གཤིན་རྗེའི་ལག་རྡོ། (བརྩམས་སྒྲུང་གསར་མ)

   འགྲུད་བཞུད་པ་ཁྱུ་དང་ཁྱུ་བྱས་ཏེ་གཙང་བོ་དེའི་འགོ་ཁུངས་དེད་ཀྱང་སྐམ་ལ་ཉེ་བའི་གངས་རི་ནི་དུར་ཁྲོད་ཅིག་གི་རྒྱབ་ལྗོངས་ལྟར་ཀེ་རེར་འགྲེངས་པའི་ལམ་ཐག་ཅིག སུ་ཞིག་གི་མིག་ཟུང་ལའང་ལོངས་སུ་སྤྱོད་རྒྱུའི་སྐལ་བ་མ་ཐོབ།
   དེ་རིང་ནི་སྐུ་ཞབས་དྲིལ་བུ་སྐུ་བཀྲོངས་པའི་ཉིན་དང་པོ་ཡིན་ཞིང་། བརྙན་འཕྲིན་དང་རྒྱང་བསྒྲགས་ལས“ལག་དམར་དེ་ལག་འབོབ་སྤྲས་མཁན་གྱི་ཡུལ་གྱར་བ་ཞིག་རེད”ཅེས་དུས་རབས་ཉེར་གཅིག་གི་གོམ་བགྲོད་དང་ཡོངས་སུ་མི་མཚུངས་པ་མེད་པའི་གསར་འགྱུར་སྤེལ་ཅིང་། སྒེར་གཉེར་གྱི་ཚགས་པར་ཁ་ཤས་སུ“བུད་མེད་ལག་འབོབ་སྤྲས་མཁན་ཞིག”ཅེས་པའི་སྒེར་ཚུགས་རང་བཞིན་ཅན་གྱི་བསྒྲགས་གཏམ་ཡང་སྤེལ་འདུག
   དྲང་མོར་བཤད་ན་གུས་པོས་འབྲི་བཞིན་པའི་སྒྲུང་རིང《དམྱལ་བའི་ལེའུ》རུ་མི་སྣ་གཙོ་གྲས་སྐོར་ཞིག་གི་སྣང་བརྙན་ད་དུང་ཡང་སྟོང་བར་ལུས་ཡོད་པས་སྐུ་ཞབས་དྲིལ་བུ་ལྟ་བུའི་མི་འཇོན་ཐང་ཅན་ཞིག་བདག་ཏུ་ཐོབ་ན་དེ་ནི་ཤིན་ཏུ་འོས་ཤིང་འཚམ་པའི་གོ་སྐབས་ཤིག་ཡིན་མོད། ཉེ་སྔོན་སྒྲུང་གཏམ་གསར་རྩོམ་ལ་བྲེལ་བའི་གྲོགས་མཆོག་ཅིག་གིས《གཤིན་རྗེའི་ལག་རྡོ》ཞེས་པའི་སྒྲུང་གཏམ་ཞིག་འབྲི་རྩིས་བྱས་པ་ལེགས་གྲུབ་མ་བྱུང་ཞིང་།
   དེ་ཡང་གཙོ་བོ་ཁོའི་བགོ་སྐལ་དུ་སྣང་བའི་རྒྱབ་ལྗོངས་སྐོར་ཞིག་《ཤམ་བྷ་ལའི་བྱ་རྒོད》ཅེས་པ་ཁོ་ནས་མིང་བྱང་འཕྲོག་པར་དོགས་པ་ཡིན་ཞེས་པའི་གླེང་སྒྲོས་ཤིག་གི་ཟུར་ཙམ་བཤད་མྱོང་བས། ངས་ཀྱང་སྒྲུང་རིང་འབྲི་མཚམས་བསྐྱུར་ཏེ་གྲོགས་པོའི་རེ་བ་ལྟར་བར་དོ་ལྟ་བུའི་དབང་ཆ་བརྩོན་ལེན་བྱས་ཀྱང་མཐའ་མཇུག་ཚང་མ་གཞན་དབང་དུ་གྱུར་བས་གྲོགས་མཆོག་གི་ཁ་བྱང་མི་བརྐུ་ཐབས་མེད་བྱུང་།
   ཐེངས་འདིའི་གཞན་དབང་གི་བྲེལ་འཚུབ་ཁོ་ནས་རང་ཉིད་ཀྱི་དུས་ཚོད་ཧྲིལ་བོར་དངོས་ཡོད་ཀྱི་བདེན་པ་ཞིག་གི་རིན་ཐང་གིས་ཁ་གསབ་རྒྱག་མ་ཐུབ་པས་ངས་དུས་ཚོད་ཀྱི་གོ་རིམ་འཆོལ་བའི་སྤྱི་འགྲོས་ཤིག་རྒྱབ་རྟེན་དུ་བཙལ་ཏེ་སྒྲུང་གཏམ་འདི་བྲིས་པ་ཡིན་མོད། འོན་ཀྱང་བར་སྟོང་དེ་ཡང་གཞན་དབང་ཁོ་ནར་གཏོགས་འདུག་པས་འདི་ལ་བྱུང་རིམ་དང་སྒྲིག་གཞི་སོགས་ཀྱི་ཆ་རྐྱེན་མི་ཚང་བ་ཀློག་པ་པོ་ཀུན་གྱིས་ཐུགས་སུ་འཇོག་པར་འཚལ།
 
༡.
   སྐུ་ཞབས་དྲིལ་བུ་སྐུ་གཤེགས་པའི་མྱ་ངན་གྱི་དབྱངས་འགྲོས་དེ་བར་དོ་བརྒྱུད་གཤིན་རྗེའི་སྒོ་དྲུང་དུ་བསླེབས་པས་ལས་མཁན་དག་བྲེལ་ལོང་ལོང་དུ་གྱུར་ཅིང་། ཐ་ན་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ལྕི་མོ་དེ་དག་ཀྱང་རེ་ཞིག་རྒྱབ་ཏུ་དོར་ཏེ་ཐད་ཀར་གཙོ་དཔོན་གྱི་སར་རྒྱུག གཙོ་དཔོན་དང་དྲུང་ཡིག་གཉིས་ཀྱིས་ཀྱང་སྔ་མོ་ནས་གྲ་སྒྲིག་བགྱིས་ཡོད་ལ། ཚང་མ་བྲེལ་འཚུབ་ལངས་འདུག་པའི་བཟོ་ལྟ་ཁ་ཚུར་མ་འཁོར་ཡང་རྟོགས་ཐུབ། རེ་ཞིག་སོང་རྗེས་གཙོ་དཔོན་གྱིས་ཁ་པར་ཅོག་ཙེའི་སྟེང་ལ་བཞག་ཅིང་། གཟབ་ནན་གྱི་གདོང་ལ་ཐེ་ཚོམ་ཞིག་རྒྱས་ཏེ།
   “ད་སྐབས་སུ་བབ་པ་སྐུ་ཞབས་དྲིལ་བུའི་ལས་བགོས་ཀྱི་གནད་དོན་གཅིག་པུ་རེད་བསམ་མོད། འོན་ཀྱང་བར་དོའི་ས་ཚིགས་ཀྱི་ཁ་པར་ལྟར་ན་ཁོ་དང་ལྷན་དུ་ཁོ་བཀྲོངས་མཁན་གྱི་ལག་དམར་སྲས་མོ་ལྷ་མོའང་ཡོང་གིན་འདུག་ཟེར་བས་ང་ཚོས་ཚོད་དཔག་བྱས་པའི་གནས་ལུགས་དེ་རེ་ཞིག་རྒྱབ་ཏུ་དོར་ཏེ་སླར་ཡང་གྱོད་དོན་གྱི་སྐོར་ལ་གཟབ་ཞུ་བྱེད་དགོས་པར་འདུག”ཅེས་མདུན་ཅོག་སྟེང་གི་སྙན་ཞུ་བརྩེགས་མ་དེ་ཁྲིམས་གཅོད་སྡེ་ཁག་གི་ཚན་གཙོ་རེ་རེར་བགོ་བཤའ་བརྒྱབ་རྗེས་རང་གི་བགོ་སྐལ་དེ་ཡང་གསར་འགོད་པར་སྤྲད་ཅིང་།
   “སང་ཉིན་ཁྲིམས་གཅོད་ཁང་དུ་ཚོགས་འདུ་བསྡུ་དགོས”ཞེས་བརྗོད་བཞིན་ཐོན་སོང་།
ཕྱི་ཉིན་ཁྲིམས་གཅོད་སྡེ་ཁག་གི་འགོ་གཙོ་སྔ་མོ་ནས་ཁྲིམས་གཅོད་ཁང་དུ་བསླེབས་ཤིང་། ཁྱད་དུ་འཕགས་པའི་ཁྲིམས་རྩོད་མཁན་ཞིག་ལ་རེ་བ་བྱེད་ཀྱིན་དམའ་རིམ་གྱི་གྱོད་དོན་ལ་རྣ་བ་བླག་འགོ་བརྩམས།
 
ཁྲིམས་གཅོད་དང་པོ།(སྲིད་དོན་སྡེ་ཁག)
   “མ་གཞི་དྲིལ་བུའི་སྲོག་གཅོད་ཀྱི་ལག་ཆ་སྟེ། ལྷ་མོ་ཁོ་ན་ལག་དམར་དུ་ངེས་ཤིང་། དེའི་བྱུང་འབྲེལ་ཡང་ཤམ་བྷ་ལའི་བྱ་རྒོད་ཅེས་པའི་རྩོམ་གྱི་ཁ་བྱང་ལན་འདུག སྤྱིར་ན་གཤིན་རྗེའི་ཁྲིམས་སྲོལ་ཨང་ཐེར་འབུམ་བཅུ་གཉིས་ཀྱི་ལེའུ་དང་པོར‘གྱོད་གཞི་གཞན་གྱིས་བཙལ་འཚོལ་བྱས་པ་ཞིག་ཡིན་ན་དེ་ལ་དམིགས་བསལ་གྱི་གུ་ཡངས་ཡོད’ཟེར་མོད། ད་ཐེངས་ཀྱི་གྱོད་དོན་ནི་དེ་ལས་ལྡོག་སྟེ་ཁྲིམས་སྲོལ་ཐེར་འབུམ་བཅུ་གཉིས་ཀྱི་ལེའུ་གསུམ་པའི་ནང་བཤད་པ་ལྟར་མི་གསོད་ཀྱི་ལག་ཆ་གཞུང་བཞེས་དང་། ལག་དམར་བ་ཐག་གཅོད་ཀྱི་གནད་དེ་ལ་ཐུག་འདུག དེ་ལྟར་བྱས་ན་ཀུན་སྤྱོད་དང་མཐུན་པོ་ཡོང་གི་རེད”ཚར་སོང་།
 
ཁྲིམས་གཅོད་གཉིས་པ།(ཆོས་ལུགས་སྡེ་ཁག)
   “མི་འཐད་དེ། ཁྲིམས་གཅོད་ས་ན་ཀུན་སྤྱོད་མེད་ཅིང་། གཙོ་བོ་ཁྲིམས་འགལ་གྱི་ནག་ཉེས་ཁོ་ནར་བལྟ་དགོས་པས། ད་ཐེངས་ཀྱི་ནག་ཉེས་འདི་དྲིལ་བུར་འབྲེལ་བ་མེད་པ་ག་ལ་སྲིད། གཙོ་བོ་ཁོའི་ལམ་གྱི་གདམ་ག་ཁོ་ནའི་ནོར་འཁྲུལ་ལ་ཐུག་ཅིང་། ལྷ་མོ་ཉིད་ལག་དམར་ཙམ་ལས་བཙལ་དགོས་པའི་ལྷ་མོ་ངོ་མ་མ་རེད། གཤིན་རྗེའི་ཁྲིམས་སྲོལ་ཨང་ཐེར་འབུམ་བཅུ་གཉིས་པའི་ལེའུ་གཉིས་པ་ལྟར་ན‘རང་ཉིད་རང་གིས་བསད་པའི་ནག་ཉེས་ལ་རང་ཁོ་ན་ལས་གཞན་གྱིས་ཐེ་ཇུས་བྱ་མི་རུང’ཞེས་བྲིས་ཡོད་པ་དང་། གཞན་ལྷ་མོ་བཙལ་འཚོལ་བྱས་པའི་མི་སྣ་སྔ་མ་བརྒྱད་པོ་ཡང་ཁྲིམ་ལུགས་འདི་ལས་འདས་མེད”ཚར་སོང་།
མཇུག་མཐར་ཁྲིམས་གཅོད་སྡེ་ཁག་གི་འགོ་གཙོས“སྤྱིར་ན་སྲིད་དོན་སྡེ་ཁག་ལའང་གནས་ལུགས་མེད་པ་མ་རེད། འོན་ཀྱང་ཁྲིམས་ནི་ཁྲིམས་ལས་འདའ་མི་སྲིད་པས་འགན་འདི་ཆོས་ལུགས་སྡེ་ཁག་ལ་སྤྲད་པ་ཡིན”ཞེས་ཚོགས་གྲོལ།

༢.
   “འཇིག་རྟེན་ན་གྲེ་བ་འགག་པའི་གླུ་བ་ཅི་འདྲ་མང་པོ་ཞིག་ཡོད་པ་རེད་ཨང་”ལྷ་མོས་ཕྱི་ཕྱོགས་སུ་བལྟ་བཞིན་དེ་སྐད་བརྗོད།
   “ཁྱོད་ཀྱིས་ང་མ་བསད་ཀྱང་རང་ཉིད་སྔ་མོ་ནས་རང་གིས་བསད་ཚར་ཡོད”དྲིལ་བུས་ཀྱང་ཁ་གྲགས་བྱུང་།
   “གང་ལྟར་གཙང་པོ་གཅིག་ལ་ལན་གཉིས་བརྒལ་མི་ཐུབ”ལྷ་མོས་ལྷོད་བག་གི་ལག་པ་དེ་ཚུར་སྲིང་བཞིན“ངས་ཁྱོད་ལ་ཕྱིར་དྲན་ཐེངས་ཤིག་སྦྱོར”ཞེས་དྲིལ་བུའི་ལག་མགོར་འཐམ་བྱུང་བས་དྲིལ་བུའི་ལག་པ་ནི་གློ་བུར་དུ་གཉེར་མས་ཁེངས་ཏེ་འཁྱག་དར་དང་འདྲ་ལ། དེའི་རྩ་ལམ་དུ་རྒྱུ་བ་ནི་ཁྲག་མ་ཡིན་པར་འོ་མ་རྐྱང་རྐྱང་རེད་འདུག
   “འདི་ཅི་ཡིན་ནམ།”ཞེས་ལྷ་མོར་བལྟ་དུས།
   “འདི་ནི་ཁྱོད་ཀྱི་རྒྱལ་རབས་ཏེ། ལག་པ་རྙིང་པ་ཞིག་གིས་ལམ་སྣེའི་ལྷ་མོ་བཟུང་བའི་རྐྱེན་རེད”ཟེར།
   སྐབས་དེར་ལྷ་མོས་སླར་ཡང་དྲིལ་བུའི་མིག་སྐོགས་སུ་བརླན་གཤེར་ཅན་ཞིག་བླུགས་པས་དྲིལ་བུའི་སེམས་སྟེང་གི་ཁ་བ་ག་ལེར་བཞུར་ཞིང་། འོ་མ་རྒྱུ་བའི་རྩ་ལམ་གྱི་གཤེར་ཁུ་དེ་ནག་སོབ་སོབ་ཀྱི་སྐྱེས་པ་སྐོར་ཞིག་ཏུ་གྱུར་སོང་།
“ཆང་འདི་དང་པོས་མ་བཟི།།
   ཆང་འདི་གཉིས་པས་མ་བཟི།།
       ཆུང་འདྲིས་བྱམས་པས་ཞུས་པའི།།
       ཞལ་དཀར་གང་གིས་བཟི་སོང་།།”
   སྐྱེས་པ་དེ་དག་ལས་ཀླད་གཙུག་དམར་ཆིལ་ལེར་གསལ་བའི་བཙུན་པ་ཞིག་གིས་དེ་ལྟར་ཁ་གྲགས་བྱུང་། ལྷ་མོ་གློ་བུར་དུ་ཧ་ལས་ཤིང་ཅི་ཡང་མི་སྨྲ་བར་ཅེ་རེར་སྡོད་རྒྱུ་ལས་བྱ་ཐབས་ཟད་སོང་།
   “ཝ་ཡེ། ལྟས་ཕྲུག་ཁྱོད་ངའི་བྱམས་པ་དང་ལྷན་དུ་སྐྱེས་རྫོགས་ཀྱི་འཇིག་རྟེན་འདི་ལ་ཐལ་བ་འགམ་དུ་ཡོང་བ་ཡིན་ནམ། ཁྱོད་ཚོར་མཚོན་ན་ཕྲག་དོག་སྔ་མོ་ནས་ཤི་ཡང་ངའི་མཛེས་སྡུག་ཡོད་ཚད་གསར་དུ་སྒོམ་གྱིན་ཡོད་པས་ཕྲག་དོག་ནི་ངའི་བླ་སྲོག་ཡིན”ཟེར།
   “ཨ་ལ་ལ། བཙུན་པས་ཀྱང་ཆང་འཐུང་ཆོག་གམ།”
   “གཙོ་བོ་ཁྱོད་ཀྱིས་ཆང་མ་བཏུང་པའི་སྡུག་འབྲས་བདག་ལ་འཁོར་སོང་།”
   རབ་རིབ་ཏུ་གྱུར་པའི་བཙུན་པ་དེས“ང་ལ་མཛེས་སྡུག་གནང་རོགས་”ཞེས་ལག་པ་བརྐྱངས་པ་དེ་མཐའ་མ་གཤེར་ཁུ་ཞིག་ཏུ་གྱུར་ཏེ་དྲིལ་བུའི་རྩ་ལམ་དུ་བཞུར།
   “ངས་ཅི་ཡང་མཐོང་གི་མི་འདུག”དྲིལ་བུས་དེ་སྐད་སྨྲས།
   “མ་མཐོང་ན་དགའ།”
   “ཁོ་སུ་རེད་དམ།”
   “ཡུལ་གྱར་རྡུང་ལེན་པ་ཞིག་རེད”གནམ་ས་བཞུ་བའི་ཞུན་མ་ཉིད་ཁོ་གཉིས་ཀྱི་བགྲོད་ལམ་ཐོག་བབས་པས་ལམ་བུ་གདམ་གསེས་ཀྱི་ཕྱོགས་ལ་ངལ་བ་ཅི་ཡང་མེད་མོད། འོན་ཀྱང་དྲིལ་བུས་བློ་ཁ་དེ་མ་ཉིད་དུ་མངོན་སུམ་གྱི་རྨི་ལམ་ཞིག་གི་རྒྱབ་ཏུ་སྦས་ནས་ལྷ་མོའི་ལུས་པོར་ཤི་འཐམ་རོ་འཐམ་བྱས་རྐྱེན་ལྷ་མོ་སྡོད་བཟོད་མེད་པར་ཀུ་ཅོ་ལྟ་བུའི་སྐད་ངན་བཏོན་རུང་།
   “དེ་ཡང་ཁྱོད་ཀྱིས་བསགས་པའི་རྒྱུ་ནོར་ལས་རང་གི་རིགས་རྒྱུད་དུ་མི་རིག”ཅེས་དྲིལ་བུ་ཁེར་དགོད་ཅིག་བྱས།

༣.
   སྤྲོ་རླབས་འཕྱུར་བའི་འཛུམ་མདངས་སྐོར་ཞིག་ལྷ་མོ་ཁོ་ནའི་མིག་དབང་གིས་བསད་ཅིང་། ཡོངས་སུ་ཚར་བའི་མྱ་ངན་གྱི་ཀློང་རིམ་དེ་ཡང་ཆུ་ལོག་རྒྱས་པ་ལྟར་ཤུགས་དྲག་པོས་གྱེན་ནས་གྱེན་དུ་འཕྱུར་ཏེ་དངོས་མིན་གྱི་ནམ་མཁའ་ཞིག་ལ་གཏོར་བས་སྐད་ཆ་ལྷག་མ་ཞིག་རླུང་གིས་འཁྱེར་ཏེ་ཤམ་བྷ་ལར་འཕུར།
   “ངས་བཙལ་འཚོལ་བྱས་པའི་རྒྱུ་འབྲས་དེ་ཇག་པ་སྙིང་རྗེ་མེད་པ་ཞིག་རེད་འདུག”
   ལྷ་མོ་ཡང་ཅུང་སེམས་འགུལ་ཐེབས་མོད། འོན་ཏེ་ཁོ་མོས་རང་ཉིད་ནི་སུ་ཞིག་གིས་བེད་སྤྱོད་བྱེད་བཞིན་པའི་ལག་ཆ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པས་དེ་ལྟའི་བྱ་བ་སྒྲུབ་པ་རང་དབང་ན་མེད་པ་སྔ་ས་ནས་ཚོར་ཡོད།
   “དོན་ངོ་མར་ཁྱོད་ཀྱིས་བཙལ་འཚོལ་བྱས་པ་གཏོར་བརླག་གི་ཆེད་དུ་ཡིན་ནམ”
   “ངས་ཀྱང་དྲི་བ་འདི་རང་ཉིད་ལ་ཐེངས་མང་པོ་བཏོན་མྱོང་ཡང་མཐར་གཏུགས་ན་ཡོད་ཚད་གཞན་དབང་རེད”
   སྐབས་འདིར་ཁོང་གཉིས་མུ་མེད་ཀྱི་བྱང་ཐང་ཞིག་ཏུ་བསླེབས་ཡོད་ཅིང་། སྒོ་དང་སྒེའུ་ཁུང་ཧྲིལ་བོ་ཕྱེས་པའི་ནམ་མཁའ་དེ་རྩེད་མཚར་གྱིས་དགོད་པའི་མིག་འབྲས་ཤིག་དང་འདྲ་བར་གཡོ་འགུལ་མེད་པར་ཅེ་རེར་གནས།
   གློག་གི་དུང་ཆེན་ལས་གནའ་རབས་ཀྱི་སཱ་ཁ་སིའི་གདངས་དབྱངས་ཤིག་གྲག་པ་བསིལ་རླུང་བཞིན་ཁོ་དང་ཁོ་མོ་གཉིས་ཀྱི་ལུས་སེམས་སུ་ཟུག་པས་ཁོ་གཉིས་ལ་སྐད་ཆ་གསར་བ་ཞིག་གི་གླེང་སློང་བཟོས།
   “ཁྱོད་རང་རང་ཉིད་ཀྱི་ལས་དབང་དང་འཚམ་པའི་མི་སྣ་རླབས་ཆེན་ཞིག་གི་བྱ་བཞག་ལ་མི་སྤྲོ་བར་རྐང་གླིང་འབུད་མཁན་གྱི་བྱིས་པ་ཞིག་ཏུ་བརྩོན་དོན་ཅི་ཡིན”
   “མ་གཞི་ནས་གཏོར་བརླག་ཅེས་པ་དེར་སིམ་ཡོད་ལ། ངས་བརྩོན་ལེན་བྱེད་བཞིན་པ་ནི་ཡུལ་དུས་ལུང་རིགས་དང་འགལ་བའི་མིང་བྱང་ཞིག་གསར་བཟོ་བྱ་རྒྱུ་དེ་ཡིན་པས། བྱ་བ་འདི་ལྟ་བུ་དག་གིས་རང་ཉིད་ཀྱི་བང་སོར་ཁ་བྱང་རྙེད་ཐུབ་སོང་བསམ་ཡོང་••••••”
   “ཨོ། མ་གཞི་ནས་ཁྱོད་ཁེར་རྐྱང་དུ་སྡོད་མི་བཟོད་པ་རང་རེད་འདུག”
   “ལྷ་མོ། ངས་བཙལ་འཚོལ་བྱས་པའི་རྒྱུ་འབྲས་སུ་ང་ནི་ཁྱོད་ལ་འཐོབ་འོས་པའི་སྐྱེས་པ་རྗེས་མ་དེ་ཡིན་ཡང་ངས་རང་ཉིད་ཀྱི་ལག་པ་གསོན་པར་ཡིད་མི་ཚིམ་པ་ག་ལ་སྲིད”
   “རྙིང་བར་གྱུར་བའི་ལག་པ་ཞིག་ལ་ནོར་སྐལ་གྱ་ནོམ་པ་ཞིག་མེད་པ་ཡིན་ན་དེ་སྔ་མོ་ནས་མི་ཡུལ་གྱི་བཤམས་སྟོན་ཁང་གང་རུང་ཞིག་ཏུ་བསྡུས་ན་འགྲིག”
   “ངས་སྨྲ་བ་ཇེ་ཉུང་དུ་བཏང་བ་ནས་དེའི་སྐོར་ལ་གཟབ་ནན་གྱིས་འཕྱོར་འབྲི་ཞིག་བྱེད་འདོད་ཡོད་ཀྱང་སྐད་ཆས་རྫུན་གཏམ་པ་མང་དྲགས་ཕྱིར་སེམས་ཁྲལ་ཞིག་ལས་ཅི་ཡང་མ་ཐོབ།”
   “ཁྱོད་དངོས་ནས་རྨོངས་པ་རེད་འདུག ང་རང་ཁྱོད་ལ་འཐོབ་འོས་པའི་ལྷ་མོ་དེ་མ་ཡིན་པར་ཁྱོད་ཀྱི་བླ་སྲོག་རྐུ་མཁན་གྱི་ལག་དམར་དེ་ཡིན།”
   “གང་ལྟར་ངས་མི་ཤེས།”
   “ཁྱོད་ཀྱི་འདྲེན་བྱེད་བརྡོལ་བའི་ཚོར་བ་ལྷག་མ་ཞིག་གིས་མི་ཡུལ་གྱི་བཀོད་པ་མཐའ་དག་ཕོ་བྲང་གི་ལྡེབས་ངོས་སུ་སྐྱ་ཐིག་ཏུ་ཕབ་འདོད་ཡོད་ཀྱང་སྐྱ་ཐིག་དེ་ལས་སྦྲ་ནག་ཙམ་མ་གཏོགས་གཞན་ཡོད་ཚད་ཏཱ་ཝན་སི་①ཞེས་པའི་ཕྱི་གླིང་པའི་རི་མོ་བ་ཞིག་གིས་བཤུ་འབྲི་བྱས་ཚར་འདུག”
“མ་རེད། བྷོ་ཏི་ལེར་②རེད”

༤.
   “ལྷ་མོ། ལྷ་མོ”རྒྱུག་ཚད་ཅིག་ལོན་པ་ན་ལས་མཁན་ཚོས་དྲིལ་བུའི་རྗེས་ཆོད་ཅིང་། མཐའ་བཞི་ནས་ཡོངས་སུ་བསྐོར་ཏེ་ལྷ་མོ་མི་སྣང་བར་བྱས།
   རླུང་ནག་གི་གཤོག་རླབས་ཆལ་ཆིལ་དུ་འཕྱུར་བཞིན་ནམ་མཁའི་ཁ་དོག་ཧྲིལ་བོར་ཚོར་བར་བཀོལ་སྤྱོད་དུ་མི་རུང་བའི་ལྷན་པ་སྦྱར་བ་ན་རླུང་གིས་བརྡུངས་པའི་ཅོང་ཆེན་ཞིག་གི་སྒྲ་དབྱངས་བསྟུད་མར་གྲགས་ཡོང་།
   “ཉེས་ཅན་ཡར་འཁྲིད་ཤོག་”
   བུད་མེད་ཀྱི་གཟབ་མཆོར་སྤྲས་པའི་ལས་མཁན་ཞིག་གིས་ཁོའི་དཔུང་བ་ནས་བཟུང་སྟེ་མདུན་ཕྱོགས་སུ་ཁྲིད།
   “ཨ། ང་ཉེས་ཅན་ཡིན་ནམ།”
   “ཁྱོད་ལས་ལྷག་པའི་ཉེས་ཅན་ཞིག་གང་ན་ཡོད། ང་སྐྱེས་པ་ནས་དེ་རིང་བར་ལྭ་བ་འདི་འདྲ་ཞིག་གྱོན་མ་མྱོང་ཡང་ཁྱོད་ཀྱི་ཉེས་པ་ཁོ་ནས་འདི་ལྟར་བཟོས།”
གསལ་བོར་ལྟ་དུས་ལྭ་བ་དེ་མཐོང་མྱོང་མྱོང་ཞིག་ཡོད་མོད། བདག་པོའི་སྐོར་ལ་ཐེ་ཚོམ་བྱ་དགོས་བྱུང་།
   ལྭ་བའི་མིང་རྟགས་ལ་བལྟ་དུས“སོག་མོའི་འཆི་ལྭ”ཞེས་བྲིས་འདུག
  “འདི་ནི་གནའ་རབས་ཀྱི་དགོན་ཆེན་དག་ན་ཉར་ཡོད་པའི་ཁྱོ་ག་དགུ་འདས་པའི་ཡུགས་མོ་ཞིག་གི་གོས་ལྭ་མིན་ནམ།”
   “ཁྱོད་ཀྱིས་བཤད་པ་ནོར་མེད། འདི་ནི་ཁྱོད་ཀྱིས་བཙལ་འཚོལ་བྱས་པའི་ལྷ་མོ་དེའི་ལྭ་བ་ཡིན། སྟབས་འགྲིག་པ་ཞིག་ལ་ཁྱོད་ལྷ་མོ་དེའི་སྐྱེས་པ་དགུ་བ་རེད”
   “ལྷ་མོ་བཙལ་འཚོལ་བྱས་པའི་མི་མང་པོ་འདི་འདྲ་ཡོད་དམ།”
   “སྔོན་གྱི་དུས་ན་གེ་སར་རྒྱལ་པོ་ཞེས་པའི་སྐྱེས་ཆེན་ཞིག་གིས་བུད་མེད་ཀྱི་དོན་དུ་གནས་འདིར་འཇབ་རྒོལ་ཐེངས་ཤིག་བྱས་པ་ནས་བཟུང་། མངོན་སུམ་དང་རྨི་ལམ་གང་ཡིན་གྱི་ལྷ་མོ་ཡོད་དོ་ཅོག་འཚོལ་མཁན་གྱི་སྐྱེས་ཆེན་ཞིག་ཡིན་ན་ངེས་པར་དུ་མགོ་གཙོ་རིམ་པའི་ཁྲིམས་བཤེར་བརྒྱུད་དགོས་པ་ལས་ངེད་ཅག་དམའ་རིམ་གྱིས་ཐག་གཅོད་བྱེད་མི་ཐུབ།
   མ་གཞི་ལྷ་མོའི་ལུས་སྟེང་ན་སྐྱེས་པ་དགུའི་གཏམ་རྒྱུད་ཡོད་ཅིང་། ཁྱོད་དང་ལྷན་དུ་ཡོང་གིན་པ་དེ་ཤམ་བྷ་ལའི་ལག་གཡར་མའི་གཤེད་མ་ཞིག་ཡིན་གྱི་ལྷ་མོ་རང་སྔ་ས་ནས་བྱ་རྒོད་ཀྱི་ལྟོ་བར་ལྷུང་ནས་ཤམ་བྷ་ལར་གྱར་སོང་”ཟེར།
   རིམ་བཞིན་སྒོ་ཆེན་ཞིག་བརྒྱུད་པ་ན་ཁོའི་མིག་ལམ་དུ་སྡོམ་གྱི་དྲ་བ་ལྟར་སྦྲེལ་བའི་ཚོམས་ཆེན་ཞིག་མངོན་ཞིང་། དཀྱིལ་དབུས་སུ་ཕོ་བ་འབུར་དུ་དོད་པའི་དཔོན་ཆེན་ཞིག་དང་། མིག་ཤེལ་བརྒྱབ་པའི་དྲུང་ཡིག་གཉིས་ཁྲི་སྟེང་དུ་བསྡད་ཡོད་ལ། ཁོས་སྐད་གསང་མཐོན་པོས།
   “ཆོས་ལུགས་སྡེ་ཁག་གི་ཁྲིམས་གཅོད་དཔོན”ཞེས་ལན་གཅིག་བོས་པ་ན་སྔར་གྱི་ལས་མཁན་དེས།
   “ཡོད་ལགས”ཞེས་ཁྲི་དང་ཉེ་བའི་གཡས་ཕྱོགས་སུ་ཡར་འགྲེངས།
   ཁྲིམས་གཅོད་དཔོན་དེས“བདེན་དཔང་ཡར་ཁྱེར་ཤོག”ཅེས་སྐད་བརྒྱབ་པ་ན་ལས་མཁན་གཞན་ཞིག་གིས“པི་ཝང”ཞིག་ཁྲི་སྟེང་དུ་བསྐྱལ།
   “བློ་མཐུན་དྲིལ་བུ། ཁྱོད་ལ་མི་སྲོག་གཅིག་གི་ཉེས་པ་བབས་ཡོད་པས་ཁས་ལེན་བྱའམ།”
   “སྐྱག་རྫུན། ངས་སྙན་ངག་གཞུང་དྲང་ཞིག་འབྲི་བའི་ཆེད་དུ་ང་མི་ངན་པ་ཞིག་ཏུ་བརྫུས་མྱོང་ཡང་མི་སྲོག་མི་གཅོད་པ་ངའི་དམ་བཅའ་ཡིན”ཞེས་དྲིལ་བུས་ཕྱིར་དགག་པ་བཏང་།
   དཔོན་ཆེན་དེས་མདུན་ཅོག་སྟེང་གི་ཤིང་དྲིལ་དེ་ཤེད་ཀྱིས་བརྡབས་ཏེ“ཁྲོག”སྒྲ་དང་མཉམ་དུ་“རྒྱུ་མཚན་འདུག”ཅེས་བརྗོད་པ་དང་འབྲེལ“ཁྱེད་རང་ལྷ་མོ་ཞིག་གི་རྣམ་ཤེས་འཚོལ་ཕྱིར་ལྷག་བསམ་རྣམ་དག་གིས་འཇིག་རྟེན་གྱི་བདེན་པ་བཟི་སྣང་གྲང་མོས་འཚོས་པའི་སེམས་ཀྱི་ལྗོངས་ཆེན་འདིར་ཐོན་པས་ཀྱང་། བརྗེད་ཐབས་མེད་པའི་ཐ་སྙད་ཁ་ཤས་ཤིག་ད་དུང་ཡང་རེས་མོས་ཀྱིས་འཁོར་ཏེ་སྲིད་པ་ནས་བར་དོ་དང་། བར་དོ་ནས་གཤིན་རྗེའི་ཡུལ་དུ་བསྐྱལ་འདུག་པ་འདི་སེམས་སུ་བཟུང་ཡོད་དམ”ཞེས་བརྗོད་པ་ན།
   “ཁྱོད་ཀྱིས་ང་མ་བསད་ཀྱང་རང་ཉིད་སྔ་མོ་ནས་རང་གིས་བསད་ཚར་ཡོད”ཅེས་པའི་སྒྲ་ཞིག་གྲག་འགོ་བརྩམས་པར། ད་གཟོད་ཁོའི་སེམས་སུ་ལག་དམར་དེ་དྲན་པས།
   “ལྷ་མོ་ཞེས་པ་དེ••••••”ཞེས་ཚིག་མཇུག་མ་རྫོགས་གོང་ལས་མཁན་དེས།
   “ཨོ། ཁྱོད་ཀྱིས་ཟེར་བ་འདི་ཡིན་ནམ”ཞེས་སྔོན་གྱི་པི་ཝང་དེ་བསྟན་པས་དྲིལ་བུ་རེ་ཞིག་ཧ་ལས་པར་གྱུར།
   སྐབས་དེར་སྨྲ་ར་ཅན་གྱི་རྒན་པོ་ཞིག་ཚོགས་དཀྱིལ་ནས་ཡར་ལངས་ཏེ“བྱིས་པ་ཁྱོད་ཀྱིས་ངའི་རང་དབང་གི་དབྱངས་གསལ་ལོངས་སུ་སྤྱོད་ཅི་ཐུབ་ཀྱིས་མེས་པོའི་རྗེས་འབྲངས་ཡང་དག་ཅིག་བྱས་ན་མི་ཆོག་གམ། དངོས་ནས་བསམ་བློ་རྗེས་ལུས་རེད”ཅེས་ཁ་རྡུང་བཏང་།
   མཐར་དྲིལ་བུ་ཁོ་ཅི་བྱ་ལྟོས་བྲལ་དུ་གྱུར་པས“ངའི་མི་སྨྲ་བའི་བརྟུལ་ཞུགས་ལ་ཅི་ཡང་མི་སེམས་པའི་སྡོམ་ཚིག་དེ་ད་ནི་ལྷང་ངེར་ཐོན་བྱུང་”ཞེས་ཁེར་ལབ་རྒྱག་བཞིན་ལས་མཁན་དེའི་གདོང་ལ་ཅེར་ནས།
   “ཡིན། ངས་ཁས་ལེན་བྱས་པ་ཡིན།”ཞེས་བརྗོད།
   དཔོན་ཆེན་དེས་མདུན་ཅོག་སྟེང་གི་ཤིང་དྲིལ་དེ་ཤེད་ཀྱིས་བརྡབས་ཏེ“ཁྲོག”སྒྲ་དང་མཉམ་དུ་“ཚོགས་གྲོལ”ཞེས་བསྒྲགས།

༥.
   “ང་དམྱལ་བར་མི་འགྲོ”
   “སྐུ་ཞབས་དྲིལ་བུ། ཁྱོད་ཀྱི་རྩེག་རིམ་ལྡན་པའི་འདྲེན་བྱེད་ལ་བཙའ་སྟུག་པོ་ཞིག་ཆགས་འདུག་པས་འཇིག་རྟེན་ལྟ་བུའི་འོད་རླབས་ཉམས་སུ་མྱངས་པས་རང་གི་མིག་ཟུང་དེ་ཡང་མིག་ཆུ་རུ་བཞུ་བར་ཐེ་ཚོམ་མི་འདུག དེ་ཡང་ཁྱོད་འཇིག་རྟེན་ན་ཡོད་དུས་མིང་ལ་དྲིལ་བུ་ཞེས་ལུང་བསྟན་གྱི་མིང་ཞིག་བཏགས་པའི་ནོར་འཁྲུལ་རེད”ཟེར།
   “ང་དམྱལ་བར་སོང་ནས་བྱ་བ་ཅི་ཞིག་སྒྲུབ་དགོས་སམ།”
   “ཁྱོད་ཀྱིས་རང་ཉིད་ངེས་པར་འགྲོ་དགོས་པའི་དམིགས་ས་རྟོགས་ཐུབ་པས་འགྲིག”
   “དེ་ན། ངའི་མིང་ལ་‘དྲིལ་བུ’ཟེར་ཆོག་གམ།”
   “མི་ཆོག མིང་ལ‘ཅོང་རྙིང’ཞེས་བསྒྱུར་དགོས།”

༦.
   དྲིལ་བུ། ཅོང་རྙིང་།
   “ངས་སླར་ཡང་མི་ཡུལ་གྱི་བདེ་སྡུག་སྙོམས་ཐུབ་སོང་”ཞེས་དྲིལ་བུ་དགའ་ནས་རང་ཉིད་“གཏུན་ཤིང”བྱ་དགོས་པ་བྱས་རྗེས་ཤིག་ཏུ་བརྩི་གིན་མི་འདུག་ལ། དེ་བས་ཀྱང་རང་ཉིད་ཉེས་ཅན་ཞིག་ཏུ་འཁྲུལ་བའི་གནད་དོན་གྱི་སྐོར་ལ་སེམས་ཁུར་རྩ་བ་ནས་བྱེད་ཀྱིན་མི་འདུག།  
 
----------------------------------------------------
①   ཏཱ་ཝན་སི། (Leonardo Di Ser Piero Da Vinci)  དབྱི་ཏ་ལའི་རིག་རྩལ་བསྐྱར་དར་དུས་ཀྱི་རི་མོ་བ་མཁས་མཆོག་གསུམ་གྱི་གྲས་དང་། རིག་ཚན་ཀུན་ལ་འཇོན་པའི་འཛམ་གླིང་གི་མཁས་པའི་ཏོག་ལྟ་བུར་བརྗོད། བརྩམས་ཆོས་གཙོ་བོ《མོན་ཎ་ལིས་ས》སོགས་ཡོད།
②   བྷོ་ཏི་ལེར། (Charles Pierre Baudelaire)  ཧྥ་རན་སེའི་སྙན་ངག་པ་གྲགས་ཅན།  དེང་རབས་རིང་ལུགས་སྙན་ངག་གི་མེས་པོར་བཀུར་གྱིན་ཡོད། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཤིན་རྗེའི་ལག་རྡོ། (བརྩམས་སྒྲུང་གསར་མ)

2020-02-17 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།