སྨུག་པའི་ནང་གི་གཞས་མ།༼བརྩམས་སྒྲུང༽

  མོའི་མིང་ལ་དབྱངས་ཅན་པད་མ་ཟེར་བ་དང་། མོ་ལོ་༢༧གྱི་དུས་སུ་འཁོར་བགེགས་བྱུང་སྟེ་ཚེ་ལས་འདས། རྗེས་སུ་མོའི་ཨ་ཅེས་འཁོར་བགེགས་འབྱུང་སའི་གནས་ནས་མོའི་ཨལ་ཝེ(LV)རྟགས་ཅན་རྫུན་མའི་ལག་ཁུག་ཅིག་རྙེད་བྱུང་བ་དང་། དེའི་ནང་ནས་མོའི་ལག་འཁྱེར་ཁ་པར་ཡང་རྙེད་བྱུང་། 
  ངས་མོའི་ཨ་ཅེ་ངོ་ཤེས་ཀྱི་ཡོད་དེ་མོ་ནི་སློབ་ཆེན་ཀ་བའི་མདུན་གྱི་མུ་ཏིག་ཇ་ཁང་གི་ཞབས་ཞུ་མ་ཞིག་ཡིན། དབྱངས་ཅན་པད་མར་འཁོར་བགེགས་བྱུང་རྗེས་ཀྱི་ལོ་ངོ་གཅིག་གི་རྗེས་སུའང་མོའི་ཨ་ཅེས་ལག་འཁྱེར་ཁ་པར་དེ་ཉར་ཚགས་བྱས་ཡོད་པ་དང་། མཚམས་དང་མཚམས་སུ་དེའི་ནང་དུ་བླུགས་པའི་སྐད་སྒྲར་ཉན་པའི་གོམས་གཤིས་ཤིག་ཆགས་འདུག 
  ཇ་ཁང་དེར་ཡང་ནས་ཡང་དུ་ཇ་བཏུང་བར་ཕྱིན་རྗེས་ང་དང་མོའི་ཨ་ཅེའི་འབྲེལ་བ་ཇེ་ཟབ་ཏུ་གྱུར་ཅིང་རིམ་གྱིས་མོས་ངའི་མདུན་ནས་དེའི་གསང་ཐག་བཀྲོལ་བར་བྱས་ཤིང་ངས་ཀྱང་ཁ་པར་དེའི་ནང་དུ་བླུགས་པའི་སྐད་སྒྲར་དག་ཡི་གེར་དབབ་རྒྱུ་བྱས།
  གཤམ་དུ་དེ་ཆ་ཚང་བ་དགོད་པར་བྱའོ།།

    ༢༠༠༦ལོའི་ཟླ་༡པའི་ཚེས་༢༢ རླུང་དམར་ལྡང་། བུ་ཡུག་འཚུབ།
  ང་རང་ད་ལྟ་གྲོང་ཁྱེར་ཀ་བར་ཡོད་པའི་གྲོགས་མོ་བཀྲ་ཤིས་འཚོའི་ས་ན་ཡོད་པ་དང་། མོ་སྒོའི་ཕྱི་རུ་སྔོ་ཚལ་ཉོ་བར་བུད་སོང་། ཁ་སང་སྲང་ལ་སོང་ནས་ལག་འཁྱེར་ཁ་པར་གསར་བ་འདི་ཉོས་པ་ཡིན། ངས་ཡི་གེ་མང་པོ་འབྲི་མི་ཤེས་པས་དེ་རིང་ནས་བཟུང་ཉིན་རེར་བྱུང་བའི་དོན་རྣམས་ཁ་པར་འདི་རུ་གཞུག་གི་ཡིན། 
  ཉིན་འགའི་སྔོན་དུ་ངས་རང་གི་ལུས་པོ་མི་བདེ་བས་སྨན་པ་བསྟེན་དགོས་ལུགས་ཀྱི་རྫུན་བཤད་དེ་ལས་ཁུངས་ལ་དགོངས་པ་ཞུས་ནས་གྲོང་ཁྱེར་ཀ་བར་ཡོང་བ་ཡིན། 
  མོ་བསླེབས་བྱུང་། མོས་ང་རང་ཆེས་དགའ་སའི་སིལ་ཟས་འགའ་ཡང་ཞོར་དུ་ཉོས་འདུག བཀྲ་ཤིས་འཚོ། ངས་ཁྱོད་ལ་བཀའ་དྲིན་ཆེ་ཞུ།

   ༢༠༠༦ལོའི་ཟླ་༡པའི་ཚེས་༢༤ གནམ་དྭངས། རླུང་འཇམ།
 ལོ་སར་ལ་ཉིན་བཞི་ལས་མི་འདུག ཨ་མ་ལགས་ཀྱིས་ཡང་ནས་ཡང་དུ་ཁ་པར་བཏང་སྟེ་མོའི་གམ་དུ་ལོ་སར་གཏོང་དུ་ཤོག་ཟེར་བས་ད་ལྟ་ང་རང་ཕྱིར་རང་གི་ལས་ཁུངས་ཡོད་སའི་རྫོང་མཁར་དེར་སླེབ་ཉེར་འདུག ངས་ལམ་གང་བོར་ང་རང་ཆེས་དགའ་བའི་མོ་ཝུན་ཝེ(莫文蔚)ཡི་གཞས་ལ་ཉན་པར་མ་ཟད། བོད་ཀྱི་གཞས་མ་དབྱངས་ཅན་ལྷ་མཛེས་དང་། རིག་འཛིན་སྒྲོལ་མ། ཚེ་སྐྱིད་སོགས་ཀྱི་གཞས་ལའང་ཉན་པས་ད་ལྟ་རྣ་བའང་ན་ཡི་འདུག ཁ་པར་ཨང་གྲངས་ཆ་མེད་ཅིག་གིས་ང་ལ་འཕྲིན་ཐུང་བཏང་ཡོང་སྟེ་ངོ་ཤེས་བསྒྲིག་འདོད་ཟེར་ཅིང་ཁོའི་མིང་ལ་ཚུལ་ཁྲིམས་རྒྱ་མཚོ་ཞེས་འབོད་ཟེར། ངས་གལ་སྲིད་ཁྱོད་རང་གླུ་ཚིག་འབྲི་ཤེས་མཁན་ཞིག་ཡིན་ཚེ་གྲོགས་པོ་བསྒྲིག་འདོད་ཅེས་སྨྲས་པ་ན་ཁོས་རང་གིས་གླུ་ཚིག་འབྲི་མི་ཤེས་མོད་གླུ་ཚིག་འབྲི་ཤེས་མཁན་གྱི་མི་ཞིག་ངོ་སྤྲད་ཆོག་ཟེར། ངས་ཁོ་ནི་མི་དྲང་མོ་ཞིག་སྙམ།
  ཕྱིར་རྫོང་མཁར་དུ་ལོག་མ་ཐག ངས་ཨ་མར་ཀུ་ཤུ་དང་ཚ་ལུ་མ་སོགས་ཉོ་དགོས། ཡིན་ནའང་དངུལ་ཁུག་ནང་ན་དངུལ་མང་པོ་མི་འདུག

  ༢༠༠༦ལོའི་ཟླ་༡པའི་ཚེས༢༩ ཁ་བ་འབབ། གྲང་ངར་ཆེ།
  དེ་རིང་ནི་ལོ་སར་ཏེ། ང་རང་ཨ་མའི་གམ་དུ་ཡོད། ཨ་ཅེ་ཐག་རིང་དུ་ཡོད་པས་ཕྱིར་ཡོང་མ་ཐུབ་ནའང་ཨ་མ་དང་ནུ་བོ། ངེད་གསུམ་གྱིས་ལོ་སར་གྲ་དག་ཅིག་བསྒྲིགས་པ་ཡིན། སང་ཉིན་ཨ་ཁུ་དངོས་གྲུབ་ཡོང་སྲིད་པ་མིན་ན་མགྲོན་པོ་ཡོད་མི་སྲིད། མདང་ནུབ་ཨ་མས་ང་ལ་དགའ་རོགས་ཡོད་མེད་དྲིས་ཤིང་ངས་མེད་ཅེས་ལན་བཏབ་པ་ཡིན། མོས་ཨ་ཅེ་དང་ངེད་གཉིས་ཀྱིས་ཁྱོ་ཀ་བཙལ་ཏེ་འཁོར་བ་མ་བསྐྱང་ཚེ་མོ་ཤི་ཡང་མིག་བཙུམ་མི་ཐུབ་ཟེར་བ་དང་དེ་མིན་ཚེ་ནུ་བོ་སློབ་གྲྭ་ནས་ཕྱིར་ལེན་རྒྱུ་ཟེར། ངས་ཨ་མར“ཁྱོད་ཀྱིས་སེམས་ཁྲལ་བྱ་མི་དགོས། རྗེས་སུ་ང་རང་སྙན་གྲགས་ཤིན་ཏུ་ཆེ་བའི་གཞས་མ་ཞིག་ཏུ་གྱུར་སོང་ཚེ་ཨ་མ་ཁྱེད་ཀྱིས་ཀྱང་ཚེ་མཇུག་སྐྱིད་པོར་རོལ་ཐུབ་པ་མིན་ནམ”ཞེས་སྨྲས། མོས་ཕལ་ཆེར་ངའི་དངུལ་ཁུག་སྟོང་བ་ཡིན་པ་ཤེས་ཡོད་པ་འདྲ་སྟེ་དེ་སྔ་ངས་མོ་ལ་བསྐུར་བའི་དངུལ་དེ་དག་ཕྱིར་ངའི་དངུལ་ཁུག་ཏུ་བཅུག་སྟེ“ཨ་མའི་ལོ་ལོ། ཨ་མ་ལྟོགས་ནས་འཆི་མི་སྲིད། ཁྱོད་རང་སྐྱིད་པོ་ཆགས་ཚེ་ངའི་སེམས་བདེ་བ་ཡིན”ཟེར།
  མལ་དུ་གཟིམས་རྗེས་ང་རང་མལ་ཐུམ་གྱིས་མགོ་བོ་བཏུམས་ནས་ངུ་དགོས་བྱུང་།

  ༢༠༠༦ལོའི་ཟླ་༢པའི་ཚེས༣ གནམ་དྭངས། བསེར་བུ་ལྡང་།

  དེ་རིང་རྫོང་མཁར་དུ་གླུ་གར་གྱི་དགོང་ཚོགས་ཤིག་སྡུད་ཀྱིན་ཡོད་པས་བདག་ཀྱང་དེར་བོས་བྱུང་ལ་ལམ་གླ་དང་ཟ་མ་བཅས་ཚང་མ་དགོང་ཚོགས་ཀྱི་འགན་ཁུར་བས་གཏོང་བར་མ་ཟད་ད་དུང་གླ་ཆ་ཅུང་ཙམ་ཡང་སྟེར་རྒྱུ་ཡོད་ཟེར། དེ་བས་ཁྱིམ་མཚེས་ཚང་གི་དོན་གྲུབ་ཀྱིས་ང་རང་སྦག་སྦག་གི་འཕོང་ལ་བཞག་སྟེ་རྫོང་མཁར་དུ་བསྐྱལ།
 ངས<<སྨན་བུ་མོའི་སེམས་པ་ཆུ་ཡིན>>ཞེས་པའི་གཞས་དེ་བཏང་བ་ཡིན། ངས་རང་གི་བརྩེ་བ་མ་ལུས་གཞས་དེའི་ནང་དུ་ཨེ་ཐིམ་བལྟས་ཏེ་འབད་པ་ཆེན་པོས་བཏང་བ་ཡིན་མོད་གཏོང་བཞིན་པའི་སྒང་ལ་སྐད་སྦུག་ཏུ་སྒྲ་མེད་པར་གྱུར་བས་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་བས་ལྟད་མོ་བ་ལ་ལས་ཤུ་སྒྲ་སྒྲོག་བཞིན་སྡིགས་དམོད་ཀྱང་བྱས་བྱུང་། ཡིན་ནའང་སྐད་སྦུག་གི་སྒྲ་སླར་སོས་རྗེས་ལྟད་མོ་བ་མང་པོས་དགའ་བའི་ཐལ་མོ་བརྡབས་པར་མ་ཟད་ལང་ཚོ་དར་ལ་བབ་ཅིང་ཆ་ལུགས་དཔེ་གསར་སྤྲས་པའི་གཞོན་ནུ་ཞིག་གིས་ང་ལ་ཁ་བཏགས་ཤིག་ཀྱང་ཐེན་བྱུང་། ངས་གཞོན་ནུ་དེ་སྔོན་ཆད་མཐོང་མྱོང་མོད་ཁོའི་མིང་ལ་ཅི་ཟེར་བ་དང་ཁོའི་ལས་ཀ་ནི་ཅི་ཞིག་ཡིན་པ་གཏན་ནས་མི་ཤེས། 
 མཚན་མོར་དགོང་ཚོགས་ཀྱི་འགན་ཁུར་བས་ངེད་ཅག་ལ་གསོལ་སྟོན་ཆུང་ཆུང་ཞིག་བཤམས་པ་དང་ཁོས་དགའ་ཀྲོག་ཀྲོག་གིས་ངེད་ཅག་གཞས་པ་ཚང་མར་ཆང་དྲངས། ཁོས་ང་ལ་ཆང་འདྲེན་དུས“སྐད་སྦུག་ལ་སྐྱོན་བྱུང་བ་དེས་ཁྱོད་རང་མི་བདེ་བར་བཟོས་སོང”ཟེར་ནས་དགོངས་དག་ཞུ་བའི་ཚུལ་བསྟན་པར་མ་ཟད“ཁྱོད་ཀྱིས་གཞས་བཏང་བ་ཇེ་ཡག་ནས་ཇེ་ཡག་རེད”ཟེར། དེས་ངའི་སེམས་པར་དྲོད་སྣང་མི་ཟད་པ་ཞིག་གནང་བྱུང་།
  གསོལ་སྟོན་གྲོལ་ལ་ཉེ་བའི་སྐབས་སུ་ཁོས་ངེད་ཅག་ལ་སྟེར་བའི་གླ་ཆ་དེ་ཅི་ཞིག་ཡིན་ནམ་སྙམ་ནས་ངའི་སེམས་པ་ནི་དེ་ལ་འཁྲེང་བ་ཡིན། འོན་ཀྱང་ཁོས“ཁྱེད་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། ཐེངས་འདིར་ཁྱེད་ཚོར་བཀའ་དྲིན་ཆེ་ཞུ་བའི་དོད་དུ་མེ་ཏོག་ཆུང་ཡང་ལྷ་རྫས་དང་གུར་ཀུམ་ཆུང་ཡང་སྨན་རྫས་ཀྱི་དཔེ་ལྟར་ཁྱེད་ཅག་མི་རེར་བྱེ་མ་ཀ་ར་སྤུས་ལེགས་རྒྱ་མ་ལྔ་རེ་དབུལ་རྒྱུ་རེད། དེ་ནི་ཕྲན་ཆུང་ངས་ཁྱེད་ཅག་ལ་ཕུལ་བའི་ལོ་སར་གྱི་ལེགས་སྐྱེས་ཀྱང་ཡིན། རྗེས་མར་འུ་ཅག་གིས་མཐུན་སྒྲིལ་གྱི་དཔུང་བ་དམ་པོར་སྦྲེལ་བར་བྱ”ཟེར།
  ངའི་སེམས་གཏིང་ནས་ཕམ་བྱུང་།

  ༢༠༠༦ལོའི་ཟླ་༢པའི་ཚེས་༡༥ སྤྲིན་འཐིབས། རླུང་ལྡང་།
  ལོ་སར་གྱི་མཇུག་རྫོགས་སོང་། ངེད་ཅག་གི་གླུ་གར་ཚོགས་པའི་དབུ་གཙོས་ཁོངས་མི་ཚང་མ་བོས་ཏེ་ཚོགས་འདུ་བསྡུས། ཁོས་སྐད་ཆ་ཧ་ཅང་མང་པོ་ཞིག་བཤད་པ་དང་བཤད་ཞོར་དུ་རང་གི་ལག་མགོའི་ཆུ་ཚོད་ལ་ལྟ་བར་བཤད། ཁོས་བཤད་པ་ལས་འགའ་ཞིག་ངས་གོ་མ་བྱུང་། ཡིན་ནའང་ཁོས་ངེད་ཅག་སྟེ་ལས་བྱེད་པ་ངོ་མར་གྱུར་མེད་པ་དག་གིས་ཧུར་ཐག་གིས་རང་འཁྲིའི་ལས་ཀ་བསྒྲུབ་དགོས་པ་དང་ནམ་བོས་ན་ནམ་བསླེབ་དགོས། ཁ་པར་གྱི་སྒོ་རྒྱག་མི་ཉན། གཞས་རྙིང་བ་ཁོ་ན་བཏང་སྟེ་ཉི་མ་འཕུད་མི་ཆོག་པར་དབྱངས་དང་ཚིག་རྩོམ་མཁན་བཙལ་ཏེ་རང་གི་ཁྱད་ཆོས་ལྡན་པའི་གཞས་གཏང་ཤེས་དགོས་ཟེར།
  ཚོགས་འདུ་གྲོལ་རྗེས་ཁོས་ལྷ་མོ་མཚོ་དང་། ཞོ་ཧྭ་གཉིས་མོ་ཊར་བཞག་སྟེ་བུད་སོང་།
  ང་དང་སྒྲོལ་མ་སྐྱིད། པད་མཚོ་བཅས་ཀྱིས་ཁ་ཆེའི་ཟ་ཁང་ཞིག་ནས་ཟས་ཟ་བཞིན་པའི་སྐབས་སུ་ངའི་ཁ་པར་དུ་འཕྲིན་ཐུང་ཞིག་འབྱོར་བྱུང་།
  ཁོ་ནི་ཐེངས་སྔོན་མའི་དགོང་ཚོགས་ཀྱི་སྐབས་སུ་ང་ལ་ཁ་བཏགས་འཐེན་མཁན་གྱི་གཞོན་ནུ་དེ་རེད།
 
 ༢༠༠༦ལོའི་ཟླ་༢པའི་ཚེས་༢༧ གནམ་དྭངས། ཉི་མ་དྲོ།
  ཉིན་འདི་གར་ང་དང་གཞོན་ནུ་དེ་གཉིས་ཀྱིས་འཕྲིན་སྐུར་རེས་མང་པོ་བྱས་པ་བརྒྱུད་ཁོའི་མིང་ལ་སངས་རྒྱས་ཟེར་བ་དང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་རྫོང་ནོར་སྲིད་ཅུའུ་རུ་ལས་ཀ་སྒྲུབ་ཀྱིན་པ་ཤེས། དྲང་མོར་བཤད་ན་ངས་འཕྲིན་སྐུར་དུས་ཡིག་ནོར་མང་པོ་ཤོར་འགྲོ་བར་སྐྲག་པ་དང་ཚིག་སྦྱོར་མི་བདེ་བར་བསམ་ནས་སྙིང་ཡང་ལྷོག་ལྷོག་ཏུ་ལྡིང་མོད་དེབ་ཁང་ནས་ཚིག་མཛོད་ཅིག་ཉོས་པ་དེས་ང་ལ་རོགས་ཆེན་པོ་བྱས་སོང་།  ཁ་སང་ནི་གཟའ་མཇུག་ཡིན་པས་ཁོ་དང་དུས་བཏབ་པ་ཡིན་མོད་དགུང་མོའི་ཆུ་ཚོད་དྲུག་པའི་དུས་སུ་དབུ་གཙོས་ཁ་པར་བཏང་སྟེ་བདེ་ལེགས་མགྲོན་ཁང་གི་ཚོམས་ཆེན་དུ་ང་དང་སྒྲོལ་མ་སྐྱིད་སོགས་མགོ་ཁྲིད་འགའི་མདུན་དུ་གཞས་གཏོང་བར་ཤོག་ཟེར།
  ངེད་ཅག་དེར་བསླེབས་དུས་ཁོ་ཚོས་ཤིན་ཏུ་ཆེ་བའི་ཟས་ཅོག་སྒོར་མོ་ཞིག་གི་མཐའ་བསྐོར་ཏེ་ཟས་ཟ་བཞིན་ཨ་རག་འཐུང་གིན་ཡོད་པ་དང་། བདག་གིས་གསར་དུ་སྦྱངས་ཏེ་ཤེས་པའི་གཞས<<མེ་ཏོག་ཆུང་ཆུང>>ཞེས་པ་དེ་བཏང་བ་ཡིན། ངེད་ཅག་གིས་ཇི་ལྟར་ནན་ཏན་གྱིས་གཞས་བཏང་ནའང་ཁོ་ཚོས་གད་མོ་ཐག་གེར་འབྱིན་གྱིན་ཕན་ཚུན་ལ་ཆང་དྲངས་པ་དང་འགའ་ཞིག་གིས་ང་ཚོའི་ཕྱོགས་སུ་མིག་གིས་ཀྱང་ལྟ་བར་མི་བྱེད་པས་བདག་གི་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། གཞས་བཏང་ཚར་རྗེས་ཁོ་ཚོས་ངེད་ཅག་ལའང་བཙན་གྱིས་ཆང་བཏུང་དུ་བཅུག་པ་དང་ངེད་ཅག་ཆང་ཁང་ཞིག་ཏུ་ཁྲིད་བྱུང་།
 རུས་ཀྲང་ཡིན་པའི་མགོ་ཁྲིད་ཅིག་གིས་ང་ལ་སློབ་གྲྭ་ཆེན་མོར་སློབ་སྦྱོང་དུ་མ་སོང་བ་དེས་ཁྱོད་རང་བརླག་འདུག་ཟེར་བ་དང་གལ་ཏེ་སྒྱུ་རྩལ་གྱི་ཆེད་ལས་སྦྱང་ཚེ་ཁྱོད་རང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་གམ་གཞས་མ་མིང་གྲགས་ཅན་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་ཟེར། ཁོས་ཁ་པར་ཨང་གྲངས་ང་ལ་བཤད་པ་དང་གལ་སྲིད་ཁྱོད་རང་གྲོང་ཁྱེར་ཀ་བར་ཡོང་ཚེ་ཁོ་རང་བཙལ་ཆོག་ཟེར།  ཁོས་རྒྱུ་བལ་ལས་བྱས་ཤིང་ཁ་དོག་དམར་སྨུག་ཡིན་པའི་ཚི་ལེན་རྩ་ཆེན་ཞིག་གྱོན་འདུག་པ་དེ་བདག་གིས་ནམ་ཡང་བརྗེད་ཐབས་བྲལ་བ་དང་ཁོ་ལྟ་བུ་ནི་ལས་བྱེད་པ་ཟེར་བ་དེ་མིན་ན་སུ་ཡིན་སྙམ་བྱུང་། ཁོའི་མདུན་ནས་ངེད་ཅག་གི་དབུ་གཙོས་དགོད་རྒྱུ་མེད་ཀྱང་དགོད་ཁུལ་ཐེངས་མང་བྱས་ནའང་ཁོས་ང་ལ་དོ་སྣང་བྱེད་པ་ལས་དབུ་གཙོར་དོ་སྣང་མི་བྱེད་པའི་ཁར་ངའི་ཕྱོགས་སུ་བལྟས་ཏེ་བུ་མོ་འདི་གསོ་སྐྱོང་བྱོས་དང་མོ་ལ་མདུན་ལམ་ཆེན་པོ་ཡོད་ངེས་ཟེར།
 ཁོང་ཚོ་ཕལ་ཆེ་བ་ར་བཟི་སྟེ་གནམ་ལྡིང་ས་ལྡིང་བྱེད་ཀྱིན་པའི་དུས་དེར་བདག་གི་མིག་ལམ་གྱི་ཡོད་ཚད་རབ་རིབ་ཏུ་སྣང་བ་དང་མགོ་བོའང་ཤིན་ཏུ་ན་བར་གྱུར། དུས་དེར་སངས་རྒྱས་ཀྱིས་ང་ལ་ཁ་པར་བཏང་བྱུང་། ང་རང་སྤྱོད་ཁང་དུ་འགྲོ་བར་ཁ་གཡར་ནས་སྒོའི་ཕྱིར་བྲོས་པ་ཡིན།
 མཚན་མོར་ངས་རང་གི་ལུས་པོ་སངས་རྒྱས་ལ་ཕུལ་བ་ཡིན།
 དེ་རིང་དབུ་གཙོས་སྡིགས་དམོད་བཏང་བྱུང་ནའང་སེམས་ན་སངས་རྒྱས་ཡོད་པས་ང་རང་ཁོ་ལ་ཅུང་ཙམ་ཡང་མ་སྐྲག
  ངའི་གྱོན་པ་དང་སྐྲ་གསེང་ན་ད་དུང་ཡང་ཆང་དྲི་དང་ཐ་མག་གི་དྲི་ལུས་འདུག

 ༢༠༠༦ལོའི་ཟླ་༣པའི་ཚེས་༥ ཁ་བ་འབབ། གྲང་ངར་ཆེ། 
 
  དེ་རིང་ནི་ངོ་མ་སེམས་པ་སྡུག་པའི་ཉིན་མོ་ཞིག་རེད། ཨ་མར་གློ་བུར་ཏུ་ནད་ལྕི་མོ་ཞིག་ཕོག་པས་སྡེ་བའི་ནང་གི་མི་སེམས་བཟང་ཞིག་གིས་མོ་རང་ངའི་སར་བསྐྱལ་ཡོང་། ཐག་རིང་དུ་སྨན་པ་བསྟེན་པར་འགྲོ་དགོས་མོད་ཨ་མ་དང་ངེད་གཉིས་ལ་དངུལ་ཉུང་ཉུང་ཙམ་ལས་མི་འདུག ཨ་ཅེར་ཁ་པར་བཏང་ནའང་མི་འཕྲོད། མཐར་བྱ་ཐབས་ཟད་པས་བདག་གིས་སངས་རྒྱས་ལ་ཁ་པར་བཏང་། ངས་ཁོ་ལ་ཨ་མ་ན་བཞིན་པའི་རྒྱུ་མཚན་བཤད་པ་ན་ཁོས་ང་ལ་མི་རློམ་པའི་རྣམ་འགྱུར་བསྟན་པར་མ་ཟད་ཕོ་མོའི་འབྲེལ་བ་བྱུང་ནས་ཉིན་འགའ་ཤས་ལས་འགོར་མེད་ཀྱང་དངུལ་ལོར་གྱི་འབྲེལ་བ་གཟུགས་རྩིས་ཡོད་པའི་བུ་མོ་ཚོ་ལ་ཁོ་རང་དགའ་བོ་མེད་ཟེར་ནས་སྐད་ཆ་བཤད་མཚམས་བཞག་སོང་། ངས“ཁྱོད་ཀྱིས་ང་རང་རྩེད་སྤྱད་བྱེད་དོན་ཅི་ཡིན”ཞེས་སྨྲས་ཀྱང་ཁོས་དེ་ཐོས་མེད།
  དེ་ནས་ང་རང་དབུ་གཙོའི་མདུན་དུ་བཅར་ཏེ་དགོངས་པ་ཞུས་ནའང་ཁོས“ང་རང་རྫུན་གཏམ་ལ་དགའ་བོ་མེད། གཏན་ནས་དགའ་བོ་མེད། ཁྱོད་ཚོ་ཉིན་མོའི་ལྷ་དང་མཚན་མོའི་འདྲེ་རུ་གྱུར་ཡོད་པ་སུས་མི་ཤེས”ཟེར་བཞིན་བདག་ལ་སྡིགས་དམོད་བཏང་བྱུང་། མ་གཞི་ཁོ་རང་ཉིད་ཀྱི་སེམས་ཁམས་སྐྱིད་པོ་མིན་པས་སྐད་ཆ་དེ་དག་ངག་ལས་ཐལ་བ་རེད། 
ད་ལྟའང་ཨ་མས་མཚམས་མེད་པར་གློ་ལུ་རྒྱག་གིན་འདུག ཀྱེ་མ། ངས་ཅི་ཞིག་བྱས་ན་འགྲིག་གམ།

  ༢༠༠༦ལོའི་ཟླ་༣པའི་ཚེས་༧ གནམ་དྭངས། གྲང་ངར་ཆེ།
  དེ་རིང་ཨ་མ་དང་ངེད་གཉིས་སྤྱི་སྤྱོད་མོ་ཊར་བསྡད་དེ་གྲོང་ཁྱེར་ཀ་བར་འགྲོ་བཞིན་ཡོད།
  བདག་ལ་མཚན་གང་བོར་གཉིད་མ་ཁུག་ཅིང་ཅི་བྱ་གཏོལ་བྲལ་དུ་ལུས་ནའང་ཐོ་རེངས་ཀྱི་དུས་སུ་མི་ཞིག་གིས་བདག་གི་ཉལ་ཁང་གི་སྒོ་མོ་བརྡུངས་བྱུང་། ཁོ་ནི་སངས་རྒྱས་རེད། ཕར་བལྟས་ཚེ་ཁོ་ཧ་ཅང་གྲང་གིན་འདུག ཁོས་ཨམ་ཕྲག་ལས་དངུལ་བརྩེགས་མ་ཞིག་བླངས་ཏེ“དབྱངས་ཅན་པད་མ། ང་ལ་ཡོད་པ་ནི་དངུལ་འདི་དག་ཡིན། ཐེངས་འདིར་ཁྱོད་ཀྱི་དཀའ་ཁག་སེལ་ཐུབ་པར་སྨོན། ང་རང་གོ་ནོར་ཐེབས་སོང་། དགོངས་པ་མ་ཚོམས”ཟེར།
  བདག་ལ་མིག་ཆུ་མཚམས་མེད་དུ་བཞུར་ཅིང་ཁོ་ལ་དམ་དུ་འཁྱུད། ཐེངས་འདིར་ངས་ལུས་དྲོད་ཀྱིས་ཁོ་རང་བསྲོས་ཤིང་བདག་གི་ངག་ལས“སངས་རྒྱས། ཁྱོད་རང་ངའི་དྲིན་ཆེན་ཡིན། རྗེས་སུ་ཁྱོད་ཀྱིས་ང་ལ་ཅི་ཞིག་བྱས་ཀྱང་ངས་ལེ་བདའ་མི་བྱེད”ཅེས་པའི་ཚིག་དེ་ཤོར།
  ད་ལྟ་ཨ་མ་ཅུང་བདེ་བའི་ངང་གཉིད་འདུག ཨ་ཅེར་ཁ་པར་འཕྲོད་བྱུང་ལ་གྲོགས་མོ་བཀྲ་ཤིས་འཚོ་ལའང་ང་རང་ངེད་གཉིས་དེར་ཡོང་བཞིན་པའི་གནས་ཚུལ་བཤད་པ་ཡིན།
 
  སྒྲུང་བྲིས་ནས་མཚམས་འདིར་བསླེབས་དུས། ཚག་སྒྲ་ཞིག་དང་ལྷན་དུ་བདག་གི་སྡོད་ཤག་ནང་གི་གློག་ཆད་པར་གྱུར། འོན་ཀྱང་བདག་ལ་གློག་སྒུག་པའི་འདོད་པ་མེད་པར་གྱུར། སྐབས་དེར་གྲོགས་པོ་བསམ་འགྲུབ་ཀྱིས་ཁ་པར་བཏང་ཡོང་ཞིང་ཁོས“ཁྱོད་ཚོའི་དེ་གར་གློག་ཨེ་འདུག”ཟེར། ངས“འདི་ག་ནའང་གློག་མི་འདུག་པས་གློག་ཡོད་ས་ཞིག་བཙལ་ཏེ་སྤྲོ་སྐྱིད་ལ་རོལ་ན་ཅི་འདྲ་འདུག”ཅེས་སྨྲས། བསམ་འགྲུབ་ཀྱིས་དེ་མ་ཐག་དང་ལེན་བྱས་པར་མ་ཟད་མོ་ཊ་བཏང་སྟེ་ང་རང་བསུ་རུ་འོང་། ངེད་གཉིས་རྒུན་ཆང་ཤེལ་དམ་གཉིས་དང་། བཏུང་བ་དམ་བུ་འགའ་ཉོས་ཏེ་གྲོང་ཁྱེར་ནུབ་ཁུལ་གྱི་གློག་ཡོད་སའི་མགྲོན་ཁང་ཞིག་ཏུ་བསྡད་ཅིང་ངས་ཁོ་ལ་གོང་དུ་བྲིས་པའི་སྒྲུང་དེའི་སྐོར་ཞིབ་ཏུ་གླེང་། ཁོས་ཀུ་རེ་དང་རྩེད་མཚར་གྱི་ངང་དུ་མི་སྣ་དེ་འདྲ་ཞིག་མངོན་སུམ་གྱི་འཚོ་བའི་ནང་དུ་མི་འདུག་ཟེར་བ་དང་ཁོ་རང་གིས་དེ་དང་ཆ་འདྲ་བའི་བུ་མོ་མང་པོ་ངོ་ཤེས་ཟེར།
  རྒུན་ཆང་ཤེལ་དམ་དེའི་བཟི་ཁ་དང་ལྷན་ཅིག་མགྲོན་ཁང་གི་སྒེའུ་ཡོལ་ལྗང་ཁུ་དེ་ལྷབ་ལྷུབ་ཏུ་རླུང་གིས་སྐྱོད་ནའང་ཁང་བའི་ནང་ནི་ཚ་དྲོད་ཆེན་པོ་ཁྱབ་ཡོང་བ་དང་བདག་གི་ལུས་ཀྱང་ཚ་བས་ཀུན་ནས་ཟིན་ཡོང་བས་བདག་གིས་དེ་མུར་མགྲོན་ཁང་གི་སྒེའུ་ཁུང་ཚང་མ་ཕྱེ། ཐག་རིང་གི་ས་ན་གློག་འོད་འཁྱུག་ཙམ་བྱེད་པ་དང་དེ་མུར་ཆར་བ་ཤག་ཤག་ཏུ་བབས་བྱུང་།  
  ཆར་བའི་སྒྲ་དབྱངས་ཀྱི་ཁྲོད་ནས་བསམ་འགྲུབ་ཀྱིས་ཁོའི་ངོ་ཤེས་ཡིན་ཟེར་བའི་བུ་མོ་དེ་དག་གམ་དེ་དག་གི་གྲོགས་པོ་ཚོར་རེ་རེ་བཞིན་ཁ་པར་བཏང་བ་དང་། ཆར་བ་འབབ་མཚམས་ཆད་ཅིང་བདག་གི་སྣང་བ་བར་སྣང་དུ་ཤོར་བཞིན་པའི་དུས་དེར་བུ་མོ་གཉིས་ཤྭ་འོད་ཅིག་དང་འདྲ་བར་ངེད་གཉིས་ཀྱི་མགྲོན་ཁང་དུ་ཤོར་འོང་། ནང་དུ་བསླེབས་མ་ཐག་མོ་གཉིས་ཀྱིས་ཕྱི་གོས་ཕུད་ནས་གོས་གདང་དུ་བཞག  དེ་ལས་གཅིག་གིས་གླང་རྫིའི་རྐང་སྣམ་དང་ཀོ་སྟོད་དམར་པོ་ཞིག་གྱོན་འདུག་ལ་སྐྲ་ལོ་ཐུང་བར་བྱས་ཏེ་ཁ་དོག་དམར་སྨུག་ཏུ་བསྒྱུར་འདུག་པ་དང་། ཅིག་ཤོས་དེས་ལྭ་བ་ནག་པོ་ཞིག་གི་ནང་ལ་སྟོད་གོས་གློ་མདོག་ཅན་ཞིག་གྱོན་ཏེ་ཨ་མདོའི་བོད་མོའི་ཆས་སྤྲས་ཡོད་ཅིང་སྐྲ་ལོ་ནག་པོ་རིང་པོར་བཞག་སྟེ་ལྟག་རྒྱབ་ཏུ་དཔྱངས་པར་བྱས་འདུག ཁོང་གཉིས་ཀྱིས་ཤིན་ཏུ་རྒྱུས་མངའ་ཆེ་བའི་གྲོགས་པོ་ཞིག་ལ་འཕྲད་པ་དང་འདྲ་བར“གླ་གཏོང་རླངས་འཁོར་མ་རྙེད་པར་ཆར་བའི་ནང་ནས་ལུས་སོང”ཟེར་བཞིན་བསམ་འགྲུབ་ལ་མི་དགའ་བའི་རྣམ་འགྱུར་སྟོན་ཅིང་ཐད་ཀར་མལ་ཐུལ་ཞིག་གི་ནང་དུ་འཛུལ་ཏེ་ལུས་ལ་དྲོད་སྐྱེལ་བར་བྱེད།
  བསམ་འགྲུབ་ཀྱིས་ང་རང་བསྟན་ཏེ“ཁོའི་མིང་ལ་སེང་གེ་ཟེར། ཁོ་ནི་གཏམ་རྒྱུད་འབྲི་མཁན་ཞིག་ཡིན། ཞོར་དུ་ཁྱོད་གཉིས་ལྟ་བུའི་བུ་མོ་ཚོའི་ཡིད་དགུག་ཕྱིར་གཞས་ཚིག་ཀྱང་འབྲི་བར་བྱེད”ཟེར། ཁོ་མོ་གཉིས་ཕན་ཚུན་ལ་ལྟ་ཙམ་བྱས་ཤིང་དེ་ནས་བསམ་འགྲུབ་ལ་བལྟས་ཏེ“མི་ཤེས། མི་ཤེས། ངེད་གཉིས་འཁྱག་སྟེ་ཕྱིད་ཐལ”ཟེར་བཞིན་མལ་ཐུལ་དེས་མོ་རང་གཉིས་ཀྱི་ལུས་པོ་གཡོག་ཅི་ཐུབ་བྱས།
  བསམ་འགྲུབ་ཀྱིས་ང་ལ་ཀུ་རེའི་ཚུལ་གྱིས“ཁྱོད་ཀྱིས་རང་ཉིད་གང་ལ་དགའ་བ་དེ་འདོམས་ཤིག”ཟེར་བ་དང་བུ་མོ་གཉིས་ཀས་དེ་ལ་མཉམ་འཇོག་ཕྲན་ཙམ་ཡང་མི་བྱེད། ང་རང་འཁྱར་མ་འཁྱོར་གྱིས་སྒེའུ་ཁུང་གི་འགྲམ་དུ་བཅར་ཏེ་ཕྱི་རོལ་ཏུ་བལྟས་པ་ན་བརླན་བཤེར་ལྡན་པའི་སྲང་ལམ་དུ་མོ་ཊ་རྣམས་ཀྱིས་ཟམ་མ་ཆད་པར་འགྲོ་སྐྱོད་བྱེད་ཅིང་ཆར་ཆུའི་ནང་ནས་འཁོར་ལོ་དག་མགྱོགས་པོར་སོང་བའི་ཤུལ་ན་མི་རྣམས་ཀྱི་འདོད་སྲེད་དང་འདྲ་བའི་ཆུ་རླབས་ཤིག་གྱེན་དུ་འཕྱོ་བར་བྱེད། ངས་སྐྲ་ལོ་དམར་པོ་ཅན་གྱི་བུ་མོ་དེའི་ཕྱོགས་སུ་བལྟས་ནས“ཁྱོད་གཉིས་གཞས་མ་ཡིན་ནམ། ངས་ཀྱང་ཁྱོད་གཉིས་ལྟ་བུའི་གཞས་མ་ཞིག་ངོ་ཤེས། མོའི་མིང་ལ་དབྱངས་ཅན་པད་མ་ཟེར”ཅེས་སྨྲས་པ་ན་སྐྲ་ལོ་ནག་པོ་ཅན་དེས“ངེད་གཉིས་གཞས་མ་མིན། གླུ་མ་ཡིན་ཟེར”ཅིང་གཉིས་ཀས་ཧབ་ཆ་ཐག་གེར་བརྒྱབ་སོང་།
  སྐབས་དེར་བསམ་འགྲུབ་དང་ངེད་གཉིས་ཀྱི་ཆང་ཚར་འདུག་པས་བསམ་འགྲུབ་སྒོའི་ཕྱིར་ཆང་ཉོ་རུ་སོང་བ་དང་། ངས་བཟི་སྣང་བན་བུན་གྱི་ངང་ནས་བུ་མོ་དེ་གཉིས་ལ་དབྱངས་ཅན་པད་མའི་གཏམ་རྒྱུད་བཤད་པ་ཡིན། སྐྲ་ལོ་དམར་པོ་ཅན་དེས་དབྱངས་ཅན་པད་མའི་ཨ་ཅེར་སྡིགས་དམོད་བྱེད་པ་དང་། སྐྲ་ལོ་ནག་པོ་ཅན་དེས“མོ་ནི་ཅི་འདྲའི་བུ་མོ་དྲང་མོ་ཞིག་རེད། གླུ་གར་ཚོགས་པའི་ནང་ན་ཡོད་ཀྱང་དགའ་རོགས་གཅིག་ལས་མི་འདུག”ཟེར།
  བསམ་འགྲུབ་ཆང་ཉོས་ཏེ་ནང་དུ་བསླེབས་རྗེས་བུ་མོ་དེ་གཉིས་ཀྱིས་ཀྱང་ཡུན་རིང་ཁ་ལ་མ་རེག་པ་དང་འདྲ་བར་རྒུན་ཆང་རྔམ་འཐུང་བྱེད་པ་དང་། ཅུང་ཙམ་བཟི་རྗེས་སྐྲ་ལོ་དམར་པོ་ཅན་དེས“འཇིག་རྟེན་འདི་ནས་སྐྱིད་པོ་རང་གིས་བྱ་མ་ཐུབ་ན། སྡུག་པོ་གཞན་གྱིས་གཏོང་ངེས་རེད”ཟེར་བཞིན་ཆང་འཐུང་ཞོར་དུ་གཞས་ཐུང་ངུ་རེ་གཏོང་བར་བྱེད་ལ། རིམ་གྱིས་བདག་གི་ལུས་ནས་རྔུལ་ཆུ་ཚ་བོ་དག་ཐིགས་པ་རེ་རེ་བཞིན་བཞུར་བ་དང་། གདོང་ཡང་ཚ་ལམ་ལམ་དུ་གྱུར་བས་ཁྲུས་ཁང་དུ་སོང་སྟེ་གདོང་ཆུ་འཁྱག་གིས་བཀྲུས་ནས་རྣམ་རིག་ཨེ་ཡོད་བལྟས། དེ་ནས་ཧ་ཅང་སྐྱིད་པོ་བྱ་དགོས་སྙམ་ནས་འཕྲོ་རིམ་འཕྲོར་ཆང་བཏུང་བ་ན། བཤད་པའི་སྐད་ཆ་ལ་གོ་རིམ་མེད་པ་དང་ལུས་ཀྱི་ཕྱག་རྒྱ་ལའང་ཚོད་འཛིན་མེད་པར་གྱུར་ཏེ་སྐབས་འགར་སྐྲ་ལོ་དམར་པོ་ཅན་དེར་“ངས་ཁྱོད་ལ་གཞས་ཚིག་ཅིག་བྲི། སྙན་གྲགས་འཛམ་གླིང་ལ་རྒྱས་བྱེད་ཀྱི་གཞས་ཚིག་ཅིག་བྲི”ཞེས་སྨྲས་པ་དང་། སྐབས་འགར་སྐྲ་ལོ་ནག་པོ་ཅན་དེར“ངས་ཁྱོད་ལ་གཞས་ཚིག་ཅིག་བྲི། སྙན་གྲགས་འཛམ་གླིང་ལ་རྒྱས་བྱེད་ཀྱི་གཞས་ཚིག་ཅིག་བྲི”ཞེས་སྨྲས།
  མཚམས་ཤིག་ལ་ངེད་ཅག་གིས་གཞས་གཏོང་ཞོར་དུ་བྲོ་འཁྲབ་པ་དང་། ཀི་འདེབས་པ། ཕན་ཚུན་ལ་སེན་མོ་འདེབས་པ་དང་ལག་པས་གཞུ་བ། འོ་བྱེད་པ་སོགས་བྱས་པར་མ་ཟད་རང་གི་ཁ་ནང་གི་ཆང་གཞན་གྱི་གདོང་ལ་འདེབས་པ་སོགས་ཀྱང་བྱས།
  ང་རང་བཟི་སྟེ་མིག་ལམ་གྱི་ཡོད་ཚད་མག་མོག་དང་རབ་རིབ་ཏུ་གྱུར་ལ་གམ་གྱི་གཞས་མ་དེ་གཉིས་ཀའང་སྨུག་པའི་ནང་དུ་ཡོད་པ་ལྟ་བུར་མཐོང་བཞིན་པའི་དུས་སུ་བསམ་འགྲུབ་ཀྱིས“ཡང་ཆང་ཚར་འདུག ང་རང་སྒོའི་ཕྱིར་ཉོ་རུ་འགྲོ”ཟེར།
  སྐབས་དེར་བདག་གི་མགོ་བོར་ཟུག་གཟེར་དྲག་པོ་ཞིག་བྱུང་ཞིང་། ན་ཟུག་དང་བཟི་སྣང་གཉིས་ཀས་འཐབ་མོ་བྱས་པས་བཟི་སྣང་ཕམ་པ་བཏང་བ་དང་འདྲ་བར་ཁང་བའི་ནང་གི་བཀོད་པ་མཐའ་དག་མིག་ལམ་ནས་ཇེ་གསལ་ལ་སོང་། སྐྲ་ལོ་དམར་བོ་ཅན་དེས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ཅིང་སྣ་གླུ་ཐན་ཐུན་ཞིག་གཏོང་བར་བྱེད་པ་དང་། སྐྲ་ལོ་ནག་པོ་ཅན་དེས་སྤྱོད་ཁང་གི་ནང་ན་སྒྲེགས་སྐྱུགས་བྱེད་ཀྱིན་འདུག
  ན་ཟུག་མ་བཟོད་པའི་རྐྱེན་གྱིས་ངས་ན་ཟུག་དག་གྱོན་གོས་ཀྱི་ནང་དུ་ཡོད་པ་ལྟར་མཚན་ཁེབས་མ་གཏོགས་པའི་གྱོན་གོས་ཡོངས་རྫོགས་ཕུད་དེ་མལ་ཁྲིའི་སྒང་ནས་འགྲེ་ལོག་བརྒྱབ་ཅིང་བུ་མོ་གཉིས་ཀས་ངའི་རྒྱབ་ལ་ཐལ་ལྕག་གིས་གཞུ་ཞོར་དུ“ལྟོས་དང་། ཕར་བལྟས་ཚེ་ཁོས་དུག་གཅོད་མ་ཐུབ་པར་སྡུག་བསྔལ་མྱོང་བཞིན་པ་དང་འདྲ། སྙིང་རེ་རྗེ”ཟེར་ནས་ཧབ་ཆ་ཐག་གེར་བརྒྱབ།
  བསམ་འགྲུབ་ཕྱིར་བསླེབས་བྱུང་། ཁོས་ཁུག་མ་ཆེན་པོ་ཞིག་གི་ནང་དུ་ཆང་རག་དང་ཐ་མག སིལ་ཟས་སོགས་མང་པོ་ཉོས་ཡོང་ཡོད་པ་དང་། “ཆང་བཏུང་མ་ཐུབ་པ་ཡིན་ན་འདི་བཏུང་རོགས”ཟེར་བཞིན་ངའི་ཕྱོགས་སུ་ཆུ་འཁྱག་ཕོར་བ་གང་གཏད་བྱུང་།
  ངས་བསམ་འགྲུབ་ཀྱི་ལག་ནས་ཆུ་འཁྱག་ལེན་ཞོར་དུ་ང་རང་གི་པཱ་ལགས་དྲན་བྱུང་བ་སྟེ། ཆུང་ངུའི་དུས་སུ་བདག་གི་མགོ་བོ་གཟེར་ཐེངས་རེར། པཱ་ལགས་ཁོ་རང་གི་མགོ་བོ་གཟེར་བ་བཞིན་སེམས་འཚབ་སྟེ་ཁྱིམ་ནས་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། དེ་འཕྲལ་དངུལ་གྱི་ཀའུ་ཞིག་ཡོད་པ་དེའི་ནང་ནས་བླ་མའི་ན་བཟའ་དང་བདུག་པ་ཉུང་ཙམ་མེ་ཡིས་ཟིན་པའི་ཨོང་བ་ཞིག་གི་སྟེང་ལ་བཞག་སྟེ་ང་ལ་བདུག་པར་བྱེད་ཅིང་དེའི་འཕྲོར་ཆུ་འཁྱག་ཕོར་བ་གང་ཁྱེར་ཡོང་ནས“གཅེས་ཕྲུག ཅུང་ཙམ་སྲོན་དང་ན་ཟུག་མྱུར་བར་འཇགས་ངེས”ཟེར་བཞིན། མཆོད་ཁྲི་ལས་ཚི་དྲེག་གིས་ཟིན་པའི་དཔེ་ཆ་ཞིག་ཡོད་པ་དེ་བླངས་ནས་མདོ་དང་གདུགས་དཀར། སྒྲོལ་མ་བཅས་འདོན་ངེས།
  བདག་གིས་ཆུ་འཁྱག་འཐུང་བཞིན་ཅུང་ཙམ་ངལ་བ་གསོས་པ་དང་། གཞས་མ་གཉིས་ཀ་གཡས་གཡོན་དང་བསམ་འགྲུབ་དཀྱིལ་དུ་བསྡད་དེ་ཁོང་གསུམ་པོས་མུ་མཐུད་དུ་ཆང་འཐུང་བར་བྱེད་ཅིང་སྐྲ་ལོ་དམར་པོ་ཅན་དེས་འཕོང་ཚོས་ཕར་གཡུག་ཚུར་གཡུག་བྱེད་པ་དང་མགོ་བོ་ནང་དུ་བཀུག་སྟེ་གདུང་སེམས་ཆེན་པོས་“རྨི་ལམ་ནང་གི་སེར་ཆེན།། ཡོད་ཡོད་འདྲ་བའི་བྱམས་པ།།དབྱར་ཟླ་དྲུག་པའི་མགྲོན་པོ།།ལན་ཅིག་སླེབ་པ་འདྲ་བྱུང་།།”ཟེར་བཞིན་གཞས་སྙན་མོ་ཞིག་བཏང་བ་དང་། དེ་འཕྲལ་གློ་བུར་དུ་སད་པ་བཞིན་བསམ་འགྲུབ་ཀྱི་གདོང་ལ་ཡང་ནས་ཡང་དུ་རེག་ཞོར་དུ“ཁྱོད་ཡོད་དམ་མེད། ཁྱོད་ཡོད་དམ་མེད།”ཅེས་པའི་ཚིག་དེ་བཟླས་པ་ན་སྐྲ་ལོ་ནག་པོ་ཅན་དེ་བགད་ནས་གྲོད་ཁོག་ལུག་པར་གྱུར།  བསམ་འགྲུབ་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་ཕར་བལྟས་ཚེ་ཁོང་ཁྲོ་ལང་བཞིན་པར་སྣང་། ཡིན་ནའང་མཚམས་ཤིག་ནས་ཁོས་རིག་པ་ཀློང་དུ་བརྡོལ་བ་བཞིན་ཀི་ཆེན་པོ་བཏབ་སྟེ་སྐྲ་ལོ་དམར་པོ་ཅན་དེ་འཇུ་ཐེངས་ཤིག་གིས་མལ་ཁྲིའི་སྟེང་དུ་བསྒྱེལ་བ་དང་། མོའི་ལུས་ཀྱི་གྱོན་གོས་ཚང་མ་བཤུས་ནས “ང་ཡོད་ཡ། ང་ཡོད”ཟེར་ནས་མོ་མར་མར་མནན་པ་ན། མོས་ཤུགས་ཆེན་པོས་འཕག་འཚག་བྱེད་བཞིན“ཀྱེ་མ། ང་ལ་བཙན་གཡེམ་བྱས་བྱུང”ཟེར་ཅིང་མིག་ཆུའང་ཁྲོམ་ཁྲོམ་དུ་གཏོང་བར་བྱེད། སྐྲ་ལོ་ནག་པོ་ཅན་དེས་བསམ་འགྲུབ་ཀྱི་རྒྱབ་ནས་འཇུས་ནས་ཁོང་གཉིས་སོ་སོར་ཕྲལ་ཨེ་ཐུབ་བལྟས། བདག་གི་མགོ་བོའང་ཕྱོགས་གཉིས་སུ་སོ་སོར་གྱེས་པ་ལྟར་ཟུག་གཟེར་ཇེ་ཆེར་གྱུར་བས“སྐུ་མཁྱེན། འུར་མ་རྒྱག་རོགས”ཞེས་སྨྲས་པ་ན་བསམ་འགྲུབ་ཀྱིས“ཚེ་རིང་མཚོ་མོ་ཁྱོད་ཀྱི་ཡིན”ཟེར།
  ངས་སྐྲ་ལོ་ནག་པོ་ཅན་དེའི་མིང་ལ“ཚེ་རིང་མཚོ་མོ”ཟེར་བ་གསར་དུ་ཤེས།

   སྒྲུང་བྲིས་ནས་མཚམས་འདིར་བསླེབས་དུས། དགུང་གྲངས་བདུན་ཅུར་སོན་པའི་རྩོམ་པ་པོ་གྲགས་ཅན་ཡེ་ཤེས་ནོར་བུས་གཉིད་ཅོག་ཅུང་ཙམ་བརྒྱབ་པ་དང་། ཁོང་གི་མིག་ཤེལ་གདོང་བ་ནས་མར་ཞུད། མཁའ་དབྱིངས་ནས་ཡུན་རིང་བར་འཐིབས་པའི་སྤྲིན་པ་མཐུག་པོ་དེ་ལུག་བལ་བསེད་པ་བཞིན་ཕྱོགས་ཕྱོགས་སུ་འཐོར། ཉི་མའི་འོད་ཟེར་ནི་ཆར་ཆུ་ཐིགས་པ་རེ་རེ་དང་འདྲ་བར་ཁོང་ཚང་གི་ར་བའི་ནང་དུ་འཕྲོས། ཁོང་ཚང་གི་བྱི་ལ་ནག་པོ་དེས་ཁོང་གི་ལྟག་རྒྱབ་ཀྱི་སྒེའུ་ཁུང་དེ་ལས་ཚུར་ལྡང་སྟེ“མེ་ཨང་། མེ་ཨང”ཟེར། དེ་འཕྲལ་ཁོང་གིས་མགོ་བོ་ཡར་བཏེགས་ཏེ་སྨྱུ་གུ་སར་བཞག་ཅིང་མདུན་གྱི་ཇ་ཕོར་བླངས་པ་ན་ནང་གི་ཇ་ཟད་འདུག
  ཁོང་གིས་གཡས་ཕྱོགས་སུ་ལྟ་ཙམ་བྱས་མ་ཐག་ནང་འཁོར་བུ་མོ་ཞིག་བརྒྱུགས་ཡོང་སྟེ་ཇ་ཕོར་དུ་ཇ་བླུགས་པ་དང་། ཉི་ཁྱམས་སུ་དཔེ་དེབ་ལ་གཟིགས་བཞིན་པའི་ཁོང་གི་ལྕམ་ཚེ་རིང་སྒྲོལ་དཀར་ཡང་དལ་བུར་ཁོང་གི་གམ་དུ་ཡོང་སྟེ“འདི་འདྲའི་ཉི་འོད་ཅིག་མིག་གིས་མ་མཐོང་བར་ཡུན་རིང་འགོར་སོང་། སྐྱིད་པ་ལ་ཨང”ཟེར།
  ཁོང་གིས་རང་གིས་བྲིས་ཟིན་པ་དག་ལག་ཏུ་བླངས་ཏེ་རྩེད་མཚར་དང་གུས་པ་ལྡན་པའི་ངང་“སྒྲུང་འདི་གཞས་མ་གྲགས་ཅན་ཁྱེད་ལ་ཕུལ་བ་ཡིན། གཟིགས་ཤིག་དང་ཅི་འདྲ་འདུག”ཟེར། ཚེ་རིང་སྒྲོལ་དཀར་གྱིས་ཀྱང་མིག་ཤེལ་བསྣབས་ཏེ་སྒྲུང་དེ་བམ་ཀློག་ཐེངས་གཅིག་བྱས་རྗེས“ད་དུང་ཚར་མེད་པ་མིན་ནམ”ཟེར་བཞིན་སླར་ཡང་ཁོང་གི་ཇ་ཕོར་དུ་ཇ་ཁ་སྣོན་བྱས།
  ཁོང་གིས“མཇུག་རྫོགས་མེད་པ་ནི་སྒྲུང་དང་པོ་དེ་ཡིན། དེ་ནི་དེའི་རྩོམ་པ་པོ་སེང་གེར་གཏོགས་པས་མཇུག་ཅི་འདྲ་ཡིན་པ་བདག་གིས་ཀྱང་མི་ཤེས། འོན་ཀྱང་སྒྲུང་གཉིས་པ་དེའི་མཇུག་ངས་ཁྱོད་ལ་བཤད་ཆོག ཁྱོད་ཀྱིས་གསང་བ་བྱ་རོགས། མཚན་མོ་དེར་སེང་གེ་ཟེར་བའི་གཞོན་ནུ་རྩོམ་པ་པོ་དེ་ལུས་ལ་ཚ་བ་རྒྱས་པ་དང་། མགོ་བོ་གཟེར་བ། ཆང་གིས་རབ་ཏུ་བཟི་བ་སོགས་ལ་བརྟེན་ནས་འཕྲུལ་སྣང་གི་དབང་དུ་གྱུར་ཏེ་སྒེའུ་ཁུང་ལས་མར་ལྕེབས་པ་དང་། ཕྱི་ཉིན་ཁོའི་བེམ་རོའི་སྟེང་ན་གཞན་གྱིས་འཕུད་རྒྱག་བྱས་པའི་ལག་རྗེས་འདུག་པས་གཞས་མ་དེ་གཉིས་ཀ་ཉེས་ཅན་དུ་བརྩིས་ནས་བཙོན་དུ་བཅུག་པ་རེད། ཁོའི་གྲོགས་པོ་བསམ་འགྲུབ་ཀྱིས་ཀྱང་དོན་དེ་གསལ་བཤད་བྱ་ཐུབ་མ་སོང་། རྒྱུ་མཚན་ཅི་ཞེ་ན་སྐབས་དེར་བསམ་འགྲུབ་ཀྱང་ཤིན་ཏུ་བཟི་ཡོད་པས་ཁོས་སེང་གེ་སྒེའུ་ཁུང་ལས་མཆོངས་པའང་ཤེས་མེད། བདག་གིས་བསམ་ན་སེང་གེས་སྒེའུ་ཁུང་ཕྱི་རོལ་ཀྱི་མུན་པ་དག་ཁོ་རང་གི་སྡོད་ཤག་གི་ནང་དུ་ཡོལ་བ་ནག་པོ་ཞིག་ཡོད་པ་དེར་ནོར་བ་རེད”ཟེར།

                           ༢༠༡༣ལོའི་ཟླ་༥བའི་ཚེས་༢ཉིན་མཇུག་རྫོགས་པར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།