རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ལ་ལན་དུ་བཏབ་པ།

འབའ་སྨད་རྒྱལ་ལོ་ཚེ་རིང་། སྐྱབས་ཆེན་ལགས་ཁམས་བཟང་། ད་ལོར་གསར་རྩོམ་གྱི་འཆར་གཞི་དང་དཔེ་ཀློག ཡང་ན་རྩོམ་རིག་དང་འབྲེལ་བའི་ལས་ཀ་ཅི་བྱེད་ཀྱིན་ཡོད། 

ལན། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ནི་ལུས་ཀྱིས་མི་ལྕོགས་པའི་ཁུར་བོ་འཁུར་མཁན་ཞིག་ཡིན་པས་རྩོམ་རིག་དྲ་བའི་རྩོམ་སྒྲིག་པ་དང་དཔེ་ཀློག གསར་རྩོམ། ཡིག་སྒྱུར་སོགས་ལས་ཀ་མང་པོ་ཡོད། ད་ལོ་ངས་སྒྲུང་གསར་བ་ཁ་ཤས་དང་སྙན་ངག་འགའ་ཞིག་བྲིས་ཟིན་ལ་ཚན་རིག་དང་འབྲེལ་བའི་རྩོམ་རེ་གཉིས་ཀྱང་བོད་སྐད་དུ་བསྒྱུར་ཟིན། ཉིན་འདི་གར་ཨ་རིའི་རྩོམ་པ་པོ་ཝེ་ལེམ་ཧྥོ་ཁུ་ནེར(William Faulkner)གྱིས་སྒྲུང་དེབ་གྲགས་ཅན《སྐད་སྒྲ་དང་ཁྲོས་འཁྲིགས》(The Sounds and the Fury)ཀློག་བཞིན་དུ་དེ་ངོ་སྤྲོད་པའི་རྩོམ་ཞིག་བོད་སྐད་དུ་སྒྱུར་བཞིན་ཡོད། ད་ལོའི་འཆར་གཞི་གཅིག་ནི་ཉིན་འདི་གར་དྲ་ལམ་དུ་མུ་འགོད་བྱེད་ཀྱིན་པའི་སྒྲུང《རླུང་ནང་གི་དུས་ཚོད》ཅེས་པ་ཅུང་རིང་བོ་ཞིག་བྲི་བ་དེ་ཡིན། འཆར་གཞི་གཞན་དག་འགྱུར་བའི་རང་བཞིན་ཅན་དུ་ངེས་པས་འདིར་གསལ་པོར་བཤད་མི་ཕོད།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་རང་གསར་རྩོམ་ལ་འཇུག་སྐབས་ཀྱི་རྩོམ་རིག་གི་གནས་བབ་དང་ད་ལྟའི་རྩོམ་སྟེགས་ཀྱི་གནས་བབ་གཉིས་བསྡུར་ཚེ་གང་ཞིག་གིས་དམིགས་བསལ་གྱི་ཚོར་བ་ཡག་པོ་སྟེར་ཐུབ།

ལན། ང་གསར་རྩོམ་ལ་འཇུག་སྐབས་ཀྱི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནི་ཤོག་རྩོམ་གྱི་དུས་སྐབས་དང་ད་ལྟ་ནི་དྲ་རྩོམ་གྱི་དུས་སྐབས་རེད་སྙམ། དུས་སྐབས་འདི་གཉིས་ཀར་དམིགས་བསལ་གྱི་ཁྱད་ཆོས་མི་འདྲ་བ་ཡོད་པས་དེ་གཉིས་ཀས་ཚོར་བའང་མི་འདྲ་སྟེར་ཐུབ་ཀྱིན་འདུག དྲང་མོར་བཤད་ན་ངས་སྔོན་མར་སྙན་ངག་འབྲི་བྱེད་ཀྱི་སྨྱུ་གུ་དང་དེང་གི་རྩིས་འཁོར་གྱི་མཛུབ་གཞུང་གཉིས་ལས་གང་ཞིག་ཡག་པ་བཤད་མི་ཐུབ། སྔོན་མར་ཚགས་དེབ་ཏུ་རྩོམ་འགོད་པའམ་ཡང་ན་རྩོམ་རྣམས་དེབ་ཅིག་ཏུ་བཟོ་མ་ཐུབ་ཚེ་ཀློག་མཁན་རེ་གཉིས་ལས་མེད། དེ་ལའང་དཀའ་ངལ་མང་པོ་ཡོད། དེང་སང་ཁྱོད་ལ་འཆར་སྒོ་ཕུན་སུམ་ཚོགས་པ་ཡོད་ཚེ་དགོད་ས་མེད་པའི་སྡུག་བསྔལ་མྱང་མི་དགོས། དེའི་ཕྱོགས་ནས་ངེད་ཅག་གིས་རང་སྡེའི་སྨྱན་ལམ(We Media)དུ་འབོད་པའི་དུས་རབས་འདི་བསྟོད་པར་འོས་སོ།། 

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་ཀྱིས་དམིགས་བསལ་གྱི་རྒྱུ་རྐྱེན་ག་འདྲ་ཞིག་གི་འོག་ཏུ་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་། དེ་ཇི་ལྟར་འདྲིས་ཤིང་གོམས་པར་གྱུར་པ་ཡིན།

ལན། དང་པོ་ངས་རྩོམ་འབྲི་བ་ནི་བྱིས་དུས་སུ་ཨ་ཕྱི་དག་ལས་གསན་པའི་བྱིས་སྒྲུང་དག་ཡིག་ངོར་འབེབས་ཕྱིར་ཡིན་ལ།  རྗེས་སུ་སྦྱངས་འབྲས་ལེགས་པ་ངོམ་ཆེད་ཙམ་དུ་ཡིན། ང་རང་དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་ཡིན་དུས་སུ། ཀན་ལྷོ་ཁུལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་བྱས་ཤིང་། ངས་མཚན་མོ་གཅིག་ལ《གཅེས་པའི་ཕ་ཡུལ》ཞེས་པའི་ལྷུག་རྩོམ་རིང་མོ་ཤོག་གྲངས་བཅོ་ལྔ་ཅན་ཞིག་བྲིས་པར་བྱ་དགའ་ཨང་དང་པོ་ཐོབ། སྐབས་དེ་དུས་ནས་ངས《སྙན་ངག་སྤྱི་དོན》སོགས་རང་སྦྱོང་བྱེད་ཀྱིན་དུ་དོན་རྒྱན་སོ་ལྔའི་དཔེ་བརྗོད་འབྲི་ཡིན་ཡོད། དེ་ནས་བརྩིས་པའི་ལོ་ངོ་དྲུག་བདུན་གྱི་རིང་ལ་ངས་སྦྱངས་རྩོམ་སྟོང་ཕྲག་བརྒལ་བ་བྲིས་ནའང་ཕལ་ཆེ་བ་གཞན་ལ་ལད་མོ་བྱེད་པ་དང་རྩོམ་རྩལ་སྦྱོང་བ་ཉིད་ལས་མ་འདས། བྲིས་ཀྱིན་བྲིས་ཀྱིན་ང་རང་དེ་ལ་གོམས་ཤིང་འདྲིས་པར་གྱུར་བ་དང་། མ་བྲིས་པར་བསྡད་ཚེ་སུན་པ་དང་སེམས་སྟོང་བར་འགྱུར་བ་སོགས་བྱུང་།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་རང་གིས་ནམ་རྒྱུན་བོད་ཀྱི་སྙན་ངག་ཟེར་པ་ཇི་ལྟ་བུའི་མིག་གིས་བལྟས་པ་ཡིན། དེ་ལྟར་བལྟ་དགོས་པའི་རྒྱུ་མཚན་ཅི།
ལན། ངས་སྙན་ངག་ཅེས་པའི་མིང་འདིར་ནམ་ཡང་བོད་སྐད་ཅིག་ཡིན་པའི་ངོས་ནས་གོ་བ་ལེན་གྱིན་ཡོད་པ་ལས་དེ་ཉིད་རྒྱ་ཡིག་གི་诗འམ་དབྱིན་ཡིག་གི་Poetryདང་གོ་དོན་ཡོངས་སུ་མཉམ་པ་ཞིག་ལ་གོ་ཡིན་མེད། དེ་བས་བོད་ཀྱི་སྙན་ངག་ཟེར་དུས་སྐབས་འགར་《མེ་ལོང་མའི》ལུགས་སུ་བྱས་པའི་ཚིགས་བཅད་རྩོམ་སྟངས་ཤིག་སྟེ། བསླབ་བྱ་དང་། མགུར། ལེགས་བཤད་སོགས་དང་མི་འདྲ་བའི་རྩོམ་ལུས་ཤིག་ལ་གོ་བཞིན་ཡོད་ལ། ཡང་མཚམས་རེར་དཔེ་དང་སྣང་བརྙན་ལྡན་པའི་ཡིག་ངག་གང་རུང་གི་བོད་སྐད་དེར་གོ་ཡིན་ཡོད། དེའི་རྒྱུ་མཚན་ནི་སྐད་ཆ་ཚིག་གཅིག་གིས་ཤོད་ཐབས་བྲལ་ཡང་ཁྱོད་ལ་ལོངས་སྤྱོད་གང་ཞིག་ཐོག་མ་ནས་ཡོད་དུས་དེའི་གོ་དོན་ནི་གཞན་གྱི་སྐད་ཆའི་གྲིབ་འོག་ནས་འགྲེལ་དགོས་དོན་མེད་སྙམ།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཉེ་བའི་ལོ་འདི་གའི་བོད་རྩོམ་སྟེགས་ཀྱི་གནས་བབ་དེ་ཁྱེད་ཀྱི་དྲན་ཚུལ་དང་སྦྱར་ན་ག་འདྲ་ཞིག་རེད།
ལན། ཕྱོགས་ཆེ་ས་ནས་བོད་ཀྱི་རྩོམ་སྟེགས་དེ་ཅུང་འཁྲུག་ཆ་ཆེ་བར་མཐོང་ནའང་། ཞིབ་ཏུ་དཔྱད་ཚེ་འབྲུག་སྒྲ་དི་རིར་གྲགས་པའི་རྗེས་སུ་ཆར་ཐིགས་འགའ་ཤས་ལས་འབབ་རྒྱུ་མེད་པ་དང་འདྲ་བར་འདུག གསལ་པོར་བཤད་ན་རྩོམ་མཁན་མང་པོ་གཞུང་སྒེར་གྱི་འདུ་ཚོགས་ལ་ཞུགས་པ་དང་། ཇ་ཁ་ཆང་ཁའི་ཁ་བརྡར་མོས་པ། ཡང་ན་སོན་ཉུང་ངུ་ཙམ་ལ་འབྲས་བུ་ཆེན་པོ་ཡོད་པའི་རེ་བ་རྒྱག་པ། གཅིག་གིས་གཅིག་སྤུར་ཏེ་ཚིག་གི་ལྦུ་བའི་ནང་ནས་མགོ་བོ་ཀྲོག་ཀྲོག་གིས་སྡོད་པར་དགའ། གལ་སྲིད་ཀུན་གྱིས་རྣམ་གཡེང་དང་འུད་སྒྲོག་གི་ཕྱོགས་སུ་བཀོལ་བའི་ནུས་ཤུགས་མཐའ་དག་གཟབ་ནན་གྱིས་བསམ་བློ་གཏོང་བ་དང་རྩོམ་འབྲི་བའི་ཕྱོགས་སུ་བཀོལ་ན་བོད་ཀྱི་རྩོམ་སྟེགས་དེ་ཕྱི་ཚུལ་ནས་འཁྲུག་ཆ་ཆེ་བ་ཙམ་མ་ཡིན་པར་ངེས་པ་དོན་གྱིས་འཁྲུག་ཆ་ཆེ་བ་དང་ནང་སྙིང་ལྡན་པ་ཞིག་ཏུ་འགྱུར་བར་འདོད། སྤྱིར་རྩོམ་ཡག་པོ་ཞིག་བྲི་བར་མཐོང་རྒྱ་ཡངས་ཤིང་ཁོག་རྒྱ་ཆེ་དགོས་པར་མ་ཟད་ཆེས་གལ་ཆེ་བ་ནི་སྒྱུ་རྩལ་གྱི་ཉམས་ལེན་ཡག་པོ་ཞིག་དགོས་པ་རེད། རྒྱ་ཡིག་ཟོར་ཡང་མའི་དེབ་ཁ་ཤས་བཀླགས་པ་དང་སློབ་དེབ་ནང་དུ་བྲིས་པའི་རྒྱུན་ཤེས་ཡིན་ཟེར་བ་ཁ་ཤས་བློར་བཟུང་རྗེས་སྒྱུ་རྩལ་གྱི་ཉམས་ལེན་ཡོད་པར་སྙམ་ན་ཤིན་ཏུ་ནོར་བ་རེད།

འབའ་སྨད་རྒྱལ་ལོ་ཚེ་རིང་། བོད་ཀྱི་སྙན་ངག་གི་ཉམས་བཟང་པའི་ལོ་ཞིག་ངོས་འཛིན་དགོས་ཚེ་ཁྱེད་ཀྱིས་ལོ་གང་ཞིག་དམིགས་བསལ་གྱི་བཟང་པར་འདོད། དེས་བོད་ཀྱི་སྤྱི་ཚོགས་སུ་ཇི་ལྟ་བུའི་ནུས་པ་ཐོན་ཡོད་དམ།

ལན། དེ་ཤེས་མ་སོང་། ངས་ལོ་རེ་རེར་བྱུང་བའི་སྙན་ངག་དག་ཞིབ་ཏུ་བསྡུར་མ་མྱོང་། དགོངས་དག

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་ནི་བོད་ཀྱི་སྙན་ངག་འབྲི་མཁན་སྤྱི་དང་མི་འདྲ་བར་དམིགས་བསལ་ཅན་ཞིག་རེད། དེ་ལྟར་ཟེར་དོན་ཁྱེད་ཀྱི་སྙན་ངག་འབྲི་ཐབས་དང་བློའི་འཆར་སྒོའམ་སྙན་ངག་གི་གོ་ལེན་སྟངས་དང་དེ་ལ་བཟུང་བའི་ལྟ་ཚུལ་གྱི་ཐད་སོ་སོ་ལ་རང་གཤིས་དམིགས་བསལ་བ་ཞིག་ཆགས་འདུག  ཁྱེད་རང་དེ་ལྟ་བུ་ཞིག་ཇི་ལྟར་དུ་གྲུབ་ཅིང་གསར་རྩོམ་གྱི་དམིགས་འབེན་ཇི་ལྟ་བུ་སྒོམ་ཡོད།
ལན། ངའི་གསར་རྩོམ་གྱི་སྐོར་ལ་སྐྱེ་བོ་མི་འདྲ་བར་ལྟ་ཚུལ་མི་འདྲ་བ་ཡོད་ངེས། དེ་འདྲ་ཡིན་འོས་པ་ཞིག་ཀྱང་རེད། སྤྱིར་བཏང་དུ་མི་གཞན་གྱིས་ང་ལ་ཁྱོད་ཀྱིས་བྲིས་པ་དག་ནི་གཞན་ལས་ཡག་པོ་འདུག་ཟེར་བ་ལས་གཞན་དང་ཅུང་འདྲ་གི་མི་འདུག་ཟེར་ན་ང་རང་ཧ་ཅང་དགའ་གི་ཡོད། གལ་སྲིད་ཁྱོད་ཀྱིས་བྲིས་པ་དེ་གཞན་དང་ཅུང་མ་འདྲ་བ་ཡོད་ན་ད་གཟོད་དེ་འབྱུང་བའི་དགོས་པ་གྲུབ་ཐུབ་པ་འདྲ། ང་ལ་མཚོན་ན་ང་རང་གི་རྩོམ་ཡིག་དག་གི་སྤུས་ཀ་ག་འདྲ་ཡིན་པ་ང་རང་གི་སེམས་ན་ཅུང་གསལ་ལེར་ཡོད། དེ་བས་སྤུས་ཀ་ཞན་པའི་རྩོམ་ཞིག་ལ་གཞན་གྱིས་བསྟོད་པ་ག་འདྲ་བྱས་ཀྱང་ངས་དེ་ཡག་པར་མི་འདོད། 
  ལོ་ཉི་ཤུ་ཡས་མས་ཀྱི་སྔོན་དུ། ངས་བྲིས་པ་ཧ་ཅང་མང་ལ། ཉིན་རེར་སྙན་ངག་རེ་མ་བྲིས་ན་ཅུང་མི་བདེ་བ་ལྟ་བུར་གྱུར་ཡོད། ཡིན་ཡང་དེང་འདིར་ཉིན་ཐོ་དང་ཟིན་ཐོ་ལྟ་བུའི་སྙན་ངག་དེ་འདྲ་འབྲི་བར་ཅུང་འཛེམ་དགོས་ཀྱི་འདུག གསལ་པོར་བཤད་ན་སྙན་ངག་ཅིག་ཇི་ལྟར་བྲི་བ་ནི་བྲི་བྱའི་སྙན་ངག་དེ་ཅི་འདྲ་བ་ཞིག་ཡིན་པ་དེ་ལའང་འབྲེལ་བ་ཡོད་པར་སྙམ། སྙན་ངག་འགའ་ཞིག་ནི་རྟོག་པའི་ཀློང་བརྡོལ་བ་དང་ཚོར་བ་ཆུ་རུ་བཞུར་བ་ལྟར་སེམས་ནང་ནས་ཤར་མར་སྦྲུམ་འཇོག་ལ་དེ་ལྟ་བུའི་སྙན་ངག་བྲི་བར་དབྱངས་ཀྱི་གདེངས་འཇོག་ཤིན་ཏུ་གསལ་ཅིང་། ཁ་གསལ་ལ་གོ་བདེ་བའི་ཐ་སྙད་བཀོལ་ན་ལེགས་པར་སྙམ། ཡང་སྙན་ངག་ལ་ལ་ནི་ཡིད་ལ་རབ་རིབ་དང་ལྐོག་གྱུར། དོན་ཟབ་མོ་དང་འབྲེལ་ནས་འབྱུང་བ་དང་དེ་འདྲ་བྲི་བར་ཅུང་ཁ་དམ་པ་དང་དབྱངས་འགྲོས་ལ་ངེས་པ་མེད་པའི་ལུས་བཀོལ་ན་ཅུང་ལེགས་པར་སྙམ། ཡང་སྙན་ངག་ལ་ལ་ཞིག་ནི་དོན་གྱིས་རི་མོ་དང་རོལ་དབྱངས་ཁོ་ན་རེད། དེ་ཡིག་ངོས་སུ་འབེབ་དུས་ཤིན་ཏུ་དཀའ་ངལ་འབྱུང་གིན་འདུག་ལ་ཐ་ན་སྨྲ་བསམ་པ་དེ་བརྗོད་མི་ཐུབ་པའི་དུས་མང་པོ་འདུག
  དཔེར་ན། ཁ་སང་ང་རང་གཞལ་ཡས་ཁང་ལྟ་བུའི་དེབ་འཚོང་ཁང་ཆེན་པོ་ཞིག་ཏུ་སོང་བ་ཡིན། དེར་བརྩེགས་རིམ་ཆེན་པོ་གཉིས་ཡོད་པ་དང་བརྩེགས་རིམ་དང་པོ་དང་གཉིས་པའི་བར་གྱི་སྐས་ཐེམ་ཞིག་ཏུ་བུ་མོ་ཆུང་ཆུང་སྐྲ་ལ་ཚོས་སྔོན་པོ་བྱུགས་ཤིང་དཔེ་གསར་གྱི་གྱོན་ཆས་གྱོན་པ། ལུས་ལ་གཙགས་རིས་བྲིས་པ། དཔུང་བ་དང་རྒྱབ་རྗེན་པར་ཕུད་པ་ཞིག་གིས་ཧ་ཅང་རིག་པ་བསྒྲིམས་ཏེ་དེབ་ཅིག་ཀློག་གིན་འདུག མོས་དེབ་ཀློག་པའི་ཉམས་དེས་ང་ལ་ཚོར་བ་ཡ་མཚན་པ་ཞིག་སྤྲད་བྱུང་སྟེ། དེ་ནི་སྤྱིར་བཏང་གི་བཟོ་ལྟ་ཙམ་འཛིན་པ་དང་ཕར་སློག་ཚུར་སློག་ཙམ་བྱེད་པ་མ་ཡིན་པར་དེབ་ཀློག་པར་རང་བཞིན་གྱིས་གོམས་པ་དང་དེ་ལ་ཤིན་ཏུ་གཡེང་བ་ལྟ་བུར་མཐོང་སོང་། ངས་འགྲོ་ཞོར་དུ་མོས་ཀློག་བཞིན་པའི་དེབ་ཀྱི་ཕྱོགས་ལ་མིག་བཤེར་ཙམ་མི་བྱེད་ཀ་མེད་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ནི་མོས་ཀློག་བཞིན་པ་དེ་ནི་རྐང་བའི་རིང་ཐུང་ལ་ངེས་པ་མེད་པའི་སྙན་ངག་གི་དེབ་ཅིག་རེད་འདུག དེང་གི་དུས་འདིར་སྙན་ངག་གི་དེབ་ཅིག་དེ་འདྲའི་ཞིབ་པར་ཀློག་མཁན་ཡང་ཡོད་པ་དེས་ང་རང་ཅུང་ཧང་སངས་པར་བྱས་སོང་། སྤྱིར་བཏང་དུ་མི་མང་པོས་ཆ་ལུགས་དེ་འདྲ་ཅན་གྱི་བུ་མོ་ཞིག་གིས་ཀློག་པའི་དེབ་ནི་ཕོ་མོའི་བརྩེ་དུང་གི་སྒྲུང་དང་། ཚན་རིག་འཕྲུལ་སྒྲུང་ལྟ་བུ་ཡིན་པར་འདོད་ཡོད། གང་ལྟར་དམིགས་བསལ་གྱི་ཡུལ་ལྗོངས་དེ་ངའི་མིག་ལམ་དུ་མངོན་རྗེས་ངའི་སེམས་ནང་ལ་དེ་ཉིད་སྙན་ངག་ཏུ་བྲི་བའི་ཚོར་བ་འགོག་ཏུ་མེད་པར་བྱུང་། ངས་མོས་ཀློག་བཞིན་པ་དེ་བྷོར་ཧེ་ཟིའམ་ཡང་ན་རྡེ་ལན་ཐོམ་ཟིའི་གཏིང་ཟབ་ཅིང་མུ་མཐའ་མེད་པའི་སྙན་ངག་གི་ཚིག་ཚོགས་ཡིན་པ་བློ་ཡིས་བསླངས། བུ་མོ་དེ་གནས་གང་ཞིག་ཏུ་སླེབས་པ་དང་མོ་སྙན་ངག་གི་དྲ་རྒྱས་མགོ་འཁོར་བའམ་རྨོངས་པར་བྱས་པ་སོགས་རྟོག་བཟོ་བྱས་པ་ཡིན། ངས་དེ་མ་ཐག་ཁ་པར་གྱི་ལམ་ནས་དེ་ལ་སྐྱ་ཐིག་ཙམ་བཏབ་པ་ཡིན་མོད་སྙན་ངག་ངོ་མ་བལྟམས་རྗེས་སུ་དེའི་རྣམ་པའང་རྩ་བ་ནས་འགྱུར་ཡོད་ཀྱང་སྲིད། 
   སྤྱིར་བཤད་ན་མི་ཚེའི་ནང་དུ་དོན་དམིགས་བསལ་བ་དང་འགྲུལ་བཞུད་ངོ་མཚར་བ། ལྟད་མོ་ཡ་མཚན་པ་སོགས་མྱོང་བ་སྣ་ཚོགས་མེད་ཚེ་སྙན་ངག་ཅེས་པའང་འགྲུབ་ཐབས་མེད་པར་སྙམ། དེ་བས་ང་ལ་མཚོན་ན་ཕྱིས་སུ་སྙན་ངག་ཡག་པོ་འབྱུང་ངམ་མི་འབྱུང་གི་གནད་དེའང་ང་རང་གི་འཚོ་བའི་ནང་དུ་སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་དེ་འདྲ་འབྱུང་མིན་ལའང་རག་ལས་འདུག་སྙམ། 
  ཡང་གསར་རྩོམ་གྱི་དམིགས་འབེན་ཟེར་ན་དེ་འདྲས་གསལ་པོ་དང་སྡོམ་རྩིས་རྒྱག་པ་ལྟར་དགོད་མི་ཐུབ་པར་སྙམ། གལ་སྲིད་འཚོ་བ་དངོས་ལ་བྲོ་བ་ཅི་ཡང་མེད་པར་གྱུར་བའམ་སྙན་ངག་གམ་བརྩམས་སྒྲུང་འབྱུང་བའི་ནུ་མ་སྐམ་པར་གྱུར་ཚེ་ངས་དམིགས་འབེན་ཅི་ལྟར་བཀོད་ཀྱང་ངལ་བ་འབྲས་མེད་དུ་འགྱུར་བར་ཟད་དོ།།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་རང་གི་སྙན་ངག་ལ་ཁ་ཅིག་གིས་གོ་ཁག་པོ་འདུག་ཟེར་ཡང་ཁ་ཅིག་གིས་བསྟོད་པ་དང་བཅས་དཔྱད་བརྗོད་སྤེལ་གྱིན་འདུག དེར་ཁྱེད་ལ་ལྟ་ཚུལ་ཅི།
ལན། སྤྱིར་སྙན་ངག་གོ་མིན་དེ་གཅིག་ནས་རྗོད་བྱེད་ཀྱི་ངོས་ནས་ཁ་དམ་མིན་དང་བརྗིད་པོ་ཡོད་མེད་ལ་རག་ལས་ཡོད་པ་དང་། གཉིས་ནས་སྙན་ངག་ནང་གི་འཚོ་བའམ་འཇིག་རྟེན་དེ་ཀློག་མཁན་ལ་གསལ་ཆ་ཡོད་མེད་དང་རག་ལས་ཡོད་པར་སྙམ། དཔེར་ན་ནང་ཆོས་ཀྱི་གཞུང་ལ་གོ་ཐོས་ཅུང་ཙམ་ཡང་མེད་མཁན་ཞིག་གིས《དབུ་མ་འཇུག་པ》དང《རྟེན་འབྲེལ་བསྟོད་པ》ལྟ་བུ་བཀླགས་ཀྱང་ཅི་ཡང་གོ་མི་སྲིད་ལ། གྷི་རིག་གི་ལྷ་སྒྲུང་དང་ནུབ་ཀྱི་ལོ་རྒྱུས། ཡེ་ཤུ་ཆོས་ལུགས་སོགས་ལ་རྒྱུས་ཅུང་ཙམ་ཡང་མེད་པ་ཞིག་གིས་སྨྲ་བའི་དབང་ཕྱུག་གྷོ་དྷིའི《ཧྥོ་སི་ཐྲི》ལྟ་བུ་བཀླགས་ཀྱང་གོ་བ་མི་ལོན་པ་བཞིན་ནོ།། 
  དེ་ལས་གཞན་དུ་ཁོ་བོ་སྒེར་གྱི་ལོངས་སྤྱོད་དུ་གྱུར་བའི་རོལ་མོ་དང་། གློག་བརྙན། རི་མོ། དཔེ་དེབ་སོགས་ནི་དམངས་བྱིངས་ཀྱིས་ཨ་གསར་བྱེད་པའི་བྲིན་པོའི་རིགས་མིན་པ་དང་། ནམ་རྒྱུན་ཁོ་བོས་བསམ་པར་བྱ་བ་དག་ཀྱང་ཀུན་གྱི་ཁ་ན་རླུང་ལྟར་གཡོ་བའི་དོན་ཚ་བའི་རིགས་མིན་པས་ངས་བྲིས་པ་དག་ཀུན་གྱིས་ཅུང་གོ་དཀའ་བར་གྱུར་བ་ཡིན་སྲིད།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་རང་ཆེས་དགའ་བའི་སྙན་ངག་པ་དང་ཆེས་དགའ་བའི་ཀློག་པ་པོ་ནི་ག་འདྲ་ཞིག་ཡིན། ཡང་ན་ང་ཚོ་ལ་ཇི་ལྟ་བུའི་སྙན་ངག་པ་དང་ཀློག་པ་པོ་དགོས། 
 
ལན། ང་རང་དགའ་སའི་སྙན་ངག་པ་དག་ནི་རིགས་གཅིག་ཏུ་མ་ངེས། སྤྱིར་ང་རང་ཁོང་ཅག་ལ་དགའ་དོན་ནི་ཁོང་ཚོའི་སྙན་ངག་གིས་ངའི་ཡིད་བཀུགས་པས་ཡིན་ལ་སྙན་ངག་ཡག་པོ་མེད་དུས་སྙན་ངག་པའི་མི་ཚེའི་ལོ་རྒྱུས་ནི་ཅི་འདྲའི་དམིགས་བསལ་དང་ངོ་མཚར་བ་ཡིན་ཡང་དེ་ལ་ཧ་ལས་རྒྱུ་ཅི་ཡང་མི་འདུག དེ་བས་གསལ་པོར་ཞུས་ན་ང་རང་ཆེས་དགའ་སའི་སྙན་ངག་པ་ནི་སྙན་ངག་ཡག་པོ་འབྲི་མཁན་དེ་ཚོ་ཡིན། དཔེར་ན། ཞང་ཞུང་ཆོས་དབང་གྲགས་པ་དང་། རྗེ་བློ་བཟང་གྲགས་པ། རྗེ་བཙུན་མི་ལ་རས་པ། བྷོར་ཧེ་ཟི། རྡེ་ལན་ཐོམ་ཟི། ཤག་ལུ་བྷོ་དེ་ལེར། ཝེ་ནུ་མ་ཝེ་ཡ་ཝེལ་ཁུ། ཨེལ་ཡ་ཐི། ལྗང་བུ། དེ་མིན་བོད་ཀྱི་དམངས་གཞས་སྙན་མོ་དག་གི་རྩོམ་མཁན་ཚོ་ལྟ་བུའོ།། གལ་སྲིད་སྙན་ངག་པ་གང་དེའི་སྨྱུག་འོག་ནས་བརྩམས་ཆོས་ངོ་མཚར་བ་འཁྲུངས་དུས་དེའི་འཚོ་བ་ཅི་འདྲ་ཡིན་ཡང་ཁྱད་མི་འདུག གཞུང་གི་དཔོན་རིགས་སམ་སྲང་གི་སྤྲང་ལྟོགས། ཡང་ན་ཁྲམ་ཇག་གང་ཡིན་ཡང་གཅིག་འདྲ་རེད་དོ།། གསལ་པོར་བཤད་ན་སྙན་ངག་པ་ནི་མི་ཡག་པོ་ཞིག་ཡིན་དགོས་པའི་ངེས་པ་མེད་ལ་ཀུན་སྤྱོད་ཀྱི་ཚད་ཤིང་ཐམས་ཅད་རིང་དུ་བོར་བའི་མི་ངན་པ་ཞིག་ཡིན་དགོས་པའི་ངེས་པ་དེ་ལས་ཀྱང་མེད། ཕྱིའི་ཆ་ལུགས་གཞན་དང་མི་མཐུན་པར་བྱས་པ་དེས་སྙན་ངག་ཡག་པོ་འཁྱོངས་པར་ཕན་གང་ཡང་ཐོགས་མི་སྲིད། དེ་ནི་སྙན་ངག་པ་འགའ་ཞིག་གིས་རྣམ་འགྱུར་དམིགས་བསལ་བ་ཞིག་བསྟན་པ་ཡིན་སྲིད། 
  དེ་བས་ཕྱིའི་རྣམ་པ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོ་ནའི་རྗེས་སུ་མི་འབྲངས་པར་རང་ཉིད་དགའ་ཤོས་ཀྱི་སྙན་ངག་གི་རྗེས་སུ་འབྲངས་མཁན་དེ་ཀློག་མཁན་དག་ལས་ང་རང་དགའ་ཤོས་ཡིན།
 
འབའ་སྨད་རྒྱལ་ལོ་ཚེ་རིང་། སྙན་ངག་ལས་སྙན་ངག་པ་མང་ཞིང་། སྒྲུབ་པ་པོ་ལས་བཤད་པ་པོ་མང་བ། སློབ་སྦྱོང་བྱེད་མཁན་ལས་གཉིད་ལ་དགའ་མཁན་མང་བའི་དེང་འདིར་རང་རེའི་སྙན་ངག་ལ་འཇུག་མཁན་ཚོས་གཡོལ་མི་རུང་པ་དང་ཁ་གཏད་དགོས་པ་དེ་ཅི།
ལན། སྤྱིར་ངས་འདིར་ཁྱེད་ལ་ངེད་ཅག་གིས་གཡོལ་དུ་མི་བཏུབ་པ་ནི་འགན་འཁྲི་དང་དམིགས་ཡུལ་ག་གེ་མོ་རེད་ཟེར་ནས་ལྐོག་གྱུར་གྱི་དོན་ཆེན་པོ་ཞིག་གླེང་ན་ཀུན་གྱིས་ང་རང་མི་ཡག་པོ་ཞིག་དང་རྟག་པར་སྒེར་དོན་ལས་སྤྱི་སེམས་འཆང་མཁན་ཞིག་རེད་སྙམ་ངེས་ཀྱང་ངས་སྐད་ཆ་ཆེན་པོ་བཤད་ནས་མི་གཞན་གྱི་མགོ་བོ་སྐོར་མི་འདོད། སྙན་ངག་པ་ཞིག་ལ་མཚོན་ན་སྙན་ངག་ཡག་པོ་བྲི་བ་ནི་གཡོལ་མི་རུང་བ་དང་ཁ་གཏད་དགོས་ས་དེ་རེད་སྙམ། སྙན་ངག་ཡག་པོ་མི་འགྲུབ་དུས་གཉིད་ནའང་སྐྱོན་མེད། ཨུ་ཚུགས་ཀྱིས་དེབ་ཁ་ཤས་བཀླགས་པ་དང་སློབ་ལ་བརྩོན་པས་སྙན་ངག་ཡག་པོ་འགྲུབ་མི་སྲིད། སྙན་ངག་ཡག་པོ་འགྲུབ་པར་ལྷ་མོ་ནག་མོས་སློབ་དཔོན་ནག་མོ་ཁོལ་ལ“དངོས་གྲུབ”གནང་བ་ལྟ་བུའི་མཐུན་རྐྱེན་དང་སྙན་ངག་པ་རང་གི་ཚོར་བ་རྣོན་པོ་སྤུ་གྲིའི་སོ་ལྟ་བུ་དེ་མཁོ་བ་རེད།

འབའ་སྨད་རྒྱལ་ལོ་ཚེ་རིང་། སྙན་ངག་དེབ《མི་རྟག་པ》ནི་རང་ཉིད་ཀྱི་ནང་སེམས་ཀྱི་རྒྱུ་ནོར་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། ཀློག་པ་པོ་རྣམས་ཀྱང་དེ་བཞིན་ནོ། ། སྙན་ངག་དེབ《མི་རྟག་པ》པར་སྐྲུན་གནང་རྗེས་ཀྱི་ད་ལྟའི་ཚོར་བ་དེ་བཤད་ན། 
 
ལན། དྲང་མོར་བཤད་ན་སྙན་དེབ་དེ་པར་དུ་བསྐྲུན་རྗེས་ངས་དེ་ཅུང་བརྗེད་སོང་། དེབ་དེ་པར་དུ་བསྐྲུན་ནས་རིང་པོ་མ་ལོན་པར་བཙོང་ཚར་བ་དེས་ངས་འབྲི་བཞིན་པའི་སྙན་ངག་དེ་རིགས་ལའང་ཀློག་མཁན་ཅུང་མང་པ་ཤེས་སོང་ལ། འགའ་ཞིག་གིས་རྟག་པར་ཁོ་བོའི་སྙན་ངག་གོ་དཀའ་ཟེར་བ་དེའང་ཚིག་བཅོས་མ་ཞིག་གམ། གླེང་ཕྱོགས་རིགས་ཤིག་གི་རྗེས་སུ་རང་ཚུགས་མེད་པར་འབྲངས་པ་ཡིན་པའང་ཤེས་སོང་། ད་ལྟའི་ཚོར་བ་ནི་ངས《མི་རྟག་པའི》རྗེས་ཀྱི་སྙན་དེབ་གཉིས་པ་དེ་པར་དུ་བསྐྲུན་འདོད། ངས་ཀློག་མཁན་མཐའ་དག་ངའི་སྙན་ངག་གཅིག་གམ་སྙན་དེབ་གཅིག་གི་ར་བར་བཙུད་མི་འདོད་ལ། དེ་བཞིན་དུ་ངས་ང་རང་གི་སྙན་ངག་ཀྱང་འཆིང་རྒྱ་ག་གེ་མོར་ཚུད་དུ་འཇུག་མི་འདོད།

འབའ་སྨད་རྒྱལ་ལོ་ཚེ་རིང་། སྙན་ངག《སེང་གེ》ནི་ཐིག་ཕྲེང་ཐུང་ངུ་གསུམ་ལས་གྲུབ་མེད། ཡིན་ཡང་བསྟན་དོན་ནི་རྒྱ་ཆེ་ཞིང་འདང་རྒྱག་རྒྱུ་ཤིན་ཏུ་ཡོད་པ། བསམ་རྒྱུ་ཡོད་པ། མྱངས་ནས་མི་ཚར་བའི་མཚན་ཉིད་རིག་པའི་ཟབ་ཚད་ཀྱི་ཁྱད་ཆོས་འདུག་ཅེ་ན་ཁྱེད་ཀྱིས་ཅི་ཟེར།
 
ལན། 《སེང་གེ》ནི་ངའི་སྙན་ངག་དག་ལས་ཆེས་ཐུང་བ་དང་ཆེས་ཡག་པོར་གྲུབ་པ། བཟོ་བཅོས་ཐེངས་མང་པོར་བྱས་པ་ཞིག་ཡིན། སྙན་ངག་དེ་སྐབས་ཤིག་ལ་མང་པོ་ཞིག་གིས་དུས་མཉམ་དུ་དྲ་ལམ་ནས་རྒྱ་ཡིག་ལ་བསྒྱུར་ཏེ་འགྱུར་ཡིག་སུའི་བཟང་འགྲན་མྱོང་། ཚིག་རྐང་ཁ་ཤས་ལས་མེད་པའི་སྙན་ངག་ཅིག་ལ་ཀུན་གྱི་དགའ་བོ་བྱས་པ་དེས་གཅིག་ནས་ངེད་ཅག་གིས་འབྲི་བཞིན་པའི་སྙན་ངག་འདི་རིགས་ལ་འཆིང་རྒྱ་མེད་པ་དང་། ལྷག་དོན་དེ་ནི་ཚིག་ཚོགས་ཀྱིས་ངེས་པར་སྤུད་དགོས་པ་ཞིག་མིན་པ་ཤེས་ལ། གཉིས་སུ་སྙན་ངག་འདི་རིགས་བྲི་ཧ་ཅང་དཀའ་བའང་ཤེས་ཐུབ། སྙན་ངག་འདིའི་རིགས་ནི་བརྩོན་པ་ཡོད་པ་ཙམ་གྱིས་གྲུབ་པ་ཞིག་མིན་པར་སྐབས་འགར་སྙན་ངག་བྲི་འདོད་ཀྱི་འཆར་སྒོ་གསར་བ་དག་རྒྱན་ཤོག་ཐོབ་པ་བཞིན་མ་བྱུང་ན་སེམས་པ་སྒྲོག་གིས་འཆིང་བ་བཞིན་ཅི་ཞིག་བྲི་དགོས་པ་མི་ཤེས་པ་ཡིན།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཁྱེད་ནི་དེང་རབས་རིང་ལུགས་ཀྱི་གསར་རྩོམ་བྱེད་མཁན་ཞིག་ཡིན་པ་ཉིད་ཀྱི་བརྩམས་ཆོས་དག་ལ་བལྟས་ཚེ་ཤེས་ཐུབ། ཁྱེད་ཀྱིས་ཅིའི་ཕྱིར་དེང་རབས་རིང་ལུགས་ཀྱི་རྩོམ་ཐབས་འདི་བཀོལ་པ་ཡིན། ཡང་ན་དེང་རབས་རིང་ལུགས་ཟེར་པ་འདི་གོ་བ་ཇི་ལྟར་ལེན་གྱིན་ཡོད།
ལན། ང་རང་དེང་རབས་རིང་ལུགས་ཀྱི་གསར་རྩོམ་བྱེད་མཁན་ཞིག་གམ་ཡང་ན་ང་རང་དེང་རབས་རིང་ལུགས་པ་ཞིག་རེད་ཅེ་ན་ཡོངས་སུ་འཐད་པ་མིན། རྩོམ་རིག་ལ་ཆ་མཚོན་ན་དེང་རབས་རིང་ལུགས་ཟེར་བ་དེ་དུས་རབས་སྔོན་མའི་ནང་ནུབ་ཕྱོགས་པ་ཚོས་བཀོལ་བའི་བརྡ་ཆད་ཅིག་ཡིན་ལ་བརྡ་ཆད་དེ་ད་ལྟའི་རྩོམ་རིག་ནང་སྔོན་མ་བཞིན་བཞག་ན་དེ་འདྲའི་འཚམས་པ་ཞིག་མ་རེད། བོད་སྐད་ཀྱི་དབང་དུ་བྱས་ན་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ཅེས་པ་ཡོད་མེད་ངོས་འཛིན་དཀའ་བ་ཞིག་རེད་དེ། དེའང་དེང་གི་གནས་བབ་འདི་ལྟ་བུའི་འོག་ཏུ་ཁྱོད་ཀྱིས་དེང་རབས་ཞེས་པ་ལ་ཇི་ལྟར་ངོས་འཛིན་པ་དང་འབྲེལ་བ་ཟབ་མོ་འདུག་གོ།

འབའ་སྨད་རྒྱལ་ལོ་ཚེ་རིང་། རང་ཉིད་ཀྱི་སྙན་ངག་བློར་འབབ་སྐོར་ཞིག་ལ་དཔྱད་འཇོག་དང་བཅས་སྙན་ངག་ཅེས་པས་དོན་གྱིས་ཅི་ཞིག་ནུས་སམ། 
 
ལན། སྙན་ངག་ཅེས་པས་དོན་གྱིས་ཅི་ཞིག་ནུས་ཞེ་ན་དེ་ནི་རྩོམ་རིག་གཞུང་ལུགས་ནང་གི་དོན་གལ་ཆེན་ཞིག་རེད། སྙན་ངག་ལ་དོན་དུ་སྤྱི་ཚོགས་ཀྱི་བྱེད་ནུས་ཞེས་པ་ཞིག་ཡོད་མེད་དང་གལ་སྲིད་ཡོད་ན་དེ་ནི་སྲིད་དོན་པ་དང་དཔལ་འབྱོར་སྨྲ་བ་ཚོས་འདོད་པའི་བྱེད་ནུས་དེ་འདྲ་བ་ཞིག་རེད་དམ་ཞེ་ན་བཤད་དཀའ་མོ་རེད། འདིའི་སྐོར་ནི་སྙན་ངག་པ་ཨེལ་ཡ་ཐིའི་དཔྱད་རྩོམ《སྙན་ངག་གི་སྤྱི་ཚོགས་ཀྱི་བྱེད་ནུས》(The Social Function of Poetry)ལ་གཟིགས་ན་བློ་སྐྱེད་འགའ་རེ་འབྱུང་སྲིད། ང་རང་གི་སྙན་ངག་ཅིག་དཔེར་དྲངས་ནས་བཤད་དགོས་ན་དེའང་དཔྱད་རྩོམ་ཞིག་ཏུ་འགྱུར་ཉེན་ཆེ་བས་འདིར་བསྡུ་བར་བྱ།

འབའ་སྨད་རྒྱལ་ལོ་ཚེ་རིང་། རང་ཉིད་ཀྱི་སྙན་ངག་གཞན་དང་མི་མཚུངས་པའི་ཐུན་མིན་གྱི་ཆ་དེ་ཅི། གཞན་གྱི་སྙན་ངག་ལ་བལྟས་རྗེས་ཚོར་བ་ཅི་ཞིག་སྦྱིན་ནམ།
ལན། དེ་ངས་གསལ་པོར་ཤེས་ཀྱིན་མེད། ཡང་ན་དེ་ནི་དཔྱད་བརྗོད་པའི་ལས་ཀ་རེད་སྙམ།

འབའ་སྨད་རྒྱལ་ལོ་ཚེ་རིང་། སྐུ་ཞབས་ལྗང་བུའི་སྙན་ངག་གི་སྐོར་ལ་དཔྱད་འཇོག་ཐུང་ངུ་ཞིག་བྱེད་ཅིག
 
ལན། ཕྲན་ལ་མཚོན་ན་ལྗང་བུའི་སྙན་ངག་ནི་དེང་གི་བོད་ཀྱི་སྙན་ངག་པ་ཚོའི་སྙན་ངག་ལས་ཀློག་སྤྲོ་ཤོས་ཡིན། དེའི་རྒྱུ་མཚན་ནི་ཁོང་གི་སྙན་ངག་དག་ནི་ལྕེ་ལ་མི་གནོད་པར་ཀློག་བདེ་བ་ཙམ་མ་ཡིན་པར་དེ་དག་ཀློག་དུས་ལྕེ་སྟེང་ལ་བདུད་རྩི་ཐིགས་པ་ཁ་ཤས་འབབ་པ་དེ་རེད། སྙན་ངག་མང་དག་ཅིག་གིས་བཀླགས་པ་ཙམ་གྱིས་ཚིག་ལ་སྐྱོན་མེད་པ་དང་སྙན་སྙན་འདྲ་བའི་ཚོར་བ་སྟེར་ནའང་དེ་ནི་གཞུང་ལམ་ཤིན་ཏུ་དྲང་ས་ནས་མོ་ཊ་གཏོང་བ་བཞིན་དཀའ་ངལ་མེད་ལ་མོ་ཊ་གཏོང་བའི་སྤྲོ་སྣང་ཡང་མི་རྙེད་པ་ལྟ་བུ་ཞིག་རེད།

འབའ་སྨད་རྒྱལ་ལོ་ཚེ་རིང་། བན་ཏེ་མཁར་གྱིས་བརྩམས་པའི《སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག》ཅེས་པའི་དེབ་དེ་ལ་ལྟ་སྟངས་ཇི་འདྲ་བཟུང་ཡོད།
ལན། དེ་ནི་རྩོམ་རིག་གི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ཀྱི་དོན་ཞིག་ཡིན་པས་དེ་ནི་ང་དང་འབྲེལ་བ་ཆེར་མེད་པར་སྙམ། འོན་ཀྱང་ཁོང་གིས་ངའི་ད་སྔའི་བརྩམས་ཆོས་དག་ལ་དཀར་ཆག་ཡག་པོ་ཞིག་བཟོས་ཤིང་ངའི་མི་ཚེའི་ལོ་རྒྱུས་ལའང་སྐྱ་ཐིག་གསལ་པོ་ཞིག་ཕབ་པས་དེ་ནི་ཅིས་ཀྱང་བཀའ་དྲིན་ཞུ་དགོས་པ་ཞིག་ཡིན། 

འབའ་སྨད་རྒྱལ་ལོ་ཚེ་རིང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྩོམ་པ་པོ་རྣམས་ཀྱི་རང་རྣམ་དང་དེ་དག་གི་བརྩམས་ཆོས་བཀླགས་རྗེས་རང་རེའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་རང་མདངས་དེ་ག་འདྲ་ཞིག་རེད། 
 
ལན། ནུབ་ཀྱི་རྩོམ་པའི་དེད་དཔོན་དག་གི་བརྩམས་ཆོས་དང་རང་རེའི་དེང་གི་རྩོམ་པ་པོའི་བརྩམས་ཆོས་དངོས་གནས་སྡུར་ཐབས་མི་འདུག དེའི་རྒྱུ་མཚན་ག་རེ་རེད་ཟེར་ན་ང་ཚོར་དམངས་ཡོངས་ཀྱིས་རྩོམ་རིག་བརྩམས་ཆོས་ཀློག་པའི་གོམས་སྲོལ་དེ་འདྲ་མི་འདུག་པའམ་ཡང་ན་ངེད་ཅག་གིས་དེང་སང་འབྲི་བཞིན་པའི་རྩོམ་གྱི་རིགས་དེ་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱིས་དང་ལེན་བྱས་མེད། རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་དེ་ལ་ཀློག་མཁན་མང་པོ་མེད་པའམ་ཡང་ན་ཁྲོམ་རར་རྒྱུགས་མི་ཆེ་བ། དེ་བཞིན་རིག་གཞུང་གི་མཐོ་ཚད་ཅིག་ནས་དེའི་སྐོར་ལ་གླེང་ཕྱོགས་བཟོ་མ་ཐུབ་པ་ཡིན་ན་རྩོམ་མཁན་ཚོར་རྩོམ་འབྲི་བའི་སེམས་ཤུགས་མེད་ལ་ཁོ་ཚོས་རྩོམ་འབྲི་བའི་ཁ་ཕྱོགས་ཀྱང་མི་རྙེད་པར་སྙམ། ནུབ་ཀྱི་རྩོམ་རིག་ལ་མཚོན་ན། ལྷག་པར་ཨ་རི་དང་། དབྱིན་ཇི། ཧྥ་རན་སི་སོགས་ཀྱི་རྩོམ་རིག་ལ་མཚོན་ན་བརྩམས་སྒྲུང་གཅིག་པུའང་དཔེ་སྒྲོམ་མི་འདྲ་བ་སྣ་ཚོགས་སུ་བཀར་ནས་འཚོང་གི་ཡོད་ལ། དཔེར་ན་ཕོ་མོའི་བརྩེ་དུང་གི་སྐོར་དང་འདོད་སྲེད་ཀྱི་སྐོར་གཉིས་ཀའང་རིགས་མི་འདྲ་བར་བཀར་ཡོད་པ་རེད། རང་རེར་ད་ལྟ་མང་ནའང་ལོ་གཅིག་ལ་སྒྲུང་དེབ་བཅུ་གྲངས་ལས་ཐོན་གྱི་མེད་པ་དང་། དེ་དག་ཚང་མ་བརྩམས་སྒྲུང་ཞེས་པའི་རིགས་ཆེན་པོ་ཞིག་གི་ཁོངས་སུ་སྡུད་པ་ལས་བྱེ་བྲག་ཏུ་རྩོམ་ལུས་སྣ་ཚོགས་འབྱུང་ཐུབ་ཀྱིན་མེད། དེ་མིན་རང་རེར་ཆེད་དུ་དེབ་བྲིན་པོའི་སྐོར་འབྲི་མཁན་གྱི་རྩོམ་པ་པོ་མེད་ལ་དེབ་བྲིན་པོ་ཇི་ལྟར་འབྱུང་དགོས་པར་བརྟག་ཅིག་དཔྱད་པའི་ཞིབ་འཇུག་པའང་མེད། བྱིས་སྒྲུང་གསར་རྩོམ་གྱི་མྱུ་གུ་འབུས་མ་ཐག་ཙམ་དང་། བུད་མེད་ཀློག་པ་པོར་འཕྲོད་པའི་རྩོམ་ཧ་ཅང་ཉུང་། སྒྲུང་གི་བྱུང་བ་འབྲི་སྐབས་འགྲོ་བ་དང་། འདུག་པ། ཡར་ལངས་པ། སྐད་ཆ་བཤད་པ། སྲང་དུ་ཉུལ་བ་སོགས་རྩ་བའི་བྱ་ཚིག་མང་པོ་བཀོད་དེ་འཐུས་པར་བྱས་པ་མ་གཏོགས་དངོས་རྫས་ཀྱི་མིང་སྣ་ཚོགས་དང་བསམ་བློ་གཏོང་སྟངས་སྣ་ཚོགས། སྲོལ་རྒྱུན་གྱི་འཚོ་ཐབས་སྣ་ཚོགས་སོགས་ཀྱིས་ཕྱུར་བུར་གཏམས་ཏེ་སྒྲུང་གི་ཁ་བཀང་བ་ཉུང་། ད་དུང་ཡང་ལོ་སུམ་ཅུའི་སྔོན་གྱི་བྱུང་བ་རྗོད་སྟངས་ཏེ“ཨ་ཁུ་ཉི་མ་སྡེ་བའི་མ་ཎི་ཁང་གི་སྒོ་ཁ་ནས་ཉི་མར་ལྡེ་དུས”ལྟ་བུ་ལ་འགྱུར་བ་མི་འདུག དེ་དོན་གསལ་པོར་བཤད་ན། ཨ་ཁུ་ཉི་མ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་ལྟ་བ་རྙིང་བ་ཞེས་པ་དེའི་མཚོན་དོན་དུ་བཞག་ཡོད་པ་དང་། དེ་ནས་སྡེ་བའི་ནང་དུ་ཕོ་སར་ཞིག་སླེབས་ཏེ་དེ་གཉིས་ཀྱི་བསམ་ཚུལ་ལ་འགལ་བ་འབྱུང་བར་བྱེད་པ་ལྟ་བུ་སྟེ། མདོར་ན་སྒྲུང་གི་ནང་གི་མི་སྣ་དག་གིས་ཀློག་མཁན་གྱིས་མིག་ཁ་དཀྲི་བ་མིན་པར་མི་སྣ་དེ་དག་གིས་མཚོན་པའི་བསམ་པ་འཛིན་སྟངས་དེས་མིག་ཁ་དཀྲི་བ་སྟེ། སྒྲུང་གི་ནང་དུ་གསར་རྙིང་དང་། ལེགས་ཉེས། ཡག་བཙོག་སོགས་རྒྱུ་གཉིས་ཀྱི་འགལ་བ་ནི་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཡོད་པ་དེའོ།། བོད་ཀྱི་བརྩམས་སྒྲུང་མ་ཟད་ད་དུང་བསྔགས་བརྗོད་ཀྱིས་བརྒྱན་པའི་གློག་བརྙན་རེ་འགའང་དེ་ལྟ་བུའི་བསམ་བློའི་གཟེབ་དྲ་ལས་ཐར་ཐུབ་ཀྱིན་མེད་པ་ནི་ཅུང་ཡིད་ཕངས་པ་ཞིག་རེད།

འབའ་སྨད་རྒྱལ་ལོ་ཚེ་རིང་། གོང་དུ་སྙན་ངག་གི་སྐོར་ནས་དྲི་བ་སྟབས་བདེ་ཞིག་དྲིས་པ་དེ་ཙམ་གྱིས་ཆོག་པར་བྱ། སྐབས་འདིར་བརྩམས་སྒྲུང་གི་སྐོར་ནས་དྲི་བ་སྐོར་ཞིག་འདྲི་འདོད་མོད་ཁྱེད་ལ་དུས་ཚོད་མང་པོ་མེད་པ་དང་ང་ལའང་བཅར་འདྲི་འདིའི་དྲི་བ་མྱུར་མཁོ་ལ་ཐུག་ཡོད་པས་དྲི་བ་རེ་རེ་བཞིན་མི་འདྲི་བར་མཐར་ཁྱེད་ཀྱིས་བོད་ཀྱི་བརྩམས་སྒྲུང་གི་སྐོར་ནས་ཆེས་བཤད་འདོད་ཀྱི་སྐད་ཆ་དག་རང་མོས་སུ་བཤད་རྗེས་ཐེངས་འདིའི་བཅར་འདྲི་མཇུག་རྫོགས་པར་བྱ། ཐུགས་རྗེ་ཆེ།
ལན། བརྩམས་སྒྲུང་གི་སྐོར་ནི་དྲི་བ་གོང་མ་དེའི་ནང་ཅུང་ཙམ་བཤད་ཡོད་པས་དེས་ཨེ་ཆོག་གམ། བསྐྱར་དུ་བརྗོད་དགོས་པ་ཞིག་ལ། བརྩམས་སྒྲུང་ནི་རྩོམ་ལུས་མཐའ་དག་གི་ནང་ནས་ཆེས་འགངས་ཆེ་བ་དེ་ཡིན་ཏེ། ནུབ་ཕྱོགས་སུ་སྐབས་འགར་བརྩམས་སྒྲུང་ཟེར་བ་དང་སྒྱུ་རྩལ་བརྩམས་ཆོས་ཟེར་བ་གཉིས་དོན་གཅིག་ལ་གོ་བཞིན་ཡོད་པ་དང་། ཡང་དེབ་ཀློག་པ་ཟེར་དུས་ཕལ་ཆེ་བའི་བཀླག་བྱ་ནི་བརྩམས་སྒྲུང་ཡིན་པ་དེ་ལས་ཤེས་སོ།། བརྩམས་སྒྲུང་ཞེས་པ་དེ་ཅིས་ཀྱང་དགོས་དོན་ག་རེ་རེད་ཅེ་ན། གཅིག་ནས་དེ་ནི་ངེད་ཅག་གིས་རོལ་བཞིན་པའི་འཚོ་བ་དེ་དུས་ཚོད་ཀྱི་བརྒྱུད་ལམ་གཞན་ཞིག་ནས་ཡིག་ངོར་འབེབས་བྱེད་ཡིན་ལ། གཉིས་ནས་དེ་ནི་ངེད་ཅག་གིས་རོལ་བཞིན་མེད་པའི་འཚོ་བ་ཞིག་སླར་ཡང་དུས་ཚོད་ཀྱི་བརྒྱུད་ལམ་གཞན་ཞིག་ནས་ངེད་ཅག་གི་མདུན་སར་ངོམ་པ་རེད་སྙམ། བརྩམས་སྒྲུང་བཀླགས་པས་ངེད་ཅག་གི་འཚོ་བ་ཕུན་སུམ་ཚོགས་པར་འགྲོ་ལ། མི་ཚེ་དང་འཇིག་རྟེན་འཁོར་བའི་སྐོར་གྱི་མྱོང་བ་དང་རྟོགས་པའང་ཇེ་མང་ཇེ་ཟབ་ཏུ་འགྲོ་སྙམ། བརྩམས་སྒྲུང་གིས་མཚན་ཉིད་རིག་པའི་དེབ་ལྟར་གོ་དཀའ་བའི་ལྟ་བའམ་བསམ་བློ་རྡོག་རྡོག་ཅིག་སྟེར་བ་མིན་ནའང་དེས་ཧ་ཅང་ལྷོད་པོའི་ངང་དུ་མི་གཞན་གྱི་མི་ཚེའི་མྱོང་བ་དག་ངེད་ཅག་ལ་ངོ་སྤྲོད་པ་རེད། མི་ཕལ་བ་ཞིག་ལ་མཚོན་ན་བསམ་བློ་དང་དགོངས་པ་ཟེར་བའི་དོན་ཟབ་མོ་དེ་དག་དང་བསྡུར་ན་ཏག་ཏག་འཚོ་བའི་མྱོང་བ་ནི་ཆེས་གལ་ཆེ་བ་དེ་རེད་སྙམ། དེ་བས་ནམ་ཞིག་ངེད་ཅག་བོད་པ་དག་གི་བཀླག་དེབ་ཀྱི་རིགས་གཙོ་བོ་ནི་བརྩམས་སྒྲུང་དུ་གྱུར་ཅིང་། སྙན་ངག་དང་ལྷུག་རྩོམ་སོགས་ཕལ་བར་གྱུར་དུས་ད་གཟོད་རང་རེའི་རྩོམ་རིག་གི་ལམ་ཀ་དེ་ཧ་ཅང་ཡངས་པོར་འགྱུར་བར་སྙམ། 

 ཐུགས་རྗེ་ཆེ།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།