིས་དེ་ཚང་གི་སྒོ་ཁ་ནས་ང་རང་སྒུག་མི་དགོས། གཞན་གྱིས་མཐོང་ན་ངོ་ཚ་བ་ཞིག་རེད”ཟེར། མཚན་མོ་དེར་ཁོས་རང་ཉིད་ལའང་མགོ་བ་དང་འདྲ་བར་ཁྱིམ་ཚང་དེ་འདྲ་ཞིག་ཏུ་ཆང་བཏུང་བར་འགྲོ་བའི་སྐལ་བ་ཡོད་ན་ཅི་མ་རུང་སྙམ།
ཁོས“ཁྱོད་ངོ་མ་བུ་མོ་བཟང་བོ་ཞིག་རེད། ངས་ཁྱོད་ལ་རྫོང་ནས་ལས་ཀ་ཞིག་བཙལ། ངས་དེ་དོན་མགོ་བར་བཤད་ཆོག”ཅེས་སྨྲས་པ་ན་མོས་འཐད་མིན་གྱི་ལན་ཅི་ཡང་མ་བཏབ། ཁོས་སྦི་རག་ཤེལ་དམ་གང་འཐུང་ཐེངས་གཅིག་གིས་ཚར་བར་བྱས་ཏེ་སླར་ཡང་ཤེལ་དམ་གཞན་ཞིག་གི་ཁ་འབྱེད་པའི་རྩོམ་པའི་སྐབས་སུ་མོས་ལག་གཡས་པས་སྙོབས་ཐེངས་གཅིག་གིས་ཁོའི་ལག་གི་སྦི་རག་ལ་འཇུས་ཤིང་“ད་ནི་ཁྱོད་ཀྱིས་འཐུང་མཚམས་བཞག་ན་འགྲིག་འདུག”ཅེས་སྨྲས། ཁོས་སྦི་རག་དེ་མོའི་ལག་ལ་ཤོར་དོགས་ཀྱིས་ལག་པས་ཚུར་འཐེན་པ་ན་མོས་ཀྱང་ཕར་འཐེན་ཅིང་ཁོང་གཉིས་ཀྱི་མཛུབ་མོ་ཕན་ཚུན་ལ་འཕྲད་པ་དང་། དེ་ནས་ལག་པ་ཕན་ཚུན་ལ་གླན་ཏེ་བར་གྱི་སྦི་རག་སར་ལྷུང་ནས་ཆག་པར་གྱུར། ཆག་སྒྲས་ཁང་ཆུང་དེ་བཀང་བ་དང་ལྷན་ཅིག་ཁོ་རང་བསམ་དབང་དྲན་དབང་མེད་པར་མོའི་མགྲིན་པར་འཁྱུད། མོས་ལག་པ་གཉིས་ཀས་ཤུགས་ཆེན་པོས་ཁོ་ཕར་འདེད་རྩིས་བྱས་ཀྱང་ཁོས་ཤུགས་ཆེན་པོས་མོ་ལ་མཆུ་སྦྱར་བ་ན་མོའི་དཔུང་བ་སྐད་ཅིག་རིང་ལྷོད་པར་གྱུར།
ཁོས་མོ་རང་མྱུར་བར་རང་ལ་འཐོབ་པ་ཚོར་བས་མོའི་དཔྲལ་བ་དང་འགྲམ་པ། འཇིང་བ་སོགས་ལ་མཚམས་མེད་པར་འོ་བྱེད་ཀྱིན་མོ་དང་མཉམ་ཅིག་མལ་ཁྲིར་ལོག་པ་དང་། ལག་པ་གཡོན་པས་མོའི་རྒྱབ་ལ་འཇུས་ཤིང་ལག་པ་གཡས་པས་མོའི་དེ་ཙམ་རྒྱས་མེད་ཀྱང་ཤིན་ཏུ་མཁྲང་བའི་འོ་འཛིན་ལ་རེག དེ་འཕྲལ་མོས་ལུས་པོར་ཟུག་གཟེར་བྱུང་བ་དང་འདྲ་བར་ཕྱིར་བཀྱེད་ཅིང་སླར་ཡང་ལག་པས་ཁོ་རང་འདེད་རྩིས་བྱས། སྐབས་དེར་ཁོས་སྔར་ལས་ཀྱང་སྤོབས་པ་ཆེན་པོས་མོ་རང་བྲང་ལ་དམ་པོར་སྦྱར་ཏེ་འོ་བྱེད་ཞོར་དུ་ལག་པ་གཡོན་པས་མོའི་ལྭ་བའི་སྐ་རགས་དཀྲོལ་ཅི་ཐུབ་བྱས་པ་དང་། རང་གི་བྲང་གིས་མོའི་འོ་འཛིན་གནོན་ཅི་ཐུབ་བྱེད་ཀྱིན་མོའི་ལྭ་བའི་འོག་གི་རྐང་སྣམ་མར་དེད།
མོའི་ལུས་པོའི་དྲོད་སྣང་གིས་ཁོའི་སེམས་ཀྱི་མེ་ལྕེ་དྲག་ཏུ་སྦར་བ་དང་། ཁང་ཆུང་དེའང་ཆགས་སྲེད་ཀྱི་སྒྲས་བཀང་བར་བྱས། སྐབས་དེར་ཁོ་ནི་བཟི་སྣང་བན་བུན་དེ་ལས་ཕྱིར་ཐོན་ཏེ་བདེན་པའི་འཇིག་རྟེན་ཞིག་ཏུ་བསླེབས། དེ་བས་ཁོས་མོ་ལ་ཅི་ཙམ་དགོས་པ་དེ་ཙམ་དུ་རང་ཉིད་ལ་ཁ་ལོ་སྒྱུར་ཐུབ་ཅིང་མིག་ཕྱེ་སྟེ་མོའི་གདོང་ལ་བལྟས་པ་ན་མོས་ནི་ཁོའི་གདོང་གི་ཆ་ཤས་ཡོད་ཚད་མཆུ་ཡི་ནང་དུ་འཇིབས་འགྲོ་བ་ལྟ་བུའི་རྣམ་འགྱུར་སྟོན་པར་བྱེད།
དེ་ལྟར་མཚན་གུང་གི་དགའ་རོགས་དེས་ཁོ་ལ་སྐྱེས་པ་ཕོ་ཡི་ལ་རྒྱ་དང་འཚོ་བ་རོལ་འདོད་ཀྱི་འདུན་པ་ཞིག་བསྩལ་བྱུང་བ་སྟེ་ཟླ་བ་གཅིག་གི་སྔོན་དུ་ལས་ཁུངས་ཀྱི་ལས་གྲོགས་ཚང་མས་གསོལ་མགྲོན་ཁང་ཞིག་ནས་གནམ་ལོ་གསར་བར་རྟེན་འབྲེལ་ཞུ་བའི་སྤྲོ་ཚོགས་ཤིག་བསྡུས། སྐབས་དེར་ཁོ་དེ་འབྲེལ་གྱི་དོན་ཙག་ཙིག་གི་ཁྲོད་ནས་མ་ཁོམ་པར་ཡོད་དུས་མགོ་བས་ལས་ཁུངས་ཀྱི་མི་རེ་རེར་ཆང་དྲངས་ཤིང་མཐར་ཆང་ཕོར་ཁོའི་ཕྱོགས་སུ་གཏད་དེ“རྡོ་རྗེ། དེ་རིང་རྟེན་འབྲེལ་གྱི་ཉིན་མོ་ཡིན་པས་ཁྱོད་ཀྱིས་ཀྱང་བཏུང་རོགས”ཟེར། ཁོས་མགོ་བའི་གསུང་བཞིན་ཆང་བཏུང་བཞིན་པའི་དུས་སུ་ཆང་གིས་རབ་ཏུ་བཟི་བའི་མགོ་བ་གཞོན་པ་དེས་ཀྱང་ཁོའི་ཕྱོགས་སུ་ཆང་ཕོར་བཏེགས་ཏེ“多吉,我也敬你一杯,以后咱要离开和尚的生活,因为这里不是庙,是单位,喝!”(རྡོ་རྗེ། ངས་ཀྱང་ཁྱོད་ལ་ཆང་ཕོར་བ་གང་འདྲེན། རྗེས་སུ་ངེད་ཅག་གྲྭ་བའི་འཚོ་བ་དང་འབྲལ་བར་བྱ་སྟེ། རྒྱུ་མཚན་ནི་གནས་འདི་ལས་ཁུངས་ཤིག་ཡིན་པ་ལས་དགོན་པ་ཞིག་མ་ཡིན། ཐུངས་ཤིག)ཟེར། དེ་འཕྲལ་གམ་གྱི་ལས་གྲོགས་ཚང་མས་གད་མོ་ཐག་གེར་འབྱིན་པ་དང་ཁོ་རང་ཅི་བྱ་གཏོལ་བྲལ་དུ་ལུས་ཏེ་གདོང་ཡང་དམར་པོར་གྱུར།
དེ་ནས་ཁོས་མགོ་བ་གཞོན་པས་དྲངས་པའི་ཆང་ཕོར་ཚུར་བླངས་ཏེ་ཞབས་དག་བྱས་པར་མ་ཟད་གམ་གྱི་ལས་གྲོགས་དག་གི་སར་སོང་ནས་འཕྲོ་རིམ་འཕྲོར་ཆང་འཐུང་བ་ན་ལས་གྲོགས་མང་པོས“རྡོ་རྗེ། ཁྱོད་ལ་ཅི་བྱུང་། ཁྱོད་ཀྱིས་འདི་ལྟར་མ་འཐུང་། ཁྱོད་ཀྱིས་ཕྱིར་མགོ་བ་བསྐྱལ་དགོས”ཟེར་བ་དང་། མིང་ལ་དོན་གྲུབ་ཟེར་བའི་ལས་གྲོགས་དེས་བཙན་གྱིས་ཁོའི་ལག་གི་ཆང་དམ་འཕྲོག་སྟེ། “ད་ནས་ངས་ཁྱོད་ལ་ཧུབ་གང་བཏུང་དུ་བཅུག་ན་ང་རང་ཨ་མའི་བུ་མིན”ཞེས་སྨྲས། འོན་ཀྱང་རྡོ་རྗེས་ཁོར“ངས་བཏུང་མ་ཐུབ་ན་ཨ་མའི་བུ་མིན”ཞེས་སྨྲས་པར་མ་ཟད་མགོ་བ་གཞོན་པ་བསྟན་ཏེ“དེ་རིང་མགོ་བ་ཁོས་བསྐྱལ་རྒྱུ་རེད། ང་རང་བུ་མོ་ཞིག་གིས་གམ་དུ་འགྲོ་དགོས”ཞེས་སྨྲས་པས་ཐམས་ཅད་གད་མོ་ཐག་གེར་ཤོར་བ་དང་། མགོ་བས་ཀྱང་ཁོའི་ཕྱོགས་སུ་མཛུབ་མོ་ཀེར་བཞིན་གྲོད་ཁོག་ལུག་གེར་དགོད་ཀྱིན་འདུག དེས་མགོ་བ་གཞོན་པ་དོགས་མི་བདེ་བར་བཏང་ནའང་རྡོ་རྗེ་ནི་མགོ་བོའི་ཁ་ལོ་བ་ཡིན་པ་ཁོ་ལ་ཐབས་བཀོད་ཅི་ཡང་མ་བྱུང་། མཚན་མོ་དེར་རྡོ་རྗེ་འཁྱར་མ་འཁྱོར་གྱིས་ཕྱིར་རང་གི་སྡོད་ཤག་ཏུ་ལོག་པ་དང་ལས་ཁུངས་ནང་གི་ཆང་མི་འཐུང་བའི་མི་ཞིག་གིས་མོ་ཊ་བཏང་སྟེ་མགོ་བ་སྡོད་ཤག་ཏུ་བསྐྱལ། རྡོ་རྗེས་མྱུར་བ་མྱུར་བར་མཚོ་མོའི་གམ་དུ་ལོག་རྒྱུ་བྱུང་ན་ཅི་མ་རུང་སྙམ་ནའང་ད་ལྟ་མོ་རང་སྔར་གྱི་གནས་དེ་ན་ཡོད་མེད་ཀྱང་ཆ་མ་འཚལ་བས་བཟི་སྣང་བན་བུན་གྱི་ཁྲོད་ནས་མོ་རང་དྲན་དགོས་བྱུང་། ཕྱི་ཉིན། མགོ་བས་ཁོ་ལ“རྗེས་སུ་ཆང་དེ་འདྲ་མང་པོ་བཏུང་མི་ཉན། གལ་སྲིད་ཉིན་གཉིས་པར་གྲོང་ཁྱེར་དུ་འགྲོ་དགོས་པའི་བརྡ་གློ་བུར་བ་ཞིག་འབྱོར་བྱུང་ན་ཅི་བྱ”ཟེར་བ་ལས་བཀའ་བཀྱོན་གང་ཡང་མ་གནང་བས་རྡོ་རྗེས་རང་ལ་རླུང་རྟ་བརྒྱུགས་བྱུང་སྙམ།
གློ་བུར་ཏུ་མཚོ་མོའི་ཁ་པར་འབྱོར་བས་ཁོ་ལ་དབུགས་དབྱུང་བྱུང་བ་ཇི་བཞིན་རྣམ་རིག་རྒྱས་པར་གྱུར་བ་དང་། མོ་ལ་ཕྱིར་ཁ་པར་གཏོང་རྒྱུར་བྲེལ་བ་ལང་། དེ་དང་ལྷན་ཅིག་ཁོ་ལ་གཅིན་པ་གཏོང་རྒྱུ་བྱུང་ཞིང་ཁོས་མྱུར་བར་གཅིན་པ་བཏང་རྗེས་མཚོ་མོར་ཁ་པར་གཏང་དགོས་པར་སྙམ་ལ་གཅིན་པ་གཏོང་བའི་དུས་དེར་མོ་ལ་བཤད་རྒྱུའི་ཚིག་རྣམས་གྲ་སྒྲིག་བྱ་དགོས་པར་སྙམ། དེ་འདྲའི་དགའ་སྤྲོ་དང་ལྷན་ཅིག་ཁོས་དར་ཅིག་རིང་མགོ་བ་བརྗེད་པར་གྱུར་ཏེ་མྱུར་བར་མོ་ཊ་ལས་བབས། ཁོ་མགྱོགས་པོར་གམ་གྱི་ཁང་བརྩེགས་དེའི་བརྩེགས་རིམ་དང་པོའི་ཚོམས་ཆེན་དུ་ཡོད་པའི་སྤྱོད་ཁང་དེ་གཟས་ནས་ཕར་བརྒྱུགས། སྤྱོད་ཁང་དུ་ཁོ་རང་གཅིག་བུས་དོགས་སྣང་ཅི་ཡང་མེད་པར་གཅིན་པ་གཏོང་རྒྱུ་བྱུང་བ་དེ་མཚན་མོ་དེར་ཁོས་རང་དབང་དང་ལྷོད་ཡང་གི་ངང་ནས་མཚོ་མོ་ལོངས་སུ་སྤྱད་པ་དང་འདྲ། ཁོས་གལ་སྲིད་མོ་རང་འཐད་པ་ཡིན་ཚེ་མོ་ལ་གཉེན་བསྒྲིག་པའི་རེ་བའང་བཤད་དགོས་པར་སྙམ་ལ། ཡང་ཅུང་ཙམ་གྱི་རྗེས་ནས་ཐོག་མར་དགའ་རོགས་ཀྱི་འབྲེལ་བའི་རྒྱུན་བསྐྱང་ན་ལེགས། སྐད་ཆ་དེ་བཤད་པ་སྔ་དྲགས་པར་སྙམ།
གཅིན་པ་བཏང་ཚར་རྗེས་ཁོ་རང་རྒྱུག་མ་འདུར་གྱིས་མོ་ཊའི་གམ་དུ་བསླེབས། ཁོའི་ལོབས་ཕྱོགས་ལྟར་སྟོད་གོས་ཀྱི་གཡས་ཀྱི་ཁུག་མ་ལས་ལྡེ་མིག་བླངས་ཏེ་མོ་ཊའི་སྒོ་དབྱེ་བར་བརྩམས། འོན་ཀྱང་མོ་ཊའི་ལྡེ་མིག་ནི་ཁོའི་ལག་ཏུ་མེད་པར་མོ་ཊའི་ནང་དུ་ལུས་ཡོད་ལ། ཁོ་རང་མོ་ཊར་ཁ་བྲལ་བ་དང་ལྷན་ཅིག་མོ་ཊའི་སྒོའང་ནང་ནས་རང་འགུལ་གྱིས་བརྒྱབ་ཟིན། ཁོའི་སྒེའུ་ཁུང་ལས་ནང་དུ་བལྟས་པ་ན་ཁོ་རང་གི་ཁ་པར་ནི་མོ་ཊའི་ནང་དུ་གྲགས་བཞིན་པ་དང་། ཏག་ཏག་དེའི་ངོས་སུ་མགོ་བའི་ཨང་གྲངས་ཤར་འདུག
དེ་སྔ་མོ་ཊའི་ནང་ནས་སྒོའི་ཕྱི་ལ་འགྲོ་འདོད་པ་ལས་ཀྱང་ལྷག་པར་ད་ལྟ་ཁོ་རང་ཕྱི་ནས་ནང་ལ་འགྲོ་འདོད། འོན་ཀྱང་མོ་ཊ་དེ་ཕུད་པའི་འཇིག་རྟེན་གྱིས་བཙོན་ཁང་ཞིག་དང་འདྲ་བར་ཁོ་རང་དམ་དུ་བཟུང་འདུག
མཆན། 1 Plants vs. Zombiesཞེས་པ་དེའོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།