འཆལ་བོའི་ལྟ་མགུར།
མི་ཚེ་ཤ་དང་ཁྲག་ལ་བཅོས་བཞིན་དུ། །
མི་ཡི་དགའ་སྐྱོ་ཆགས་སྡང་ཡོད་བཞིན་དུ། །
མདོག་དང་བྲོ་བ་མེད་པའི་གྲྭ་ཤག་ཏུ། །
བདག་གི་བན་ཆུང་རྣམས་ནི་འོ་རེ་བརྒྱལ། །
གྲོགས་པོ་ལྟོས་དང་འཁོར་བའི་ཐང་ཆེན་གྱི། །
རི་ཆུ་བ་གམ་བརྩེགས་པའི་དགའ་ཚལ་ན ། །
སྨིན་ལེགས་དུངས་སེམས་ཅན་གྱི་བུ་མོ་དེས། །
ཁྱོད་ལ་ཆེད་དུ་འབོད་པ་མ་མཐོང་ངམ། །
ཚོར་བའི་ལུ་གུ་ལྡིང་བའི་རྗེས་ཤུལ་དུ། །
མི་ཡི་རི་མོ་མི་སྟོན་ཅི་ལ་སྲིད། །
འཁོར་བའི་གླིང་ཀ་གཅིག་ཏུ་འགྲིམ་པ་ལ། །
རྟོག་གེའི་ཁ་ཤགས་ཙམ་ལ་མ་ཞེད་ཅིག །
སྔོན་ནས་ད་བར་བོད་དང་བལ་ཡུལ་གྱི། །
སྤྲུལ་བའི་ཨ་ཇོ་དག་གི་ཞམ་འབྲིང་སྟེ། །
ངོ་ཚས་སྒྲོག་གིས་བཅིངས་པའི་གནས་བརྟན་ཚོ། །
རང་ཉིད་རང་གིས་གསོད་ལ་དཔའ་བ་བདེན། །
ཡིན་ཡང་དགོན་པའི་བྲན་གྱི་དགེ་སློང་ཞིག །
མི་སྐྱིད་སྣང་བ་འཁྲུགས་པའི་ནམ་ཞིག་ལ། །
རང་དབང་དགོད་སྒྲ་མཆེད་པའི་ཞིང་ཁམས་དེར། །
དམ་ཚིག་ཤུགས་ཀྱིས་ཆོད་པ་འདི་རེ་དགའ། །
རིན་ཆེན་ཐང་མ་གམ་ལ་སྤུངས་བཞིན་དུ། །
ཞ་འོན་ལྐུགས་པའི་རྟུལ་ཞུགས་སྐྱོང་བ་འདི། །
བདག་ཅག་ཆོས་པ་རྣམས་ལ་དཀོན་མཆོག་གིས། །
བསམ་བཞིན་ཁྱད་གསོད་བྱེད་པ་ཨེ་ཡིན་ནམ། །
བརྩེ་བའི་ཆུང་མ་དོང་གི་མེ་ཏོག་ཡིན། །
གཅེས་པའི་བུ་ཕྲུག་ནགས་ཀྱི་སིལ་ཏོག་ཡིན། །
མཛེས་པའི་ལྟད་མོ་འདི་འདྲ་མ་མཐོང་བའི། །
མིག་གི་དབང་བོ་དེ་ཡང་དོན་ཡོད་མིན། །
ཨེ་ཧོ་ངོ་མཚར་མི་ཡི་འཚོ་བ་ལ། །
རོལ་ཅིང་མྱོང་བའི་གདམ་གསེས་བྱེད་པ་ནི། །
ཤིན་ཏུ་འོས་སོ་ལས་མཐུན་རོགས་པ་ཚོ། །
སུ་ལ་ནོངས་པ་ཙམ་ཡང་སྐྱེ་དགོས་མེད། །
གང་དུ་བསྡད་ཀྱང་མི་ཡི་རྩིས་ཐང་ལ། །
དངོས་སུ་གཅེས་པའི་ལས་ཀ་མ་དོར་ན། །
གུད་ན་མེད་པའི་སྐྱེ་བའི་དོན་སྒོ་ལ། །
འདི་ལས་ལྷག་ཅིག་ཁོ་བོས་མི་འཚོལ་ལོ། །
ཨ་ཙུ་ཀུ་རེ་བདག་འདྲའི་འཆལ་བོ་ལ། །
ཆོས་གཏམ་སྨྲ་བའི་དབང་སྐལ་ག་ན་ཡོད། །
འདི་འདྲའི་དྲང་གཏམ་རང་འདྲའི་སེར་གཟུགས་ལ། །
ནང་རྒྱུས་དམར་པོ་ཇི་བཞིན་བཤམས་པ་ཙམ། །
༢༠༠༦ ༢ ༡༨
རྩོམ་ཁུངས། སེང་རྡོར་དྲ་བ།