《སྨྱུག་སྡེ》དུས་དེབ་ཀྱི་རྩོམ་སྒྲིག་པར་ལན་བཏབ་པ།

IMG_2427.JPG

1. ཁྱེད་ཀྱིས་༡༩༩༠ནང་བྲིས་པའི་«མེ་ཏོག་སེར་ཆེན་» ལ་མཚོན་ན་ལང་ཚོའི་རྦབ་ཆུའི་ཞད་གང་འཚམ་འདུག དེ་བས་གསར་རྩོམ་ལ་གཞོལ་མཁན་བློ་གྲོས་གསར་བུ་པ་ཞིག་གིས་ཐོག་མར་ལད་འབྲིའི་ཐབས་ལ་བརྟེན་པ་ཡིན་ན། དགེ་སྐྱོན་ཅི་འདྲ་ཡོད་དམ། སྒེར་གྱི་ཉམས་མྱོང་གསུང་རོགས།

ལན། སྙན་ངག་དེ་འབྲི་དུས་ང་རང་ཕོ་ལོ་བཅུ་གསུམ་ལ་སོན་མ་ཐག་ཡིན་ཅིང་ཚགས་དེབ་ཏུ་བཀོད་པའི་སྙན་ངག་ཐོག་མའང་ཡིན། སྐབས་དེར་སྙན་ངག་དེའི་ནང་དུ་བྲིས་པ་དང་འདྲ་བར་ཕ་ཡུལ་འཕེལ་རྒྱས་གཏོང་བ་དང་མི་རིགས་ཀྱི་ལ་རྒྱ་འཛིན་པ། སློབ་སྦྱོང་ལ་སྡུག་རུས་བྱ་བ་དང་ཕུགས་བསམ་བརྟན་པོར་འཛུགས་པ་སོགས་ཀྱི་སྤྱི་པའི་འདུན་པ་ཞིག་ཡོད་པ་དང་། འདུན་མ་དེ་འདྲ་ནི་ཏག་ཏག་དོན་གྲུབ་རྒྱལ་ལགས་ཀྱི《ལང་ཚོས་རྦབ་ཆུས》བཞག་པའི་ཡག་ཕྱོགས་ཀྱི་ཤུལ་ནོར་ཞིག་ཀྱང་རེད། བསམ་པའི་ཕྱོགས་ཀྱི་ཤུལ་ནོར་དེ་ཙམ་མ་ཟད་ངེས་པར་རྐང་བ་དོ་མཉམ་དགོས་པ་མིན་པར་སྙན་ངག་ཀྱང་བྲི་ཆོག་པར་གྱུར་པ་ནི་སྐབས་དེའི་སྙན་ངག་གསར་རྩོམ་གྱི་ཁོར་ཡུག་ཡག་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཆོག ཡིན་ཡང་དུས་སྐབས་དེའི་སྙན་ངག་མང་པོ་ཞིག་ཕྲན་གྱི《མེ་ཏོག་སེར་ཆེན》བཞིན《ལང་ཚོའི》གྲིབ་མ་ལྟ་བུར་གྱུར་ཡོད་པ་དེས་གསར་གཏོད་དེ་སླར་ཡང་གླུ་བརྒྱ་གདངས་གཅིག་གི་འགྲོས་སུ་གྱུར་ཅིང་དེ་ནི་གསར་གཏོད་ཀྱི་གེགས་སུའང་གྱུར་ཡོད་འདུག

2. ༡༩༩༧ ལོར་«ང་དང་ཧ་ཅང་ཉེ་བའི་མའི་ཀལ་འཇེག་སོན་ (Michael Jackson)ལ།» ཞེས་པའི་རང་མོས་སྙན་ངག་ཅིག་བྲིས་གནང་འདུག་ལ། དེ་མཚུངས་སྙན་ངག་གི་གསང་མྱུལ་བ་ཞིག་གི་ཟིན་ཐོ་ཁག་དང་པོའི་འགོ་འཛུགས་སྐད་ཆའི་ནང་“ཤེས་རབ་ཀྱི་རོལ་རྩེད་འདིར་འཇུག་པའི་ཐོག་མའི་སྟ་གོན་ནི་དུས་ཚོད་དང་ཚེ་སྲོག་ཡོད་ཚད་རོལ་དབྱངས་སུ་ངོས་འཛིན་པ་དེ་ཡིན་པས།”ཞེས་གསུངས་འདུག ཡང་ངོས་གཞན་ཞིག་ནས་བཤད་ན་ 2016 ལོའི་ནོ་བྷེལ་རྩོམ་རིག་བྱ་དགའང་ཆེད་ལས་རྩོམ་པ་པོ་མིན་པའི་ཨ་རིའི་གཞས་པ་”བྷོབ་ཌེ་ལན་” (Bob Dylan) ལ་སྤྲད་འདུག དེ་བས་སྙན་ངག་དང་རོལ་དབྱངས། གླུ་གཞས་བཅས་ཀྱི་བར་དམིགས་བསལ་གྱི་འབྲེལ་བ་ཅི་ཞིག་གྲུབ་ཡོད་པའི་སྐོར་གསུང་རོགས་བགྱིད་དམ།

ལན། སྤྱིར་བཏང་གཞས་ཚིག་ཅེས་པ་དེ་རྩོམ་རིག་གི་རྣམ་པ་ཡན་གར་བ་ཞིག་ཏུ་བགྲང་ཆོག་མིན་དཀའ་མོ་རེད་འདུག    དེའི་རྒྱུ་མཚན་གཞན་དུ་བཤད་ཆོག རོལ་མོས་མི་སེམས་ལ་ལྷིང་འཇགས་སྟེར་བར་མ་ཟད་ཚོར་བ་སྐྱེན་པར་བྱ་བལའང་ཕན་ཐོགས་ཀྱིན་འདུག ཡིན་ཡང་ཧ་ཅང་སྙིགས་མར་གྱུར་བའི་རོལ་མོ་ནི་གཞན་གྱི་ཡིད་ལ་གཙེ་བའི་ཀུ་ཅོའང་རེད་འདུག སྙན་ངག་པ་རེ་རེའི་སེམས་སུ་གདངས་དབྱངས་དམིགས་བསལ་བ་ཞིག་ཡོད་སྲིད་པ་དང་སྙན་ངག་ལ་འགྱུར་ཁུག་མི་འདྲ་བ་འབྱུང་བའང་རྣམ་ཤེས་ཀྱི་རྒྱུད་མངས་བརྡུངས་པ་ལས་བྱུང་བ་གོར་མ་ཆག དེ་བཞིན་གཞས་པ་ཡག་ཤོས་ཤིག་ཡིན་ན་ངེས་པར་སྙན་ངག་པ་ཞིག་ཀྱང་ཡིན་འོས།
ཡང་ཅུང་ཟད་ལྐོག་ཏུ་གྱུར་བའི་ལམ་ནས་སྨྲས་ན་སྙན་ངག་ནི་རོལ་མོ་ཡིན་ལ། རོལ་མོ་ནི་སྙན་ངག་ཡིན་ཞེས་ཀྱང་བཤད་ཆོག རེད་དེ་སྙན་ངག་ནི་ཡི་གེའི་ངོ་བོར་གྱུར་བའི་རོལ་མོ་དང་། རོལ་མོ་ནི་འགྱུར་ཁུག་གི་རྣམ་པར་གྲུབ་པའི་སྙན་ངག་རེད། ཡིན་ཡང་སྙན་ངག་གི་སྒྱུ་རྩལ་ནང་ངོས་ནས་ཞིབ་ཏུ་བསམ་ཚེ། སྙན་ངག་གི་རོལ་མོའི་ཆ་དེ་རང་བྱུང་དང་རང་བྱུང་མ་ཡིན་པ་དག་གིས་གཡོས་པའི་སྙན་ངག་པའི་སྙིང་རྩའི་འཕར་ལྡིང་དང་དམ་དུ་སྦྲེལ་ཡོད་པས་དེ་ཉིད་ཀློག་པ་པོའི་སེམས་ཀྱི་འགྱུར་ཁུག་དང་འདྲེས་པར་གྱུར་ཚེ་ཀློག་པ་པོས་སྙན་ངག་ནང་གི་རོལ་མོ་དང་འགྲོགས་ཏེ་སླར་ཡང་སྙན་ངག་གི་ཞིང་ཁམས་སྣ་ཚོགས་མཐོང་ཐུབ་པ་རེད་སྙམ། དེས་སྙན་ངག་དངོས་ཀྱང་སྙན་ངག་པས་བརྩམས་གྲུབ་རྗེས་ཀྱི་དུས་དང་ཡུལ་ལས་འདས་པར་བྱས་ཏེ་ཀློག་པ་པོའི་སེམས་ལྗོངས་སུ་རྒྱ་སྐྱེད་པར་བྱེད་དོ།།

3.  དོན་དམ་པའི་སྙན་ངག་པ་ཞིག་དང་སངས་རྒྱས་ཆོས་ལུགས་ཀྱི་ཚད་ལྡན་རྣལ་འབྱོར་པ་གཉིས་ཀྱི་ཕུགས་བསམ་གྱི་འཇིག་རྟེན་གང་དེ་མཛེས་སམ། མི་ལ་རས་པ་དང་། ཧྥ་རན་སིའི་སྙན་ངག་པ་”ཤག་ལི་བྷོ་དྷེ་ལེར་” (Charles Pierre Baudelaire) གཉིས་ལ་སྦྱར་ནས་གསུང་ན་ཆོག་གམ།
ལན། དེ་གཉིས་བསྡུར་ཏེ་གང་ཞིག་མཛེས་པ་བཤད་རྒྱུ་དཀའ་མོ་རེད། ཡིན་ནའང་སྙན་ངག་པ་ཞིག་ཡིན་ན་རྣལ་འབྱོར་བ་དང་འདྲ་བར་སྣང་བའི་འཇིག་རྟེན་ནམ་ཀུན་རྫོབ་ཀྱི་འཇིག་རྟེན་ཁོ་ནར་ཡིད་མི་ཆེས་པར་དེ་ལས་ལྷག་པའི་བདེན་པ་ཞིག་ཡོད་པ་ཡིད་ཆེས་མཁན་ནི་རེད་སྙམ། མི་ལ་རས་པས“ངས་ནང་སེམས་ཀྱི་དཔེ་ཆ་བཀླགས་བཀླགས་ནས།། མི་ནག་གི་དཔེ་ཆ་བརྗེད་དེ་ཐལ”ཟེར་མྱོང་བ་དང་། བྷོ་དྷེ་ལེར་གྱིས“བདུད་ཀྱི་དཔུང་གིས་ངེད་ཅག་གི་ཀླད་པའི་ནང་ན་རྒྱས་ཟ་རྒྱས་འཐུང་བྱེད”ཟེར་བ་ཇི་བཞིན་དེ་གཉིས་འཇིག་རྟེན་ཡོངས་གྲགས་ཀྱི་རྗོད་པ་དང་ཐ་སྙད་ལས་བུད་དེ་སྙན་ངག་མཁན་གྱི་ནང་སེམས་ལ་འཇུག་གིན་པ་གསལ་པོ་རེད་འདུག

4.  ཁྱེད་ཀྱིས་སྙན་ངག་གི་གསང་མྱུལ་བ་ཞིག་གི་ཟིན་ཐོ་ཁག་གཉིས་པའི་ནང་། “ཡིན་ནའང་དམངས་གླུའི་ཉམས་དང་ལྡན་པའི་མགུར་མ་འགའ་རེ་མ་གཏོགས་ཕལ་ཆེ་བ་རྒྱ་གར་བའི་མེ་ལོང་མ་ལས་ལྡོག་འཕྲོ་བྱས་པའི་འོད་ཤ་སྟག་ཡིན།” ཞེས་དང་།  ཟིན་ཐོ་དེ་ཉིད་ཀྱི་«རྒན་པོ་ཚོའི་སེམས་ཀྱི་འཇིགས་སྐྲག» ཅེས་པའི་ལེ་ཚན་ནང་“སྙན་ངག་གི་གསར་བརྗེ་སྣ་ཚོགས་ལ་བརྟེན་ནས《མེ་ལོང་མ》གད་སྙིགས་སུ་སྐྱུར་བར་དོགས་པའི་འཇིགས་སྐྲག”ཅེས་གསུངས་འདུག་ལ། ཡང་”བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་འུད་ཆེན་པོའི་མཚོན་སྟངས་ཀྱི་སྐོར་གླེང་བ།” ཞེས་པའི་དྲ་རྩོམ་ནང་”དེ་ནི་བོད་ཀྱི་བསྟན་བཅོས་སྤྱི་སྐད་ལ་བརྟེན་ཏེ་བྱུང་བའི་འཛམ་གླིང་ཤར་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་རིགས་ཤིག་ཡིན་ལ།”ཞེས་ཀྱང་གསུངས་འདུག སྐད་ཆ་སྔ་མས་སྲོལ་རྒྱུན་སྙན་ངག་ལ་དང་འདོད་དེ་ཙམ་མེད་པའི་རྣམ་པ་ཞིག་དང་། སྐད་ཆ་ཕྱི་མས་དེ་ནི་བོད་ཀྱི་ཐུན་མིན་གྱི་སྙན་ངག་ཅིག་ལ་འདོད་གནང་འདུག དེ་བས་ཁྱེད་ཀྱིས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་རྒྱུས་ལོན་གནང་ཚོད་ཀྱི་སྐད་ཆ་རྡོག་རྡོག་འགའ་འདི་ནས་འཇོག་རོགས་བྱེད་དམ།

ལན། འདིར་ཁྱེད་ཀྱིས་དྲི་བ་ཡག་པོ་ཞིག་བཀོད་གནང་འདུག སྤྱིར་བཏང་མི་སུ་ལ་མཚོན་ནའང“ད་ལྟའི་འཆར་སྒོ”ལས་དུས་གསུམ་ཀར་ཁྱབ་པའི་འཆར་སྒོ་ཞིག་ཡོད་མི་སྲིད་པས་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་ལྟ་བ་དག་བེད་མེད་དུ་གཏོང་བའམ་ཡང་ན་དེ་ལ་འགྱུར་བ་གཏོང་སྲིད་པ་སྨོས་ཅི་དགོས། སྤྱིར་བཏང་སྲོལ་རྒྱུན་དང་དེང་རབས་ཀྱི་སྙན་ངག་གཉིས་ནི་དཀར་ནག་གཉིས་བཞིན་སོ་སོར་དབྱེ་དཀའ་ནའང་མི་སུ་ལའང་རིག་གནས་ཀྱི་མ་ལག་དེ་གཉིས་ཀ་ལས་བྱུང་བའི་ཚོར་བ་ནི་ཡོད་ཤག་ཡིན། མེ་ལོང་མའི་ལུགས་ཀྱི་སྙན་ངག་ཅེས་པ་ནི་དེ་སྔའི་ཞིབ་འཇུག་པས་བཀོད་པའི་རིག་གཞུང་གི་བརྡ་ཆད་ཅིག་ཡིན་ལ་དེའི་ནང་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཡོད་ཚད་ཚུད་པའི་ངེས་པ་མེད། 《མེ་ལོང་མ》དར་ཚུན་ནས་ཐོག་མར་གཞུང་ལུགས་སྦྱངས། དེ་ནས་སྙན་ངག་འབྲི་བའི་སྲོལ་ཅིག་དར་བ་དང་། དེ་ལ་དེང་གི་སྙན་ངག་གསར་རྩོམ་གྱི་སྒྲ་ཡངས་འཇུག་གི་གོ་བའི་ངོས་ནས་བལྟས་ནས་སློབ་གླིང་བའི་ལུགས་ཀྱི་གསར་རྩོམ་བྱེད་སྟངས་ཀྱི་བཀག་རྒྱ་ཞིག་ཡོད་པའང་ཤེས་ཐུབ།

5.  བོད་ཕྱི་ནང་གཉིས་སུ་“རྩེད་ར་འཇིག་”པའི་མྱ་ངན་འཁུར་མཁན་དང་། “དམྱལ་ཁམས་མ་བརྗེད་པའི་སྙན་ངག་པ་”ག་ཚོད་ཡོད་པར་འདོད་དམ། སྙན་ངག་པ་དང་བརྩམས་ཆོས་རེ་ཟུང་མཚན་གཞིར་བཞག་ནས་གསུང་ན་ཆོག་གམ།

ལན། འདི་གཉིས་ཀ་ཕྲན་གྱི་སྙན་ངག་ནང་བྱུང་བའི་དོན་གཉིས་རེད། འདི་གཉིས་ཀར་ཚིག་ངོས་རྐྱང་བ་ལས་འདས་པའི་གོ་བ་ཆེན་པོ་ཡོད་ཅེས་ཀྱང་བཤད་ཆོག དེའང་སྙན་ངག་པ་ཡོད་ཚད་ནི“རྩེད་ར་འཇིག་པ”ལ་མྱ་ངན་བྱེད་མཁན་དང་ཐ་སྙད་དང་ཡི་གེའི་ཚོགས་ལ་བརྟེན་ནས“དམྱལ་ཁམས”རིགས་ཤིག་གསར་བཟོ་བྱེད་མཁན་ཡིན་ངོས། ཡིན་ཡང་བོད་ཀྱི་སྙན་ངག་པའི་ནང་ནས་དེ་འདྲ་བྱེད་མཁན་གྱི་མཚན་གཞི་འཇོག་དཀའ་མོ་འདུག་ལ། འདིར་དེ་ལྟ་བུའི་མིང་ཐོ་ཞིག་འཁྱེར་ཡོང་ན་ཧ་ཅང་དགོད་བྲོ་བར་འགྱུར་ངེས་སྙམ།

6.  ཁྱེད་ལ་”བོད་ཀྱི་སྙན་ངག་པའི་མཚན་མོའི་དབྱངས་ཀྱི་སྒྲ་བ་”ཞེས་པའི་མཚན་སྙན་གསོལ་བའི་གཏམ་བཤད་ནང་། “ང་ཚོའི་བོད་མི་རིགས་ཀྱི་གསོ་བ་རིག་པ་དང་སྐར་རྩིས་པ་རིག་པ། དམངས་ཁྲོད་རིག་པ་སོགས་ཚང་མ་ནི་སྙན་ངག་གི་ལམ་ནས་བྲིས་འདུག” ཅེས་གསུངས་འདུག་པས། དབྱངས་གསལ་གྱི་ཕྲེང་བ་བསླེས་ཚད་གང་པོ་སྙན་ངག་ལ་འདོད་དམ། “སྙན་ངག་”ཅེས་པའི་བརྡ་ཆད་ལ་སྒེར་གྱིས་གོ་བ་ལེན་སྟངས་ཤིག་གསུང་རོགས།

ལན། དེ་ནི་སྙན་ངག་གི་སྒྲ་ཡངས་འཇུག་གི་གོ་བའི་ངོས་ནས་ཟེར་བ་ཡིན། སྤྱིར་ཡི་གེར་བཀོད་པ་ཡོད་ཚད་སྙན་ངག་ཡིན་པའི་ངེས་པ་མེད་ཀྱང་བོད་ལ་མཚོན་ན་རིག་པའི་གཞུང་མང་པོ་ཞིག་ཚིགས་བཅད་དུ་བསྡེབས་ཡོད་པར་མ་ཟད་ཚིག་རྒྱན་གྱིས་ཀྱང་བཅིངས་ཡོད་པ་རེད། སྙན་ངག་ཡིན་མིན་གྱི་ས་མཚམས་དབྱེ་དཀའ་མོ་ཡོད་ཀྱང་ཚིགས་བཅད་དུ་བསྡེབས་ཏེ་ཚིག་རྒྱན་གྱིས་བཅིངས་པར་བྱས་པ་གང་ཞིག་སྙན་ངག་མ་རེད་ཅེས་བཤད་དཀའ་མོ་རེད། ལྷག་པར་བོད་སྐད་ཀྱི་སྙན་ངག་གི་གོ་བའི་ངོས་ནས་བརྗོད་ན“ཚིག་སྦྱོར་གྱི་ཚུལ་ལ་མཁས་པའི་ངག་གི་དཔལ”དེ་ཡིན་པས་དེ་འདྲའི་ཁྱད་ཆོས་དང་ལྡན་ན་སྙན་ངག་རེད་ཅེས་བཤད་ཆོག སྔོན་མ་བོད་མི་རྒན་གཞོན་སུ་ཡིན་ཡང་གླུ་རེ་གཉིས་དབྱངས་འགུག་མི་ཤེས་མཁན་དང་སྒྲུང་དང་གཏམ་དཔེ་རེ་གཉིས་བཤད་མི་ཤེས་མཁན་ཧ་ཅང་དཀོན་པ་འདིས་ཀྱང་རང་རེ་ནི་སྙན་ངག་གི་མི་རིགས་ཤིག་ཏུ་བསྙད་ན་འགལ་བ་མེད་པ་ཤེས་ཐུབ། དེ་སྔོན་རྨོངས་པ་འགའ་རེས་བོད་པ་རྣམས་ནི་ཞབས་བྲོ་འཁྲབ་མཁས་པ་ཡོད་པ་ནི་སྐད་ཆའི་རྗོད་པ་ཕུན་སུམ་ཚོགས་པ་མེད་པས་ལུས་ཀྱི་རྣམ་འགྱུར་གྱིས་དེའི་ཚབ་བྱེད་པ་རེད་ཅེས་ཟེར་འདུག་མོད། དོན་དུ་དེ་ནི་ཏག་ཏག་སྐད་ཆའི་རྗོད་པ་ཕུན་སུམ་ཚོགས་པ་ཡོད་པས་ཡིན་པ་སྟེ། དོན་དུ་སྐད་ཆ་ཕུན་སུམ་ཚོགས་པའང་ནང་སེམས་ཀྱི་འཆར་སྒོ་དང་དྲན་ཚུལ་ཕུན་སུམ་ཚོགས་པ་ལ་རག་ལས་ཡོད་པར་སྙམ། བོད་སྐད་དུ་ལྐུགས་པ་ཟེར་དུས་གཏམ་བཤད་མི་ཤེས་པའམ་མི་ཐུབ་པ་ཙམ་ལ་མི་གོ་བར་བླུན་པོར་ཡང་གོ་བ་འདི་ལས་ངེད་ཅག་གིས་དེ་དོན་གསལ་པོར་མི་ཤེས་སམ།

7.   ཁྱེད་ནི་“འཇིག་རྟེན་འདི་ཁུངས་མེད་ལུགས་མེད། མི་ཚེ་ནི་རྟེན་མེད་གཏད་མེད། སེམས་པ་འདི་ཟིན་མིན་འཆོར་མིན་ཞིག་ཏུ་ལྟ་མཁན་”ཡིན་པར་བརྗོད་འདུག་ལ། ཁྱེད་ཀྱི་སྒྲུང་གཏམ་མང་ཆེ་བའང་ནུབ་ཕྱོགས་དེང་རབས་ཕྱི་མའི་རིང་ལུགས་ཀྱི་གྲུབ་མཐས་བཟུང་ཡོད་ཚུལ་བཤད་འདུག དེས་ན་ཁྱེད་ལ་ལྟ་ཚུལ་དེ་ལྟར་ལྡན་པ་དང་། གྲུབ་མཐའ་དེ་ཡི་ཤུགས་རྐྱེན་ཐེབས་སུ་བཅུག་པའི་དམིགས་བསལ་གྱི་རྐྱེན་དང་ཕྲད་པ་ཅི་ཞིག་ཡོད་དམ་ལགས།

ལན། ངས་དུས་རྟག་པར་འཆི་བའི་སྐོར་ལ་མནོ་བསམ་གཏོང་གིན་ཡོད། གལ་སྲིད་འཆི་བ་ཉིད་གསོན་པའི་ཁ་གཏད་དུ་ཡོད་པ་ཤེས་ན་ད་གཟོད་འཇིག་རྟེན་ཁུངས་མེད་ལུགས་མེད་ཡིན་པའི་མཚན་ཉིད་རིག་པ་ལ་གོ་བ་ཅུང་ཙམ་ལོན་སྲིད། ཡིན་ཡང་ང་ནི་དུས་རྟག་པར་སྐྱོ་སྣང་རིང་ལུགས་ལ་ཡིད་ཆེས་བྱེད་མཁན་ཞིག་མིན། གཅིག་བྱས་ན་སྡུག་བསྔལ་འགའ་ཞིག་བཟོད་ཐབས་བྲལ་ནའང་སྡུག་བསྔལ་ཡོད་པས་ད་གཟོད་བདེ་བའི་དོན་སྙིང་ཚོར་ཐུབ་པར་སྙམ། ཡང་འཆི་བ་དཔེ་བཞག་ནས་བཤད་ན་ཤི་རྗེས་ཀྱི་འཇིག་རྟེན་དེ་ནི་ངེད་ཅག་གིས་ཚོད་དཔག་བྱེད་ཐབས་བྲལ་བ་ཞིག་རེད། དཔེར་ན་ངེད་ཅག་གིས་དོ་དགོང་རྨི་ལམ་ཅི་ཞིག་རྨི་སྲིད་པ་ཚོད་དཔག་བྱ་མི་ཐུབ་པ་དང་འདྲ་བོ་རེད། འགའ་ཞིག་གིས་ཤི་རྗེས་རྣམ་ཤེས་ཡོད་མེད་ཀྱི་སྐོར་བཤད་སྲིད་ཀྱང་གལ་སྲིད་རྣམ་ཤེས་མེད་པར་གྱུར་བའམ་དབང་ཤེས་མཐའ་དག་འཇིག་པར་གྱུར་བ་ཞེས་པ་དེ་ངེད་ཅག་གིས་སྐད་ཆ་ཡིས་བཤད་ཐུབ་ཀྱང་མྱོང་ཐུབ་མེད་པ་འདྲ་བོ་རེད། དེ་བས་ང་ནི་དེ་འདྲའི་མཚན་ཉིད་རིག་པ་ཞིག་ལ་ཡིད་མི་ཆེས་ཀ་མེད་རེད། ངའི་བརྩམས་སྒྲུང་མང་པོར་ནུབ་ཀྱི་དེང་རབས་རིང་ལུགས་དང་དེང་རབས་ཕྱི་མའི་ལུགས་ཀྱི་རྩོམ་ཐབས་ཀྱི་ཆ་ཡོད་པ་སྨོས་སུ་མེད་ཀྱང་། ང་རང་ལ་མཚོན་ན་བརྩམས་སྒྲུང་གི་མཚོན་ཐབས་དེ་ཉིད་དོན་དུ་ང་རང་གི་བསམ་བློ་ཡིན་པར་འདོད་ཀྱིན་ཡོད། གལ་སྲིད་ཁྱོད་ཀྱིས་བརྗོད་བྱ་ཆེན་པོ་ཞིག་མཚོན་རྒྱུ་ཟེར་ནས་ཚིག་ཉོག་ལུང་པ་གང་གཞན་གྱི་མདུན་སར་བཤམས་ནས་བརྩམས་སྒྲུང་གི་སྒྲིག་གཞི་དང་སྤྲོས་བརྗོད་ཀྱི་ཁྱད་ཆོས་ཡལ་འགྲོ་བ་དང་ཀློག་མཁན་ལའང་སུན་སྣང་སྟེར་སྲིད། བརྩམས་སྒྲུང་གི་སྒྲིག་གཞི་ནི་མཛེས་མའི་ལུས་དང་ཞལ་རས་ལྟ་བུ་རེད། མཛེས་མ་ཞིག་མཛེས་པའི་རྒྱུ་མཚན་བཤད་དུས་དེའི་ལུས་དང་གདོང་། ཡང་ན་ཉམས་འགྱུར་གྱི་མཛེས་པ་བཤད་པ་ལས་དེས་ལས་ཀ་རླབས་ཆེན་སྒྲུབ་པ་དང་། དེས་ཤེས་ཡོན་མང་པོ་སྦྱངས་ཡོད་པ་དེ་མཛེས་པའི་རྒྱུ་མཚན་ལ་ཐད་ཀར་དྲང་ན་དེ་ཙམ་ཡག་པོ་མེད་པ་ཇི་བཞིན། བརྩམས་སྒྲུང་ཡག་པོ་ཞིག་ཡག་པོ་ཡིན་ཚུལ་བཤད་དུས་དེའི་སྒྲིག་གཞི་དང་སྤྲོས་བརྗོད་བྱེད་སྟངས་ཡག་པོ་ཡིན་པ་གཙོ་བོར་བཤད་དགོས་པ་རེད། གལ་སྲིད་བརྩམས་སྒྲུང་ཞིག་ལྟ་བ་དང་བསམ་བློ་རྗོད་བྱེད་ཀྱི་ལྷུག་རྩོམ་ལྟ་བུར་གྱུར་སོང་ན་དེའི་བརྩམས་སྒྲུང་གི་ཁྱད་ཆོས་ཡལ་སོང་བ་རེད།

8.  ཁྱེད་ཀྱི་བརྩམས་སྒྲུང་དག་ལས་དཔྱད་བརྗོད་པ་དག་གིས་«གཟི་དང་གཞས་མ།»གླེང་བ་ཅུང་ཉུང་། འདི་ནས་གཟི་དང་གཞས་མ་བརྗོད་གཞིར་བཞག་སྟེ་བོད་ཀྱི་བརྩམས་སྒྲུང་གསར་པའི་བསམ་བློའི་སྐོར་དང་། ཁྱེད་ལ་བག་ཆགས་བཞག་མྱོང་བའི་སྒྲུང་ཐུང་དཔེ་དེབ་རེ་གཉིས་ངོ་སྤྲོད་གནང་རོགས།

ལན། 《གཟི་དང་གཞས་མ》ནི་བོད་ཡིག་གི་བརྩམས་སྒྲུང་དག་ལས་ཅུང་དམིགས་བསལ་བ་ཞིག་ཡིན་པར་མ་ཟད་ངའི་བརྩམས་སྒྲུང་དག་ལས་ཀྱང་ཅུང་ཟད་དམིགས་བསལ་བ་ཞིག་ཡིན། ང་རང་གིས་སྤྱི་བསྡོམས་བྱས་པ་ལྟར་ན་བརྩམས་སྒྲུང་དེར་གཤམ་གྱི་ཁྱད་ཆོས་དེ་དག་ལྡན་འདུག
༡ སྒྲུང་གི་བྱུང་བ་འཕར་ལྡིང་ཆེ་བར་བྱས་པ།
༢ ལྐོག་གྱུར་གྱི་དོན་བརྗོད་བྱར་བྱས་པ།
༣ དགོད་བྲོ་བར་བྱས་ཤིང་སྐད་ཆ་དོན་ལྡན་དུ་བྱས་པ།
༤ མངོན་སུམ་དང་རྨི་ལམ་གྱི་འདྲེས་མཚམས་མི་གསལ་བར་བྱས་པ།
༥ བུད་མེད་ཀྱི་མཛེས་པ་དང་སྒྱུ་འཕྲུལ་མཚོན་པར་བྱས་ཤིང་དེ་ལ་ཀུན་གྱིས་འུད་བསྟོད་བྱེད་ཚུལ་ཞིག་ནི་ཟེར་སྒྲོས་ཤིག་ཡིན་པར་བྱས་པ།
༦ དུས་དང་ཡུལ་གཉིས་ལས་ཡུལ་གྱ་ནོམ་པར་བྱས་པ།
༧ དབྱངས་ཅན་པད་མ་ཟེར་བའི་མི་མོ་ཞིག་གི་ལོ་རྒྱུས་བསྐུངས་ཏེ་ལྷ་མོར་ལྟ་བུར་གྱུར་བ་ཞིབ་པར་བྲིས་ཏེ་དེ་སྔའི་འབྲི་ཐབས་ལ་འགྲན་སློང་བར་བྱས་པ།
༨ ཤུགས་སུ་བསྟན་པའི་དོན་ཁ་ཤས་ཀྱང་ཡོད་དེ། དཔེར་ན་མི་རྒྱགས་པ་དེའི་ལག་གི་ཐག་པ་ནི་དུས་ཚོད་ཡིན་པ་དང་། གཟི་དང་པི་ཝང་གཉིས་གཅིག་ཏུ་བསྲེས་ཏེ་སྒྱུ་རྩལ་གྱི་འབྱུང་ངེས་པའི་ཆ་དེ་མཚོན་ཅིང་མི་ལྤགས་ཀྱིས་འཆི་བ་མཚོན་པ་ལྟ་བུའོ།། ད་ལྟ་བོད་ལ་མཚོན་ན་སྔོན་གྱི་ཧྥ་རན་སིའི་བརྩམས་སྒྲུང་གསར་མའི་ལུགས་ལྟ་བུའི་བརྩམས་སྒྲུང་གསར་པ་ཡོད་མེད་ཧ་ཅང་བཤད་དཀའ་བ་ཞིག་རེད། རྒྱུ་མཚན་ངེད་ཅག་ལ་གསར་རྩོམ་གྱི་དཔུང་སྡེ་དེ་ལྟ་བུ་ཆགས་མེད་པ་དང་རིག་གཞུང་ཞིབ་འཇུག་གིས་རྩོམ་རིག་གསར་རྩོམ་གྱི་རྗེས་ཆོད་ཀྱིན་མེད་པ་རེད། ཡིན་ཡང་གཞོན་ནུ་སྒྲུང་པ་གཡུ་ཆུང་དང་ཀླད་ཀོར་སོགས་ཀྱི་བརྩམས་སྒྲུང་གིས་བདག་ལ་བོད་ཀྱི་དེང་གི་བརྩམས་སྒྲུང་ལ་རེ་བ་ཡོད་པ་དང་འབྱུང་འགྱུར་དེ་ཕུན་སུམ་ཚོགས་པར་འགྱུར་བའི་སྤོབས་པ་ཞིག་ཀྱང་བསྩལ་བྱུང་།

9.  འདི་ནས་གོང་གི་སྐད་ཆ་དེ་ཚོས་མ་འཐུས་པའི་བོད་ཀྱི་སྙན་ངག་སྐོར་ལ་དགོངས་ཚུལ་དམིགས་བསལ་བ་དེ་འདྲ་ཡོད་ན་ཅི་ནས་ཀྱང་གསུང་རོགས་གནང་།

ལན། མང་པོ་བཤད་རྒྱུ་མེད། སྙན་ངག་འབྲི་བ་དེ་ལས་སླ་མོ་ཞིག་མིན་པ་དང་། སྙན་ངག་པར་འགྱུར་དགོས་ན་མཚན་སྙན་ཙམ་གྱིས་མི་ཡོང་བ་ཤེས་རྒྱུ་དེ་གལ་ཆེ། སྙན་ངག་པ་ནི་ཚང་ཚིང་འཁྲིགས་པའི་ཀློང་གི་སེང་གེ་ཆེན་པོ་དེ་ལས་མི་ཚོགས་ཀྱིས་གར་སྟེགས་སུ་བསྐྱོན་ཏེ་གོང་ཚད་གཅོད་སའི་སྤྲེའུ་ཉམ་ཆུང་ཞིག་ཏུ་འགྱུར་མི་རུང་།

10.   མཐའ་དོན་དུ་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ནས་སྨྱུག་སྡེ་སྙན་ངག་དུས་དེབ་ཀྱི་བཅར་འདྲི་དང་ལེན་གནང་བར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་།
སྨྱུག་སྡེའི་ཀློག་པ་པོ་ཡོངས་ལ་རེ་སྐུལ་གྱི་སྐད་ཆ་ཚིག་གསུམ་གསུང་རོགས་ཞུ།

ལན། ཀུན་གྱིས་རང་འཁྲིའི་ལས་ཀར་བརྩོན་པ་དང་ཕུགས་ཀྱི་འདུན་མ་གང་ཞིག་ཡོད་ན་དེ་མ་འདོར་རོགས་ཞེས་ཞུ་ཀི་ཡིན། ཕུགས་འདུན་མེད་པའི་སྐྱེ་བོ་ནི་མི་ཡུལ་ཁམས་ནས་མིག་ཡོད་པའི་ལོང་པར་འགྱུར་ངེས་པ་སྨོས་ཅི་དགོས།
གཞན་སྨྱུག་སྡེའི་གསར་འགོད་པ་ལ་ཐུགས་རྗེ་ཆེ་ཞུ། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།