བསང་དུད་དང་སྐས་གདང་།
_____ བོད་ཀྱི་ཡིག་ངག་རྩོམ་རིག་གཉིས་ཀྱི་འབྱེད་མཚམས་ལས་འཕྲོས་ཏེ་ཕྲན་རང་གི་གསར་རྩོམ་གྱི་ཉམས་མྱོང་གླེང་བ།
བོད་ཀྱི་ཡིག་ངག་གི་རྩོམ་གང་ཡིན་ནའང་ཧ་ཅང་ཕུན་སུམ་ཚོགས་པ་ཆུ་གཏེར་གྱི་ཀློང་ཡངས་པོ་ལྟ་བུ་ཞིག་ཡིན་པ་ནི་སྨོས་ཅི་དགོས། དེ་བས་དེ་གཉིས་ལ་སོ་སོར་བྱེ་བྲག་གི་དབྱེ་བ་ག་འདྲ་ཡོད་པ་དང་། ཡང་ན་དེའི་དབྱེ་ཚུལ་ཇི་ལྟར་བྱ་དགོས་པ་སོགས་ཀྱི་སྐོར་ལ་བསམ་བློ་གཏོང་བ་དེའང་ཤིན་ཏུ་ངལ་བར་བྱེད་པ་ཞིག་ཡིན། ལོ་གཅིག་གི་སྔོན་དུ། ཕྲན་གྱིས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་དྲ་ངོས་གསར་བ་ཇུས་འགོད་བྱེད་སྐབས། བོད་ཡིག་ཏུ་བྲིས་པའི་རྩོམ་སྣ་ཚོགས་རྩོམ་ལུས་མི་འདྲ་བར་དྲ་བའི་ལེ་ཚན་དུ་དགར་སྐབས་ཏག་ཏག་དེ་འདྲའི་ཚོར་བ་བྱུང་།
ཕྲན་གྱིས་བསམ་ན། སྐབས་འགར་རྩོམ་ལུས་བྱེ་བྲག་པ་ཞིག་དམིགས་སུ་བཀར་ཏེ་དེ་ལ་མཚན་ཉིད་གསལ་བོར་བཀོད་ནས་རིགས་གཞན་དང་མི་འདྲ་བར་སྒྲོམ་གཞི་ཡན་གར་བ་ཞིག་ཏུ་ཨེ་ཚུད་ལྟ་བ་ནི་ཤིན་ཏུ་རྩིང་བའི་ལས་ཀ་ཞིག་རེད། དཔེར་ན། མགུར་གླུ་དང་བསྟོད་ཚོགས་ལྟ་བུར་ཆ་མཚོན་ན། དེ་ནི་རྣམ་ཐར་གྱི་དེབ་མང་པོའི་བར་དུ་བཅུག་ཡོད་ལ། ཡང་གནས་བསྟོད་འགའ་ཞིག་ནི་སྐབས་འགར་རྩོམ་པ་པོའི་ཉམས་རྟོགས་དབྱངས་སུ་གྱེར་བའི་མགུར་གླུར་ཡང་ངེས།
དེ་དང་ཆ་འདྲ་བར། ཡིག་ངག་གི་རྩོམ་གཉིས་ཀའི་གོ་དོན་ཡང་མེ་ཆུ་གཉིས་དང་འདྲ་བར་ཕན་ཚུན་སྤང་འགལ་དུ་མ་གྲུབ་སྟེ། ངག་རྩོམ་མང་པོ་ཞིག་ཡིག་ཐོག་ཏུ་བཀོད་རྗེས་ཡིག་རྩོམ་དུ་འགྱུར་བ་དང་ཡིག་རྩོམ་འགའ་ཞིག་ངག་ཐོག་ནས་བརྒྱུད་རྗེས་ངག་རྩོམ་དུ་གྱུར་བའི་དཔེ་ནི་བགྲང་གིས་མི་ལང་། སྔོན་མ་གེ་སར་རྒྱལ་པོའི་སྒྲུང་ནི་ངག་རྩོམ་ཡིན་པ་བསྙོན་དུ་མེད་ཀྱང་ཕྱིས་སུ་ཡིག་ངོར་བཀོད་དེ་ཀློག་མཁན་དང་ཞིབ་འཇུག་པའི་དཔེ་སྒྲོམ་དུ་བཤམས་དུས་སྒྲུང་བཤད་པའི་ཆོ་ག་མང་པོ་ཞིག་ཉམས་ཤིང་དེའི་སྔོན་གྱི་རང་མདངས་ཀྱང་ཤིན་ཏུ་ཡལ་བར་གྱུར། ཡང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་ལྟ་བུ་ནི་བོད་ཀྱི་ལོ་ཙཱ་བས་རྒྱ་གར་ནས་བསྒྱུར་བའི་ཡིག་རྩོམ་ཡིན་ཡང་ཕྱིས་སུ་དད་ལྡན་པ་དག་གིས་ཡི་གེར་མི་བརྟེན་པར་ངག་ནས་ཡང་ཡང་ཟློས་པས་ངག་རྩོམ་དང་གཉིས་སུ་མེད་པར་གྱུར་ཡོད།
ཕྲན་གྱིས་བསམ་ན། ངག་རྩོམ་དང་ཡིག་རྩོམ་གཉིས་ཀའི་ཁྱད་པར་མི་འདྲ་བ་ཞིག་ནི་ག་རེ་རེད་ཟེར་ན། ངག་རྩོམ་ནི་ངག་ནས་ཟློ་བ་བོ་དང་རྩོམ་པ་པོའི་ངག་གི་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད་པར་མ་ཟད། འཚོ་བ་རོལ་བྱེད་ཅིག་ཏུའང་གྱུར་ཡོད། ངའི་ཕ་ཡུལ་གྱི་ཡུལ་མི་ཚོ་དང་དེ་ཚོའི་མི་རབས་སྔོན་མ་དག་ལ་མཚོན་ན། ཡི་གེ་ཤེས་མཁན་རེ་གཉིས་ཀྱིས་སྐབས་འགར་དོན་འགའ་ཞིག་ཡིག་ངོར་འགོད་པ་ཕུད། སྤྱིར་སྡེ་བའི་ལོ་རྒྱུས་དང་། དཔའ་བོའི་སྐྱེ་རབས། ཕོ་མོའི་བརྩེ་འདང་། བྱིས་པའི་འཆར་སྒོ། རྒན་པོའི་ཞལ་གདམས། དར་མའི་སྣང་བ། ཆོས་པའི་ཉམས་རྟོགས། རིགས་རུས་རྒྱུད་པ་སོགས་ཚང་མ་ངག་ཐོག་ཏུ་ཡོད་པར་མ་ཟད། སྡེ་ཁྲིམས་ཆོས་ཁྲིམས་དང་ལེགས་ཉེས་བླང་དོར། མི་ཚུལ་གྱི་རྣམ་གཞག་སོགས་ཚང་མ་ངག་ཐོག་ཏུ་ཡོད་པས“རྒྱ་ཡིག་ཐོག་དང་བོད་ཚིག་ཐོག”ཅེས་པའི་གཏམ་དཔེ་དེ་བྱུང་བ་ཡིན།
གལ་སྲིད་མི་ཆ་མེད་ཅིག་སྡེ་བ་ཞིག་ཏུ་སླེབས་ཚེ། དོན་གལ་ཆེན་ཡོད་ཚེ་མི་དེ་བརྒྱུད་ནས་སྡེ་བ་གཞན་གྱི་གྲོགས་པོར་སྐད་སྐུར་བར་ངེས་པ་དང་། སྐབས་འགར་སྐད་སྐུར་རེའི་རིང་ཚད་ལ་དེང་གི་སྒྲུང་ཐུང་རེ་ལྟ་བུའང་ཡོད། ད་ལྟའི་སྐབས་སུ་བློར་མི་ཤོང་བ་ཞིག་ནི། སྐད་འཁྱེར་མཁན་མང་ཤོས་ཀྱིས་མ་སྐད་དེའི་ནང་གི་གཏམ་དཔེ་སོགས་ཇི་བཞིན་དུ་མ་ལུས་པར་བློར་བཟུང་སྟེ་ཤོད་ཐུབ་པར་མ་ཟད། སྐད་གཏོང་མཁན་གྱི་རྣམ་འགྱུར་སོགས་ཀྱང་ཝ་ལེར་བརྒྱུད་ཐུབ་ཀྱིན་ཡོད། སྡེ་དཔོན་ཕན་ཚུན་གྱི་བར་ལའང་བློས་འཁེལ་བའི་ཕོ་ཉ་བཏང་སྟེ་སྲིད་དོན་སྣ་ཚོགས་སྐད་དུ་སྐུར་ཅིང་། ལན་རེར་ཕོ་ཉ་བས་བསམ་བཞིན་དུ་སྐད་ལོག་ཁྱེར་ཏེ་སྡེ་བ་གཉིས་དཀྲུག་པའི་དོན་ཡང་ཡོད།
ང་རང་ལ་མཚོན་ན། གཞུང་གི་སློབ་གྲྭར་མ་སོང་བའི་སྔོན་གྱི་ལོ་ངོ་བཅུ་གཅིག་གི་རིང་ལ། ལོ་གཅིག་ལ་མཚེར་ས་ཐེངས་ལྔ་དྲུག་ལ་སྤར་དགོས་པའི་བོད་མདོ་སྨད་ཀྱི་རུ་སྡེ་ཆུ་ཁ་མ་ཞེས་པ་ནས་འཚར་ལོངས་བྱུང་བ་ཡིན། ངས་སེམས་ཤེས་པའི་དུས་སུ། པཱ་ལགས་ཀྱིས་སྒྲ་སྡུད་འཁོར་ལོ་ལས་སྐབས་དེའི་སྲིད་དོན་གསར་འགྱུར་སྣ་ཚོགས་ལ་ཉན་བཞིན་ཡོད་ཅིང་། རྗེས་སུ་དེ་ལས་བོད་ཀྱི་དམངས་གླུ་དང། རྡུང་ལེན། གནའ་གཏམ། ཁ་ཤགས་སོགས་བཏང་བས་ཨ་ཕ་ཁྱིམ་ན་མེད་དུས་ངས་ཨ་ཕའི་སྒྲ་སྡུད་འཁོར་ལོར་ལྐོག་ནས་ཉན་པ་དང་། སྒོའི་ཕྱིར་བུད་དུས་ཁྱིམ་མཚེས་ཀྱི་ཨ་ནེ་ཞིག་ཡོད་པ་དེའི་སར་སོང་སྟེ་ཉིན་རེར་ཕལ་ཆེར་བྱིས་སྒྲུང་རེར་ཉན་པ་ཡིན། དེ་བཞིན་དུ་ང་རང་གིས་རྨོ་མོས་ཀྱང་མོས་ཁེར་བཤད་བྱེད་པ་ལྟར་ངའི་ཐོས་ས་ནས་བྱིས་སྒྲུང་མ་ཟད། མོ་རང་ཆུང་དུས་ཀྱི་གཏམ་རྒྱུད་དང་། དུས་འཁྲུག་འབྱུང་སྐབས་ཀྱི་དོན་སོགས་བཤད་པར་མ་ཟད་སྐབས་རེར<<སྐོང་གསེར་ཁ་མདོ>>སོགས་རྩོམ་ལུས་ལ་འདོགས་རར་འབོད་པ་འགའ་ཞིག་གཞས་སུ་ལེན་པར་བྱེད། དེ་ལྟར་ང་རང་ངག་རྩོམ་གྱི་ནགས་ཁྲོད་དུ་འཁྱམ་བཞིན་པའི་སྒང་ལ་གཉེན་ཉེ་ཚོས་ང་ལ་འཕྲུལ་འཁོར་གྱི་རྩེད་ཆས་སྣ་ཚོགས་ཉོས་ཡོང་བ་དང་། ངའི་ཕུ་བོ་ཞིག་གིས་ཞིང་རྨོ་བྱེད་ཀྱི་འདྲུད་འཐེན་འཁོར་ལོ་དང་། པར་ཆས། དེ་མིན་སྒྲ་ཕབ་འཁོར་ལོ་སོགས་སྡེ་བའི་ནང་ཁྱེར་ཡོང་སྟེ་དེ་དག་གིས་ངའི་ཡིད་སེམས་རྨང་ནས་བཀུགས། ད་ལྟ་བསམ་ན་གློག་རྡོ་ཅན་གྱི་རྩེད་ཆས་སམ་ཅ་ལག་དེ་དག་གིས་ང་ལ་བསླུ་བྲིད་ཐེབས་པའི་དུས་ནི་ཏག་ཏག་ངའི་སེམས་ནང་གི་བྱིས་སྒྲུང་དེ་དག་བོར་མགོ་བརྩམས་པའི་དུས་ཀྱང་རེད།
ཕོ་ལོ་བདུན་གྱི་སྐབས་སུ། ཨ་ཕས་ཁོང་ལ་བཙོན་ནང་ན་ཡོད་དུས་ཞང་བོ་ཞིག་གིས་སྦྱིན་པའི་དབུ་ཅན་དབུ་མེད་ཤན་སྦྱར་གྱི་ཀ་ཁའི་དཔེ་ཆ་ཞིག་ཡོད་པ་དེར་བརྟེན་ནས་ང་ལ་བོད་ཡིག་བསླབས་པ་དང་། རིང་བོར་མ་ལོན་པར་ངས་བོད་ཡིག་མགྱོགས་པོར་ཀློག་ཤེས་པར་མ་ཟད། ཕོ་ལོ་དགུ་བ་ནས་བཟུང་། ཁྱིམ་མཚེས་རྣམས་ལ《བརྒྱད་སྟོང》དང་།《ས་བཅུ》《རྟ་གཟུངས》《ནོར་གཟུངས》སོགས་བཏོན་ནས་གྲོང་ཆོག་པ་བྱས། དེ་དག་ནང་གི་གཟུངས་སྔགས་ལེགས་སྦྱར་སྐད་ཀྱིས་བྲིས་པ་དེ་དག་ལ་འཕྲད་དུས་སྤོབས་པ་ཆེན་པོས་འགྲིག་མིན་ལ་མ་བལྟས་པར་མགྱོགས་པར་བཀླགས་པ་ད་དུང་ཡང་གསལ་བོར་དྲན། དེའི་རྗེས་སུ་ཁྱིམ་ནང་ལ་ལས་བྱེད་པ་གཉེན་ཉེ་ཞིག་ཡོང་ནས་ང་ལ་གསར་བརྗེའི་ནང་དོན་ལྡན་པའི་སུམ་རྟགས་བསླབ་དེབ་ཅིག་སྦྱིན་པ་དང་། དེ་ལ་བརྟེན་ནས་སུམ་རྟགས་རང་སྦྱོང་བྱས་ཏེ་རང་གི་བློ་ཐོག་ནས་ཡོད་པའི་བྱིས་སྒྲུང《བྱི་ལ་ས་ཁུར》ཞེས་པ་ཡིག་ཐོག་ཏུ་བྲིས་ཤིང་དེ་སྔ་མཐོང་མྱོང་བའི་བོད་ཡིག་གི་དུས་དེབ་དག་ལ་ལད་མོ་བྱས་ཏེ་རྩོམ་མཁན་གྱི་མིང་ཡང་རང་ཉིད་བྲིས་པ་ཡིན།
དེའི་རྗེས་སུ་ང་ལ་ནང་དོན་ཧ་གོ་བའི་བོད་ཡིག་གི་དེབ་མང་པོ་ཞིག་བཀླག་རྒྱུ་བྱུང་བ་དང་དེ་དག་གི་ནང་དུ་ད་ལྟར་རྩོམ་རིག་ཏུ་འབོད་པའི་བརྩམས་སྒྲུང་དང་སྙན་ངག་མང་དག་ཅིག་ཡོད་ཅིང་། ལྷག་པར་དུ་བོད་ཡིག་ཏུ་བསྒྱུར་བའི《ཆུ་ངོགས་གཏམ་རྒྱུད》དེབ་བཞི་བོ་སོགས་ཀྱིས་ཡིད་དབང་བཀུགས་རྐྱེན་སྔར་བཞིན་རྨོ་མོ་དང་ཁྱིམ་མཚེས་ཀྱི་ཨ་ནེའི་ས་ནས་བྱིས་སྒྲུང་ལ་ཉན་པའི་མཚམས་ཀྱང་རང་བཞིན་གྱིས་ཆད་སོང་།
དངོས་སུ་སློབ་གྲྭར་སོང་བའི་རྗེས་ནས། ང་རང་ཡི་གེའི་སྡོམ་དྲ་དང་གྲངས་ཀའི་མིག་མངས་ལ་མགོ་འཁོར་བའམ། ཡང་ན་དམངས་ཀྱི་ངག་རྩོམ་དང་བར་ཐག་ཆེན་པོ་ཕྱེ་བའི་ཡི་གེའི་ནང་གི་སྒྲོམ་གཞི་དེ་ལ་ཚུད་པར་མ་ཟད། སྤང་ཆེན་མོ་དང་རྟ་ནོར་ལུག་གསུམ། སྡེ་དོན་ཚོ་དོན་སོགས་དང་རང་དུ་བཀྱེད་དེ་སློབ་གྲྭ་བ་ཟེར་བའི་སྐྱེ་བོ་དམིགས་བསལ་བ་དེ་ཚོའི་གྲས་སུ་ཚུད་པར་གྱུར། དེ་ནས་བཟུང་ངས་སྦྱངས་རྩོམ་སྣ་ཚོགས་འབྲི་བའི་མགོ་བརྩམས་ནའང་གུང་གསེང་གི་སྐབས་སུ་གཏམ་དཔེ་དང་གབ་ཚིག་འགའ་ཞིག་ཡིག་ངོར་ཕབ་པ་ཕུད་ངག་རྩོམ་གྱི་ཀློང་ཡངས་པོ་དེར་འཇུག་པའི་སྐལ་བ་ཤིན་ཏུ་ཉུང་བར་གྱུར། ཡིག་ལམ་ནས་རྩོམ་འབྲི་བ་དེ་ནི《སྙན་ངག་མེ་ལོང་མར》དཔེར་བརྗོད་འཇོག་པ་དང་། 《ང་ཡི་ཕ་ཡུལ》འམ《སྐྱིད་པའི་གངས་ལྗོངས》ལྟ་བུའི་སྙན་རྩོམ་དང་ལྷུག་རྩོམ་འབྲི་བ་དེ་ཡིན། ངས་བསླབ་དེབ་ཀྱི་ནང་ནས《དག་ཡིག་ངག་སྒྲོན》དང《བསེ་བསྡུས་གྲྭ》ལྟ་བུ་མང་པོ་ཞིག་བློར་བཟུང་ནའང་ཆུང་དུས་བློར་ཟིན་པའི་བྱིས་སྒྲུང་དང་གབ་ཚིག་སོགས་མང་པོ་བློ་ནས་བརྗེད་པར་གྱུར། དེ་ནས་བཟུང་སྟེ་ང་ས་ནས་ངག་རྩོམ་དང་ཡིག་རྩོམ་གཉིས་ནི་བར་ཐག་ཆེན་པོ་ཞིག་གིས་ཆོད་པར་གྱུར་ཅིང་། སློབ་གྲྭའི་ཁོར་ཡུག་གི་དབང་གིས་ང་རང་གིས་ངག་ཐོག་ནས་སྐད་ཆ་ཤོད་སྟངས་ལའང་འགྱུར་བ་ཆེན་པོ་ཐེབས་པ་སྟེ། ལོ་ངོ་དྲུག་བདུན་གྱི་རྗེས་ནས། ཕྱིར་འབྲོག་སྡེར་སླེབས་ཀྱང་ཡུལ་མི་ཚོའི་ནང་དུ་ཆུ་ནང་ཆུ་ཐིགས་བཞིན་འདྲེས་མི་ཐུབ་ལ། ཁོང་ཚོ་བཞིན་གཏམ་དཔེ་དང་ཚིག་རྒྱན་གྱིས་བརྒྱན་པའི་གཏམ་རིང་པོ་དེ་དག་ཀྱང་ཤོད་མི་ཤེས་པར་གྱུར། (དཔེར་ན་ཁ་རྒྱལ་རྩོད་པ་དང་། དམངས་གླུ་ལེན་པ། བསང་འབོད་བྱེད་པ་སོགས། ལོ་སར་གྱི་སྐབས་སུ་གླུ་ལེན་དུས་ཡུལ་མི་ཚོས་ང་ལ་རྒྱ་གླུ་ཞིག་ལོངས་ཟེར་བ་ལྟ་བུ)དེའང་སློབ་གྲྭའི་སྦྱངས་འབྲས་ནི་ཡིག་རྒྱུགས་ཀྱིས་འཇལ་བ་དང་། ངག་རྒྱུགས་དང་ཡང་ན་ངག་རྩོམ་གྱི་རྒྱུགས་སོགས་མེད་པས་སློབ་གྲྭར་སོང་བ་དེས་ངག་རྩོམ་དང་འབྲེལ་བའི་རྒྱུན་ཆད་པར་མ་ཟད། ང་དང་ང་འདྲ་བ་མང་པོ་ཞིག་ངག་རྩོམ་དང་འབྲེལ་བའི་ཆོ་ག་སྣ་ཚོགས་ཀྱིས་ཀྱང་ཟུར་དུ་ཕུད་བྱུང་།
དོན་དེ་གསལ་པོར་བཤད་ན། ང་དང་ང་འདྲ་བ་དག་ནི་གཅིག་ནས་ཡི་གེའི་དག་ཆ་དང་བརྡ་སྤྲོད་ཚད་ལྡན་དགོས་པར་ཁ་གཡར་ནས་ཡུལ་སྐད་དམ་མི་རང་གི་འཚོ་བའི་ནང་གི་སྐད་ཆ་དང་མི་མཚུངས་པའི་ཡིག་རྩོམ་འབྲི་བའི་ལམ་ཀ་ཞིག་ཏུ་ཞུགས་ཟིན་པར་མ་ཟད། སྐབས་འགར་སྒྱུར་རྩོམ་གྱི་གྲིབ་མའི་ནང་ནས་བོད་སྐད་ནད་པ་ཞིག་ལ་ཚོན་རྩི་འབྱུག་མཁན་དུའང་གྱུར་ཡོད།
སྤྱིར་བཏང་བོད་ཀྱི་སྔོན་བྱོན་མཁས་པ་ཚོས་མཛད་པའི་གསུམ་རྩོམ་དག་ལ་བལྟས་ཚེ། ཁོ་ཚོས་ནང་པའི་གཞུང་ཆེན་དང་འབྲེལ་བའི་བསྟན་བཅོས་རྩོམ་དུས་བརྡ་སྤྲོད་ཀྱི་སྲོལ་ལུགས་ཆེན་པོ་ཞིག་ལ་བསྟུན་པ་དང་བསྟན་བཅོས་ཀྱི་སྤྱི་སྐད་ཅིག་ཆགས་པར་བྱས་ཡོད་ནའང་། རང་རྣམ་རྩོམ་པའི་སྐབས་སུ་ཁོང་ཚོ་རང་གི་སྐད་ངག་དེ་ཡིག་རྩོམ་གྱི་ཁྲོད་ནས་གསལ་པོར་མངོན་དུ་བཅུག་ཡོད། དཔེར་ན། 《དབུས་བཟའ་མཁའ་འགྲོ་མའི་(1880-1929)རང་རྣམ》དང་། 《སི་ཏུ་གཙུག་ལག་ཆོས་ཀྱི་འབྱུང་གནས(1700-1774)ཀྱི་རང་རྣམ》《ཀུན་མཁྱེན་སྐལ་བཟང་ཐུབ་བསྟན་དབང་ཕྱུག(1856-1916)གི་རང་རྣམ》སོགས་ལ་བལྟས་པས་ཤེས་ཐུབ་ལ། དེས་ངེད་ཅག་ལ་མིའི་བྱ་བྱེད་དང་སྤྱོད་པ་ཡིག་ངོར་ཕབ་དུས་སྐད་ཆ་ཇི་ལྟར་བཀོལ་ན་ལེགས་པའི་ཕྱོགས་ནས་གོ་བ་སྐྱེད་ཐུབ།
ཡིན་ནའང་དེང་གི་བོད་རྩོམ་འབྲི་བ་བོ་རྣམས་ནི་རྩོམ་སྐད་རིགས་གཅིག་གི་ཁྱབ་ཁོངས་ལས་འགོངས་ཐུབ་ཀྱིན་མེད་པའི་སྣང་བ་བྱུང་། ང་རང་ལ་མཚོན་ན། བརྩམས་སྒྲུང་ནང་གི་མི་སྣ་ཚོར་ཁོ་ཚོ་རང་གི་སྐད་ངག་གི་ཁྱད་ཆོས་ལྡན་པའི་སྐད་ཆ་ཤོད་དུ་འཇུག་རྩིས་བྱས་ནའང་མཐར་དེ་ལྟར་མི་ནུས་པར་ཡིག་སྐད་རིགས་གཅིག་གིས་གཅིག་ཏུ་བསྡམས་འགྲོ། དཔེར་ན། ཁ་སྐད་ལྟར་བྱས་ན་གཞན་གྱིས་མི་གོ་བར་དོགས་པ་དང་། སྐད་ཀྱི་མཐོ་དམན་དང་འགྱུར་ཁུགས་ཡི་གེར་དགོད་བསམ་ན་ཡི་གེ་ཉིད་ལ་དེ་འདྲའི་ནུས་པ་མེད་པར་སྣང་བ་ལྟ་བུའོ།། གཤམ་དུ་བཀོད་པ་ནི་ངའི་བརྩམས་སྒྲུང《སྒྲོལ་དཀར》ནང་གི་མི་སྣའི་ཁ་བརྡ་ཞིག་ཡིན།
"བདེན་པ་ཡིན་ནམ། ཁྱོད་ལ་དཀའ་ངལ་ཡོད་ན་ངེད་ཚང་ལ་བཤད་ཆོག ཐེངས་སྔོན་མར་ཡང་ངས་ཁྱོད་ལ་བཤད་མྱོང་། གལ་ཏེ་ཁྱོད་ལ་རོགས་པ་དགོས་ཚེ་སློབ་གྲྭར་གནང་བ་བཏང་རྗེས་ངས་ལྷ་སྐྱིད་ཁྱོད་ཀྱི་གམ་དུ་མངག་ཆོག ཡིན་ཡང་ཁྱོད་ཀྱི་མགོ་སྦྲ་འདི་ཨ་མྱེས་དྲིན་ཆེན་པོའི་མགོ་སྦྲ་ཡིན་པས་དེ་ལྟེབས་ཚེ་འུ་ཚང་གི་ཤུལ་ཆད་པ་དང་ཁྱད་པར་མེད"
དེའི་ནང་གི་མང་ཤོས་བརྡ་སྤྲོད་ཀྱི་རྣམ་གཞག་ལྟར་བྱས་པའི་ཡིག་སྐད་ཡིན། ཡིན་ནའང་དེ་ལ་ཁ་སྐད་ཀྱི་ཁྱད་ཆོས་ཅུང་ཙམ་ཡོད། དཔེར་ན་འདིར་སྦྲ་ལྟེབས་ཚེ་ཞེས་པ་ནི་རུ་སྤོར་སྐབས་སུ་སྦྲ་ལྟེབས་ཏེ་ཁལ་མར་འགེལ་བའི་དོན་མིན་པར་ཁྱིམ་ཚང་ཞིག་ལ་ཤུལ་འཛིན་མཁན་མེད་པར་གྱུར་ཏེ་ཁྱིམ་ཚང་དེའི་སྦྲ་ལྟེབས་པ་སྟེ། དོན་དུ་ཁྱིམ་ཚང་དེ་མེད་པར་གྱུར་བ་ལ་གོ། ཡིན་ནའང་གལ་སྲིད་ངས་ད་དུང་ཡང་འདི་ལ་ཁ་སྐད་ཀྱི་ཁྱད་ཆོས་ཡོད་པར་བྱས་ཚེ་ཀློག་མཁན་གྱིས་དེ་ཉིད་མི་གོ་བར་སྲིད།
གནས་ཚུལ་དེ་འདྲ་བ་ཤིན་ཏུ་མང་པས་ངས་རྩོམ་འབྲི་སྐབས་ཡིག་རྩོམ་དུ་ངག་རྩོམ་གྱི་རྒྱུན་ཅི་ཞིག་འཛིན་པ་དང་། ཇི་ལྟར་འཛིན་པའི་སྐོར་ལ་ཞིབ་ཏུ་བསམ་དགོས་བྱུང་།
དེང་གི་དུས་འདིར་ངག་ཐོག་དང་དམངས་ཁྲོད་རིག་གནས་བསྐྱབ་པར་ཁ་གཡར་ནས་ལོ་སར་སྤྲོ་ཚོགས་དང་། ཕྱི་ཤུན་གྱི་འཁྲབ་སྟོན་ཙམ་ལ་བརྟེན་པའི་བཅོས་མའི་ངག་རྩོམ་ཙམ་གཙོ་བོར་བཟུང་སྟེ། ངག་རྩོམ་ཉིད་འཚོ་བ་རོལ་བྱེད་མིན་པར་འཕྱོར་གོས་ཤིག་གི་ཚུལ་གྱིས་ལས་གཞི་ལེན་བྱེད་བྱས་པས། རྩོམ་པ་པོའི་སྒེར་གཤིས་དང་བསམ་བློ་དམིགས་བསལ་བ་ལྡན་པའི་ཡིག་རྩོམ་རྣམས་ཀྱང་རིས་སུ་བོར་གྱིན་ཡོད།
མི་རྣམས་ཁ་པར་ལ་གཡེང་ཞིང་ལམ་གྱི་བཞི་མདོ་རུ་ལུས་ནས་ཕྱིར་ཡུལ་ལ་ལོག་ཐུབ་ཀྱིན་མེད་པ་འདྲ།
དུས་འདིར་ངེད་ཅག་གི་སྨྱུག་འོག་ཏུ་ཅི་ཞིག་འབྱོན་སྲིད་དམ།
ཡིག་རྩོམ་དེ་ངག་རྩོམ་བཞིན་ཆད་པ་མེད་པར་བཞུར་དུ་བཅུག་ནས་ལོ་རྒྱུས་ཀྱི་གླེགས་ཐག་དང་དེང་དུས་ཀྱི་མིའི་ཕྱི་ལྤགས་ཡང་ལྤགས་རྣམས་བཤུ་ཐུབ་བམ།
ཡང་ན་ཡིན་མདོག་གིས་བསྒྲིགས་པའི་ཚིག་ཕྲེང་ཁ་ཤས་ཀྱིས་རང་གི་སྨྲ་ལྕེ་གཅོད་ཞོར་དུ། སྒྲ་མེད་པའི་སྐད་ཆ་འགའ་སྒྲོག་པར་བྱེད།
སྐས་གདང་གི་མཐོ་སར་སླེབས་དུས་བསང་དུད་ཀྱི་དྲི་མ་ཙམ་གོ་ནའང་བསང་ཕུད་པའི་རྣམ་པ་ངོ་མ་དེ་མཐོང་ཐབས་བྲལ།
དེ་བས་སྐབས་འགར་ང་རང་དངོས་གནས་མགོ་བོ་རྨོངས་ཀྱིན་འདུག
ལྷན་རྒྱས་ཐུགས་རྗེ་ཆེ།
2016 5 14ཉིན།
རྩོམ་འདི་དབྱིན་ཡུལ་གྱི་ཨོཀསིཧྥོརཌི་སློབ་ཆེན་གྱི་ཝོལ་སོན་སློབ་གླིང་ནས་སྙན་སྒྲོན་ཞུས།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།