བོར་བ་རྙེད་པའི་མགུར་ཞེས་བྱ་བ།

20160526_144903.jpg

ནངས་སྔ་མོར་ཡར་ལ་ལང་བའི་དུས།།
མཉམ་མ་བཞག་སྐྲ་རྩེའི་ཆུ་ཐིགས་གཅིག།
མིག་ཁྲ་ཆུང་ཞར་བ་བཞིན་དུ་འཐོར།།
ང་སེམས་པ་སྐྱོ་ནས་ནགས་སུ་ཕྱིན།།
ཤིང་སྨྱུག་མ་གཏུབས་ནས་གླིང་བུ་བཟོས།།
སྦོམ་ཕྲ་བུ་ག་སྣ་ཚོགས་ཅན།།
གདངས་དང་འགྱུར་ཁུགས་ཅི་སྙེད་འོང་།།
འགྲོ་བའི་ལས་ནི་ཟད་མེད་པར།།
སྣང་བ་སྣ་ཚོགས་འབྱུང་བ་བཞིན།།
ངའི་སེམས་དོན་གླིང་བུས་རོལ་མོར་བྱས།།
གནས་འཁོར་བུའི་ཀློང་གི་མགྲོན་པོ་རྣམས།།
ང་དང་གླིང་བུའི་མཐའ་རུ་འདུས།།
ལང་ཚོས་དྲེགས་པའི་གཞོན་ནུ་མས།།
འཆི་ཁའི་རང་ཉིད་མཐོང་བ་བཞིན།།
སྡོད་མི་ཚུགས་མིག་ཆུ་ཤམ་ཤམ་བཏང་།།
ངས་བོར་བའི་ཆུ་ཐིགས་དེ་ནས་རྙེད།།

ཉིན་གུང་གཉིད་ལྕོག་རྒྱག་པའི་དུས།།
མཉམ་མ་བཞག་ཐབ་ནང་མེ་སྟག་གཅིག།
སྐར་མདའ་ལྷུང་བ་བཞིན་དུ་ཡལ།།
ང་སེམས་པ་སྐྱོ་ནས་ཆུ་ཁར་སོང་།།
བྱེ་མ་བཏུལ་ནས་ཚོན་ཁ་ཕབ།།
ཁ་དོག་བྱེ་བྲག་ཅི་རིགས་པས།།
གཟུགས་དང་རྣམ་པ་ཅི་སྙེད་འོང་།།
སྒྱུ་མའི་ཆོས་ནི་ཟད་མེད་པར།།
ལོངས་སྤྱོད་སྣ་ཚོགས་འབྱུང་བ་བཞིན།།
ངའི་སེམས་དོན་ཚོན་གྱིས་རི་མོར་བྱས།།
ཐ་སྙད་ཀྱིས་འཆིང་བའི་ཕོ་མོ་རྣམས།།
ང་དང་རི་མོའི་མཐའ་རུ་འདུས།།
དབང་གིས་སྙེམས་པའི་མི་ཕོ་ཡིས།།
སྐད་ཅིག་གི་བདེ་བ་རྙེད་པ་ལྟར།།
ཉལ་ཐ་འཐེན་བཞིན་མེ་ཡང་གཙུབས།།
ངས་བོར་བའི་མེ་སྟག་དེ་ནས་རྙེད།།

དུས་མཚན་མོར་འདོད་པས་གཟིར་བའི་དུས།།
མཉམ་མ་བཞག་མཛུབ་རྩེའི་ཁྲག་ཐིགས་གཅིག།
སྲོག་དམར་པོ་ཆད་པ་བཞིན་དུ་བྱེར།།
ང་སེམས་པ་སྐྱོ་ནས་གྲོང་ལ་ཕྱིན།།
ཡི་གེའི་ནང་ལ་ཆང་རག་བླུགས།།
ཨཱ་ལི་ཀ་ལི་དང་ཨེ་བྷེས་སི།།
མེ་མདག་ནང་ནས་དྲག་ཏུ་འཚུབ།།
གཉིད་ཀྱི་ཁམས་སུ་ཐིམ་པ་དག།
རྨི་ལམ་སྣ་ཚོགས་འཁྲུགས་པ་བཞིན།།
ངས་སེམས་དོན་ཡི་གེས་སྙན་ངག་བྱས།།
ཅི་བྱ་གཏོལ་བྲལ་དུ་ལུས་པ་རྣམས།།
ང་དང་སྙན་ངག་གི་མཐའ་རུ་འདུས།།
མྱོང་བས་གཏམས་པའི་རྒས་འཁོགས་ཀྱིས།།
ཕར་ཕྱོགས་ནས་ཅི་ཞིག་མཐོང་བ་ལྟར།།
ཤ་སྐྱིར་མདུང་ནས་ཟུངས་ཁྲག་ཕྱུངས།།
ངས་བོར་བའི་ཁྲགས་ཐིག་དེ་ནས་རྙེད།།

                གྲོང་ཁྱེར་ཆེན་མོ་Frankfurt ཡི་ཡེ་ཤུ་ཆོས་ཁང་ཆེན་མོའི་མདུན་ནས་ལ་ཏེང་ཨ་རི་ནས་ཡིན་པ་འདྲ་བའི་རོལ་མོ་བ་ཞིག་གིས་ཕྱི་དྲོ་གང་བོར་དབྱིབས་དང་རིགས་མི་འདྲ་བའི་སྨྱུག་གླིང་སྣ་ཚོགས་རེས་མོས་སུ་བུས་པ་ལ། མི་རྣམས་འཚང་ཁ་ཤིག་ཤིག་གིས་འདུས་ཤིང་འགའ་ཞིག་གིས་གར་བྱེད་པ་དང་། ཡང་ལ་ལས་ཧ་ཧོ་སོགས་སྐད་སྒྲ་སྣ་ཚོགས་འབྱིན་པ་ལ་རེ་ཞིག་གཡེང་ནས་སྙན་ངག་འདི་སེམས་ལ་མྱུར་བར་སྦྲུམ་པས་དེའི་ཕྱི་ཉིན་གྱི་ཞོགས་པར་ཤར་མར་ཡི་གེར་ཕབ་པའོ།།

                                                                   27/5/2015ཉིན།


                                                              རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོར་བ་རྙེད་པའི་མགུར་ཞེས་བྱ་བ།

20160526_144903.jpg

ནངས་སྔ་མོར་ཡར་ལ་ལང་བའི་དུས།།
མཉམ་མ་བཞག་སྐྲ་རྩེའི་ཆུ་ཐིགས་གཅིག།
མིག་ཁྲ་ཆུང་ཞར་བ་བཞིན་དུ་འཐོར།།
ང་སེམས་པ་སྐྱོ་ནས་ནགས་སུ་ཕྱིན།།
ཤིང་སྨྱུག་མ་གཏུབས་ནས་གླིང་བུ་བཟོས།།
སྦོམ་ཕྲ་བུ་ག་སྣ་ཚོགས་ཅན།།
གདངས་དང་འགྱུར་ཁུགས་ཅི་སྙེད་འོང་།།
འགྲོ་བའི་ལས་ནི་ཟད་མེད་པར།།
སྣང་བ་སྣ་ཚོགས་འབྱུང་བ་བཞིན།།
ངའི་སེམས་དོན་གླིང་བུས་རོལ་མོར་བྱས།།
གནས་འཁོར་བུའི་ཀློང་གི་མགྲོན་པོ་རྣམས།།
ང་དང་གླིང་བུའི་མཐའ་རུ་འདུས།།
ལང་ཚོས་དྲེགས་པའི་གཞོན་ནུ་མས།།
འཆི་ཁའི་རང་ཉིད་མཐོང་བ་བཞིན།།
སྡོད་མི་ཚུགས་མིག་ཆུ་ཤམ་ཤམ་བཏང་།།
ངས་བོར་བའི་ཆུ་ཐིགས་དེ་ནས་རྙེད།།

ཉིན་གུང་གཉིད་ལྕོག་རྒྱག་པའི་དུས།།
མཉམ་མ་བཞག་ཐབ་ནང་མེ་སྟག་གཅིག།
སྐར་མདའ་ལྷུང་བ་བཞིན་དུ་ཡལ།།
ང་སེམས་པ་སྐྱོ་ནས་ཆུ་ཁར་སོང་།།
བྱེ་མ་བཏུལ་ནས་ཚོན་ཁ་ཕབ།།
ཁ་དོག་བྱེ་བྲག་ཅི་རིགས་པས།།
གཟུགས་དང་རྣམ་པ་ཅི་སྙེད་འོང་།།
སྒྱུ་མའི་ཆོས་ནི་ཟད་མེད་པར།།
ལོངས་སྤྱོད་སྣ་ཚོགས་འབྱུང་བ་བཞིན།།
ངའི་སེམས་དོན་ཚོན་གྱིས་རི་མོར་བྱས།།
ཐ་སྙད་ཀྱིས་འཆིང་བའི་ཕོ་མོ་རྣམས།།
ང་དང་རི་མོའི་མཐའ་རུ་འདུས།།
དབང་གིས་སྙེམས་པའི་མི་ཕོ་ཡིས།།
སྐད་ཅིག་གི་བདེ་བ་རྙེད་པ་ལྟར།།
ཉལ་ཐ་འཐེན་བཞིན་མེ་ཡང་གཙུབས།།
ངས་བོར་བའི་མེ་སྟག་དེ་ནས་རྙེད།།

དུས་མཚན་མོར་འདོད་པས་གཟིར་བའི་དུས།།
མཉམ་མ་བཞག་མཛུབ་རྩེའི་ཁྲག་ཐིགས་གཅིག།
སྲོག་དམར་པོ་ཆད་པ་བཞིན་དུ་བྱེར།།
ང་སེམས་པ་སྐྱོ་ནས་གྲོང་ལ་ཕྱིན།།
ཡི་གེའི་ནང་ལ་ཆང་རག་བླུགས།།
ཨཱ་ལི་ཀ་ལི་དང་ཨེ་བྷེས་སི།།
མེ་མདག་ནང་ནས་དྲག་ཏུ་འཚུབ།།
གཉིད་ཀྱི་ཁམས་སུ་ཐིམ་པ་དག།
རྨི་ལམ་སྣ་ཚོགས་འཁྲུགས་པ་བཞིན།།
ངས་སེམས་དོན་ཡི་གེས་སྙན་ངག་བྱས།།
ཅི་བྱ་གཏོལ་བྲལ་དུ་ལུས་པ་རྣམས།།
ང་དང་སྙན་ངག་གི་མཐའ་རུ་འདུས།།
མྱོང་བས་གཏམས་པའི་རྒས་འཁོགས་ཀྱིས།།
ཕར་ཕྱོགས་ནས་ཅི་ཞིག་མཐོང་བ་ལྟར།།
ཤ་སྐྱིར་མདུང་ནས་ཟུངས་ཁྲག་ཕྱུངས།།
ངས་བོར་བའི་ཁྲགས་ཐིག་དེ་ནས་རྙེད།།

                གྲོང་ཁྱེར་ཆེན་མོ་Frankfurt ཡི་ཡེ་ཤུ་ཆོས་ཁང་ཆེན་མོའི་མདུན་ནས་ལ་ཏེང་ཨ་རི་ནས་ཡིན་པ་འདྲ་བའི་རོལ་མོ་བ་ཞིག་གིས་ཕྱི་དྲོ་གང་བོར་དབྱིབས་དང་རིགས་མི་འདྲ་བའི་སྨྱུག་གླིང་སྣ་ཚོགས་རེས་མོས་སུ་བུས་པ་ལ། མི་རྣམས་འཚང་ཁ་ཤིག་ཤིག་གིས་འདུས་ཤིང་འགའ་ཞིག་གིས་གར་བྱེད་པ་དང་། ཡང་ལ་ལས་ཧ་ཧོ་སོགས་སྐད་སྒྲ་སྣ་ཚོགས་འབྱིན་པ་ལ་རེ་ཞིག་གཡེང་ནས་སྙན་ངག་འདི་སེམས་ལ་མྱུར་བར་སྦྲུམ་པས་དེའི་ཕྱི་ཉིན་གྱི་ཞོགས་པར་ཤར་མར་ཡི་གེར་ཕབ་པའོ།།

                                                                   27/5/2015ཉིན།


                                                              རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།