གོ་རེ་ཐལ་བསྲེགས་མ།
-བྱིས་དུས་ཀྱི་ཕ་ཡུལ་དྲན་པ།
དཀར་ཡོལ་འབྲུག་རིས་མ་ཞིག་བརྗེད་རྒྱུ་མེད།།
གྲི་ཆུང་ཕྲ་ཤན་མ་ཞིག་བརྗེད་རྒྱུ་མེད།།
ཐོ་རུ་རྔོག་བཅད་མ་ཞིག་བརྗེད་རྒྱུ་མེད།།
ཕ་ཡུལ་གད་ཁུང་སྙིང་མགོ་རིལ་རིལ་ཡིན།།
མཆོད་མེ་མཚན་ཐུབ་ཁེར་ཞིག་བརྗེད་རྒྱུ་མེད།།
སེམས་ཀྱི་མཐིལ་ན་འོད་ཟེར་ལམ་ལམ་འབར།།
བཏགས་ཁྱི་རྒྱ་བོ་ཁེར་ཞིག་བརྗེད་ཀྱི་མེད།།
སྙིང་གི་སྒོ་ན་ལྕགས་ཐག་སིལ་སིལ་འཕྱོ།།
རས་ཡུག་ཁ་ཐེལ་ཅན་ཞིག་བརྗེད་རྒྱུ་མེད།།
གོས་ཆེན་གཡུང་དྲུང་ཅན་ཞིག་བརྗེད་རྒྱུ་མེད།།
སྐ་རགས་སྣེ་ཙོར་ཅན་ཞིག་བརྗེད་ཀྱིན་མེད།།
ཕ་ཁྱིམ་གྲུ་བཞི་མིག་འབྲས་ལོག་ལོག་ཡིན།།
ཐང་ཀ་རྙིང་སོང་མ་ཞིག་བརྗེད་རྒྱུ་མེད།།
དུད་དྲེག་རྐང་གི་ནང་ལ་ཆགས་ནས་ཡོད།།
ཤིང་ཟེའུ་ཐིག་ལོང་མ་ཞིག་བརྗེད་རྒྱུ་མེད།།
འོ་དྲི་མཆིན་པའི་ཐོག་ལ་ཁྱབ་ནས་ཡོད།།
ཁ་ངོ་ཟླ་གོར་འདྲ་ཞིག་བརྗེད་རྒྱུ་མེད།།
ལན་བུ་རྒྱ་ལྕང་འདྲ་ཞིག་བརྗེད་རྒྱུ་མེད།།
ཐུ་སྣེ་མེ་ཏོག་འདྲ་ཞིག་བརྗེད་རྒྱུ་མེད།།
ལུག་ཆུང་འཚོ་རོགས་ཁོག་ངོར་བྲིས་ནས་ཡོད།།
རྟ་སྒ་ཧོར་ཡིག་ཅན་ཞིག་བརྗེད་རྒྱུ་མེད།།
སྔ་རུ་མཐོ་ཞིང་ཕྱི་རུ་དམའ་ཙམ་ཡོད།།
ཀོ་སྲབ་དངུལ་གནོན་ཅན་ཞིག་བརྗེད་རྒྱུ་མེད།།
ཁ་དམར་ཚ་ལ་སྲབ་མདའ་རིང་ཙམ་ཡོད།།
བལ་ཕྱར་མིག་དགུ་ཅན་ཞིག་བརྗེད་རྒྱུ་མེད།།
ཆུ་ཟོ་ལྕགས་དཀྲིས་ཅན་ཞིག་བརྗེད་རྒྱུ་མེད།།
བེའུ་ཆུང་སྐེ་ཐིག་ཅན་ཞིག་བརྗེད་རྒྱུ་མེད།།
མ་སྲུའི་ལག་ཟས་རྐན་ངོར་འབྱར་ནས་ཡོད།།
ཐེ་གེ་སྒམ་ཆུང་གཅིག་པོ་བརྗེད་རྒྱུ་མེད།།
ཚོན་རྩི་དཀར་དམར་སེར་གསུམ་བསྐུས་ནས་ཡོད།།
འབའ་རྡེའུ་སྐྱི་ཁུག་གང་བོ་བརྗེད་རྒྱུ་མེད།།
རི་མོ་གྲུ་གསུམ་ཟླ་གམ་བབས་ནས་ཡོད།།
སྦྲ་དང་ཨ་མ་གཉིས་ལ་བརྗེད་དུས་མེད།།
ཕ་དང་ཁལ་གཡག་གཉིས་ལ་བརྗེད་དུས་མེད།།
བརྗེད་མེད་ཁོག་ནས་ཚ་བའི་ཟུག་གཟེར་འདི།།
ཕྱོགས་ཡན་སེམས་ཀྱི་རྒྱལ་མོས་ང་ལ་བཞག།
བཅོས་མའི་དགག་སྒྲུབ་གཟེར་བུ་མ་བཏབ་ཅིང་།།
སྤང་བླངས་གནད་ཀྱི་ཞིབ་ཆའང་མ་ཕྱེས་པའི།།
གཟོད་མའི་སྤྲིན་ཆར་རང་གདར་འཁྲིགས་པ་འདི།།
སྙན་ངག་གཅིག་པུའི་དབྱིངས་ལ་འུབ་ཀྱིས་བསྡུད།།
རྩོམ་ཁུངས། ཞི་བདེ་འི་དུང་སྒྲ།