བཅད་གསར་སྙན་ངག་གི་སྤྱི་དོན་མངར་སིལ་འཐུལ་བའི་བྱེ་རིལ་ཞེས་བྱ་བ།
ནང་དོན་གནད་བསྡུས། རྩོམ་ལུས་ཀྱི་འདྲ་བའི་ཆ་དང་མ་འདྲ་བའི་ཆ་ལས་ཡང་ཡང་སྤྲོས་ཤིང་བསྡུར་མཐར། ལུང་རིགས་དཔེ་གསུམ་གྱི་སྒོ་ནས་བཅད་གསར་སྙན་ངག་ཅེས་པ་གཏན་ལ་ཕབ་ཡོད། དེ་ཡང་གཞི་གྲངས་ཁོ་ནས་མགོ་གཡོགས་ཐབས་བྱས་པ་ཙམ་མིན་པར། བོད་རང་གི་གཏམ་ཚོགས་ཀྱི་དཔྱད་ཐབས་རང་སྤྱད་ནས་ངར་བླུད་དེ་རྣོ་ཕུད་ཡོད། མདའ་དང་འཕང་གི་རྩོམ་པ་པོས་ཁོང་གིས་བྲིས་པ་དག་ལ་དཔྱད་རྩོམ་ཟེར་བ་ལས་ཀྱང་གཏམ་ཚོགས་ཟེར་ན་འཚམ་ཞིང་། དོན་གྱིས་བོད་ལ་མཚོན་ན་གཏམ་ཚོགས་ནི་ད་གཟོད་རྒྱལ་སྤྱིའི་དཔྱད་རྩོམ་དང་གོ་བ་མཉམ་པ་དེ་ཡིན་ཞེས་གསུངས་པའི་དགོངས་པ་ཡང་རྒྱབ་རྟེན་དུ་བཟུང་ཡོད།
གནད་འགག་མིང་བརྡ། བཅད་གསར་སྙན་ངག རྩོམ་ལུས། བོད་སྐད་ཀྱི་གཏིང་། ཡིད་འགྱུར། འཆར་སྒོ།
ལེའུ་དང་པོ། སྔོན་འགྲོ་དང་བཅས་ཏེ་བཅད་གསར་སྙན་ངག་གི་རྩ་བའི་གོ་དོན་གླེང་བ།
དེ་སྔར། བདག་གིས་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་གི་བསྒྲགས་གཏམ་ཞེས་པ་སྤེལ་དོན། ལ་ལ་ནང་བཞིན་བོད་ཀྱི་རིག་གནས་ཆེ་བ་བཅུའི་ཁར་གཉིས་བསྣན་ཏེ་མང་དུ་བཏང་བཞག་ཅེས་པ་ལྟ་བུའི་ཆེ་རྒུའི་སྒྲོབ་ཉམས་སྟོན་འདང་མིན་ལ། གསར་བཏོད་པ་དང་སྲོལ་འབྱེད་པ་ལྟ་བུའི་མིང་ཐོབ་སྐམ་པོ་ཞིག་ལ་ཤིང་སྐས་འཛུགས་འདོད་ཀྱང་དངོས་གནས་མིན། ཡིན་སེམས་ཐག་ནི། བགྲེས་སོང་དག་ལ་ཚིགས་བཅད་ད་ནི་ཤི་ཚར་ལྟ་བུའི་འཇིགས་སྣང་སྐྱེས་ཤིང་གཞོན་སྐྱེས་མང་ཆེར་གྱིས་ཚིགས་བཅད་ད་ནི་དུར་འཇུག་བྱས་ཟིན་ལྟ་བུའི་གཡག་ཆད་དོས་དྲུད་ཀྱི་སྐབས་གང་འདྲར། འབྲོག་ཕྲུག་དཀྱུས་མ་འགའི་དེབ་རེ་ཟུང་ལ་བརྟེན་ཏེ་གློ་བུར་དུ་སྲོལ་རྒྱུན་ཚིགས་བཅད་ལས་ལྡོག་ཅིང་རང་མོས་རྩོམ་ལུགས་ཀྱང་མ་ཡིན་པའི་ཚིགས་སུ་བཅད་པའི་བསྟན་པ་གཞན་ཞིག་ས་དར་རྡོ་དར་བྱས་སོང་བ་འདིར། གནས་སྐབས་སུ། བཅད་རྩོམ་གསར་མའི་སྙན་ངག་གམ་ཡང་ན་ཐད་ཀར་དུ་བཅད་གསར་ལྟ་བུ་ཞིག་གདག་བཞག་ན་ཅི་དགའ་ཨང་ཞེས་གཞན་དག་ལ་གྲོས་མགོ་བཏོན་པ་ཞིག་ཡིན། འཆུམས་དཀའ་བའམ་བསམ་འོས་པ་ཞིག་ལ། བསྒྲགས་གཏམ་མམ་གྲོས་མགོ་དེས་རྐྱེན་བྱས་བོད་ཡུལ་སོ་སོར་བཅད་གསར་སྙན་ངག་གི་དེབ་ཡིན་ཞེས་པ་དང་བཅད་གསར་སྙན་ངག་གི་གླེང་སྟེགས་ཡིན་ཞེས་པ་དང་བཅད་གསར་སྙན་ངག་གི་ཚགས་པར་ཡིན་ཞེས་པ་སོགས་ཀྱི་ཡོ་ལང་རྣམ་པར་འཁྲིགས་སོ།། ད་དུང་བཅད་གསར་སྙན་ངག་གི་འདི་དང་ཀན་སོགས་བསྒྲུབ་རྒྱུ་ཞེས་འཆར་ཅན་གྱི་གཏམ་ལབ་མཁན་ནི་བརྩི་མི་ཐོན། མི་ཚང་མས་ཚིགས་བཅད་ཅེ་ན་མགོ་བོ་འཕྲེད་དུ་གཡུགས་ཏེ་རྣ་བ་ལག་པས་གཅོད་སྐབས་ཤིག་ལ། ཡང་བསྐྱར་ཚིགས་བཅད་ནི་པི་ཝང་རེད་ཚིགས་བཅད་ནི་སྒྲ་དབྱངས་རེད་ཟེར་དོན་ག་རེ་ཡིན་ནམ། སྐྱེ་བོ་དག་ཚིགས་བཅད་ལ་ཆད་སྣང་སྐྱེས་ཤིང་ཚིགས་བཅད་ལ་འཐབ་མོ་སྦྲན་པའི་དུས་ཤིག་ལ། སླར་ཡང་ཚིགས་བཅད་ནི་བུ་རམ་རེད་ཚིགས་བཅད་ནི་སྦྲང་རྩི་རེད་ཟེར་དོན་ཡང་ཅི་ཞིག་ཡིན་ནམ།དེ་ནི་ད་ལྟའི་ཚིགས་བཅད་དང་སྔར་གྱི་ཚིགས་བཅད་གཉིས་མ་འདྲ་བས་རེད། གང་མ་འདྲ་བའི་ཆ་དེ་ལ་ང་ཚོས་གསར་ཞེས་འབོད་བཞིན་ཡོད། ཅུང་འདྲ་བའི་ཆ་དེ་ལ་ང་ཚོས་བཅད་ཅེས་འབོད་བཞིན་ཡོད། ལྷན་དུ་བསྡོམས་ཏེ་ང་ཚོས་བཅད་གསར་ཞེས་འབོད་བཞིན་ཡོད། རྩོམ་ལ་སྦྱར་ནས་ང་ཚོས་བཅད་རྩོམ་གསར་མ་ཞེས་འབོད་བཞིན་ཡོད། སྙན་ངག་བསྣན་ཏེ་ང་ཚོས་བཅད་རྩོམ་གསར་མའི་སྙན་ངག་ཅེས་འབོད་བཞིན་ཡོད་དོ། ། འོན་ཏེ། ད་ལྟའི་བཅད་གསར་སྙན་ངག་འབྲི་མཁན་མང་ཆེ་བ་ཞིག་ད་དུང་སྨིན་ཐག་མ་ཆོད་པའི་ཚོད་ལྟའི་གོ་རིམ་དུ་ལུས་ཡོད་པ་དང་། བརྩམས་ཆོས་ཀྱི་ངོས་ནས་མང་པོ་ཞིག་མིང་ལ་བཅད་གསར་བཏགས་པ་ཙམ་ལས་དོན་ལ་གང་ཡིན་འདི་ཡིན་མི་ཤེས་པ་ཞིག་ཏུ་ལུས་ཡོད་པའང་འབེལ། ཡིན་ཡང་། ཁོ་ཚོས་བཅད་གསར་སྙན་ངག་གི་དགེ་མཚན་རིག་ཡོད་པ་བསྙོན་དུ་མེད་ལ་ཁོ་ཚོ་བཅད་གསར་སྙན་ངག་ལ་དད་གུས་འཆོར་བཞིན་པའང་མི་བདེན་ ལབ་ཐབས་མེད། ངས་བལྟས་ན། འཐུས་ཤོར་ཉུང་ཙམ་ཡོད་པ་དེས་བཅད་གསར་པ་དག་ལ་ཅི་ཡང་མི་སྐྱོན་སྙམ། མ་གཞི་ནས་འཚར་ལོངས་དང་ལྷན་ཅིག་ཡོད་པའི་ཆོས་ཉིད་གཞན་ཞིག་ནི་ཏག་ཏག་འཐུས་ཤོར་རེད། ལྡེ་མིག་གསེབ་པ་དང་ཟྭ་འབྱེད་པ་དང་ཁྱིམ་རིག་པ་སོགས་ནི་འཕྲོ་རིམ་འཕྲོར་ཡོང་དགོས་པ་ལས་དང་པོ་ནས་ཁྱིམ་དུ་ཐོན་ཡོད་པ་ཞིག་ག་ལ་ཡོད་དམ། གང་ལྟར། ཕྲན་གྱིས་དྲང་ལྡོག་ཕྱོགས་གཉིས་ནས་བཅད་གསར་ལ་རྫི་གསང་རྣོ་བ་དག་གི་ཆེད་ཅིས་ཀྱང་ཡི་གེ་འགའ་འབྲི་ན་འདོད་པས། ཁྱོན་བསྡོམས་སྔོན་འགྲོ་ཐེ་བའི་ལེའུ་རིང་ཐུང་བཅུ་དྲུག་གི་ལམ་ནས་འགྲུབ་པར་བྱའོ། །
ལེའུ་གཉིས་པ། འཆད་འགྱུར་གྱི་དོན་འདི་ངེས་པ་ལ་ཐོག་མར་ཤེས་དགོས་པའི་གནད་འགའ།
(༡) རྩོམ་ལུས་ཀྱི་ངོས་འཛིན་དང་དེའི་དམིགས་བསལ་གནས་སྟངས་སྐོར། ཚིག་རྐང་གཅིག་གཉིས་ཤིག་གི་སྟེང་ནས་རྩོམ་ལུས་རེ་ངོས་འཛིན་དགོས་ཚེ་ནམ་ཡང་དབྱེ་བ་ཁོར་དུ་མེད་ཅེས་རྩོམ་རིག་གཞུང་ལུགས་མང་པོར་ནན་གྱིས་བསྟན་ཡོད། ཚིག་རེ་ཟུང་ཞིག་དམིགས་སུ་བཟུང་བ་ཡིན་ན། གསར་འགྱུར་ཁྲོད་ན་སྙན་ངག་གི་སྐད་ཆ་ཡོད་སྲིད་ལ། སྙན་ངག་གི་ནང་ནའང་གསར་འགྱུར་གྱི་ཚིག་གཏན་ནས་མེད་མི་སྲིད། དེ་བས་རྩོམ་ལུས་ལ་འཇུག་དུས་བསྡུས་གྲྭའི་རིག་ལམ་སྤྱད་ན་ཡོང་གི་མ་རེད། ལྟ་བ་ལྡེམ་པོ་ཞིག་གིས་ལྟོས་བཅས་ཀྱི་རྣམ་གཞག་ཅིག་ལས་འཇོག་ཏུ་མ་ཡོད་པས། རྩོམ་ལུས་གསར་རྙིང་ཞེས་པ་ཐག་པ་གྲིས་བཅད་པ་ལྟ་བུའི་གཉིས་ཤིག་གཞར་ཡང་ཡོང་སྲིད་པ་མ་རེད་ལ། ཡོང་འོས་པ་ཡང་མ་རེད། གསར་དང་རྙིང་ཞེས་པ་ལྟོས་བཅས་ཤིག་ཡིན་པ་རེད། ལྟོས་བཅས་ཀྱི་དོན་ནི། གཅིག་གིས་གཅིག་ལ་རག་ལས་པ་དེ་རེད། དེའང་མཐའ་རུ་མ་ལྟུང་བ་ཞིག་གལ་ཆེ། རྩོམ་ལུས་ཤིག་གླེང་དུས། བཅུ་ཐམ་པ་ཏག་ཏག་ཡིན། ནག་པོ་རྐྱང་རྐྱང་རེད། ཟུར་གསུམ་ཁོ་ནའོ་ཟེར་རྒྱུ་ཡོད་པ་མ་རེད། ནུབ་ཕྱོགས་སོགས་ཀྱི་འཛིན་མཚམས་ཅུང་མི་འདྲ་བའི་རྩོམ་རིག་གི་གྲུབ་མཐའ་ཐམས་ཅད་ཐོག་མར་བསྒྲགས་གཏམ་གྱི་རྣམ་པས་བྱུང་། ཁ་གཡང་གི་རྣམ་པས་བྱུང་། ཡ་ལ་ཡུན་གྱིས་རགས་པའི་རྣམ་གཞག་གྲུབ། མི་ལོ་བརྒྱ་སྐོར་རེའི་མཚམས་སུ་རྩོམ་ལུས་རང་གི་ཅུང་ཆ་ཚང་བའི་ངོ་བོ་འཕེལ་རྒྱས་བྱུང་བ་ཞིག་རེད་མ་གཏོགས། དང་པོ་ནས་འགྱུར་མེད་རྟག་བརྟན་དང་སྲ་གཟུགས་ཨ་འཐས་ཀྱིས་ལྷུང་ཡོང་བ་ཞིག་གཏན་ནས་ཡོད་པ་མ་རེད། ཡིན་ཙང་། བཅད་གསར་སྙན་ངག་ཀྱང་དེ་ལས་མ་འདས་པ་ཡིན་ནོ། ། (༢) རྨང་གཞིའི་ཤེས་བྱ་མི་ལྡན་པ་དག་ལ་ལན་རྒྱག་ཐབས་བྲལ། མགུར་དང་ལེགས་བཤད་ཀྱི་དང་། ལེགས་བཤད་དང་བསླབ་བྱ་ཡི་དང་། རྣམ་ཐར་དང་རྟོགས་བརྗོད་སོགས་ཀྱི་ཁྱད་པར་མི་ཤེས་པ་དེས་བཅད་གསར་སྙན་ངག་གང་འདྲ་ཞིག་ཡིན་པ་རྩ་བ་ནས་ཧ་གོ་ཐུབ་ཐབས་བྲལ། རྒྱུ་མཚན་ག་རེ་ཡིན་ཞེ་ན། ཁོ་ཚོར་རྩོམ་ལུས་ཀྱི་རྨང་གཞིའི་ཤེས་བྱ་མི་ལྡན་པས་ཡིན། སུས་དེ་དག་གི་ཁྱད་པར་གཏན་གཏན་ཤེས་པ་དང་། མཚན་ཉིད་གཏན་གཏན་ཞོག་པ་ཡིན་ན། དེས་ནི་བཅད་གསར་སྙན་ངག་ཇི་ལྟ་བུ་ཞིག་ཡོད་པའང་ཚེགས་ཆུང་ངུས་རྟོགས་པར་འགྱུར་རོ། ། མགུར་དང་ལེགས་བཤད། ལེགས་བཤད་དང་བསླབ་བྱ། རྣམ་ཐར་དང་རྟོགས་བརྗོད་སོགས་ལ་གཞི་མཐུན་མེད་པ་མིན་མོད། དེ་ཙམ་གྱིས་དེ་དག་རྩོམ་ལུས་གཅིག་ཏུ་མི་འགྱུར་བ་ཡིན། མི་འདྲ་བའི་ཁྱད་པར་གང་འཚམ་ཞིག་ལ་བརྟེན་ཏེ། མགུར་འདི། ལེགས་བཤད་འདི། བསླབ་བྱ་འདི། རྣམ་ཐར་འདི། རྟོགས་བརྗོད་འདི་ཞེས་བོས་དང་འབོད་ཀྱིན་ཡོད་ན། སྲོལ་རྒྱུན་སྙན་ངག་དང་བཅད་གསར་སྙན་ངག་གི་ཁྱད་པར་ཡང་གཞི་མཐུན་ཡོད་བསྡད་པའི་ཁྱད་པར་ཞིག་ཡིན་པ་འདི་ཤེས་ཐུབ་པ་བྱ་དགོས། འོ་ན། གཞི་མཐུན་ཡོད་པ་ཐམས་ཅད་གཅིག་ཏུ་བརྩིས་པས་དྲག་གམ་ཞེ་ན་མི་དྲག་ཟེར་རྒྱུ་ཡིན། མཁས་པ་འགའ་རེས། མིག་རྣ་སོགས་ཆ་རེ་དང་གཞན་མང་པོ་ཡ་རེ་ཡོད་པའི་ཆ་ནས་མི་དང་དུད་འགྲོ་གཉིས་པོར་གཞི་མཐུན་ཧ་ཅང་མང་མོད་དེ་ཙམ་གྱིས་མི་དང་དུད་འགྲོ་གཅིག་པ་རེད་ལབ་ན་རྩ་བ་ནས་འགྲིག་གི་མེད་གསུངས་པ་རེད། དེ་ཤིན་ཏུ་བདེན། གཞི་མཐུན་ཡོད་པ་ཙམ་གྱིས་གཅིག་ཏུ་འགྱུར་དགོས་ན་ཡི་གེ“པ”དང“བ”གཉིས་ཀྱང་གཅིག་ཏུ་འགྱུར་ལ། ཨ་མ་དང་ཆུང་མ་སོགས་ཀྱི་བྱེ་བྲག་ཀྱང་མི་དགོས་པས་བུད་མེད་ཡིན་པ་ཐམས་ཅད་ལ་ཨ་མ་ཟེར་བའམ་ཡང་ན་ཆུང་མ་འབོད་དགོས་པར་འགྱུར་རོ། ། དེ་ལྟ་ན་བྱ་བ་ཐམས་ཅད་རྙོག་སྟེ་མཚམས་མི་ཤེས་པ་ཞིག་ཡོང་བས་ཅི་ལ་དྲག དེ་འདྲའི་མཐའ་རུ་མི་གོལ་ཕྱིར་འཇིག་རྟེན་དུ་མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པ་སོགས་ཟམ་མ་ཆད་པར་དར་བ་ཡིན། རིག་པ་དེ་དག་གིས་ནི་དུས་དང་དུས་སུ་མཚན་ཉིད་འགོད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྨིན་ཟིན་པ་དང་སྨིན་ལ་ཉེ་བའི་བྱ་བ་སྣ་ཚོགས་ཚད་དང་གྲངས་ལ་འཇལ་གྱི་ཡོད་པ་རེད། དེང་གི་སྐད་ཆས་བཤད་ན། ཐོ་རྒྱག་གི་ཡོད་པ་རེད། དོ་དམ་བྱེད་ཀྱི་ཡོད་པ་རེད། དེ་ནི་མཚན་ཉིད་རིག་པ་གཙོས་པའི་གཞུང་ལུགས་ཐམས་ཅད་ཀྱི་འགན་འཁུར་ཡང་རེད། ད་ཚོད། ང་ཚོས་བཅད་གསར་སྙན་ངག་ཅེས་ཁ་ཁ་ཞིག་མཐོང་ཐུབ་པའང་དེས་བྱས་པ་རེད། (༣) ཟམ་མི་ཆད་པར་ཡོང་བའི་གསར་བ་དང་ག་ལེར་འགྲུབ་དགོས་པའི་གཞུང་ལུགས། སྙན་ངག་སོགས་ལ་མཚོན་སྟངས་གསར་བ་འབྱུང་ངེས་པ་ནི་མིའི་རྣམ་རྟོག་ལ་ཚད་མེད་པས་ཡིན། རྩོམ་སོགས་མུ་མཐུད་དུ་གསར་བའི་ཆ་དང་སྦྲེལ་མཐུད་ཡོང་དགོས་པ་ནི་མིའི་དགོས་མཁོ་རིགས་ཤིག་གསར་བ་ལ་བརྟེན་ཏེ་བསྐོང་དགོས་པས་ཡིན། དེ་ལའང་ཚད་མེད་པས། འདི་ནས་བཟུང་གསར་བ་མི་དགོས་ཟེར་རྒྱུ་ཞིག་མེད། དེ་དག་ལ་སྤྱི་སྡོམ་དང་རིགས་དབྱེ་ཕྱེས་པས་གཞུང་ལུགས་ཞེས་པ་དེ་གྲུབ། གཞུང་ལུགས་དེ་ལྟར་གྲུབ་པ་མ་གཏོགས་ཡོང་སྟངས་གཞན་ཞིག་ཡོད་པ་མ་རེད། ཡིན་ཙང་། ད་ལྟ་བཅད་གསར་ཡོད་མེད་གླེང་བ་ནི་དུས་ལས་ཡོལ་བའི་སྐད་ཆ་རེད། ཡོད་པ་ལ་ཐེ་ཚོམ་ཙམ་ཡང་དགོས་དོན་མེད། སྐབས་སུ་བབས་པ་ནི་མཛུབ་སྟོན་གང་འདྲ་ཞིག་གིས་བཅད་གསར་གྱི་རྣམ་པ་དང་ངོ་བོ་སྟུག་པོར་མཚོན་རྒྱུ་དེའོ། ། (༤) ཁྱོན་ནས་གསར་བ་མཐོང་མི་ཐུབ་པའི་“མིག”དག་ལ་ཐབས་ཤེས་མེད། མི་ལ་ལས་རང་མོས་སྙན་ངག་ཟེར་ཡ་ཞིག་མེད་ལབ་བཞིན་ཡོད་ལ། བཅད་གསར་སྙན་ངག་ཅེས་པ་ཞིག་ཀྱང་མེད་ལབ་བཞིན་ཡོད། དེ་ནི་ཁོ་ཚོས་རྩོམ་རིག་ཅེས་པའི་རྩ་བའི་འགྲོ་སྟངས་ཧ་མ་གོ་བས་རེད། ཁོ་ཚོའི་མིག་ལམ་དུ། བཅད་གསར་ལྟ་ཞོག བྱུང་དང་འབྱུང་བཞིན་པའི་རིག་ཚན་བརྒྱ་སྟོང་མང་པོ་ལྷག་མ་ཞིག་ཡིན་ངེས། ཁོ་ཚོས་བལྟས་ན་དེ་དག་ཐམས་ཅད་གཅིག་པ་ཞིག་ལས་ཐ་དད་ཅིག་ཡོང་གི་མེད་ཚོད་རེད། ང་ཚོས་ཀྱང་མིག་དེ་འདྲ་ཞིག་གིས་བལྟས་པ་ཡིན་ན། འཇིག་རྟེན་འདིར་གསར་བ་གང་ཡང་ཡོད་པ་མ་རེད། བརྙན་འཕྲིན་ཡང་གསར་བ་ཞིག་ག་ལ་ཡིན། རྡུལ་རྫས་བརྒྱད་མཉམ་གཅིག་ཏུ་འདུས་པ་ཙམ་མོ། །
ལེའུ་གསུམ་པ། བཅད་གསར་ཞེས་པའི་ཚིག་སྡུད་ཀྱི་དག་ཆ་ངོ་སྤྲོད་པ།
བཅད་གསར་ནི་བཅད་རྩོམ་གསར་མའི་སྙན་ངག་ཅེས་པའི་ཚིག་སྡུད་ཡིན་ལ། ཚིག་སྡུད་ཀྱི་དོན་ནི། མིང་གཉིས་སམ་མང་པོའི་བར་གྱི་རྣམ་དབྱེ་རྣམས་བསྡུས་ནས་ཡང་བསྐྱར་མིང་དུ་བསྒྱུར་པའི་འབྲི་ཚུལ་ཁྱད་པར་ཅན་ཞིག་སྟེ། ནང་གསེས་ལ་ལས་འཛིན་དང༌། བ་གཉིས། དེའི་སྐྱེས་བུ། འབྲུ་མང༌། ཟླས་དབྱེ། མི་ཟད་པ་བཅས་དྲུག་ཡོད་པ་རེད། དཔེར་ན། ཁྲིམས་ཀྱིས་བཅད་པའི་ཡི་གེ་ལ་བཅད་ཁྲ་ཟེར་བ་དང་། བཅད་གཏུབ་བྱས་པའི་དུམ་བུ་ལ་བཅད་དུམ་ཟེར་བ་དང་། དངོས་པོའམ་བྱ་བ་འགའ་ཞིག་གཅིག་གིས་མཚམས་བཅད་ནས་གཞན་གཅིག་ཏུ་བསྒྱུར་པ་ལ་བཅད་སྒྱུར་ཟེར་བ་ལྟ་བུ་རེད། ཁ་ཅིག་ལྟར་མགོ་ལོག་རྩེད་པ་ཡིན་ན་མིང་གང་ལའང་སྐྱོན་རྒྱག་རྒྱུ་རང་ལོས་ཡོད། རང་མོས་ཞེས་པའི་ཐ་སྙད་ཀྱི་རྩ་བའི་གོ་དོན་ནི་མི་རང་རང་གི་འདོད་མོས་ཙམ་དུ་ཟད་པས་འགྲོ་འདུག་རང་མོས་དང་ཟ་འཐུང་རང་མོས་སོགས་ལ་འཁྲུལ་ཉེན་ཆེ་ན་གསར་དུ་དར་བའི་རྩོམ་ལུས་ཤིག་གི་མིང་ཡིན་པ་ཅི་ཆ། སྙན་ངག་གསར་བ་ལབ་ནའང་དེ་ཙམ་སྟེ། རྣམ་པ་བཅད་ལྷུག་གང་ཡིན་ལ་མ་ལྟོས་པར་ད་སོ་མར་བྲིས་པའི་སྙན་ངག་ལའང་སྙན་ངག་གསར་བ་ཟེར་བས་སོ། ། འོན་ཀྱང་སྔོན་དུ་འགྲོ་དགོས་པ་གང་ཞིག་སོང་ཚར་བ་དང་དངོས་གཞིར་བསྒྲུབ་དགོས་པ་གང་ཞིག་བསྒྲུབས་ཟིན་པའི་རྗེས་སུ་མིང་དེ་དང་དེ་སྤྱོད་པ་ཡིན་ལ། རང་རང་གི་གདགས་གཞི་ཡང་ཡོད་པའི་ཕྱིར་མིང་མ་ཡིན་པ་ཞིག་དང་མིང་གཞན་ཞིག་ཏུ་ནོར་བའི་སྐབས་མེད་དོ། ། གཞི་གཅིག་ལ་མི་དང་གང་ཟག་དང་སྐྱེས་བུ་ཞེས་མིང་དུ་མ་སྦྱོར་སྲོལ་ཡོད་པ་བཞིན། བཅད་གསར་ལའང་འགའ་ཞིག་བཅད་རྩོམ་ཕྱི་མ་དང་ཁ་ཅིག་ཕྱི་དར་བཅད་རྩོམ་ཡང་ཟེར།
ལེའུ་བཞི་པ། ལུང་གི་སྒོ་ནས་བཅད་གསར་སྙན་ངག་བསྒྲུབས་པ།
ང་ཚོར། དོན་དག་གང་ཡིན་ཡང་ལུང་གི་སྒོ་ནས་ཁུངས་སྐྱེལ་མ་བྱས་ན་ཁས་མི་ལེན་པ་ཞིག་ཡོད། དཔྱད་གཏམ་གྱི་དབང་དུ་བཏང་ན་འདི་དགོས་ངེས་ཤིག་ཀྱང་རེད། དེས་ན། བཅད་གསར་སྙན་ངག་གམ་ཕྱི་དར་བཅད་རྩོམ་མམ་ཡང་དར་བཅད་རྩོམ་ཞེས་ཀྱང་འབོད་པ་འདི་ལུང་གིས་གྲུབ་ལུགས་སྐོར་ཅུང་ཟད་ཅིག་འཆད་པར་བྱ། ས་པཎ་གྱིས་སྙན་ངག་མེ་ལོང་མ་ལས་འོས་ཤིང་མཁོ་བའི་མཚོན་ཙམ་ཞིག་བླངས་ཏེ་“སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ”[1]གསུངས་ནས་འཕྲོ་མ་རྦད་དེ་སྒྱུར་མཚམས་བཞག་པ་རེད། རྗེས་ཀྱི་ཤོང་དཔང་སོགས་ཀྱིས་སྦྱར་མི་བཏུབ་པ་དེ་བཙན་གྱིས་སྦྱར་ཚུལ་ཀུན་ཤེས་པས་གླེང་གི་མིན། འདིར་བཤད་པའི་བཅད་གསར་སྙན་ངག་ནི་སྣམ་བུའི་ཐགས་དེ་ལས་མཆེད་པའི་གནས་པ་གཞན་ཞིག་ཡིན། དགེ་ཆོས་ཀྱིས། “བོད་ཀྱི་རྒད་པོ་རྣམས་ཀྱིས་ཕ་མེས་ལུགས་ཀྱི་ཚིག་སྦྱོར་རྒྱུ་བྲིས་པ་ལ་ནི་མང་དུ་སྣང་བ་ངོ་མཚར་ཏེ། དཔེར་ན་མདོས་ཆོག་སོགས་ན། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། ཉི་མ་ཤར་ཕྱོགས་ཕ་གི་ན། སྨུག་པོ་མཆོང་གི་ཕོ་བྲང་ན། སོགས་དང་། དགུང་སྔོན་ཡི་ནི་བདུན་རིམ་ནས། ལྷ་ཡུལ་ཡི་ནི་གོང་མ་ནས། སོགས་དང་། བོན་གྱི་ཁྱུང་ལྡིང་གི་རྒྱུད་མ་བྱ་བ་ལས། རྒྱལ་པོ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་ཐོད་དཀར་གདུང་འཛིན་དུ། རྒྱལ་བོན་དུང་ཐོད་བྱ་བ་བཞག སོགས་བྱུང་བ་བཞིན་ལ་ད་དུང་ཡང་མདོ་སྨད་སོགས་སུ་གྲོང་པའི་གླུ་རྣམས་ཀྱི་ཚིག་སྦྱོར་འདི་འདྲ་ཤིན་ཏུ་མང་། དེས་ན་བོད་སྐད་རང་གི་གཤིས་ལ་ཡོད་པ་ཡིན། བོད་ཀྱི་རྩོམ་དངོས་མ་ནི་འདི་ཚོ་ཡིན་འདུག་སྟེ། འོན་ཀྱང་ཚིག་སྦྱོར་འདི་རིགས་ལ་མཁས་པ་རྣམས་ཀྱིས་ཅིག་ཆར་རིས་སུ་བོར་ཏེ་བཞད་གད་ཀྱི་ཡུལ་དུ་བྱས་པས་ད་ལྟ་རལ་ཞིང་རུལ་ཏེ་བྱ་བ་བྱེད་མི་ནུས་སུ་སོང”[2]ཞེས་གསུངས་པ་བཞིན། འདིར་བཤད་པའི་བཅད་གསར་སྙན་ངག་ནི“བྱ་བ་བྱེད་མི་ནུས་སུ་སོང་བ”གང་ཞིག་ཡང་བསྐྱར་བྱ་བ་བྱེད་ནུས་པ་ཤ་སྟག་ཏུ་བསྒྱུར་ཡོད་པ་དེ་ཡིན་པས། ཁོང་གིས་གཟིགས་པ་ཡིན་ན། ད་ཚོད“བཞད་གད་ཀྱི་ཡུལ”མ་ཡིན་པར་སློབ་སྦྱོང་གི་གནས་སུ་འཛིན་གྱི་ཡོད་དོ། ། ཡང་གང་ཉིད་ཀྱིས། “འདར་ར་ར་དུ་རུ་རུ་ལྷབས་སེ་ལྷབ་སོགས་བོད་སྐད་རང་བྱུང་གི་ཟུང་ལྡན་རྣམས་ཡིན་མོད། གཏོར་བཟློག་དང་སྔགས་ཆོག་སོགས་ཀྱི་ནང་དུ་ཚུད་ཙམ་ལས། སྙན་དངགས་སུ་གྲགས་པའི་ནང་དུ་ནི་སུས་ཀྱང་མི་འཇུག་པར་སྣང་། དེ་མིན་རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ། དེ་རྣ་བར་འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི། བོད་སྐད་རང་དབང་བའི་སྒྲིག་ཚུལ་ནི་མིན་པར་ངེས་མོད། སུ་ཞིག་གི་རྣ་བར་འགྲོ། ཚིག་གསལ་ཆེ་བར་བྲིས་ཚེ་ཀུན་གྱིས་གྲོང་ཚིག་ཅེས་སྨྲ་ཡིན་གདའ་སྟེ། གྲོང་ཚིག་ལ་ངོ་ཚའི་ཚིག་རྗེན་པར་སོང་བ་བཞིན་དགོས་ཀྱི་ཚིག་རྗེན་པ་ཐམས་ཅད་དེར་ག་ལ་འགྱུར”[3]གསུངས་པ་ལས། འདིར་བཤད་པའི་བཅད་གསར་སྙན་ངག་ནི་“རྒྱ་སྐད་བོད་སྐད་ཀྱི་དབྱིབས་ཁོ་ནར་བྲིས་པ”ལས་ལྡོག་པ་དང་། ཕྱོགས་སྒོར་མོ་ནས“བོད་སྐད་རང་དབང་བའི་སྒྲིག་ཚུལ”ཉག་གཅིག་གིས་བྲིས་པ་དེའང་ཡིན། བཅད་གསར་སྙན་ངག་ཅེས་དངོས་སུ་ཁ་གསལ་མ་ཕོད་པ་ཙམ་ལས་འདི་ལ་ཆ་ཤས་ལེན་མཁན་མང་པོ་བྱུང་མྱོང་། དཔེ་བཞག་ན། དོན་གྲུབ་རྒྱལ་གྱི་གྲོགས་པོ་སངས་རྒྱས་ཀྱིས་བརྩམས་པའི<<འཕྲུལ་གྱི་ལྡེ་མིག>>ནང་། “སྔར་ནས་ད་བར་གྱི་མཁས་པ་ཕལ་ཆེར་ནི་རྩོམ་གྱི་ལག་ལེན་ཁྲོད་དུ་བོད་རང་ལ་གཏན་འཇགས་སུ་གནས་པའི་ཚིག་རྒྱན་ཅི་རིགས་ཐོགས་རྡུགས་མེད་པར་གང་ལ་གང་འཚམ་དུ་སྦྱར་དང་སྦྱོར་བཞིན་ཡོད་ནའང་སྙན་ངག་གི་གཞུང་རྩོམ་པའི་ཚེ་ན་རང་རང་གི་ཁྲིད་རྒྱུན་ལས་འདའ་བར་བྱེད་མི་ཕོད་པས་ཕལ་ཆེར་སྙན་ངག་མེ་ལོང་རྗེས་ཟློས་བྱེད་པ་ཙམ་དུ་ཟད”[4]ཅེས་པ་དང་། “དེས་ན་བོད་ཀྱི་སྙན་ངག་སྨྲ་བ་རྣམས་ཀྱིས་ཀྱང་སྙན་ངག་མེ་ལོང་གཞིར་བྱས་ཐོག་བོད་ཡིག་གི་ཁྱད་ཆོས་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་རང་གི་ཚིག་སྦྱོར་མཛེས་བྱེད་ཀྱི་རྒྱན་སྣ་ཚོགས་འཚོལ་སྡུད་དང་དབྱེ་འབྱེད་ལེགས་སྒྲིག་བཅས་བྱས་ནས་རིགས་པས་གཏན་ལ་ཕབ་སྟེ་རང་གི་རྒྱན་ཚང་ཞིང་གཞན་གྱི་བཅུད་འདུས་པའི་བསྟན་བཅོས་ཤིག་མཛད་ན་ནི་ཆེས་ཤིན་ཏུ་ལེགས་ཤིང་རིགས་པ་ཞིག་ཡིན”[5]ཞེས་བྲིས་ཡོད་པ་ལྟ་བུ་རེད། གནད་འདིར་དོན་གྲུབ་རྒྱལ་ཡང་ཞེ་དྲག་འཐད་དེ། ཁོང་ན་རེ། “གྲོགས་པོ་སངས་རྒྱས་ལགས། ཕྲན་གྱིས་བལྟས་ན། དབྱུག་པ་ཅན་གྱིས་སྙན་ངག་མེ་ལོང་ཞིག་རྩོམ་ནུས་ན། ང་ཚོས་བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་མེ་ལོང་ཞིག་རྩོམ་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད”6]ཟེར་སྤོབས་པ་ཆེན་པོས་ཐལ་ཡོད། བྱས་ན། དེ་རིང་གི་བཅད་གསར་སྙན་ངག་ནི་ས་པཎ་སོགས་ཀྱིས་བརླགས་མ་ཕོད་པའི་བོད་རང་གི་“སྣམ་བུ”ཁྲ་མོ་དེ་ཡིན་ལ། དགེ་ཆོས་ཀྱིས་ཐུགས་ཕངས་ཆེན་པོས་སླར་གསོ་གནང་འདོད་པའི“བོད་སྐད་རང་དབང་བའི་སྒྲིག་ཚུལ”དེ་རང་ཡིན། སངས་རྒྱས་དང་དོན་གྲུབ་རྒྱལ་སོགས་ཀྱིས་བློས་བསླངས་བྱས་མྱོང་བའི“བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་ཀྱི་མེ་ལོང”དེ་ཡིན་ལ། དེའི་ཁར་དུས་རབས་དང་འགྲོགས་པའི་སྨྱན་བྱེད་སྣ་ཚོགས་དང་རྩོམ་ལུས་གཞན་ཀྱི་ཚུར་སྣང་ཡང་ངེས་པར་གཏོགས། ཆ་བཞག་ན། སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་ཚོགས་ཞིང་གསལ་འདེབས་ཀྱི་སྐོར་དེ་སྙན་ངག་གི་འཆར་སྒོ་སྤེལ་ལུགས་ལ་ཕན་པ་ཞེ་དྲག་ཡོད་ས་རེད། གཙོ་འཁོར་དེ་འདྲ་མང་པོ་ཞིག་གི་ཕྱག་ཞབས་ཆ་ལུགས་ཆས་གོས་བཞུགས་སྟངས་ཕྱག་རྒྱ་ཕྱག་མཚན་ཁ་དོག་གདགས་སྲིབ་ཚུན་ཆད་གོ་རིམ་ཡོད་པའི་ཁར་མ་འདྲེས་པའི་དེ་འདྲ་ཞིག་སྤྲོ་སྡུའམ་འཕྲོ་འདུ་བྱེད་ཤེས་པ་ནི་ཧ་ལས་པའི་རྩལ་ཞིག་རེད། དེ་བཞིན་བདུད་རྩི་འབེབ་སྦྱངས་དང་ཡི་དམ་གང་རུང་ལ་བརྟེན་ནས་དུག་དབྱུང་བྱ་ཚུལ་གྱི་དམིགས་རིམ་སོགས་ཞིབ་ཚགས་པོ་གང་འདྲ་མ་རེད་དམ། ཉམས་མཆོར་པོ་གང་འདྲ་མ་རེད་དམ། བྱུང་ན་དེ་རིགས་སྙན་ངག་གི་འཆར་སྒོར་བསྒྱུར་ཆོག་པ་རེད། ཞན་ཆ་ཞིག་ཡོད་པ་ནི། ཆོས་ལུགས་ཀྱི་གནས་སྐབས་ན་ནམ་ཡང་ངེས་གཏན་གྱི་ཆོ་ག་ཞིག་ལ་བརྟེན་ཡོད་པས་མདོག་དང་མདངས་དང་དབྱིབས་དང་གྲངས་དང་ཚད་སོགས་ཁ་མལ་གཅིག་ཏུ་འཁོར་བསྡད་ཡོད་པ་ནི་སྐྱོ་བོ་ཡིན། ང་ཚོས“གོམ་གང་མདུན་སྤོས”ཀྱིས་ཆོས་ལུགས་ལས་བྱུང་བའི་གཞི་རིམ་གྱི་རྩལ་དེའི་ཐོག་རང་རང་སོ་སོའི་ཀུན་རྟོག་གིས་གསོས་འདེབས་ཤེས་པ་ཞིག་བྱ་དགོས། དེ་བཞིན་གློག་བརྙན་གྱི་རིག་པ་ལས་བྱུང་བའི་འོད་དང་སྒྲ་ལ་བརྟེན་ནས་མཚོན་ལུགས་གང་སྙན་ངག་ལ་སྦྲེལ་ནས་སྤྱོད་ཤེས་ཚེ་ལྟད་མོ་ཁ་ཁ་རེ་མ་འབྱུང་ན་ང་ཤི་བར་བརྩི་ཆོག ལར་རིག་པ་མང་པོས་ཕན་ཚུན་ཤན་ཤུགས་ཐེབས་རེས་དང་ཕན་ཚུན་གསོས་སུ་འགྱུར་རེས་བཅས་བྱེད་ཀྱི་ཡོད་པ་རེད། དཔེར་ན། ཧྥུ་ལུའོ་དབྱི་ཏེ(SigmundFreud ༡༨༥༦.༥.༦-༡༩༣༩.༩.༢༣)ཞེས་པའི་རྒད་པོ་དེས་རྨི་ལམ་དང་འདོད་ཆགས་སོགས་རྩལ་དུ་བཏོན་ནས་བཤད་པའི་ལྟ་བ་དེས། སྡེབ་གཅིག་ལ་གསོ་རིག་དང་། རྩོམ་རིག་དང་།སེམས་ཁམས་རིག་པ་དང་། མི་གཤིས་རིག་པ་སོགས་སྔ་ན་མེད་པའི་མཐོ་ཚད་གསར་བ་ཞིག་ཏུ་བསྐྱལ་བཞག་པ་ལྟ་བུ་རེད། གོང་གི་ལྟ་ཚུལ་དག་ཆེ་ཕྱོགས་ནས་གསུམ་དུ་འདུ། གཅིག་ནི། བརྩམས་ཆོས་ཀྱི་ངོས་ནས་བཅད་གསར་སྙན་ངག་ལ་འབོད་པ་བཏང་བའི་སྐོར་དང་། གཞན་དེ་གཞུང་ལུགས་ཀྱི་ཆ་ནས་བཅད་གསར་སྙན་གཞུང་ལ་ལུང་བསྟན་བརྒྱབ་པའི་སྐོར་དང་། ད་དུང་གཅིག་ནི་དེང་ཉམས་དང་གསར་ཉམས་རྫོགས་པའི་བརྩམས་ཆོས་སྐོར་ཞིག་གསར་དུ་བཙས་པ་བཅས་སོ། ། དགེ་ཆོས་སོགས་ཀྱིས་བརྗོད་པ་སྔ་མ་དང་། སངས་རྒྱས་སོགས་ཀྱིས་བྲིས་པ་བར་མ་དང་། ཁ་སང་དེ་རིང་གི་བརྩམས་ཆོས་ཁྱད་པར་བ་སྐོར་ཞིག་ཕྱི་མར་གཏོགས། དུམ་བུ་འདི་གསུམ་ལྷན་དུ་སྦྲེལ་ཚེ་བཅད་གསར་སྙན་ངག་གི་གནས་པ་ཆ་ཚང་འགྲུབ་ཀྱི་ཡོད། གྲོགས་པོ་ཚོ། བཅད་གསར་སྙན་ངག་ཅེས པ་རྒྱབ་རྟེན་ལུང་གིས་གྲུབ་ལུགས་ཀྱང་འདི་ལྟར་ཤོད་དུ་ཡོད་ཟེར་བ་ཡིན། ཟུར་གཞན་ནས་ནི་ལེའུ་རྗེས་མ་ཁག་ཏུ་བཤད་ཡོད་ལ། སྐབས་དང་བསྟུན་ཏེ་ད་དུང་ཡང་བཤད་ངེས་ཡིན།
ལེའུ་ལྔ་པ། སྒྲ་ཡངས་འཇུག་གི་བཅད་གསར་སྙན་ངག་དང་དེའི་རིགས་པའི་རྒྱབ་རྟེན་དང་བྱུང་འཕེལ་བཅས།
སྒྲ་ཡངས་འཇུག་གིས་བྱས་ན་བཅད་གསར་ཞེས་པ་རྩོམ་ལུས་ཤིག་གི་བཞུར་རྒྱན་མཚམས་ཆད་པའམ་ཉག་ཕྲ་བར་གྱུར་ཏེ་ཡང་བསྐྱར་ཚ་རླབས་འཕྱུར་བའི་ཁག་ཕྱི་མ་དེར་ཟེར། འདིའི་དབང་དུ་བྱས་ན་བཅད་རྩོམ་ཕྱི་མའམ་ཕྱི་དར་བཅད་རྩོམ་ལབ་ན་འབྱོར་ཆེ། རྩོམ་ལུས་ཤིག་གི་བཞུར་རྒྱུན་ཞེས་པ་གོ་དགོས་རྒྱུ་གཅིག་དང་། མཚམས་ཆད་པའམ་ཉག་ཕྲ་བ་ཞེས་པ་གོ་དགོས་རྒྱུ་གཅིག་དང་། ཡང་བསྐྱར་ཚ་རླབས་འཕྱུར་ཞེས་པ་གོ་དགོས་རྒྱུ་གཅིག་སྟེ་འདི་གསུམ་ནི་བཅད་གསར་བ་དག་གིས་མི་ཤེས་སུ་མི་རུང་བ་ཡིན། (༡) རྩོམ་ལུས་ཤིག་གི་བཞུར་རྒྱུན་ཞེས་པས་བོད་ཀྱི་ལོ་རྒྱུས་ཐོག་གི་དང་པོ་ནས་ད་ལྟའི་བར་གྱི་ཚིགས་སུ་བཅད་པའི་སྙན་ངག་གི་རྒྱུན་དེ་བསྟན། དེ་ལ་ནང་གསེས་བོན་གྱེར། མགུར། ལེགས་བཤད། བསླབ་བྱ། མེ་ལོང་མའི་ལུགས་ཀྱི་སྙན་ངག་སོགས་ཡོད། གསལ་པོར་བཤད་ན། མེ་ལོང་མ་དར་བ་དང་བསྟུན་ནས་སྔར་གྱི་བོན་གྱེར། མགུར། ལེགས་བཤད། བསླབ་བྱ་སོགས་བསྡུས་ཤིང་བསྡུམས་ཏེ་བསྡོམས་ནས་མེ་ལོང་མའི་ནང་ལ“རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ”འཐིམས་པར་གྱུར་པས། ཕྱིས་ཀྱི“མེ་ལོང་མའི་དབང་སྒྱུར”ཞེས་པའི་སྐད་ཆ་དེ་དག་བྱུང་བར་རྒྱུ་མཚན་མེད་པ་མིན། (༢) མཚམས་ཆད་པའམ་ཉག་ཕྲ་བ་ཞེས་པས“སྙན་ངག་མེ་ལོང་མ་དབང་སྒྱུར་གྱི་ཁྲི་ཐོག་ནས་དབབ་རྒྱུ་ཡིན”སོགས་བསྒྲགས་གཏམ་ཅི་རིགས་དང་དེ་མཚུངས་རྩོམ་ཡིག་མང་པོས་སྲོལ་རྒྱུན་ཚིགས་བཅད་ལ་དགག་གཏམ་སྤེལ་བའི་ལོ་ཟླ་དེ་བསྟན། ཚོད་དེར་སྲོལ་རྒྱུན་ཚིགས་བཅད་ཀྱི་རླུང་རྟ་ཐང་ལ་ལྷུང་ཞིང་དབང་ཐང་ཐེད་དུ་བོར་ཁར། ༡༩༨༦ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེབ་བཞི་པར་འཁོད་པའི་སྲོལ་རྒྱུན་ཚིགས་བཅད་དགག་ཡག་གི<<སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག>>ལྟ་བུ་བྱུང་བ་རེད། དེ་དག་ཕྱོགས་སྔ་བྱས་ནས་སློབ་དཔོན་དོར་ཞི་དང་ཨ་ཁུ་བཤད་སྒྲུབ་སོགས་ཀྱིས་ཚིགས་བཅད་བསྣུབ་རྒྱུ་མེད་ད་སྡོད་ཟེར་ཕྱྭ་ཁུ་ཡེ་ཐོག་ལ་གཡང་ཁུ་ཡེ་བོས་མྱོང་བ་རེད། རྒན་རབས་དག་ཚིགས་བཅད་ཀྱི་འདས་མཆོད་ལ་ཚིག་གིས་བཤུམས་ཤིང་ཡི་གེས་སྨྲེང་བ་གསུང་རྩོམ་ཁག་ཏུ་ད་ཚོད་ཀྱང་མཐོང་དུ་ཡོད་དོ། ། ཕྱི་ཐོགས་པའི་ངོས་ནས། ཁོང་རྣམ་པའི་གསུང་རྩོམ་བཀླག་ན་འདིར་བཤད་པའི་མཚམས་ཆད་པའམ་ཉག་ཕྲ་བ་དེ་མཚོན་པའི་གློག་བརྙན་ཞིག་བལྟས་པ་དང་ཚད་མཉམ་མོ། ། ༡༩༨༦ཡས་མས་ཀྱི་དུས་དེབ་དང་། སྒེར་གྱི་རྩོམ་བཏུས། མི་ཚོས་ཕན་ཚུན་འཕྲིན་བསྐུར་བྱས་པ་ཚུན་ཆད“གྲངས་དཔང”དང་བཅས་ཏེ་བསྡུར་རྒྱུ་བྱུང་ན། དུས་སྐབས་དེའི་སྤྱིའི་རང་མདངས་ཁྲོད་ཀྱི་ཚིགས་བཅད་ཀྱི་ཚོས་གཞི་སྐྱ་བོ་དེ་མཐོང་གི་རེད་ལ། འདིར་བསྟན་པའི་ མཚམས་ཆད་པའམ་ཉག་ཕྲ་བ་གང་ཞིག་སྔར་ལས་གསལ་པོ་དང་སྔར་ལས་ཆ་ཚང་ཞིག་ཤེས་ཐུབ་གི་རེད། དུས་ལས་འདས་པ་ཞིག་ཡིན་ཕྱིན་ཉམས་ཞིབ་བྱེད་སྟངས་འདི་ལས་ལྷག་པ་ཞིག་དཀོན་ཏེ། དེབ་དཀར་མཁན་པོས། དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་དང་། ། རློམ་པའི་འོལ་ཚོད་སྨྲ་བའི་སྤོབས་པ་གཉིས། ། གང་ཡང་མེད་པའི་ཉམ་ཆུང་ང་འདྲ་དག ། ལྐོག་གྱུར་ཡུལ་ལ་དཔྱད་ཚུལ་འདི་ཙམ་ཉིད། ། ཅེས་གསུངས་པ་བཞིན་ནོ། ། བཤད་མ་ཐག་གི་དོན་དེའི་ཆེད་དུ་ལོ་ཚིགས་སོགས་གུང་བསྒྲིགས་ཏེ་རྩོམ་གཞན་ཞིག་བྲི་དགོས་པ་ཡིན། ཡང་མི་ཤེས་སུ་མི་རུང་བ་ཞིག་ལ། བྱ་བ་དང་དངོས་པོའི་འཕེལ་རྒྱས་དང་ཉམས་རྒུད་ཟེར་ཡ་ནམ་ཡང་ལྟོས་འཇོག་གིས་ཤོད་ཀྱི་ཡོད་པ་རེད། ང་ཚོས་དྲན་པ་ནང་བཞིན་གྱི་འཕེལ་ན་འཕེལ་ཐག་ཆོད་པ་དང་རྒུད་ན་རྒུད་ཐག་ཆོད་པ་ཞིག་མིན་པས་ངོ་བོའི་འགྱུར་ལྡོག་ནས་གྲངས་འབོར་གྱི་འགྱུར་ལྡོག་བར་ཤས་ཆེ་ཆུང་གིས་གནས་སོ། ། ཇི་ཞིག་ན་ཆེ་གེ་མོ་ཚང་དབུལ་པོ་ཆགས་ཞེས་པ་ར་ལུག་འགའ་ཡང་མེད་པའི་དོན་མིན་པར་དངུལ་ལོར་སོགས་དེ་ཙམ་འབེལ་བོ་མིན་པ་ཤོད་ཀྱི་ཡོད། དེ་བཞིན་དུ་རྩོམ་ལུས་ཤིག་གི་ཉམས་རྒུད་ཟེར་ནའང་གང་དེ་འབྲི་མཁན་རྩ་བ་ནས་མེད་པའི་སྐད་ཆ་མིན་པར་མཚོན་པ་ཞིག་ལས་མེད་པ་བསྟན། གླང་དར་མའི་དུས་སུ་བསྟན་པ་ནུབ་ཞེས་པས་དེ་ཚོད་སངས་རྒྱས་ཆོས་ལུགས་ལ་འཇུག་མཁན་རྩ་བ་ནས་མེད་པ་དང་ལུགས་དེའི་གླེགས་བམ་ཁེ་རུ་མ་ཞིག་ཀྱང་མེད་པ་མི་མཚོན་ཏེ། གཙོ་བོ་ལུགས་དེར་རྒོལ་བ་གཏོང་བའི་ལས་འགུལ་ཆེ་ཙམ་བྱུང་མྱོང་བ་ཤོད་ཀྱི་ཡོད་ལ། རྩ་བ་ལས་འགུལ་དེས་རྒོལ་བ་གཏོང་ཡུལ་ལ་ཐེབས་པའི་འགྱུར་ལྡོག་གང་འཚམ་དེ་འཚམ་ཞིག་མཚོན་གྱི་ཡོད་པ་རེད། དེས་ན་གོང་གི་ལོ་རྒྱུས་སྟེང་གི་ཚིགས་བཅད་སྙན་ངག་གི་བཞུར་རྒྱན་མཚམས་ཆད་པའམ་ཉག་ཕྲ་བ་ཞེས་པས་ཀྱང་ལྟོས་བཅས་ཀྱི་ཆ་དེ་ཤོད་ཀྱི་ཡོད་པ་མ་གཏོགས། མཚམས་ཆད་པའམ་ཉག་ཕྲ་བའི་སྐབས་ལ་ཚིགས་བཅད་འབྲི་མཁན་རེ་རེ་གཉིས་གཉིས་ཀྱང་མེད་ཅེས་ཐག་པ་གྲིས་བཅད་པ་ལྟ་བུ་ཞིག་སུ་ཡང་འདི་ན་ཐལ་བ་མེད་དོ། ། རེ་རེ་གཉིས་གཉིས་དེ་དམིགས་བསལ་ཡིན་པས་དེ་འདྲ་ཁྱབ་ཁོངས་གང་དུ་ཡོད་ལ་ཡུལ་དུས་ནམ་དུའང་གནས་ངེས་མོད། དེ་ནི་མི་སྒེར་སོ་སོའི་ངོས་ནས་གླེང་ན་མ་གཏོགས་དུས་རབས་ཤིག་གི་རྩོམ་གདངས་ཀྱི་ཆ་ནས་དང་རྩོམ་ལུས་ཤིག་གི་འཕེལ་རྒྱས་ཀྱི་ཆ་ནས་ནི། གླེང་རིན་མེད་པ་ཞིག་རེད། ད་ཚོད་མི་ཚོས་སྦྲ་ནག་མཐོང་རྒྱུ་མེད་ཟེར་བའང་སྤྱིར་བཏང་གི་དབང་དུ་ཡིན་ཏེ་དམིགས་བསལ་གྱི་སྤྱི་གླིང་ཚུན་ཆད་ལ་དུ་བ་འཕྱུར་འཕྱུར་གྱི་ནག་པོ་རེ་ཡོད་པ་དེ་མ་མཐོང་བ་ག་ལ་ཡིན། རེ་རེ་གཉིས་གཉིས་ཀྱི་དབང་དུ་བཏང་ན་དུས་རབས་ཕྱི་མ་ཕྱི་མ་ལའང་རྩོམ་སྲོལ་ཆེས་ རྙིང་པ་དག་མཚོན་པ་རེ་མེད་མི་སྲིད་མོད། དེ་ནི་མི་ཚོའི་སྣང་ངོར་མེད་པ་དང་གོ་དོན་མཉམ་པའི་ཆོས་ཤིག་ལས་མ་འདས་སོ། ། (༣)ཡང་བསྐྱར་ཚ་རླབས་འཕྱུར་ཞེས་པས་ན་ནིང་དོ་ཞག་གི་ཚིགས་བཅད་འབྲི་བའི“དཔུང་སྡེ”གློ་བུར་མ་འདི་བསྟན། འདི་ལ་རྟེན་གྱི་ཆ་ནས་ཕོ་མོ་གཉིས། ལས་རིགས་ཀྱི་ཆ་ནས་སྐྱ་སེར་གཉིས། ན་ཚོད་ཀྱི་ཆ་ནས་རྒན་གཞོན་གཉིས། མཚམས་སྦྱོར་བྱེད་ཀྱི་ཆ་ནས་དེབ་དང་དྲ་བ་གཉིས། ཡོན་ཚད་ཀྱི་ཆ་ནས་མཁས་བླུན་བར་མ་ཀུན་གྱིས་ཞུགས། མི་གྲངས་ཀྱི་ཆ་ནས་བོད་ཡིག་གི་རྩོམ་ལ་འཇུག་མཁན་ཕལ་ཆེ་བ་འདུས་ཡོད། སྔོན་ཆད་ཚིགས་བཅད་ལ་རེ་བ་མེད་ཅེས་དམ་བཅས་མྱོང་མཁན་དག་ཀྱང་ད་ཚོད་གདེང་དང་བཅས་ཏེ་འབྲི་བཞིན་འདུག་པས། འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་དམིགས་བསལ་དཀྱོགས་མཚམས་ཤིག་ཏུ་མ་ཟད། ཚིགས་བཅད་ཀྱི་ལོ་རྒྱུས་ངོས་ནས་དེ་བས་ཀྱང་ཁ་ཁ་ཞིག་ཆགས་ཡོད། ང་ཚོས་བསྐྱར་གསོན་འདིའི་མིང་རྒྱས་པར་བཅད་རྩོམ་གསར་མའི་སྙན་ངག་དང་བསྡུས་ཏེ་བཅད་གསར་འདོགས་ཀྱི་ཡོད། ཡང་ན་ཕྱི་དར་བཅད་རྩོམ་དང་བཅད་རྩོམ་ཕྱི་མ་ཞེས་ཀྱང་འབོད་དོ། ། ལོ་རྒྱུས་སུ། གླང་དར་མས་ཆོས་ལུགས་ཅུང་ཟད་ཉག་ཕྲ་བར་བྱས་པ་ཙམ་མཚམས་སུ་བྱས་ཏེ་བསྟན་པ་སྔ་དར་དང་ཕྱི་དར་གྱི་ཐ་སྙད་ཡོང་གི་ཡོད་ན། རྩོམ་ལུས་ཤིག་གི་རྒུད་པ་དེ་འདྲ་བའི་རྗེས་ཀྱི་བསྐྱར་དར་འདི་འདྲ་བ་ལ་གདགས་གཞི་གོ་བར་བྱེད་པའི་མིང་ཞིག་བཟོ་ཆོག་པ་ནི་འདྲི་མི་དགོས་པ་ཞིག་ཡིན་ལ། ཤེས་ནས་སྨྲ་བ་ཕན་ཚུན་བར་ཀླན་ཀ་ཙམ་ཡང་ཡོང་སྲིད་ཀྱི་མ་རེད་སྙམ། གོང་གི་གནས་ལུགས་འདི་དག་གིས་སྒྲ་ཡངས་འཇུག་གི་བཅད་གསར་ཞེས་པ་གསལ་པོ་བཟོས་ཚར།
ལེའུ་དྲུག་པ། སྒྲ་དོག་འཇུག་གི་བཅད་གསར་སྙན་ངག་དང་དེའི་མཚན་ཉིད་ཀྱིས་གཏད་པའི་ངོ་ཚ།
སྤྱིར། སྙན་ངག་གི་གོ་དོན་ཟེར་ཡ་མུ་མེད་ཅིང་རབ་ཏུ་འབྱམས་པ་ཞིག་ཡིན། མཁས་པ་ཚོས་“ནང་དོན་རིག་པའི་གསུང་རབ་རྣམས་ཀྱང་སྙན་ངག་གི་གཟུགས་ཁོ་ནར་གནས”[7]ཞེས་ཐེ་ཚོམ་མེད་པར་གསུང་གི་ཡོད་ཁར། གསོ་རིག་རྒྱུད་བཞི་ལ་སྙན་ངག་གི་ཆ་ཤས་ལེན་མཁན་དོ་ཞག་ད་ཚོད་ཀྱང་ཡོད་བསྡད་པ་ཞིག་རེད། ཚེ་ཏན་ཞབས་དྲུང་སོགས་ཀྱིས“སྙན་ངག་ཅེས་པ་ཚིག་བཅད་ལྷུག་སྤེལ་མའི་རྩོམ་ཙམ་ལ་གོ་བར་བྱས་ན་ད་དུང་ཁྱབ་ཆུང་ཆེས་པས། དེ་དག་ལས་གཞན་མཁས་པའི་དཀྱིལ་འཁོར་གདན་འཛོམས་པའི་དབུས་སུ་དོན་དང་ལྡན་པའི་འབེལ་གཏམ་བཤད་པ། སྐྱེ་བོ་མང་པོའི་ཁྲོམ་དུ་གཙུག་ལག་ལས་དྲངས་པའི་གཞུང་འཆད་པ། དོན་གཉེར་དང་ལྡན་པའི་སློབ་བུ་རྣམས་ལ་གཞུང་ཁྲིད་པ། ཕས་ཀྱི་རྒོལ་བ་ལ་བརྒལ་ཞིང་བརྟག་པའི་སྒོ་ནས་རྩོད་པ་བྱེད་པ། སྐབས་བབས་ཀྱི་དོན་དམིགས་ཕུག་པའི་ཆེད་དུ་ཟུར་ཟ་དང་ཤགས་འགྱེད་བྱེད་པ། ཐ་ན་གྲོགས་ཕན་ཚུན་མཛའ་འདྲིས་ཀྱི་ཀུན་སློང་མཚོན་པའི་སླད་དུ་མོལ་མཆིད་དང་། གླེང་མོལ་བྱེད་པ་ཚུན་ཆད་ཀྱི་ཚིག་སྦྱོར་སྤེལ་བའི་ཚེ་ཡང་། རང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་དང་ལྡན་པ་སུས་ཀྱང་གོ་སླ་བ། ཚོགས་པར་དབྱུང་དུ་མི་རུང་བའི་གྲོང་སྐད་དམ་ཕལ་སྐད་ཀྱིས་མ་བསླད་པ་སོགས་གོང་སྨོས་ཁྱད་ཆོས་དེ་དག་ཚང་བ་ཡིན་ན་ནི་སྙན་ངག་གི་ཉམས་རྩོལ་མེད་དུ་འཐོན་པར་འགྱུར་ལ། དཔེར་ན་གཞན་ཡུལ་དགའ་བར་བྱེད་པ་ལ། ཀུ་རེའམ་ངོ་མཚར་བའི་གཏམ་དང་འབྲེལ་ཚེ་ཐོས་པ་ཙམ་གྱིས་འཛུམ་དམུལ་བར་བྱེད་པ་དང་། གཞན་ཡུལ་སྤ་བཀོང་བར་བྱེད་པ་ལ། སྡིགས་མོའམ་མཚང་འདྲུའི་གཏམ་དང་འབྲེལ་ཚེ་གླེངས་པ་ཙམ་གྱིས་སྐྱི་གཡའ་བར་བྱེད་པ་སོགས་ནི་སྙན་ངག”[8]ཅེས་ནན་ནན་བཅག་བཅག་གསུངས་ཡོད་ཅིང་། དེའི་དབང་དུ་བཏང་ན། ཁ་སྟབས་ཅན་གྱིས་འཁོན་འགྲས་སྣ་ཚོགས་བརྒྱབ་པ་དང་། སུ་ཡིས་སློབ་ཁྲིད་འདྲ་ཆགས་པོ་རེ་བྱས་པ་དང་། ཇ་ཞོར་གླུ་ཞོར་ནས་ཀུ་རེ་བདེ་བོ་ཞིག་ལབ་པ་ཚུན་ཆད་ཀྱང་སྙན་ངག་ཏུ་བརྩི་དགོས་པ་ཞིག་ཡོད། དེ་ལའང་གནས་ལུགས་ནི་གཏན་གཏན་ཡོད། སྙན་དང་ངག་ཅེས་པའི་ཚིག་རྐྱང་བའི་ཐོག་འདང་བརྒྱབ་ན་ཁོང་ཚོའི་འདོད་པ་དེར་སུན་འབྱིན་མཐར་ཕྱིན་པ་ཞིག་སུས་ཀྱང་བྱ་ཁག་པོ་རེད། ལྡོག་སྟེ། རྩ་བའི་ཚིག་ལ་ཅི་མི་སྙམ་པར་རང་འདོད་ཀྱིས་སྙན་ངག་ཅེས་པ་རི་མོ་ཞིག་དང་རོལ་མོ་ཞིག མཐའ་ན་ཆོས་ལུགས་ཤིག་ཀྱང་ཡིན་ཚུལ་སོགས་ལབ་ན་ཟབ་མདོག་ཁ་པོ་རེ་འབྲི་ཐུབ་ཀྱི་རེད་མོད། མིང་དང་འབྲེལ་བ་མེད་པའི་དོན་མང་པོ་གླེང་ནས་འདུག་དགོས་ན་སྐབས་རེར་ཅི་ཡང་མིན་པའི་སྣང་བ་ཡང་སྐྱེ་མི་སྲིད་པ་མིན། དེ་ལྟ་ནའང་། རྩོམ་པའི་ལས་གཞན་དང་བསྡུར་ན་བརྡ་སྤྲོད་ལུགས་སོགས་གང་ལའང་གུ་ཡངས་ཆེ་ཙམ་ཡོད་པ་དང་། “རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ”[9]དང“གཤིས་ངན་དུག་སྦྲུལ་ཚང་གཏོར་གནམ་ལྕགས་ཐོག”[10]དང“ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར”[11]མིན་པ་གང་ཞིག་ལ། ནང་གི་འགྱུར་བའི་རྗེས་དེད་ནས་ཚིག་གི་ཚོས་གཞི་མ་འདྲ་བ་རེ་ཡོང་བ་བྱེད་ཆོག་ཅིང་། ཚིག་གི་ཚོས་གཞི་ཐ་དད་པ་དག་ནི་དོན་ལ་ནང་གི་འགྱུར་བ་རིགས་ཤིག་གིས་ཡིན་པའི་འབྲི་སྟངས་ཁ་ཁ་ཞིག་ཡོད་པར་ངས་སྙིང་ཐག་པ་ནས་ཡིད་ཆེས་བྱེད། གང་དེ་ཁོ་བོར་མཚོན་ན་ཚིགས་བཅད་ཀྱིས་བྲིས་ན་ཡོང་ཤག་ཤག་རེད། བྱས་ན་དེ་ནི་སྒྲ་དོག་འཇུག་གི་བཅད་གསར་སྙན་ངག་ཡིན་ཟེར་གྱི་ཡོད། རྒྱས་ཙམ་སྤྲོས་ན། “འདིའི་རིགས་ཀྱི་སྙན་ངག་ཀློག་པའི་ཚེ། སེམས་ཀྱི་གང་ཞིག་ལས་མཆེད་པའི་བཞའ་རླན་ཞིག་མེད་ཐབས་མེད་ལ་སེམས་ཀྱི་གང་ཞིག་ལ་འདྲུད་པའི་རེག་བྱ་ཞིག་ཀྱང་ངེས་པར་དུ་ཡོད་པ་ཡིན། ཡང་ན་འདི་ལྟར་བཤད་ཆོག་སྟེ། མིང་དང་ཐ་སྙད་སོགས་ཇི་ལྟར་ཁ་ཐོར་ཡ་བྲལ་དུ་ཡོད་ཀྱང་བཀླགས་ཐེངས་གཅིག་གཉིས་ཤིག་གིས་གཅུས་གཟེར་གྱིས་སྦྲེལ་བ་ལྟ་བུའི་ཧྲིལ་པོ་ཞིག་ཅིས་ཀྱང་རྙེད་ཐུབ་པ་ཡོད། འདིའི་རིགས་ཀྱི་སྙན་ངག་ནི་མིང་ཚིག་གང་འཕྱོར་དང་ཐ་སྙད་གང་རྫིག་ལོགས་གཅིག་ཏུ་སྤུངས་པ་ཙམ་ལ་མི་བྱ་སྟེ། ཀློག་པའི་ཚེ་ཅི་ཞིག་གི་ཕག་ལ་ཅི་ཞིག་འཛིར་བཞིན་པ་མཐོང་བར་མ་ཟད་ཅི་ཞིག་གི་རྒྱབ་ནས་ཅི་ཞིག་ལང་གིན་པའང་ཚོར་བར་བྱེད། དེ་ནི་སྙན་ངག་གིས་རེད། ཡིན་ཙང་། ངས་སྙན་ངག་འབྲི་དོན་ནི། སུ་ལ་ལབ་ཀྱང་ཡ་མི་བྱེད་པའི་དྲན་ཚུལ་ཕར་འཛིང་ཚུར་འཛིང་དེ་ཚོ་ཡི་གེར་བྲིས་ཏེ་ཤར་མར་བཏོན་ན་སེམས་ནང་དགེ་བ་འཕེལ་ཐུབ་པ་དང་། དོན་མེད་དུ་ཕམ་ཞིང་རྐྱེན་མེད་དུ་ངུ་སྙིང་འདོད་དུས་སྙན་ངག་ཡིན་ཞེས་གཅིག་བྲིས་ན་སྙིང་གི་ལྡིང་ཚད་ཇེ་དམར་འགྲོ་རྒྱུར་ཕན་ཐོགས་འབྱུང་བ་དང་། གློ་བུར་དུ་འཇིག་རྟེན་དང་མི་ཚེ་ལས་འཕྲོས་པའི་དྲན་ཚུལ་སྣ་རེ་བྱུང་སྐབས་ཚིག་ཐུང་རེ་འགས་མཚོན་པར་བྱས་ན་རྒྱབ་ཀྱི་ཁལ་ཕོག་པ་ལྟ་བའི་བདེ་སྣང་རྙེད་པ་བཅས་ཀྱིས་ཡིན། ང་ཡིས་གཞན་དག་ལྟར་སྐྱབས་དང་སྐྱོབ་པའི་ཕྱོགས་གསོལ་བ་བཏབ་སྟེ་ཚིམས་པ་རྙེད་རྒྱུ་དཀའ་ཙམ་རེད། མི་རྒན་དག་གིས་བསླབ་བྱ་འདྲ་བཏང་ནའང་རྣ་ནང་ཡེ་མི་འགྲོ། སྨྱོ་གྲབས་དང་བརྒྱལ་གྲབས་གང་གི་སྐབས་ཀྱང་རེ་ས་ཉག་གཅིག་ཡོད་པ་ནི་སོ་སོས་འབྲི་ཁུལ་བྱས་པའི་སྙན་ངག་གམ་ཚིགས་བཅད་འདི་དག་རེད། འདི་དག་གིས་ཁོ་བོ་རང་གི་མི་ཚེའི་ནང་དངོས་པོ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཕན་པ་ངོ་ཐོག་འབྱུང་བཞིན་པས་ཡིད་ཚིམས་ལ་སེམས་དགའ”[12]ཞེས་པའོ། ། གང་ལྟར། མཚན་ཉིད་མེད་ཀྱང་ཟེར་བའི་སྒྲ་དོག་འཇུག་གི་སྙན་ངག་དེར་བསྒུལ་མི་ཐུབ་པའི་མཚན་ཉིད་ཅིག་འགོད་དགོས་ཟེར་ན་དཀའ་ཞིང་དཀའ་མོད། ཟུར་གཅིག་ནས་རང་ལུགས་ལྡེམ་པོ་ཞིག་བཀོད་ན་ནི་གོང་གི་དེ་འདྲ་རེད། ལར་བོད་ཀྱི་ལུགས་སུ་གཞི་གཅིག་ལ་མཚན་ཉིད་གཅིག་གི་ཕན་ཡོད་ཚེ་མཚན་ཉིད་མ་ཞོག་པ་ཡིན་ལ། བསྡུས་གྲྭའི་ལུགས་ལ་ངོ་ཚ་ཞིག་ཀྱང་ཡིན་པ་རེད། དེ་མ་ཟད། མཚན་ཉིད་ཟེར་རྒྱུ་དེ་ཚིག་ཉུང་ལ་དོན་འདུས་པ་ཟུར་ཕྱིན་པ་ཞིག་དགོས་ཤག་ཤག་རེད་མོད། འཛམ་གླིང་སྤྱིའི་དབང་དུ་བཏང་ན་ངེས་པ་དེ་ཙམ་མེད། “རིག་གནས”ཞེས་པ་ཁོ་ནར་རིང་ཐུང་མི་འདྲ་བའི་མཚན་ཉིད་བརྒྱ་ཕྲག་ཕན་ཆད་ཤོད་སྲོལ་ཡོད་པ་ལྟ་བུ་རེད། དེས་ན“རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག”ཅིག་ལ་སྙན་ངག་ཟེར་ལབ་ན། མཚན་ཉིད་ཀྱི་སྐྱོན་ཅི་རིགས་བཟློག་ཐུབ་ཅིང་། བོད་ཀྱི་ལུགས་ཀྱི“ངོ་ཚ”ཡང་ཉོ་མི་དགོས་མོད། འབྲི་བའི་སྒང་ལ་མཚན་ཉིད་དེས་མི་མཚོན་ཞིང་མཚན་ཉིད་གསར་བའང་མི་ཞོག་པའི་ལན་ཆགས་གཞན་ཞིག་གིས་བསླུ་བྲིད་གཏོང་བ་མྱོང་བས་གྲུབ། དེ་དུས་མཆུ་བྲང་གར་དམད་ནས“སྨྲ་བསམ་བརྗོད་འདས”རེད་ཅེས་ལྐུགས་པའི་རྟུལ་ཞུགས་འཛིན་དགོས་ལའང་ཐུག་གི་རེད། ལར་འདི་འདྲའི་གཉན་འཕྲང་གི་སྐབས་ལ་སྟོན་པ་ཆེན་པོ་དག་གིས་ཀྱང“སྨྲ་བསམ་བརྗོད་འདས”རེད་གསུངས་ཏེ་ཁ་རོག་འཇོག་སྲོལ་དང་པོ་ནས་ཡོད་པ་རེད། དེ་ལ་གཟས་ནས་དགེ་ཆོས་ཀྱིས། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ། ། དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས། །རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན། ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད། ། ཅེས་གསུངས་སོ། ། ཡིན་ཡང་མི་ཚོས་མཚན་ཉིད“ག་རེ་ཡིན་ནམ”ཞེས་ཚར་ཚར་རྩད་བཅད་འོང་ན། གོང་གི་དེ་འདྲའི་རང་ལུགས་ལྡེམ་པོ་ཞིག་གམ་ཆིག་ལབ་ལྟ་བུ་ཞིག་གིས་ཁ་གཅོད་ཐབས་བྱེད་པའང་མི་རིགས་པ་མིན་སྙམ། ཡང་ན“སྙན་ངག་ལ་མཚན་ཉིད་མེད”དམ“མཚན་ཉིད་མེད་པ་ནི་སྙན་ངག་གི་མཚན་ཉིད”ཡིན་སོགས་ལབ་ནས་གཡོལ་ལུགས་ཤིག་ཡོད་པ་དེའང་བསྟེན་དགོས་པ་མིན་འགྲོ། ། མདོར་བསྡུས་ན། རང་གི་འདོད་པའི་སྙན་ངག་གི་ཆེད་བོད་དང་བསྡུས་གྲྭའི་ལུགས་ཀྱི“ངོ་ཚ”རྒྱབ་ཏུ་གཡུགས་ཏེ་མཚན་ཉིད་ཀྱི་སྐྱོན་མང་པོ་ཁུར་ནས་མུ་མཐུད་འཚོ་བར་ཕངས་པ་མེད་ཅེས་པའོ། །
ལེའུ་བདུན་པ། བཅད་གསར་སྙན་ངག་ཐད་ཀྱི་གོ་འཛོལ་གཉིས་དང་ཐལ་མཐའ་གཅིག
(༡)གོ་འཛོལ་དང་པོ། མུ་ཏིག ཆར་པ། ཟེར་མ། འཇའ་ཚོན། སྐར་མ། གུར་ཁང་། སྤྲིན་པ། བྱ་གླག ལྷ་མོ། བདུད་རྩི། མཐོ་རིས། གླུ་སྒྲ། ཐ་སྙད་འདི་དག་གང་བྱུང་དུ་མཐུད་ནས་ཚིགས་བཅད་མང་པོ་བསྒྲིག་ཆོག་མོད་དེ་ནི་སྙན་ངག་མཚན་ཉིད་པ་ཞིག་མིན། དཔེར་ན། འདི་ལྟར་བྲི་ཆོག་སྟེ། མུ་ཏིག་ཆར་པའི་ཁྲོད་ནས་ཟེར་མར་གྱུར། ། འཇའ་ཚོན་སྐར་མའི་དབྱིབས་ཀྱིས་གུར་ཁང་གྲུབ། ། སྤྲིན་པ་བྱ་གླག་ཡིན་ལ་ལྷ་མོ་ཡིན། ། བདུད་རྩི་མཐོ་རིས་ཡུལ་གྱི་གླུ་སྒྲ་འདྲ། ། ཞེས་པའོ། ། གོང་གི་ཚིགས་བཅད་དེ་བལྟས་པ་ཙམ་གྱིས་སྙན་མདོག་ཁ་སེ་ཞིག་ཡོད་པ་ནི། ཁག་ཁག་ཏུ་ཡོད་པའི་ཐ་སྙད་འགའ་བྱེད་འབྲེལ་སོགས་ཀྱིས་མི་འགལ་བར་སྦྱར་ཐོག་ཡིག་ནོར་བཀག་སྟེ་སྤུས་གཙང་དུ་བྱས་པས་རེད། དེ་ནི་སྙན་ངག་མཚན་ཉིད་པ་ལྟ་ག་ལ་ཞིག ཡིན་ནའང་དེང་གི་རྩོམ་འབྲི་མཁན་ཕལ་ཆེ་བ་ཆེས་མ་མཐའི་ཡི་གེའི་ཐོབ་ཐང་ཙམ་ཡང་མི་མཁྱེན་པ་དག་ཡིན་པས། ཚིགས་བཅད་འདི་ལྟ་བུ་ཞིག་བྱུང་ནའང་ཚང་མས་དགའ་བའི་ཐལ་མོ་རྡེབ་པར་བྱེད། འདི་ནས་སྐད་ཆ་གཅིག་ཡང་བསྐྱར་ལབ་པའི་དགོས་པ་ཆེ་སྟེ། སྙན་ངག་གཤའ་མ་ཞིག་ཡིན་ན་སེམས་ཀྱི་གང་ཞིག་ལས་མཆེད་པའི་བཞའ་རླན་ཞིག་མེད་ཐབས་མེད་ལ་སེམས་ཀྱི་གང་ཞིག་ལ་འདྲུད་པའི་རེག་བྱ་ཞིག་ཀྱང་ངེས་པར་དུ་ཡོད་པ་ཡིན། ཡང་འདི་ལྟར་བཤད་ཆོག་སྟེ། སྙན་ངག་ངོ་མ་ཞིག་ཡིན་ན། མིང་དང་ཐ་སྙད་སོགས་ཇི་ལྟར་ཁ་ཐོར་ཡ་བྲལ་དུ་ཡོད་ཀྱང་བཀླགས་ཐེངས་གཅིག་གཉིས་ཤིག་གིས་གཅུས་གཟེར་གྱིས་སྦྲེལ་བ་ལྟ་བུའི་ཧྲིལ་པོ་ཞིག་ཅིས་ཀྱང་རྙེད་ཐུབ་པ་ཡོད། སྙན་ངག་ནི་མིང་ཚིག་གང་འཕྱོར་དང་ཐ་སྙད་གང་རྫིག་ལོགས་གཅིག་ཏུ་སྤུངས་པ་ཙམ་ལ་མི་བྱ་སྟེ། སྙན་ངག་རྣལ་མ་ཞིག་རོལ་བའི་ཚེ་ཅི་ཞིག་གི་ཕག་ལ་ཅི་ཞིག་འཛིར་བཞིན་པ་མཐོང་བར་མ་ཟད་ཅི་ཞིག་གི་རྒྱབ་ནས་ཅི་ཞིག་ལང་གིན་པའང་ཚོར་བར་བྱེད། དེ་ནི་སྙན་ངག་གིས་རེད། (༢) གོ་འཛོལ་གཉིས་པ། སྙན་ངག་རིགས་ཤིག་གིས་མི་ཚེ་ལ་ངེས་པ་རྙེད་པར་བྱེད་ཅིང་བྱ་དངོས་ཀྱི་གཏིང་མཐའ་མཐོང་བར་བྱེད། སྙན་ངག་དེའི་རིགས་ནི་མཚན་ཉིད་རིག་པ་དང་གཞི་མཐུན་དུ་ཡོད་པའམ་གཏན་ཚིགས་ཀྱི་ཟིལ་དང་ལྡན་པ་ཞིག་ཡིན་ཕྱིར་མི་ཚོས་མཚན་ཉིད་སྙན་ངག་སོགས་སུའང་འབོད་བཞིན་ཡོད། དེ་འདྲའི་སྙན་ངག་ནི་འབྲི་མཁན་གྱི་ཕྲ་ཞིབ་ཐོས་པའི་བཙོ་སྦྱང་དང་མྱོང་རྟོག་ཟང་མའི་ཐོལ་རིག་ལས་འཁྲུང་དགོས་པ་ཞིག་ཡིན་པས། རང་གའི་ལྟ་ཚུལ་ཆིག་རྐྱང་བ་དང་ཧེ་བག་ཆེན་པོ་ཡོད། དེ་ལྟ་བུའི་སྙན་ངག་ནི་མི་སུས་ཀྱང་བྲི་ཆོག་ལ་དུས་རབས་ནམ་དུའང་བྲི་སྲིད་པ་ཞིག་རེད་མོད། འཁོར་བ་བློ་ངོར་བཀོད་ནས་རང་དང་གཞན་གྱི་ཐོབ་ཤོར་འདུ་འབྲལ་གྱི་བྱེ་བྲག་སོ་སོར་གདེང་དང་ལྡན་པའི་སྡོམ་ཚིག་འཇོག་ཐུབ་མཁན་མང་པོ་མེད་པས། སྙན་ངག་འདིའི་རིགས་བྲི་ཐུབ་མཁན་ཤིན་ཏུ་དཀོན་པའང་ཡིན། དེ་དང་ལྡོག་པ་ནི་ཁ་སང་དེ་རིང་གི་ལྟ་ཚུལ་ཆིག་རྐྱང་བའི་རིགས་ཏེ། དགག་སྒྲུབ་སྣ་ཟིན་སྤུ་ཟིན་གྱི་རིགས་གང་ཞིག་བཅད་གསར་སྙན་ངག་པ་དག་གིས་ནམ་ཡང་སྤང་བྱར་བལྟ་དགོས་སྙམ། (༣) ཐལ་མཐའ། འདི་ལྟ་སྟེ། བྱུང་ཟིན་པའི་མིང་ཚིག་དང་བྱ་ཚིག་ཀུན་ལ་ངེས་པའི་མཚན་ཉིད་དང་དག་པའི་སྒྲ་བཤད་འགོད་རྒྱུ་མེད་པ་ཧ་ལམ་མེད་ཟེར་ཆོག དེ་ལ་ཚད་གཞུང་ཁུངས་ཐུབ་འགའ་དང་ཚིག་མཛོད་རྙིང་གྲས་སྐོར་ཞིག་གིས་བདེན་དཔང་བྱེད་ཆོག དཔེར་ན། “ཚོར་བ”ཞེས་པའི་སྒྲ་བཤད་ནི“རེག་པས་ཡུལ་ཡོངས་སུ་སྤྱད་པའི་རྣམ་པར་སྨིན་པ་སིམ་གདུང་བར་མ་གང་རུང་ཉམས་སུ་མྱོང་བའི་བདག་ཉིད་ཅན་གྱི་ཤེས་པའོ”ཞེས་པ་ལྟ་བུ་དང་། “འདུ་ཤེས”ཞེས་པའི་ངེས་ཚིག་ནི“ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་རང་སྟོབས་ཀྱིས་འབྱེད་པའི་ཤེས་པའོ”ཞེས་པ་ལྟ་བུ་རེད། དེའི་རྐྱེན་གྱིས“ཚོར་བ”ཡིས“འདུ་ཤེས”ཀྱི་ཚབ་ཡོང་ཐབས་བྲལ་ལ“འདུ་ཤེས”ནི“ཚོར་བ”དང་ཤིན་ཏུ་ཐ་དད་པར་གནས་པའོ། ། འོན་ཀྱང་དེང་གི་རྩོམ་འབྲི་མཁན་མང་པོས་དེ་གཉིས་ཉ་ཉུང་མཉམ་བསྲེ་བྱས་པ་མང་ལ་དོན་གཅིག་སྟོན་པ་ལ་དེ་གཉིས་རེས་ཀྱིས་བྲིས་པའང་ཡོད། དེ་ལས་ཀྱང་ཧང་སང་བ་ཞིག་ལ། བྱུང་རྒྱལ་དུ་“རྟོག་ཤེས”དང“དྲན་བློ”དང“རིག་ཡིད”སོགས་ཁུར་ཡོང་བ་འདི་རེད། སྐད་རིགས་གཞན་ཞིག་གི་དོན་མཚོན་ཕྱིར་ཡིན་ན་མཆན་སོགས་བཏབ་སྟེ་གསར་བཟོ་བྱ་ཆོག་མོད། རང་སྐད་ཀྱི་སྙན་ངག་དང་ལྷུག་རྩོམ་དག་ཏུ་ཕོ་ཚོད་འདི་འདྲ་འཕྱུར་ཡོང་ན་ག་རེ་ཟེར་དགོས། འདི་ལས་མཐའ་གཅིག་ཏུ“ཤེས་རྟོགས”དང“དྲན་པ”དང“རིག་བཅོས”སོགས་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་པའི་དག་པའི་བརྡ་ཡིན་ལ། “རྟོག་ཤེས”དང“དྲན་བློ”དང“རིག་ཡིད”སོགས་ཡིག་ནོར་ལས་ཀྱང་གཏུམ་པའི་བརྡ་ལོག་འབའ་ཞིག་ཡིན་པ་རེད། ད་དུང་ཚིག་གི་ཁ་སྐོང་ཐབས་དང་ཡིག་ཚོགས་མང་ཐབས་སུ“ལེབ་ཀྱིས་བརྒྱབ་ནས་གྱེན་དུ་བརྩེངས”“ནག་པོའི་དམར་པོ་ལྕིག་ལྕིག་འདར”“ཁྱོད་ཀྱི་ཁོག་ནས་ནུར་གྱིས་བྲོས”ལྟ་བུ་ཆལ་ཆོལ་གྱི་ཚིག་རོ་སྤུངས་པའི་མཐའ་མི་དམིགས་པ་ཡོད། ཡང་ལ་ལས་གོང་ཞོལ་ལ་འཕྲོད་མིན་དང་དེ་དང་དེའི་མཚམས་སུ་འགྲིག་མིན་སོགས་ལ་མ་བལྟས་པར་“བརྒྱབ་བཞག”“བྱས་སོང”“ཨེ་མ་ཡིན”སོགས་འདོད་འདོད་དུ་བཀོལ་ཡོད་དོ། ། ཞིབ་ཏུ་དཔྱད་ན་དྲ་ཐོག་གི་རྩོམ་འབྲི་མཁན་སྐོར་ཞིག་གིས“ཨང”ཞེས་པ་གཅིག་པུ་ཡང་ཚད་དང་ལྡན་པ་ཞིག་བཀོལ་ཤེས་ཀྱིན་མེད། ད་དུང་སྔ་དཔེ་དག་ཏུ་མ་བྱུང་ཞིང་སྒྲ་ཚད་ཀྱི་སྲང་ལ་གཞལ་ཐབས་མེད་པའི་ངང་ཚུལ་སྟོན་པའི་ཚིག་ཉ་ཉོག་མང་པོ་དུག་རླངས་བཞིན་ཁྱབ་ཀྱིན་པ་ནི་བཟོད་དཀའ། རང་རིགས་ཀྱི་སྐད་ཆའི་སྤྱི་དང་བྱེ་བྲག་གི་ཆོས་ཉིད་ལ་ངེས་པ་ཅུང་ཟད་རྙེད་པའི་སྒོ་ནས་སྙན་ངག་གི་བརྡ་ཁྱད་པར་ཅན་རེ་གསར་བཏོད་བྱས་ན་ལོས་ཆོག་མོད། མ་ངེས་པ། མ་འབྲེལ་བ། མ་ཁྱབ་པ། འགལ་བ་སོགས་ཀྱི་སྐྱོན་དང་བཅས་པའི་བརྡ་ལོག་ཚིག་ལོག་འདི་རིགས་ཅི་ནས་ཀྱང་འདོར་ཐབས་བྱ་དགོས། ལྷག་ཏུའང་ཁ་སང་དེ་རིང་གི་བཅད་གསར་སྙན་ངག་འབྲི་མཁན་དག་ལ་སྐྱོན་འདི་ཧ་ཅང་ཚབས་ཆེ་ན་གཏན་ནས་བསྙེལ་མི་རུང་ངོ་། །
ལེའུ་བརྒྱད་པ། བཅད་གསར་པ་དག་གིས་ཚིག་སྦྱོར་ལའང་ངེས་པར་གཙིགས་ཆེན་བྱ་དགོས།
ངག་རྩོམ་ཕུད་རྩོམ་རིག་བརྩམས་ཆོས་ཟེར་དུས་ཡི་གེའི་གཟུགས་སུ་གྲུབ་པ་ཞིག་དགོས་ཀྱི། སོ་སོའི་ཁོག་པའི་ནང་ཧ་ཅང་ཁ་ཁ་ཞིག་ཡོད་ཟེར་བ་ཙམ་གྱིས་ཡོང་གི་མེད། དེ་ཅིའི་ཕྱིར་ཞེ་ན། ཀློག་པ་པོས་བཀླག་བྱ་བཀླགས་ཏེ་མྱོང་དགོས་པའི་གོ་རིམ་དེ་ད་དུང་འགྲུབ་མེད་པས་ཡིན། དེ་མ་འགྲུབ་ཕྱིན་ཁོག་པའི་ནང་གི་བསམ་ཚུལ་ཕལ་པ་དག་དང་འདྲ་བར་གང་ཟག་གཉིས་པའི་ངོས་ནས་འཇིག་རྟེན་འདིར་ད་དུང་བརྩམས་ཆོས་དེ་འདྲ་ཞིག་བྱུང་མེད། བརྩམས་ཆོས་དེ་འདྲ་ཞིག་མེད་ཕན་ཆད་བརྩམས་ཆོས་དེར་གཏོགས་པའི་བྱ་དགའི་མིང་ཐོ་སོགས་ཀྱི་སྒྲ་ཡང་འཇིག་རྟེན་ལ་ཡོང་ལུགས་མེད། ཡི་གེའི་གཟུགས་སུ་གྲུབ་པ་ཞིག་དགོས་ཞེས་པའི་ཁྲོད་ཀྱི་ཡི་གེ་དེས་ཟེར་ཡག་ལ་རྩོམ་རིག་བརྩམས་ཆོས་ཟེར་ན་ཚིག་ཏུ་འཕོས་པ་ཞིག་དགོས་ཟེར་བའི་དོན་ཡིན། བརྩམས་ཆོས་ཀྱི་མཛེས་པ་དང་རིན་ཐང་ཟེར་ཡ་ཚང་མ་ཚིག་ཏུ་འཕོས་པའི་འཕྲོ་ནས་མ་གཏོགས་གླེང་མི་ཐུབ་པས་ཡིན། ངའི་ཁོག་པའི་ནང་གི་བརྩམས་ཆོས་ལ་དགའ་སྐྱོ་ཆགས་སྡང་ཚད་དུ་རྫོགས་ཤིང་འདུ་འབྲལ་ཐོབ་ཤོར་དོན་དུ་འཁྱོལ་ཡོད་ཅེས་ཁ་ན་ན་བར་བཤད་ཀྱང་གཞན་དག་མགོ་འཚོས་ཀྱི་མེད། ཁྱོད་ཀྱིས་བཤད་པ་བདེན་མི་བདེན་ཚིག་ཏུ་འཕོས་པའི་འཕྲོ་ནས་གཟོད་ཤེས་ཐུབ་པའི་ཐབས་ཤེས་ཡོད། ལ་ལས་བྲང་གར་ཐལ་ལྕག་རྒྱག་གིན་ཨ་ཇོའི་ཚོར་བ་རྣོན་པོ་འདི་དགའ་བ་ལ་ཟེར། འགའ་ཞིག་གིས་ཁ་ངོ་གྲུང་གྲུང་བྱེད་ཀྱིན་ངེད་ཀྱི་འཆར་སྒོ་ཟབ་པོ་འདི་འདྲ་ཨེ་ཡོད་ན་ཟེར། ཟེར་ཟེར་ལ་གཏོལ་མེད་ཅིང་མི་ཚོའི་ཁོག་པའི་ནང་གི་རྣོན་པོ་དང་ཟབ་པོ་དེ་གང་འདྲ་ཡོད་མིན་ཤེས་ཐབས་བྲལ། དེས་ན་སོ་སོའི་རྣོན་པོ་དང་ཟབ་པོ་དེ་དག་ཚིག་ཏུ་འཕོ་བར་བྱོས་དང་བལྟ་ཡོང་ཟེར་བ་ཙམ་རིགས་སོ། ། གཞུང་ལུགས་ཀྱི་སྐད་ཀྱིས་བཤད་ན། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། ། མིང་གི་ཁོངས་ནས་ཚིག་ཕྱུང་ནས། ། ཚིག་གིས་དོན་རྣམས་སྟོན་པར་བྱེད། ། ཅེས་པའོ། ། འོ་ན་ཚིག་ཏུ་འཕོས་པ་ཙམ་གྱིས་འགྲིག་པ་ཡིན་ནམ་ཞེ་ན། སྒྲ་ཡངས་འཇུག་གི་རྩོམ་རིག་བརྩམས་ཆོས་ལ་འགྲིག་མོད་སྒྱུ་རྩལ་རང་བཞིན་གྱི་རྩོམ་རིག་བརྩམས་ཆོས་ལ་དེ་ཙམ་གྱིས་ད་དུང་འདང་མེད། བྱུང་འཛིན་གཡར་འཛིན་མན་ཆད་ཚིག་ཏུ་འཕོས་པའི་ཁོངས་གཏོགས་ཡིན་མོད་སྒྱུ་རྩལ་རང་བཞིན་གྱི་རྩོམ་རིག་བརྩམས་ཆོས་མིན་པ་ལྟ་བུ་རེད། ད་བྱེད་དུས་གནད་འགག་ནི། ཚིག་ཏུ་ཇི་ལྟར་འཕོ་རྒྱུ་དེ་རེད། ཚིག་ཏུ་ཇི་ལྟར་འཕོ་རྒྱུ་ཞེས་པ་འདིའི་ཁོངས་སུ་ད་ཆ་སྤྱོད་བཞིན་པའི་རྩོམ་རིག་གི་སྒྲིག་གཞི་དང་བྱུང་རིམ་ཟེར་ཡ་ཆ་ཚང་འདུས་ཡོད། འདི་ལ་སྔ་དུས་རྗོད་བྱེད་ཀྱི་ཚིག་ཟེར་བ་རེད། དེས་ན་རྩོམ་རིག་ལ་ཅི་ཞིག་འཕོ་རྒྱུ་དང་ཇི་ལྟར་འཕོ་རྒྱུ་གཉིས་ལས་ཕྱི་མ་གལ་ཆེ། དགའ་སྐྱོ་ཆགས་སྡང་མེད་པའི་མི་ཞིག་ཨ་ཅང་ཅང་། གནད་འགག་ནི་དགའ་ཚུལ་སྐྱོ་ལུགས་ཆགས་ཚུལ་སྡང་ལུགས་སོགས་ཚད་དུ་ཕེབས་པ་ཞིག་ཤོད་འདོད་ན་ཐབས་ཤེས་ཤིག་དགོས། ཐབས་ཤེས་དེ་གང་རེད་ཅེ་ན་ཚིག་ཟེར་ན་འདྲ། ཡི་གེ་ཟེར་ན་འདྲ། སྡེབ་སྦྱོར་ཟེར་ན་འདྲ། རྗོད་བྱེད་ངག་གི་ཕྲེང་བ་འདི་མ་གཏོགས་ཅི་ཡང་ལྷག་བསྡད་མེད། བྱས་ཙང་ངས་བལྟས་ན། རྩོམ་རིག་གིས་གང་དྲག་བྱེད་དགོས་ས་ཞིག་འདི་རེད།བརྩེ་གདུང་དང་དད་པ་སོགས་ལ་རྒྱ་མས་དཔོག་པ་དང་ཚད་ཤིང་འཐེན་པ་སོགས་མི་ནུས་པས་གང་བྱུང་དུ་མི་འདི་དང་དེའི་ཚོར་བའི་མང་ཉུང་སྨྲ་ཁུལ་བྱེད་པ་ནི་བླུན་པོ་སྙིང་ཁམས་ཅན་ཞིག་མིན་ན་བྱེད་ཕོད་ས་མེད། ཤ་ཁྲག་ཟད་པའི་བར་དུ་ཡན་ལག་ལྔ་ག་ས་ལ་སྦྱར་ནས་ཕྱག་འཚལ་མཁན་དག་ལ་ཅི་ཞིག་འཕོ་རྒྱུའི་དགའ་སྐྱོ་ཆགས་སྡང་དང་སིམ་གདུང་བར་མ་མེད་པ་མ་རེད། ཇི་ལྟར་འཕོ་རྒྱུའི་རྗོད་བྱེད་ཡག་པོ་གོ་ཆོད་པ་ཞིག་མེད་སོང་བ་ཙམ་རེད། རྗོད་བྱེད་གོ་ཆོད་པ་ཞིག་ཡོད་རྒྱུ་ན་ཁོ་ཚོར་ཇི་འདྲའི་ཟབ་པོ་རྣོན་པོ་རིགས་བྲི་རྒྱུ་མེད་དམ། མིའི་རིགས་སོགས་ཀྱི་ཆེད་དུ་ཅི་དང་ཅི་ཡང་བྱེད་སྤོབས་པ་ཁོང་རྣམས་ལའང་ཅི་ཞིག་འཕོ་རྒྱུའི་སྤྱི་ཞེན་དང་ངུ་ངག་དང་སྐྱིད་སྡུག་སོགས་མེད་པ་གཏན་ནས་མ་རེད། ཇི་ལྟར་འཕོ་རྒྱུའི་ཚིག་དང་བཅས་པའི་ཐབས་ཤེས་ཡག་པོ་ཞིག་དཀོན་སོང་བ་རང་རེད། དེ་ག་མི་དཀོན་པ་ཡིན་ན་སེམས་པ་ཁོ་ཐག་ཆོད་ཅིང་སྣང་བ་སྐྱུར་བྲེང་བྲེང་བྱེད་པ་ཇི་འདྲའི་དཔེ་མཚར་པོ་དག་དེ་རྣམས་ལོས་ཀྱང་འབྲི། དེས་ན་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་འབད་མི་དགོས་པར་ཡོད་པའི་ཚོར་བ་འདི་དངོས་གནས་བྱས་ན་མི་རྙེད་པ་ཅང་མ་རེད་མོད། དེ་མཚོན་པར་བྱེད་པའི་རྗོད་བྱེད་ཀྱི་ཐབས་ནི་དཀའ་ཙམ་གདའ། ཚིག་སྦྱོར་ལ་མ་བརྟེན་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡོང་མི་སྲིད་ལ། ཚད་ངེས་ཅན་ཞིག་ནས་ཚིག་སྦྱོར་འབའ་ཞིག་ནི་རྩོམ་རིག་བརྩམས་ཆོས་ཡིན་མིན་དབྱེ་བར་བྱེད་པའི་ས་མཚམས་ཉག་གཅིག་རེད།
ལེའུ་དགུ་པ། བཅད་གསར་སྙན་ངག་ལའང་རྫུན་མ་ཡོང་སྲིད་པས་གཟབ་གལ་ཆེ།
ཕྱི་ཚུལ་དང་རྣམ་པ་ཙམ་གྱི་ཆ་ནས་རྫུན་མ་དངོས་མར་འཁྲུལ་བའི་སྐབས་མཐའ་གཅིག་ཏུ་ཡོད་པ་ཡིན། བིམ་པའམ་ཀུ་ཤུའི་ཐོན་རྫས་ལྟ་བུར་ཆ་བཞག་ན། དངོས་མར་ཡོད་པའི་ནུས་པའི་དོད་ཙམ་ནི་རྫུན་མ་ལའང་ཡོད། རེག་པ་ཞིག་གིས་དོད་ཙམ་ཡིན་པའང་མི་ཤེས། ཧ་ལམ་ཞིག་འདིས་ནུས་པ་དེས་ཀྱང་ནུས། དེས་མི་ནུས་པ་འདིས་ཀྱང་མི་ནུས། དངོས་མའི་ནང་གི་ཞིམ་བུས་ལད་མོ་རྩེད་ཤེས་པ་ནང་བཞིན་རྫུན་མའི་དེས་ཀྱང་རྩེད་ཡག་ཡིན། ཡིན་ནའང་ཆེད་མངགས་བརྟགས་ན་དེ་གཉིས་ཀྱི་ཁྱད་པར་མི་འདྲ་བ་ཙམ་མིན་པར་རྦད་དེ་མི་འདྲ། ཐོན་རྫས་དངོས་རྫུན་བར་གྱི་ལད་ཟློས་དེ་རྩོམ་པའི་ཁྱབ་ཁོངས་སོགས་ལའང་གཅིག་པ་ཡིན། མི་ཚོས་ཐོན་རྫས་དངོས་རྫུན་མ་ཤེས་ནས་ཕམ་རག་པ་ནང་བཞིན་སྙན་ངག་དངོས་རྫུན་འཆུགས་ནས་གྱོང་འཁེལ་བ་ཉུང་ཉུང་ག་ལ་ཡིན། ཡང་གཅིག་བཤད་ན། གང་ལ་དགའ་བསུ་ཞུ་མཁན་མང་ན་དེའི་རིགས་ཀྱི་རྫུན་མ་འབྱུང་བ་ཆོས་ཉིད་དུ་ཟད་དེ། འཇིག་རྟེན་ན་རྩ་ཆེ་བར་བརྩི་བའི་གསེར་དང་གཟི་སོགས་ལ་རྫུན་མ་འབྱུང་བ་ནང་བཞིན་ནོ། ། སྙན་ངག་དངོས་རྫུན་གང་ཡིན་རུང་ཡི་གེ་དང་མིང་དང་ཚིག་སྟེ་ཚོགས་གསུམ་གྱི་གཡོས་སྦྱོར་ལས་ཐོན་དགོས་པ་ལ་ཁྱད་པར་མེད་པས་དངོས་རྫུན་གཉིས་འདྲ་བ་ཙམ་མ་ཟད་འཆུགས་པའི་དུས་ཀྱང་ཡོད། དེ་ཡི་ཕྱིར་ན། རྩོམ་མཁན་འདིའི་ཡི་གེ་དང་མིང་དང་ཚིག་སོགས་རྩོམ་མཁན་དེས་ལས་སླ་པོས་འཁྱེར་ཐུབ་ཀྱི་ཡོད་ཅིང་། ལ་ལས་རྐུ་བྱེད་པ་མངོན་གསལ་ཆེ་ཞིང་ཁ་བྱང་ཚུན་ཆད་བསྒྱུར་མེད་པས་སྐད་ཅིག་རིང་ལྷང་ལ་འབུད་ཐུབ་ཀྱི་ཡོད་མོད། སྐོར་ཞིག་མི་འདྲ་སྟེ། བརྐུ་ཡུལ་གྱི་རྩོམ་ཐ་དད་རེ་རེ་ནས་དུམ་བུ་ཐ་དད་མང་པོ་བླངས་ཏེ་མི་ཤེས་པ་ཚོས་བལྟས་ན་ཡིན་མདོག་ཁ་སེ་ཞིག་སྟོན་ཡོང་བས། ཐོས་ཉུང་དག་གིས་གླགས་འཁེལ་གྱི་མེད་པ་རེད། དེས་ན། བློ་ཁ་དམའ་བ་རྣམས་ཀྱིས་དངོས་མ་བསྐྱུར་ཏེ་རྫུན་མ་ལེན་ཞིང་དེའི་ཆེད་དུ་འབོད་ཚིག་སྣ་ཚོགས་སྒྲོག་པར་བྱེད། རེ་ཞིག་དེའི་གྲས་ཀྱི་རྩྭ་རྐང་བསྡམས་པ་ལྟ་བུའི་དཔུང་སྡེ་ཡང་མི་ཆགས་མི་སྲིད། བདག་གིས་འདི་ལ་ཡི་གེའི་སྙིགས་དུས་ཟེར། དུས་ངན་འདི་འདྲ་སྔོན་ཆད་བྱུང་མྱོང་ལ་ད་ལྟར་འབྱུང་བཞིན་པ་དང་མ་འོངས་འབྱུང་ངེས་སུ་ཟད་དོ། ། ཕྱོགས་གཞན་ཞིག་ནས། རིན་པོ་ཆེ་གཟི་བསྐྱར་ཟློས་ཡོང་དཀའ་བ་ནང་བཞིན་དོན་དམ་པའི་སྙན་ངག་ལ་བསྐྱར་ཟློས་ཡོང་ཤེས་ཐབས་མེད། མི་དེ་དང་འདིའི་ཚོར་བ་སློང་རྐྱེན་དང་སློང་དུས། ནང་གི་འགྱུ་བའི་དལ་བྲེལ་དང་ཟབ་ལོས་སོགས་ཁྱད་པར་གང་ཡང་མེད་པ་ཞིག་རྩ་བ་ནས་ཡོང་ཤེས་ཐབས་བྲལ། དེ་ནི་ཁོ་པ་གཉིས་མི་སོ་སོ་བ་ཡིན་པས་བྱས་པ་རེད། དེའི་རྐྱེན་གྱིས། དེས་བྲིས་པ་གང་ཞིག་འདིས་བྲིས་པར་བརྫུས་པའི་ཚེ་སྤྲད་ཤུལ་དང་བླངས་ཤུལ་གྱི་ཀོང་ཀོང་འབུར་འབུར་སྣ་ཚོགས་འཐོན་ཡོང་བ་རེད། ཡིན་ཙང་། སུ་ཞིག་མི་ལ་རས་པའི་མགུར་མ་དང་འདྲ་ཆེས་པ་ཧ་ལམ་ནོར་འགྲོ་བ་ཞིག་བྲིས་ཀྱང་རྫུན་པ་ཞིག་ལས་འགྲོ་ས་མེད། དེ་གང་གིས་ཞེ་ན། ང་རང་ཚོ་མི་ལ་རས་པ་མིན་པས་བྱས་པ་རེད། སྒྲ་བསྒྱུར་མར་པ་མ་བསྟེན་པས་བྱས་པ་རེད། བྲག་དམར་སྤོ་མཐོ་ནམ་མཁའ་རྫོང་ལ་མ་བསྒོམས་པས་བྱས་པ་རེད། དེའི་རྐྱེན་གྱིས་གཞན་ཞིག་གཞན་ལ་བརྫུས་པའི་རིགས་འདི་ཅུང་ཟད་བརྟག་ན་རང་མདོག་བསྟན་ཡོང་བས་རྩོམ་གྲོགས་དག་ཞེ་དྲག་གཟབ་དགོས། གཅིག་བྱས་ན། ཀ་བ་དང་ཁ་བའི་སྟོང་ཉིད་འདོད་ལུགས་འདྲ་ཡང་སྲིད་མོད། གང་ཟག་བྱེ་བྲག་པའི་ཤེས་རྒྱུད་བྱེ་བྲག་པར་བརྟེན་ཡོད་པས་བརྗོད་པའི་ཐབས་འདྲ་མི་སྲིད། གོ་བའི་གདེང་འདྲ་མི་སྲིད། འཆར་སྒོའི་དལ་བྲེལ་ནས་ཐ་སྙད་ཀྱི་ངེས་ཁྱད་བར་མི་འདྲ་བ་སྣ་ཚོགས་ཚར་དུ་བསྒྲིགས་ཡོད། དཔེར་ན། སྤྱི་དང་བྱེ་བྲག་གི་ཁྱད་པར་མི་ཤེས་པ་ཚོས་མི་ཐམས་ཅད་མི་རང་ཡིན་པས་འདྲ་སྲིད་དོ་ཟེར་ན། མི་ཡིན་པའི་རྫོང་སར་ཚང་དང་མི་ཡིན་པའི་པིན་ལ་ཏིན[本·拉登]གཉིས་ཀྱི་དྲན་ཚུལ་འདོད་ལུགས་ཚང་མ་འདྲ་དགོས་མོད་མི་འདྲ་བ་ཐུན་མོང་གིས་ཁས་ལེན་པས་སྒྲུབ་བྱེད་ཐོལ་པ་ཞིག་འཚོལ་གྱི་མིན། དེ་འདྲའི་ལྐུགས་རྟགས་སྟོན་མཁན་ཉུང་ཡང་སྲིད་པས་སྔར་གྱི་འཕྲོར་མཐུད་ན། མི་ལ་རས་པ་ལ་ཁོང་སོ་སོའི་སྟོང་ཉིད་བཙལ་ཚུལ་ཞིག་དང་རྙེད་ཚུལ་ཞིག་ཡོད་ཅིང་དེ་ནི་ཁོང་སོ་སོའི་ཡུལ་ཅན་བློ་དང་ཕྱི་རོལ་ཡུལ་གཉིས་ཀྱི་འབྲེལ་སྦྱོར་ལ་བརྟེན་ནས་དང་ཁོང་སོ་སོའི་སྦྱངས་པ་དང་ལྷན་སྐྱེས་ལས་ཐོན་པའི་ཚིག་སྦྱོར་ལ་བརྟེན་ནས་དང་། ཁོང་སོ་སོ་དངོས་སུ་བསྡད་མྱོང་སའི་གནས་དང་དེ་འབྲེལ་སྐྱིད་སྡུག་སོགས་གཞི་རྩ་བྱས་པ་ལ་བརྟེན་ནས་བརྩམས་པའམ་གྱེར་བ་ཡིན་གྱི་ཡོད། དེས་ན། གཞན་གྱིས་དུས་རབས་དེ་ཙམ་ཞིག་ལ་ཁོ་ཡུག་དེ་འདྲ་ཞིག་ནང་སྡུག་རུས་དེ་ཚོད་ཅིག་བྱས་པ་ཚང་མ་ཁྱོད་རང་རང་གི་ཡིན་ཁུལ་འདྲ་པོ་ཞིག་འཁྲབ་ཤེས་ཐབས་མེད་ལ་འཁྲབ་ཉན་ཚོད་ཀྱང་མེད། འཁྲབ་ཤེས་ཐབས་མེད་ཅེས་པས་གོང་ནས་བཤད་པའི་ཀོང་ཀོང་འབུར་འབུར་གྱི་སྤྲད་ཤུལ་བླངས་ཤུལ་དེ་ཚོ་ཐོན་གྱི་ཡིན་པ་བསྟན། འཁྲབ་ཉན་ཚོད་མེད་ཅེས་པས་རྩོམ་པའི་རྐུན་མ་ཡོད་ན་དེར་སྟངས་འཛིན་བྱེད་པའི་ཡི་གེའི་ཉེན་རྟོག་པའང་མེད་མི་སྲིད་པ་བསྟན། གལ་ཆེ་བ་ནི། ཁྱོད་སོ་སོས་མི་ལ་རས་པས་བཤད་པའི་སྟོང་ཉིད་གསན་རྗེས་གོ་བ་ཅི་ཞིག་འཆར་གྱི་ཡོད་པ་དེ་རྩོམ་ནང་བྲི་དགོས་པ་རེད། སོ་སོ་རང་གི་ཤེས་རྒྱུད་བྱེ་བྲག་པ་ལས་སུ་རུང་བ་བྱས་ཏེ་བྲི་དགོས་པ་རེད། དེ་ལྟར་བྲིས་པ་ཡིན་ན་གཟོད་རྩོམ་དེ་ཁྱོད་ལ་གཏོགས་པ་ལས་མི་ལ་རས་པར་མི་གཏོགས། དེ་ལྟར་བྲིས་པ་ཡིན་ན་མི་ལ་རས་པའི་མགུར་ནི་ཁྱོད་ཀྱི་རྩོམ་དེ་དྲན་པར་བྱེད་པའི་རྐྱེན་ཙམ་ལས་གང་ཡང་མིན་ནོ། །
ལེའུ་བཅུ་པ། བཅད་གསར་པ་དག་བོད་སྐད་ཀྱི་གཏིང་ལ་འཇུག་དགོས་ལུགས་ཀྱི་འཕྲོས་དོན།
“བོད་སྐད་ཀྱི་གཏིང”ཞེས་པ་ནི། དངོས་སུ་ཚིག་ཟིན་ལ“བརྒྱབ་ཐལ”“གཉིས་ཟོས་སོང”ཞེས་བྲིས་མེད་ཀྱང་ངང་གིས་གོ་ཐུབ་པ་ཞིག་དགོས། དགེ་ཆོས་སོགས་ཀྱིས“སྙན་པ་ལ་ཚོད་མ་བྱུང”སོགས་བྲིས་ཚེ། རྒྱ་མི་ཚོས་གོ་མི་ཐུབ་ཅིང་རྒྱ་མ་བོད་ཚོས་གསལ་པོ་མི་འདུག་ཟེར་གྱི་ཡོད་མོད། བོད་རྣལ་མ་དག་ལ་ནི་གསལ་ཞིང་སྙན་པའི་ཁར་མི་ཟད་པའི་བྲོ་བས་གཏམས་ཡོད། ཕྲན་གྱིས“གཏིང”ཞེས་ཁ་ཁ་ཞིག་ལབ་དགོས་དོན་ཡང་དེས་ཡིན། དེ་ཡང་། སྐབས་ཤིག་ལ་རང་རེའི་རྗོད་བྱེད་ཀྱིས་དཔེ་ལྟ་ས་ནི་བཀའ་དང་བསྟན་བཅོས་བྱས་པ་རེད། དེ་ལ་བཀའ་དང་བསྟན་བཅོས་ཞེས་པ་ཇི་འདྲ་ཞིག་ཡོད་ཅེ་ན། གཙོ་བོ་རྒྱ་གར་ནས་བསྒྱུར་པའི་འགྱུར་རྩོམ་ཁག་སྟོན་གྱི་ཡོད། ཇི་ལྟར་ལེགས་ཀྱང་འགྱུར་ཡིན་པས་བོད་སྐད་གཙང་རྐྱང་གིས་བྱས་པ་ལྟ་བུ་ཞིག་ཡོང་ཐུབ་མེད་ལ། ཡོང་ཐུབ་ཡོད་ཟེར་བ་ནི་བོད་ཡིག་ཙམ་འབྲི་ཤེས་པའི་ཕྱི་གླིང་པ་ཞིག་ལ“ཁྱོད་ཀྱི་ཆུ་ཚད་བཟང་བ་ལ།གཏན་གཏན་བོད་པ་ལྟ་བུ་ཞིག་རེད”ཅེས་སྤུར་བ་དང་འདྲ་བས་ཡིད་ཆེས་རྒྱུ་མེད། སྤྱོད་འཇུག་ཆེན་མོ་ལྟ་བུ་བསྒྱུར་ཤུལ་དེ་ཙམ་མི་མཐོང་བ་རེ་གཉིས་བཞུགས་པ་ཕུད་ལྷག་མ་ཕལ་ཆེར་མཁྲེགས་པ་དང་གྱོང་བ་དང་རེངས་པ་ཞིག་ཡོད་དོ། ། བོད་ཀྱི་མཁས་པ་ཚོས་བཀའ་དང་བསྟན་བཅོས་ལ་འགྲེལ་བ་ཡང་འགྲེལ་མང་པོ་རྩོམ་དགོས་པར་རྒྱུ་མཚན་འགའ་ཡོད་པའི་ཁྲོད་ཀྱི་གཅིག་འདི་ཡིན། ཡབ་མེས་དག་རྒྱ་གར་ནས་བསྒྱུར་པའི་བཀའ་དང་བསྟན་བཅོས་ཀྱི་བརྗོད་བྱ་ལ་དགའ་བ་མ་ཟད་རྗོད་བྱེད་ཀྱི་དབྱིབས་ལ་ཞེན་དྲགས་ཏེ་ཕྱིས་བོད་མི་རང་གིས་བྱས་པའི་བསྟན་བཅོས་དག་ཀྱང་སྒྱུར་རྩོམ་ཞིག་དང་འདྲ་བར་འགྲེལ་བ་ཡང་འགྲེལ་མང་པོ་མ་བརྩམས་ན་མི་གོ་བ་ཞིག་བྱུང་། ཁོང་རྣམས་འགྱུར་མའི་རྗོད་བྱེད་ཀྱི་དབྱིབས་ལ་སྦྱངས་པ་བཤད་ཅི་དགོས། ཕྱོགས་ཙམ་ལའང་མི་འགྲོ་བའི་སུམ་རྐང་མང་པོ་བསྒྲིགས་ནས་དཔེ་བསགས་ཚུལ་དགེ་ཆོས་ཀྱིས་ར་སྤྲད་ཟིན་པ་དེ་རེད། ལྷག་པར་དུ་སྐད་གསར་བཅད་ཐེངས་མ་གསུམ་གྱི་ཁྲོད“ཡིག་སྐད་གཏན་ལ་ཕབ་བོ”ཟེར་ཕྱོགས་གཅིག་ནས་རྒྱ་གར་ནས་བསྒྱུར་པའི་རྩོམ་དབྱིབས་སྣ་ཚོགས་ཚད་ཤིང་བྱས་པ་དང་ཕྱོགས་གཞན་ཞིག་ནས“ཀློག་བདེ་བ”ཞིག་བྱེད་ཀྱི་ཡོད་མདོག་གིས་མིང་བརྡ་མཚོན་སྟོབས་ཅན་མང་པོ་ཕངས་མེད་དུ་དོར། གང་དོར་བ་དག་ང་ཚོས་ད་ཚོད་བརྡ་རྙིང་དུ་འབོད་པ་འདི་ཡིན་ནོ། ། མཁས་པ་ལ་ལས། ཏུན་ཧོང་ཡིག་རྙིང་དང་ན་ཚོད་མཉམ་པའི་ཐུ་མིའི་སུམ་རྟགས་གཉིས་ཀྱང་སྐད་གསར་བཅད་ཀྱི་སྐབས་ཤིག་ལ་གི་གུ་ཕྱིར་འཁོར་སོགས་དོར་ནས་ད་ལྟའི་འདི་ལྟ་བུ་ཞིག་ཏུ་བཅོས་ཟེར། ངས་བྱས་ན། གི་གུ་ཕྱི་འཁོར་བླངས་པ་ལ་གནད་འགག་མི་འདུག་མོད་རྒྱ་གར་བཀའ་བསྟན་གྱི་འགྱུར་དབྱིབས་དང་འདྲ་ཆེས་པ་ཞིག་བྱས་པ་འདིས་མང་པོ་ཞིག་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཨེ་ཡོད་འདོད། རྒྱུ་མཚན་ནི། ཕལ་མོ་ཆེས་ཐུ་མིས་མཛད་པའི་རྩོམ་གདན་དངོས་དེ་གང་འདྲ་ཞིག་ཡོད་མེད་ལ་བསམ་བློ་འཁོར་མི་ཤེས་པས་སོ། ། གང་ལྟར། “ལུང་པ་བྱེ་བྲག་པའི་སྐད”ཅེས་ཧ་ཅང་དམན་པར་ལྟ་བ་འདི་སྐད་གསར་བཅད་སྔ་ཕྱིའི་དུས་སུ་བསྒྲགས་ཡོང་བ་ཞིག་རེད་མོད། སྔོན་དང་ད་ལྟའི་མཁས་པ་ཚད་ལྡན་སྐོར་ཞིག་གིས་ཚིག་འདི་རྩིས་མེད་དུ་བཏང་ཡོད། དབུས་དང་གཙང་དང་ཁམས་བཅས་ཀྱི་སྐད་ལུགས་སོར་བཞག་གིས་བརྩམས་པ་ལ་རིམ་བཞིན་དུང་དཀར་ཚང་གི་གསུང་འབུམ་དང་ཉེ་རབས་དང་དེང་རབས་ཀྱི་ལྷ་སའི་སྒྲུང་གཏམ་ཡོངས་རྫོགས། མི་ལ་རས་པའི་རྣམ་ཐར་དང་གེ་སར་གྱི་སྒྲུང་དཔེ་གྲགས་ཅན་སྐོར་ཞིག་བཅས་ཡོད་ལ། ཨ་མདོའི་སྐད་ལུགས་མང་ཙམ་སོར་བཞག་གིས་འབྲི་མཁན་གུང་ཐང་བསྟན་པའི་སྒྲོན་མེ་དང་ཞང་བཙུན་བསྟན་པ་རྒྱ་མཚོ། རྡོ་སྦིས་ཤེས་རབ་རྒྱ་མཚོ་དང་། དགེ་འདུན་ཆོས་འཕེལ་སོགས་མང་དུ་མཆིས་སོ། ། དེང་གི་དུས་ལ་མཚོན་ནའང་། སྤྱིའི་ཆ་ནས། རང་རེས་སྐད་གསར་བཅད་ཀྱི་ལྕགས་རི་ཡོངས་སུ་བརྒལ་བ་མ་ཟད་ཏུན་ཧོང་ཡིག་རྙིང་ལའང་ལག་པ་འཆང་ཐུབ་པ་བྱུང་། ད་ཆ་ལོ་རྒྱུས་ཉམས་ཞིབ་པ་མཁར་རྨེའུ་བསམ་གཏན་སོགས་ཀྱིས་ཆེས་གནའ་བོའི་དུས་ཀྱི་རྩོམ་སྲོལ་བཞིན་གསར་དུའང་འབྲི་སྐད། བྱས་ཙང་ད་ཚོད་བསྟན་བཅོས་ཀྱི་སྐད་ཟེར་ན་རྒྱ་གར་ནས་བསྒྱུར་པ་དག་གི་དབྱིབས་ཙམ་དང་དབྱིབས་དེ་ནང་བཞིན་བསྒྲིགས་པའི་བོད་རྩོམ་ཉུང་ཤས་ལ་གོ་རྒྱུ་མིན་པར། རྩོམ་པ་པོ་ཡུལ་གང་གི་ཡིན་པའི་ཚིག་རིས་ཚུན་ཆད་གསལ་བའི་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ནས་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བར། དཔལ་སྤྲུལ་དང་རྡོ་གྲུབ་སོགས་ཀྱི་འབེལ་གཏམ་ནས་སྔར་གྱི་གཞུང་ཡིག་སྣ་ཚོགས་ཀྱི་བར། ད་དུང་ཨ་ཁུ་སྟོན་པའི་གཏམ་རྒྱུད་དང་མི་རོ་རྩེ་སྒྲུང་། ད་དུང་མགུར་དང་ལ་གཞས་དང་ཁེད་དང་ཤགས་དང་གཏམ་དཔེ་དང་རོགས་འཐེན་དང་བཤད་པ་དང་དམངས་གླུ་ཚུན་ཆད་འདུས་པ་ཞིག་ཏུ་ངོས་འཛིན་དགོས་པར་འདོད། མང་པོ་དག་བོད་ལ་སྐད་གསར་བཅད་བཞི་པ་བྱ་དགོས་ཞེས་སྨྲ་བཞིན་འདུག་ལ་བདག་ཀྱང་དེའི་ཕྱོགས་སུ་འགྲེངས་སོ། ། ད་དུང་། དགོས་དབང་གིས་བྱེད་འབྲེལ་སོགས་ཀྱི་སྐོར་ཅུང་ཟད་གླེང་ན། སྐབས་མང་པོར་དུང་དཀར་ཚང་གིས་འབྲེལ་སྒྲའི་གྱི་དང་ཀྱིའི་ཚབ་ཏུ་“གི”སྤྱད་ཡོད་པ་ཚང་མས་མཐོང་ཡོད་ངེས། དེ་བཞིན་ཁོང་གིས་ཡིན་ཙང་དང་བྱས་ན་སོགས་ཀྱང་ནམ་ཚོད་མཁོ་ན་དེ་ཚོད་བཀོལ་གྱི་ཡོད་པ་རེད། ངས་ནི། མཁས་པ་ཆེན་པོའི་ལག་ལེན་འདི་ཙམ་གྱིས་ཀྱང་ཀློག་མཁན་དང་བརྩམས་ཆོས་གཉིས་ཇེ་ཉེར་བཏང་འདུག་པའི་ངོས་འཛིན་བྱེད། དེ་བཞིན་ལྷ་སའི་སྐད་ལུགས་སོར་བཞག་གིས་བརྩམས་པ་དང་ཨ་མདོའི་སྐད་ལུགས་སོར་བཞག་གིས་བརྩམས་པ་གཉིས་བསྡུར་ན་བྱེད་འབྲེལ་སོགས་ཀྱི་ཟུར་ཕྱིན་ལུགས་མི་འདྲ་བ་ཅི་བས་མང་། སྤྱིར་བཏང་། ཐོབ་ཐང་གི་ཆོས་ཉིད་ཟེར་ཡ་འདི་གཏན་ལ་ཕབ་པ་ལྟར་འབྲི་དགོས་པ་ཡིན་མོད། དཔྱད་ན་དེ་ལྟར་མི་འབྲི་བའི་སྐབས་ཀྱང་མེད་པ་མིན། བོད་པ་སྤྱི་དང་བྱེ་བྲག་ཨ་མདོ་པ་དག་ལ་ཡིག་ངག་གཉིས་ཆར་བདེ་བའི“ང་རང་འགྲོ”ལྟ་བུ་ཞིག་ལ་ཆ་བཞག་ན། “ང”ནི་འགྲོ་མཁན་ཡིན་པས“ང་ཡིས་འགྲོ”ཞེས་འབྲི་རིགས་མོད་དེ་ལྟར་བྲིས་པ་སྲིད་མཐའ་ཙམ་མོ། ། འགྲོ་ཞེས་པ་བྱ་ཚིག་ཡིན་ཞིང་དེའི་ཤུགས་ཀྱིས་ང་དེ་འགྲོ་བ་བོ་ལས་འདར་མེད་པས་ཕྲད་དངོས་སུ་མི་སྣང་ཡང་དོན་གོ་བ་ཡིན། “ང་ཡིས་འགྲོ”ཞེས་བྲིས་ཀྱང་མི་འགལ་མོད་མི་དགོས་སར་ཞིབ་ཆེས་ན་སྐད་ཆའི་འགྲོས་ལས་བྱུང་བའི་བྲོ་བ་བརླག་གི་རེད། གནད་འདི་ཨ་ལགས་དོར་ཞི་ལགས་ཀྱིས་འཐད་པ་ཞིག་བྲིས་འདུག་པས་དེར་བལྟ་དགོས། ཡིན་ཡང་ལྷ་སའི་སྐད་ལུགས་སོར་བཞག་གིས་བརྩམས་པ་དག་ན“ང་རང་འགྲོ་མཁན་ཡིན”ལྟ་བུའང་གོ་རྒྱུ་མེད་པ་མིན། དེ་མིན། “ང་སྟན་ལ་བསྡད་དེ”མི་ཟེར་བར་“ང་ཡིས་སྟན་ལ་འདུག་སྟེ”ཞེས་བྱེད་སྒྲ་སྦྱར་ཚེ་ཡོན་ཏན་ཆུང་ཞིང་ཁ་ཕོ་ཆེ་བ་དག་སོ་ལྷུང་བའི་ཚོད་དུ་དགོད་ལས་ཆེ་མོད། དཔེ་གྲགས་ཆེན་མདོ་མཛངས་བླུན་སོགས་ན་དེ་ཁོ་ན་བྲིས་ཡོད། དང་མའི་ལྷ་སའི་གཞུང་ཡིག་འབྲི་སྟངས་ལ་ཉམས་ཞིབ་བྱས་ན་མིང་བསྡུ་བ་ཙམ་མ་ཟད་སྐབས་མང་པོར་ཕྲད་ཀྱང་གང་འཚམས་བསྡུ་ཆོག་གི་ཡོད། ཡང་དཔེ་གཞན་ཞིག་བཞག་ན། ”བདག་ཟ་མ་བཟའ་བར་བྱའོ”ཞེས་བྲིས་ཚེ་ཚིག་ཟིན་ལ་བྱེད་སྒྲ་མེད་མོད་ཟ་མས་ཚུར་བཟའ་མི་སྲིད་པས་བདག་གིས་ཕར་བཟའ་བ་ལས་འོས་ཅི་ཡོད། དེས་ན“གིས”ཞེས་སྦྱར་དང་མ་སྦྱར་ལ་ཁྱད་པར་མེད། རང་རེས། བྱ་བྱེད་གོ་བ་ཞིག་གིས་མི་ཆོག་གི་ངེས་པར་གཟུགས་སུ་གྲུབ་པའི་ཕྲད་ཅིག་དགོས་ཟེར་བ་འདི་བུད་མེད་ཡིན་པས་མི་ཆོག་པར་ང་བུད་མེད་ཡིན་ཞེས་སྨྲ་དགོས་ཟེར་བ་དང་འདྲ་བས་གད་མོ་འཆོར། བྱེད་འབྲེལ་སོགས་ཀྱི་ཁྱད་པར་རགས་པའི་སྐོར་ཕྲད་ཀྱི་ཡི་གེ་དེ་དང་དེས་སྟོན་དགོས་པ་ཡིན་མོད་ཐུན་མོང་མ་ཡིན་པའི་སྐད་ཀྱི་འགྲོས་ལས་བྱུང་བའི་བྱེད་འབྲེལ་སོགས་ཀྱི་ཁྱད་པར་ཕྲ་མོ་དག་མིག་ལ་མི་སྣང་ཡང་ཀློག་པའི་གོ་རིམ་དུ་མཛེས་པ་དང་བཅས་ཚུར་སྣང་བྱེད་ཀྱི་ཡོད། འདི་རིགས་ད་སྔ་ཆེད་མངགས་བཤད་རྒྱུ་མ་བྱུང་བས་ཡི་གེ་ཤེས་པའི་མཐོ་ཚད་ནི་སུམ་ཅུ་པའི་ནང་གི་སྟབས་བདེའི་ཐོབ་ཐང་ཙམ་ཤེས་པར་ངོས་འཛིན་པ་འདི་དར་རོ། ། གནའ་དེང་གི་དཔེ་དེབ་འགའ་རེར་ཉམས་ཞིབ་བྱས་མྱོང་མཁན་ཞིག་ལ་མཚོན་ན། “ཁོང་རྣམས་དེ་ལྟར་ཟེར”དང“ཁོང་རྣམས་ཀྱིས་དེ་ལྟར་ཟེར”“བདག་སྨྲའོ”དང“བདག་གིས་སྨྲའོ”སོགས་དངོས་སུ་ཕྲད་ཡོད་མེད་ཅི་རིགས་སུ་འབྲི་ཆོག་པ་ལོས་ཀྱང་ཤེས་ཐུབ། “མེད་ཀྱང་རུང་བའི་ཝ་ཡིག”ཟེར་བ་ཞིག་ཡོད་པ་བཞིན། བྱེད་འབྲེལ་སོགས་ཀྱང་སྐབས་དང་བསྟུན་ཏེ་མཁས་ཤིང་ཆུབ་པ་ཞིག་སྤྱོད་དགོས་པ་ལས་ཤུལ་ཡོད་ཚད་ལ་ཅི་ཞིག་འཇོག་དགོས་པ་དེ་འདྲ་མིན། ལྷ་སའི་སྐད་ལུགས་སོར་བཞག་གིས་བྲིས་པ་དག་ནི་སྤྱིར་བཏང་བྱ་ཚིག་མང་པོ་ཞིག་གཟུགས་མི་འགྱུར་བས་འོངས་མོད། དེ་དང་དེའི་མཐར་སྦྱར་བའི་ཟིན་དང་བྱའོ་སོགས་ཀྱིས་དུས་གསུམ་གྱི་ཁྱད་པར་མི་ནོར་བ་ཡིན་པས་ཅིས་མི་རུང་། གཞན། བརྩམས་གནང་མཛད་དང་གནང་རོགས་གནང་སོགས་ལ་བྱ་ཚིག་སུམ་བརྩེགས་ཟེར་རྒྱུ་མེད། ཚེག་བར་སྔ་མ་གཉིས་མིང་དུ་གྲུབ་སྟེ་ཚེག་བར་མཐའ་མ་ཁོ་ནས་བྱ་ཚིག་གི་ནུས་པ་ཐོན་གྱི་ཡོད། ཨ་མདོའི་སྐད་ལུགས་སོར་བཞག་གིས་བྲིས་ན་རྟ་ལ་དམར་པོ་དང་སྔོན་པོ་ཞེས་འབོད་མི་ཉན་མོད། རྗོད་བྱེད་ལེགས་པའི་ཚད་དུ་འཛིན་པའི་མི་རོ་རྩེ་སྒྲུང་ནང་རྟ་སྔོན་པོ་ཞིག་ཞེས་ཀྱང་བྲིས་ཡོད། གཞན་ཡང་ཚིག་གི་ཁོར་ཡུག་གི་དབང་གིས“ཅིའི་ཕྱིར”དང“ཅིས་ཕྱིར”“ངེས་པ་དོན་གྱི”དང“ངེས་པ་དོན་གྱིས”ཞེས་སྔ་ཕྱི་མི་འདྲ་བ་གཉིས་ཤིག་འབྲི་སྲོལ་ཡོད། མདོར་ན། རྗོད་བྱེད་ཀྱི་དག་ཚད་དང་གསལ་ཚད་དང་སྙན་ཚད་ཟེར་བ་ཕྲད་ཁོ་ནའི་ཤེད་ལ་བརྟེན་རྒྱུ་ཞིག་མིན་པར་སྐྱེས་བུའི་ཁ་ངག་གི་བྲོ་བ་མ་ཤོར་བ་ཞིག་དགོས་སོ།། བདག་ནི། དོན་མཚོན་པར་ཕན་ཐོགས་པ་ཞིག་ཡིན་ན་མདོ་དབུས་ཁམས་གསུམ་གྱི་སྐད་ལུགས་གང་ལའང་རྟོན། དེས་ན་ཡུལ་ལུང་བྱེ་བྲག་པའི་ཚིག་ཅེས་འཛེམ་དགོས་པ་ཅི་ཡང་མེད་དམ་ཟེར་ན། དམིགས་བསལ་གྱི་རེ་རེ་གཉིས་གཉིས་ཡོད་ན་མ་གཏོགས་སྤྱིར་བཏང་མེད་པར་འདོད། ངའི་ཕ་ཡུལ་གྱི་སྐད་གདངས་ལྟར་བྱས་ན་ཤིང་སོགས་ས་ཐོག་བཀོད་པའི་འདས་པ་ལ་བཙུགས་དང་ད་ལྟ་བ་དང་མ་འོངས་པ་གཉིས་ལ་འཛུགས་ཟེར་བ་ཡིན་ཏེ། གཟུག་བྱ་བ་ཞིག་གར་ཡང་མི་སྣང་། དེ་བཞིན་རྩོམ་སོགས་སྤེལ་བའི་འདས་པར་བཀོད་དང་ད་ལྟར་འགོད་དང་མ་འོངས་པར་དགོད་ཞེས་འབྲི་བ་ལས། གསུམ་པ་དགོད་དེ་ངག་ཐོག་ཏུ་རྙེད་རྒྱུ་མེད་པ་ཞིག་རེད། ངག་ཐོག་ཏུ་དགོད་ཟེར་དུས་སེམས་དགའ་བའི་རྣམ་པ་མངོན་ཏེ་སྤྲོ་བའི་སྐད་འབྱིན་པ་ཞིག་དགོས་ཏེ་ད་ལྟ་བ་དང་སྐུལ་ཚིག་གི་ཁྱད་པར་ཙམ་ཡོད། དེས་ན་མ་འོངས་པ་སྟོན་པའི་གཟུག་ཟེར་ཡ་དང་དགོད་ཟེར་ཡ་འདི་དག་སྔར་ཡོད་པ་ ཞིག་ག་ལེར་ཉམས་པ་ཡིན་ནམ་དང་པོ་ནས་མེད་པ་ཞིག་མཁས་པ་ཚོས་བསྒྲིགས་པ་ཡིན་བརྟག་པར་བྱའོ། །
ལེའུ་བཅུ་གཅིག་པ། གཏན་ཚིགས་རང་བཞིན་ཅན་གྱི་སྙན་ངག་གམ་མཚན་ཉིད་སྙན་ངག་ནི་བཅད་གསར་གྱི་ཆ་ཤས་གཙོ་བོ་ཞིག་ཡིན་པ།
ག་གེ་མོའི་རང་བཞིན་དང་ཆེ་གེ་མོའི་རང་བཞིན་ཞེས་པ་འདི་རིག་གསར་རྗེས་ཀྱི་འགྱུར་རྩོམ་ཁག་ལས་བྱུང་བའི་འགྱུར་ཚིག་ཅིག་རེད། རྒྱ་ཡིག་ནང་སྔོན་ལ་ཚིག་གྲོགས་སྦྱར་ཏེ“性 ”ཞེས་འབྲི་བ་དེ་རེད། ད་ཚོད་བོད་སྐད་ནང་རྒྱུན་འབྱམས་སུ་ཆགས་ཟིན་ལ་དོན་ལའང་ཆེར་མི་འགལ་བས་ངས་ཀྱང་བརྡ་ཆད་དེ་བཀོལ། ཅུང་གསལ་པོ་བཟོས་ན། ངས་ལབ་ཡ་དེར་སྙན་ངག་ནང་གི་གཏན་ཚིགས་སམ་མཚན་ཉིད་རིག་པའི་སྙན་ངག་ཟེར་དགོས་ཀྱི་མེད་འགྲོ།མཚན་ཉིད་ཟེར་ན་ཚད་མའི་བསྟན་བཅོས་ཁག་ཏུ་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ལ་འགྲེལ། མཚན་ཉིད་རིག་པ་ཟེར་རྒྱུ་འཇིག་རྟེན་ལྟ་ཚུལ་སྟོན་པ་ཞིག་དགོས་ཞེས་གཞན་དག་ཟེར་ལ་གུས་པ་ཡང་འཐད། དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གང་ཡིན་ལ་ཁྱད་ཆོས་འདི་འབེལ་པོ་ཡོད་ཅིང་། རྒྱ་ནག་གི་མཁས་པ་ཝང་ཡའོ་ཡིས་བོད་ཀྱི་སྙན་ངག་པ་ཆེན་པོ་བཞི་ཞེས་པ་ཞིག་བགྲངས་པའི་ཡ་གྱལ་རྗེ་ཙོང་ཁ་པའི་སྙན་ངག་གི་ཁྱད་ཆོས་གཙོ་བོ་གཅིག་འདི་རང་ཡིན། ང་ཆུང་དུས་རྒྱ་གར་གྱི་ཞི་བ་ལྷའི་སྤྱོད་འཇུག་བློར་བཟུང་མྱོང་ཞིང་ད་ཚོད་ཕྱི་མིག་བལྟས་ན་དེ་ནི་ངས་འདོད་པའི་མཚན་ཉིད་རིག་པའི་སྙན་ངག་ཧྲིལ་པོ་ཞིག་རེད་འདུག འཇར་མན་གྱི་རྩོམ་མཁན་དགའ་ཞིག་ལ་བརྩི་བའི་ཀོ་ཏེའི་(༡༧༤༩.༨.༢༨-༡༨༣༢.༣.༢༢))ཚབ་བྱེད་སྙན་ངག ༼ཧྥིའུ་ཧྲི་ཐི་༽[浮士德]རྒྱ་འགྱུར་མ་མཐོང་བས་བོགས་ཐོན་པའི་ཐོག་ལ་གདེང་ཞིག་རྙེད། རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པར་ཆ་བཞག་ན། ཕྱོགས་གཅིག་ནས་ལེའུ་དང་ས་བཅད་བགོ་སྲོལ་ཡོད་པའི་རིག་པའི་གཞུང་ལུགས་ཤིག་རེད། དགག་སྒྲུབ་ཀྱི་ལྟ་ཚུལ་བག་ཕྱེ་བཞིན་ཞིབ་པའི་དཔྱད་རྩོམ་ཞིག་ཀྱང་རེད། ཆོས་ལུགས་ཤིག་གི་ལྟ་གྲུབ་ཀྱི་རྩ་བའི་སྡོམ་ཡང་རེད། མི་ཤེས་པ་ཚོའི་སྐད་ལྟར་བཤད་ན་འབོལ་རྩོམ{A}ཞིག་ཀྱང་ཡིན་ཤས་ཆེ། ཁོང་སོ་སོའི་སྟོན་པ་ཚད་མར་བསྒྲུབས་པའི་ཞོར་དེ་ཡི་ལྡོག་ཕྱོགས་དག་རྟེན་འབྲེལ་གྱི་རིག་པས་དགག་ཅིང་ཚར་གཅོད་དོ། ། སྐབས་དེ་དང་དེའི་སྔོན་ལ་སངས་རྒྱས་ཀྱི་དགོངས་པ་བཙལ་ཀྱང་མ་རྙེད་པའི་ནང་ཚགས་ཀྱི་གྲུབ་མཐའ་མང་པོ་ཞིག་ལའང་འཁྲུལ་ངོ་མཛུབ་ཚུགས་སུ་བསྟན་བཞག་ཡོད། དེ་ལྟར་དགག་སྒྲུབ་གཉིས་ཀྱི་གོ་བསྡུར་ལ་དབྱིངས་ཞུགས་ཡོད་པ་མ་ཟད། རྣམ་གྲངས་གཞན་ཞིག་ནས། ལྕང་སྐྱ་རོལ་བའི་རྡོ་རྗེས་གསུངས་པ་བཞིན། དད་པ་བཅོས་མ་མ་ཡིན་པས་མཚམས་སྦྱར་ཏེ་ཐལ་མོ་སྦྱར་བ་དབུར་བཞག་ནས་བརྩམས་པ་ཡིན་པས་སྙན་ངག་གི་ཉམས་དང་རོ་ཅི་བས་ཆེ། ངས་རྒྱུན་དུ་ཞུས་པ་བཞིན། སློབ་དཔོན་དཔའ་བོས་བརྩམས་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་རྩོམ་ཤན་རྟེན་འབྲེལ་བསྟོད་པར་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཡོད། འདི་ལ་ས་བཅད་ཉེར་ལྔ་ཡན་བགོས་ཏེ་འཆད་སྲོལ་ཡོད་ཅིང་འགྲེལ་བ་བརྩམས་པའི་པོ་ཏི་ཆེས་ཆེར་མང་། འདིར་ཤོད་འདོད་པ་ནི། སྙན་ངག་གི་རྩོམ་ཐབས་གང་ཡིན་ཡང་འདས་པའི་སྲོལ་རྒྱུན་གྱི་ཆ་ཞིག་ངེས་ཅན་དུ་ཡོད་པ་ཡིན་ལ། ཡོད་ཀྱང་འོས་པ་ཡིན། དཔེར་ན། སྙན་ངག་གང་ཡིན་དང་སྙན་ངག་པ་སུ་ཡིན་ལ་མ་ལྟོས་པར་ཚད་ངེས་ཅན་ཞིག་ནས་མི་རིགས་སོ་སོའི་སྐད་ཆའི་རྒྱ་དང་བརྡ་སྤྲོད་ཀྱི་རྒྱ་ལ་ཅིས་ཀྱང་བརྟེན་དགོས་པ་ལྟ་བུ་རེད། བཅད་གསར་སྙན་ངག་ཀྱང་གློ་བུར་ནམ་མཁའ་ནས་ལྷུང་བའི་རྫུ་འཕྲུལ་གྱི་ཅ་ལག་ཅིག་མིན་པས། ལད་ཟློས་མིན་པའི་རྒྱུ་རྐྱེན་རེ་ལོས་ཀྱང་ཡོད། བདག་གིས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ཁྲོད་བརྒྱུད་འཛིན་བྱེད་དགོས་པ་ཅི་ཡང་མེད་པར་མི་འདོད་ཅིང་། གོང་དུ་བཤད་པའི་མཚན་ཉིད་རིག་པའི་སྙན་ངག་དེ་དག་དང་དེ་དག་མ་ཡིན་པའང་མང་པོ་ཡོད་པས་སྙན་ངག་ཡག་པོ་རྩོམ་འདོད་པ་དག་གིས་མ་མཐའ་ཡང་སློབ་སྦྱོང་རེ་བྱ་དགོས་པར་སྙམ།
ལེའུ་བཅུ་གཉིས་པ། སྙན་ངག་ཅེས་པ་“ཚད”ཅིག་ཡིན་པའི་སྐོར།
ལས་སུ་བྱ་བ་མང་པོ་ཞིག་ལ“ཚད”ཅིག་ཡོད་པ་རེད། “ཚད”དེ་ལ་སོར་གང་གིས་མ་འདང་བའམ་དེ་ལས་བརྒལ་བ་ཡིན་ན་རྩ་བ་ནས་བྱ་བ་བྱེད་ཐུབ་ཐབས་བྲལ། དཔེར་ན། གཉིས་སྦྱོར་གྱི་ལས་སུ་འཇུག་པར། ཏོག་ཙམ་གྱིས་མཐོ་བ་ཡིན་ན་རྨོངས་སྤུའི་ཐོག་ཡིན་ཅིང་། དེ་ལས་ཅུང་ཟད་དམའ་ཐལ་ན་འོག་སྒོ་རུ་འདུག་པ་ཡིན། དཀྱིལ་ཏག་ཏག་ལ་ཡོ་བ་མེད་པར་ཞོག་ན་གཟོད་བདེ་བའི་སྐུད་སྣེ་དང་དགའ་བའི་ཨ་ལོང་དུ་སྦྲེལ་ཐུབ་ཁར། གཞི་ནས་གློག་དང་གློག་འཕྲད་པ་བཞིན་གྱི་བརྗོད་མི་ཤེས་པའི་ཚུར་སྣང་དེ་རྙེད་མདོག་ཁ། ཡིན་ཡང་། ཐེངས་དང་པོར་གཉིས་སྦྱོར་དུ་འཇུག་མཁན་ཚོས་གནད་འདི་མགོ་མི་ཚོས་པས་མཐོ་རུ་མི་འཛོལ་ན་དམའ་རུ་གོལ་བ་དང་། འཚབ་དྲགས་ཏེ་བདེ་བ་མ་རྙེད་གོང་ལ་ཁུ་བ་འཆོར་བ་སོགས་དཀའ་རྙོག་མང་པོས་མི་གཏོང་བ་ཞིག་ཡོད། སྙན་ངག་འབྲི་བའང་དེ་དང་འདྲ་སྟེ། སྡེབ་སྦྱོར་གྱི་མཐར་ལྷུང་ཆེས་པ་ཞིག་གིས་མི་ཡོང་ལ་དེ་ལས་ལྡོག་དྲགས་ནའང་ཆོག་གི་མེད། དཀྱིལ་ཏག་ཏག་ནས་གཟོད་རྣམ་ཤེས་བཟི་བའི་ལོངས་སྤྱོད་ཅིག་རྙེད་ཡོང་ལ་དེ་ནི་མི་ཚོས་སྙན་ངག་ཏུ་འབོད་པའི“ཚད”ཅིག་གོ ། ང་རང་གི་སྙན་ངག་འབོད་པ་ཚོའི་ཐོག་ནས་ཞུས་ན། <<སྒྱུ་མའི་རྒྱ་མཚོ་བསྐྱོམས་པའི་འཐོར་རླུང>>སོགས་རྨོངས་སྤུར་ཉེ་བའི་གྲས་དང་། ཁ་གསལ་དྲགས་པ་ཁག་ཅིག་འོག་སྒོ་དང་དེ་ཙམ་མི་རིང་བ་ཞིག་ཡོད། དང་མ་ནས་ད་ལྟའི་བར་གྱི་རྩོམ་སྣ་བཅུ་ཕྲག་གཉིས་ཙམ་ཞིག་དཀྱིལ་ཏག་ཏག་ལ་འཁེལ་ཡོད་པ་མ་ཟད་ངས་རྟག་པར་ལབ་བཞིན་པའི་སྒྲ་དོག་འཇུག་གི་བཅད་གསར་སྙན་ངག་ལ་ཆ་འཇོག་བྱེད། དེའི་ནང་གི་རྩེ་གྲ་ཁག་ཅིག་ཁོལ་དུ་ཕྱུང་སྟེ༢༠༡༣་ལོའི“མི་རིགས་རྩོམ་རིག”དེབ༢པའི་ཐོག་ཆེད་སྒྲིག་ཏུ་བཟོས་ཡོད། གོ་དགོས་པ་ཞིག་ལ། འདིར་རྨོངས་སྤུ་དང་འོག་སྒོ་གཉིས་དཔེ་རུ་བཀོད་དེ་སྙན་ངག་གི་མཐོ་རུ་གོལ་ཚུལ་དང་དམའ་རུ་འཛོལ་ལུགས་དེ་ཤོད་ཀྱི་ཡོད་པ་མ་གཏོགས། གཉིས་སྦྱོར་གྱི་སྐབས་རང་ལ་ཡས་མས་གང་ལའང་མ་རེག་པར་བྱི་བ་ཁུང་བུར་འཛུལ་བ་ལྟ་བུའི་གླེན་ཏིག་ཏིག་ཅིག་བྱ་དགོས་ཟེར་བའི་དོན་མིན། འཁྲིག་སྤྱོད་ཁོ་ནའི་ཐད་དུ་བཤད་ན། རྨོངས་སྤུ་དང་འོག་སྒོ་སོགས་སུ་བར་ཞག་མང་པོ་བྱས་ཏེ་མཐར་གྱི་མཐར་ཞིག་ལ་གཞུག་ཆོག་པ་ཡིན་པས། གསར་བུ་ཚོས། དཔེ་འདི་ལ་བརྟེན་ནས་དཔེ་བསགས་མི་ཉན་ཞེས་ཀྱང་བསྐུལ་འདོད་དོ། ། ཁོ་བོས་ད་རེས་དབྱུག་པ་ཅན་གྱིས་སྙན་གཞུང་རྩོམ་སྐབས་ཀྱི་ཕྱག་སྲོལ་བཞིན། ཕོ་མོའི་གཉིས་སྦྱོར་ཉིད་དཔེ་རུ་དྲངས་ཏེ་སྙན་ངག་གི་གནས་ལུགས་འགའ་བཤད་པ་ཡིན་ན། ངོ་ཚ་སྨིན་པོ་དག་ལ་དགོངས་འགལ་མེད་པ་ཞུའོ།།
ལེའུ་བཅུ་གསུམ་པ། བཅད་གསར་སྙན་ངག་དང་མེ་ལོང་མའི་བར་གྱི་འགལ་འབྲེལ།
སྙན་ངག་མེ་ལོང་མའི་སྐོར་གླེང་ན། དབྱུག་པ་ཅན་གྱིས་རྒྱ་གར་གྱི་སྐད་ཆའི་ཁྲོད་དུ་ཚབ་མཚོན་རུང་བའི་རྒྱན་གྱི་རྣམ་པ་འདི་འདྲ་དང་དེ་འདྲ་འདུག་ཅེས་རུབ་རུབ་མཛད་པ་མ་གཏོགས། ཁོ་རང་གིས་དབྱིངས་ཆོད་ཀྱིས་སུས་ཀྱང་ཉམས་སུ་མྱངས་མ་མྱོང་བའི་རྒྱན་ཆ་མེད་ཏག་ཏག་བཟོས་པ་དེ་འདྲ་ཅང་མ་རེད། མིའི་རིགས་ཀྱི་སྐད་ཆ་ལ་ཐུན་མོང་གི་ཆ་ཤིན་ཏུ་མང་བས་མེ་ལོང་མའི་ནང་གི་རྒྱན་མང་པོ་ཞིག་མེ་ལོང་མ་མ་བསྒྱུར་སྔོན་ནས་ང་ཚོར་ཡོད་བསྡད་པ་རྐྱང་ཡིན། དཔེར་ན། འགོག་པའི་རྒྱན་གཅིག་པུར་ཅིག་ལྟོས་དང་། མེ་ལོང་མ་ཕར་ཞོག་ཀ་ཁ་ཙམ་ཡང་མི་ཤེས་པའི་རང་རེའི་ཡུལ་མི་ཚོའི་ངག་ན་གཅིག་ཀྱང་མ་ལུས་པར་ཤོད་བཞིན་ཡོད་ལ། ཟུར་ཕྱིན་ལུགས་སོགས་ལ་དབྱིག་གཉེན་གྱིས་མི་དོ་སའང་མང་ངོ་། ། ནང་གསེས་གྲོགས་ཀྱིས་འགོག་པ་དང་། འབད་པས་འགོག་པ། གཞན་དབང་གིས་འགོག་པ། ཐབས་ཀྱིས་འགོག་པ། ཁྲོ་བས་འགོག་པ། མྱ་ངན་གྱིས་འགོག་པ། འགྱོད་པས་འགོག་པ། ཐེ་ཚོམ་གྱིས་འགོག་པ་སོགས་ནི་གཞོན་ནུ་ཕོ་མོ་གཉིས་ཀྱི་དུས་ཐུང་ཁ་བྲལ་བ་ཙམ་གྱི་མགོ་མཇུག་ལ་ཤོད་པའི་ཁྲོད་ནའང་ཚང་ནས་ཡོད་པ་རེད། ཨ་ལགས་དོར་ཞི་སོགས་ཀྱིས་མེ་ལོང་མ་དང་སྦྱར་ནས“ཚངས་མགུར”ལ་འགྲེལ་བ་རྒྱག་ཐུབ་དོན་ཡང་ཐུན་མོང་གི་ཆ་དེས་ཡིན་མ་གཏོགས་གཞན་དུ་ཅི། དེ་ལྟ་ནའང་། མི་རིགས་སོ་སོའི་སྐད་ཆ་ལ་ཐུན་མིན་གྱི་ཆ་ཡང་མི་ཉུང་བ་ཞིག་ཡོད་པས་རྒྱ་གར་གྱི་སྐད་ཆ་དང་བོད་ཀྱི་སྐད་ཆའི་རྒྱན་གྱི་རྣམ་པ་མང་པོ་ཞིག་ཕན་ཚུན་སྤང་འགལ་དུ་གྱུར་ཡོད་པ་རེད། མེ་ལོང་མའི་བཀག་རྒྱ་ཟེར་བའང་གཙོ་བོ་འདི་ཤོད་ཀྱི་ཡོད་པ་རེད། ས་པཎ་གྱིས། “སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་དེ་རྣམས་སྦྱར་མི་བཏུབ”གསུངས་ཡོད་ཟེར་བའང་། སྐད་རིགས་གཉིས་བར་ལྷག་བསྡད་ཡོད་པའི་ཐུན་མིན་གྱི་སྐོར་དེར་གཟས་པ་ཡིན་དགོས། རྒྱ་བོད་ཐུན་མོང་གི་ཆ་དེར་དགག་བྱ་མེད་མོད་ཕན་ཚུན་མི་འཕྲོད་པ་དག་བཙན་གྱིས་སྦྱོར་དགོས་དོན་ནི་རྩ་བ་ནས་མེད། དེ་མིན། ང་ཚོ་ལ་མེ་ལོང་མས་མ་ཤོད་པའི་རྒྱན་གྱི་རྣམ་པ་མང་རབས་ཤིག་ཡོད་ན་རིམ་པས་བསྔོག་དགོས་པ་ཡིན་ནོ། །
ལེའུ་བཅུ་བཞི་པ། བཅད་གསར་ལུགས་ཀྱི“རྒྱན”གྱི་གོ་དོན།
ཁོ་བོས། ཡིད་འོང་ཉམས་ནི་འཁྱོག་བརྗོད་འབའ་ཞིག་མིན། ། ཡིད་ལ་འཐད་ན“དེ་སྒྲ”ཚུན་ཆད་བརྩི། །སྡེབ་སྦྱོར་མཁས་ན་སྐབས་རེར་“ཀྱེ”ཙམ་ཡང་། ། མ་མཐོང་རྒྱན་གྱི་རྣམ་གྲངས་ཅི་རིགས་འགྲུབ། ། ཅེས་བྲིས་ཡོད་པ་བཞིན། དཔེར་ན། རོགས་ཁྱེད་རང་གང་གི་གང་ཞིག་རེད། ། ངས་མཇལ་དུས་ནམ་གྱི་ནམ་ཞིག་རེད། ། དེ་བསམ་ན་སེམས་ཀྱི་སྡུག་ཅིག་རེད། ། ཡང་བསམ་ན་སྡུག་གི་གཞི་ཞིག་རེད། ། ཅེས་པའི་ཁྲོད་ཀྱི“གང་གི་གང་ཞིག”དང“ནམ་གྱི་ནམ་ཞིག”དང་། “སེམས་ཀྱི་སྡུག་ཅིག”དང་“སྡུག་གི་གཞི་ཞིག”སོགས་ནི་ཅིས་ཀྱང་རྒྱན་གྱི་རྣམ་པ་མ་འདྲ་བ་རེ་རེ་ཡིན་ན། རྒྱན་ཞེས་པ་དེ་སྐད་ཆ་ཡོད་པའི་སྐད་ཅིག་གཉིས་པ་ནས་གཞི་གྲུབ་པ་ཞིག་དང་། རྟག་པར་འགྱུར་བ་ཡོང་གིན་པ་ཞིག་དང་། གྲངས་ཀ་ལ་མཐའ་མེད་པ་ཞིག་བཅས་ཡིན་པ་ཤེས་ཐུབ་མདོག་ཁ་པོ་ཡིན། མཐར་གཏུགས་ན། བཀོལ་ཤེས་པས་རྒྱན་མིན་པ་ཞིག་རྒྱན་དུ་གཏོང་ཐུབ་པའི་ཐབས་ཡོད་ཅིང་བཀོལ་མ་ཤེས་ཚེ་མ་གཞི་རྒྱན་དུ་འབོད་པ་དག་ཀྱང་རྒྱན་མ་ཡིན་པའམ་རྒྱན་གྱི་ལྡོག་ཕྱོགས་སུ་འགྱུར་བ་མང་། ཡང་ན་འདི་ལྟར་ཤོད་དགོས། བཀོལ་ཤེས་ཚེ་རྒྱན་མིན་པའི་ཅི་ཡང་མེད་ལ་དེ་ལས་ལྡོག་ན་རྒྱན་ཞེས་པ་ཞིག་གཞར་ཡང་རྙེད་མི་སྲིད་དོ། ། ཡིན་ཙང་། “སྙན་ངག་མཁན་ལ་ཅི་ཡང་རྒྱན”ཞེས་པའི་སྐད་ཆ་དེ་སོགས་བྱུང་བ་ཡིན། གོང་གི“གང་གི་གང་ཞིག”དང“ནམ་གྱི་ནམ་ཞིག”དང་། “སེམས་ཀྱི་སྡུག་ཅིག”དང“སྡུག་གི་གཞི་ཞིག”ཅེས་པ་སོགས་ལ་ཆེད་མངགས་ཀྱིས་མིང་རེ་བཏགས་ཏེ་འོས་འཚམ་གྱིས་འགྲེལ་རེ་བསྐྱོན་པ་ཡིན་ན་གཟོད“རྒྱན”ཞེས་པ་དེ་ཡོང་གི་ཡོད་པ་རེད། དེ་འདྲའི་གྲངས་འབོར་ངེས་ཅན་ཞིག་གསགས་པའི་ཚེ“བཅད་གསར་སྙན་གཞུང”ཞོར་ལ་གྲུབ་ཡོད། གྲངས་འབོར་དེའི་ཐོན་ཁུངས་ནི། དགེ་ཆོས་ཀྱི་ཚིག་གིས་བཤད་ན“བོད་སྐད་རང་དབང་བའི་སྒྲིག་ཚུལ”གྱི་མགུར་དང་། གླུ། ལ་གཞས། ཤགས། གབ་ཚིག བཤད་པ་སོགས་ཤིན་ཏུ་འབེལ་བ་ཞིག་ཡོད་དོ། །
ལེའུ་བཅོ་ལྔ་པ། རྩོམ་རྙིང་ཞིག་གི་ཆེད་དུ་བཤགས་པ་འབུལ།
གུས་པའི་གསར་རྩོམ་གྱི་ལོ་རྒྱུས་འཁྱུག་ཙམ་པ་འདིར་མཚོན་ན། སྤྱི་ལོ༢༠༠༡ནས་༢༠༠༣བར་ནི་དབུ་ཁྱུད་ཀྱི་འཕྲོའི་མཆོད་བརྗོད་ཀྱི་དུས་རིམ་ལྟ་བུ་ཆགས་ཡོད། སྐབས་དེའི་ངའི་རྩོམ་གཤིས་ཡ་ཡུད་ཆེ་བ་དང་། གང་ཐད་ནས་སྟ་གོན་ཨང་གསར་གྱི་རྟགས་མཚན་ཅི་རིགས་གསལ་མདོག་ཁ། ཆ་བཞག་ན་ལུས་ཚད་རྫོགས་ལ་ཉེ་བའི་གཞོན་ནུ་མ་ཞིག་དང་འདྲ་སྟེ། འགྱུར་བ་སྐྱེན་ཞིང་འཕྲུལ་བཤད་མང་། ཕྱོགས་སྒོར་མོ་ནས་ཚོད་ལྟ་ཆུང་ངུ་མང་དུ་བྱས་ཁར། གསར་བའི་ཆེད་དུ་གསར་བ་བཙལ་ལ་ཁྱད་མཚར་གྱི་ཆེད་དུ་ཁྱད་མཚར་ཡང་བསྐྲུན། དཔེར་ན། ཚིག་མཐར་ལྷུང་བའི་སྡེབ་སྦྱོར་རྐྱང་བའི་ཕྲེང་བ་སྟེ“སྒྱུ་མའི་རྒྱ་མཚོ་བསྐྱོམས་པའི་འཐོར་རླུང”ལྟ་བུའང་བརྩམས། གང་དེ། ཚོད་ལྟ་ཞིག་ཏུ་བརྩིས་ཏེ་བསམ་བློ་བཏང་ན་མ་འགྲིག་པ་ཆེར་མེད་མོད། “སྙན་ངག་ནི་མིང་ཚིག་གང་འཕྱོར་དང་ཐ་སྙད་གང་རྫིག་ལོགས་གཅིག་ཏུ་སྤུངས་པ་ཙམ་ལ་མི་བྱ་སྟེ། སྙན་ངག་རྣལ་མ་ཞིག་རོལ་བའི་ཚེ་ཅི་ཞིག་གི་ཕག་ལ་ཅི་ཞིག་འཛིར་བཞིན་པ་མཐོང་བར་མ་ཟད་ཅི་ཞིག་གི་རྒྱབ་ནས་ཅི་ཞིག་ལང་གིན་པའང་ཚོར་བར་བྱེད”ཅེས་པའི་ངའི་ད་ལྟའི་ལྟ་ཚུལ་དང་ཅུང་ཟད་ལྡོག་ཟླར་གྱུར་ཡོད། གང་ལྟར། ད་ཚོད་ནི་ངས་འབྲུ་མེད་པའི་ང་རོ་རྐྱང་བ་ཙམ་དང་དོན་གྱི་བྱེ་བྲག་ལུང་དུ་ཆེར་མི་སྟོན་པའི་གདངས་དབྱངས་ཁོ་ན་ཞིག་སྙན་ངག་གི་སྙིང་བོར་མི་འཛིན་པ་ཡིན། རྩོམ་འདི་འདྲ་གཞན་དང་གཞན་གྱིས་ཀྱང་བརྩམས་དང་རྩོམ་བཞིན་ཡོད་ལས་ཆེ་མོད། དེ་དང་དེ་ལ་ནི་ཁོ་བོའི་ངོས་ནས་དགའ་མིན་སྡུག་མིན་གྱི་རྣམ་འགྱུར་ཞིག་ལས་སྟོན་རྩིས་མེད།
<<སྒྱུ་མའི་རྒྱ་མཚོ་བསྐྱོམས་པའི་འཐོར་རླུང་།>>
“༡ མེ་ཏོག་འཇའ་ཚོན་བསླེས་པའི་གུར་ཁང་དག་བརྡིབས་ཀྱང་རོལ་དབྱངས་རྨ་བྱ་འཐབ་པའི་གྲེ་འགྱུར་རྣམས་འགག་ཀྱང་སྟོང་བའི་གྲོང་ཁྱེར་དཀྲུགས་པའི་བྱ་རྒོད་འདི་ཡོད་ན་མཁའ་ལ་གཞུ་ཐིག་འབྲི་རྒྱུ་དེ་འདྲ་ཞིག་མི་དཀའ།།
༢ མ་བཅོས་གཉུག་མ་རིག་པའི་ཟངས་ཐལ་དུ་ཨེ་མཚོན་ཐོལ་རྒལ་ནག་པོ་འཕྲོ་འདུའི་རྦ་རླབས་ཀྱིས་ཨེ་འཇོག་ཤུགས་འབྱུང་ཡུས་པོ་དཀར་དམར་དགའ་འཁྱིལ་ལ་ཉེ་ན་ཁྱོད་ཀྱང་རེ་ཞིག་དམྱལ་བའི་སྐུ་མགྲོན་དུ་ཕེབས་ཆོག །
༣ ཤི་གཤེད་དུར་དུ་འཚོ་བའི་རྒྱགས་ཕྱེ་དེའི་དོན་ལ་ཚངས་པའི་ཕོ་བྲང་འཇོམས་པའི་རོ་ལངས་རྣམས་བརྒྱུགས་པས་རྭ་དགུ་མིག་སྟོང་འབར་བའི་ཁྲོ་རྒྱལ་གྱི་ཞལ་ལ་བསྐལ་བ་མགོ་མཇུག་ལྡོག་པའི་གཡོ་འཛུམ་ཞིག་ལངས་སོང་།།
༤ རྫས་ཀྱི་འཕྲུལ་འཁོར་འ་འུར་ལྡ་ལྡིར་དུ་གྲགས་པ་ཁྲག་གི་ཏིང་ལོ་ཐར་ཐོར་ལམ་ལམ་དུ་འབབ་པ་ཤམ་བྷ་ལ་ཡི་གྲོང་ལ་སྤྲིན་གསེབ་ནས་བལྟས་ན་རིག་ལྡན་དྲག་པོའི་ཕྱག་མཚན་རང་འགུལ་དུ་འཁོར་འདུག །
༥ མི་ཤིགས་ཆུ་ཟེགས་འཇུམས་པའི་འཁྱག་རོམ་གྱི་སྦུབས་སུ་གློད་གྲོལ་གདེང་སྤོབས་འཕྱུར་བའི་ལྟོ་དཀར་མའི་འཁྱུག་སྟོབས་ངེས་མེད་སྟོན་སྤྲིན་རྒྱལ་པོའི་འགྱིང་བག་ཏུ་ཆས་པས་དར་ཅིག་ཚེས་རིས་ཕྲ་མོའི་མིག་ཆུ་ཡང་དཀག་ཐལ།།
༦ ས་ཆུ་རྩིག་བཟོ་ལ་ཡང་ཐོགས་མེད་དུ་བགྲོད་ནུས་མེ་རླུང་མཚོན་ཆའི་ཁྲོད་དུ་བག་ཡངས་སུ་འཚོ་ཐུབ་ཡིན་ཡང་ཞུན་རྐང་གཅིག་གིས་ལུས་སྲོག་གཉིས་གཞོམ་པའི་འགལ་བའི་གཏན་ཚིགས་རྣོན་པོ་ཁ་དར་གྱིས་དཀྲིས་ཤིག །
༧ དཔྱད་པས་གཏིང་ཐག་ཆོད་ཀྱང་དྲྭ་རྒྱ་ཡིས་འཛིན་པ་ཁ་ལ་ཡུག་དང་མཛོ་མོ་བལ་ཁུར་གྱི་བརྩེ་བ་མཉན་པས་འབྲུ་དོན་གསལ་ཀྱང་གབ་ཚིག་གིས་རྨོངས་པ་གོར་མའི་ཆུ་དང་ནགས་ཀྱི་ལང་ཚོ་མའི་ཕྱི་མིག །
༨ ཕྱག་རྒྱ་ཙམ་པོས་དུག་སྡོམ་སྐོར་འཕེན་དུ་བྱོས་ཤིག་ཟུར་འཛུམ་ཐུང་ངུས་མི་ལ་རང་ཁྱིམ་དུ་དྲོངས་ཤིག་དེ་བཞིན་ཁྱོད་རང་རལ་གྲིའི་མཚོ་མོ་རུ་སྐྱོད་ཅིག་བདག་གི་དམ་ཚིག་གངས་རིའི་རྩེ་མོ་རུ་འཛེགས་ཤིག །
༩ འོ་མའི་སྐྲ་ལོ་འཇོལ་བའི་བགྲེས་པོ་དེའི་ཟུངས་བཅུད་འཕྲུལ་འདེགས་སྤེལ་མའི་དབུགས་འགྱུ་བྲེང་བྲེང་ཞིག་ཡིན་པས་བྱ་རོག་རྡོ་ནས་འཕུར་བའི་ལྟད་མོ་ཞིག་མཐོང་དུས་ཕྱི་མའི་ས་ཆེན་དཀྱིལ་གྱི་ཐོ་ཡོར་དེ་འགྱེལ་འགྲོ།།
༡༠ གཡུ་འོད་ཁོ་ནས་བྱས་པའི་ཏཱ་རེ་མའི་འཁྱམས་སུ་གདུང་ཤུགས་སྟུག་པོའི་བྲན་གླུ་ངེས་དོན་གྱིས་སྙན་ཡང་ཧཱུཾ་ཤི་ཕཊ་འགྱེལ་རོལ་ཆའི་དྭངས་མ་རུ་ལབ་པ་ཧར་སངས་སྨྱོན་པའི་འགྱུར་མེད་ལོབས་གཤིས་ཤིག་ཡིན་སྐད།།
༡༡ ཆུང་མ་རྟོག་བཟོ་ཡིན་པས་ཅི་ཡིས་ཀྱང་མི་འགྱུར་ཁང་བཟང་བློས་བསླངས་ཡིན་པས་སུ་ཡིས་ཀྱང་མི་གཤིག་ཆེ་མིང་རང་བཏགས་ཡིན་པས་གང་འདོད་དུ་འོས་མོད་འདི་ཀོ་རྨི་ལམ་ཡིན་པས་བྱ་ཕོ་ལ་འཛེམ་རོགས།།
༡༢ དབལ་མེ་ཡུར་བར་བླངས་པའི་སྨུག་ནག་གི་དྲ་བར་དོམ་ཁྲ་འགྲེ་ལྡོག་བྱེད་པའི་ཟློས་གར་ལ་སུན་ནས་དེ་རིང་ས་ཡི་ལྟེ་བར་ནུར་འགྲོས་ཀྱིས་སོང་ཚེ་གླང་ཆེན་སྣ་ཞགས་ཆད་པ་མངོན་སུམ་གྱིས་མཐོང་འོང་།།
༡༣ ཚིག་མདུང་ཀྱལ་ཀ་ཙམ་ཞིག་བསྲན་དུ་རང་མེད་ན་དྲན་རིག་ཨ་འཐས་ཙམ་ཞིག་འདུལ་དུ་རང་མེད་ན་ཁྱི་ལྕེ་སྟག་མིག་གཙབས་པའི་ཆུ་སེར་གྱི་འདམ་དང་འཇིགས་པའི་རླུང་དམར་སྣེ་ནས་སྡོད་དགོས་ཤིག་ཡོད་དམ།།
༡༤ མི་བསྲུན་མཚོ་འབྲུག་གོག་པོའི་མཇུག་མ་དེ་སྦོམ་ལ་གཏུམ་འབར་ཕག་རྒོད་ཆེན་པོའི་མཆེ་བ་དེ་རྣོ་ཡང་སྣང་ཞེན་གདོད་ནས་རུལ་བའི་ཤ་ཟ་མའི་གཡེར་ཅོང་ནམ་ཡང་སིང་སིང་དཀྲོལ་རྒྱུ་མིའུ་ཐུང་ལ་དབང་ངོ་།།
༡༥ གཞི་དབྱིངས་གསེར་གྱི་ཕོར་བ་ཆགས་རལ་དུ་མ་སོང་ཀུན་རྟོག་དུང་ཐུར་ཆ་ཡང་ཡ་བྲལ་དུ་མ་འཐོར་འོན་ཏང་བྱུ་རུའི་ལྕང་ལོ་ལྡེམ་ལྡེམ་དུ་གཡོ་བའི་མཐའ་ཡི་གྲོགས་པོ་ཁོ་ལ་ཉམས་སྣང་ཅང་མེད་སོང་།།
༡༦ མུ་ཏིག་ཕྲམ་ཕྲུམ་འགྲེམ་པ་གསེར་བུམ་གྱི་མཆུ་འདབ་ཀུན་གྱི་སྙིང་སྒོར་འཛུམ་པའི་ཨེ་ཝམ་གྱི་ཟི་ར་གཞར་ཡང་སྨུག་རྒྱུ་འདེད་པའི་ཤེའུ་དེའི་རྐང་རྗེས་ཡ་ཀིའི་བྲག་རྡོའི་ངོས་ནའང་གསུབ་མེད་དུ་དཔར་འདུག །
༡༧ སྐབས་དེར་སྐྱ་ཀ་ཕྲ་མོའི་མགྲིན་པ་ཡང་སངས་འདུག་མཚམས་དེར་སྐར་མ་དུ་བ་མཇུག་རིང་ཡང་ཤར་ཡོད་དུས་དེར་རྣམ་གཞག་མེ་སོན་ཆུ་དཀྱིལ་ནས་ལོན་ཡང་རྟ་ལུག་འགའ་ཞིག་ད་དུང་སྤང་ཁུགས་ལ་ཡན་སོང་།།
༡༨ མུན་རྫུབས་ཐོལ་གྱིས་བརྟོལ་བའི་གཟི་འོད་ཅིག་མངའ་ན་ལྕགས་རྫོང་ཤར་གྱིས་གཏོར་བའི་ཧྲག་རྩལ་ཞིག་ཡོད་ན་སུས་ཀྱང་རྡོ་སྐྱེས་འཕགས་པའི་གསེར་དབྱུག་གིས་བརྡེག་འོས་ད་དུང་ཡབ་མེས་དང་པོའི་བླ་གཡུ་ཡང་གདགས་ཆོག །
༡༩ ཟླ་བ་ཉི་མ་ཁོ་བོའི་མིག་འབྲས་རང་ཡིན་ན་འཇིག་རྟེན་ཟླུམ་པོའི་ཕྱི་ནང་ཐེངས་གཅིག་ཏུ་བཀླགས་ཚར་ཧི་མ་ལ་ཡ་ང་ལ་དུངས་ཀ་ཙམ་ཡོད་ན་མ་ཕམ་གཡུ་མཚོའི་མཆོད་དར་སྔ་མོ་ནས་བཏེགས་ཡོད།།
༢༠ རི་བྲག་བརྗིད་པོའི་དོག་འཕྲང་འབར་སྒྱོགས་ཀྱིས་གཏོར་ཡོད་མི་གཙང་སྙིགས་ལུད་ཤྭ་འོད་ཀློང་རྡོལ་ལ་བསྐུར་ཡོད་ད་ནི་ཡང་དར་བསྐལ་བའི་སྟ་གོན་ཞིག་བྱོས་དང་བོགས་ཐོན་རིལ་བུ་འབབ་པའི་རྒྱུ་རྐྱེན་གྱིས་འཐུས་འགྲོ།།
༢༡ སྟབས་བདེ་ཐུག་པ་ཙམ་གྱི་སྐྱེམས་གསོལ་ཀྱང་སྤོང་དང་འོ་ཇ་དཀར་ཡོལ་གང་གི་གཏང་རག་ཀྱང་སྐྱུར་དང་ཁྱོད་ཀྱི་གཅེས་པའི་ཚེ་སྲོག་ཅི་ཙམ་ཞིག་དཀར་ན་ཐིག་ལེ་མཆོག་མའི་ནུ་བུམ་དེ་ཙམ་ལས་མི་དཀར།།
༢༢ བཙན་གཡག་དར་མའི་རྭ་རྩེར་མེ་ཕུང་ཞིག་མཆེད་པས་སྲིད་པའི་སྤང་ཐང་ཡངས་པོ་སྐད་ཅིག་ཏུ་བསྲེགས་སོང་དེ་ལ་དབང་ཕྱུག་ཆེན་པོའི་སྙིང་ཁམས་རང་འཁྲུགས་ཏེ་མཆིལ་ཞགས་ལྷུན་པོ་འདྲ་ཞིག་ཧུར་སྒྲ་དང་བཅས་སོ།།
༢༣ མཚོ་རྫིང་ལྟེམས་ཤིང་ནེམ་ལོ་ལྕིག་ལྕིག་ཏུ་འདར་རོ་བྱ་ཚོགས་འཕུར་ཞིང་གཞན་དག་སྐྲག་སྔངས་ཀྱིས་འགྱེད་དོ་ཀྱི་ཧུད་བདག་གི་ཏིང་འཛིན་དེ་ལྟར་དུ་ཞིག་སོང་ཁྱོད་ཀྱི་རེ་སྨོན་བརྩེགས་མའང་དེ་ལྟར་དུ་ཉིལ་འགྲོ།།
༢༤ རླབས་རིས་གཅིག་འཇགས་གཅིག་ལངས་རང་བྱུང་གི་ཁྱད་ཆོས་དེ་ལ་ཚོགས་དྲུག་སྣང་བས་ཚད་བཟུང་ཞིག་མེད་ལ་དབྱངས་འགྱུར་རེས་དམའ་རེས་མཐོ་སྒྲ་གདངས་ཀྱི་གཤིས་ལུགས་འདི་ལ་རྣམ་རྟོག་ཙམ་གྱི་གནོད་བྱེད་ཀྱང་མེད་དོ།།”
<<གྲུ་ཟུར་གྱི་གསལ་སྒྲིབ>>ལས་ཁོལ་དུ་ཕྱུང་།
ལེའུ་བཅུ་དྲུག་པ། མཇུག་གི་སྐད་ཆ།
ང་ནོར་བ་མིན་ན། “རྨ་ཆེན་གངས་རི”ཞེས་པའི་དེབ་ཅིག་གི་མགོ་བརྗོད་དུ་འཇུ་སྐལ་བཟང་ཡིན་ནམ་ཅིག་གིས་ཧ་ལམ་འདི་ལྟ་བུའི་ནང་དོན་ཞིག་བྲིས་ཡོད། ང་ཚོས་གནད་འགག་སྐོར་ཞིག་ཤ་ཤུན་སྒོག་ཤུན་བཤུས་ནས་ཤོད་དགོས་དོན་མེད་པ་སྟེ་བཤད་པ་ལས་མ་བཤད་པ་རང་དགའ་ཟེར། འདིར་ཤོད་འདོད་པ་ནི། བཅད་གསར་སྙན་ངག་གི་བྱུང་ལུགས་བྱུང་མཐའ་ཡང་དེ་དང་འདྲ་མདོག་ཁ། ངེས་པར་ཤོད་དགོས་ཁག་ཅིག་མ་གཏོགས་ཡོད་ཡོད་མེད་མེད་ཐམས་ཅད་གླེང་ཚར་བར་བྱས་ན་དོན་དག་ཆུང་ངོ་། ། ངེས་པར་ཤོད་དགོས་པ་དག་ལའང་། ཤོད་མཁན་དང་ཤོད་དུས་གཉིས་ཆར་ནས་གོ་རིམ་ཞིག་ཡོད་པ་རེད། དཔེར་ན། ངས་ཤོད་འོས་པ་ཞིག་ཡོད་ཅིང་དེ་ནི་གང་འཚམ་ཤོད་དགོས་པ་རེད། ང་ལ་ཤོད་བབས་མེད་པའམ་ཤོད་པའི་དུས་སུ་མ་རན་པའང་མང་ཞིག་ཡོད་པ་རེད། དེ་ནི་ང་ཚོ་ལས་ལོ་བཅུ་སྐོར་དང་ཉི་ཤུ་སྐོར་གྱིས་ཆུང་བ་དག་གི་གླེང་བྱ་རེད། འདི་ལོ་རྒྱུས་ཀྱི་གནད་འགག་ཅིག་ཡིན་པ་རེད། སྒྲུང་སྐད་ལྟར་བཤད་ན། དུས་སུ་བབས་མིན་དང་འདུལ་སྐལ་ཡོད་མེད་སོགས་ཀྱིས་ངས་ནུས་པ་ཞིག་དང་ང་ལ་འོས་པ་ཞིག་ཡོད་པ་རེད་ལ་མི་ནུས་པ་ཞིག་དང་མི་འོས་པ་ཞིག་ཀྱང་ཡོད་པ་རེད། བྱས་ན་ངས་ནི་དུས་སུ་བབས་ཐེངས་རེ་རེར་རང་གི་འདུལ་སྐལ་གང་ཡིན་པ་དེར་དཔུང་འཇུག་བྱ་རྒྱུ་ལས། འཇང་ཕྲུག་འཛིན་དུ་ཨ་སྟག་ལྷ་མོ་གཏོང་དགོས་ཞེས་ཁུངས་མེད་པའི་ཧམ་པ་ཤོད་མི་སྲིད་པ། རྒྱ་ཚ་མ་གཤེགས་སྔོན་ལ་གུར་དཀར་འདུལ་རྒྱུའི་ལྐུགས་རྟགས་དེ་བས་ཀྱང་སྟོན་མི་སྲིད་པ་ཡིན། དེ་མིན། འཇིག་རྟེན་དཀར་ངོགས་སུ་ཐོན་མེད་པའི་ཚ་བོ་ཚ་མོ་དག་ལའང་བཅད་གསར་ཕྱོགས་ཀྱི་བགོ་སྐལ་རེ་བསྐྱུར་གལ་ཆེ་བས། ཐམས་ཅད་ལ་ང་ཚོའི་རབས་འདིས་ཁ་ཞིག་མ་གྲག་ན་གནས་མེད་པ་ཞིག་ཀྱང་མིན། མདོར་ན། ངས་ནི་དུས་ཀྱི་བགྲོད་པའམ་གོ་རིམ་གྱི་དབང་གིས་སྔོན་ལ་བཤད་དགོས་པ་གང་འཚམ་ཡོད་པ་དེ་ལས་གཞན་ཚིག་གཅིག་ཀྱང་ཤོད་མི་སྲིད། དེ་ལའང་ནང་གི་གོ་རིམ་ཞིག་ཡོད་པ་རེད། དཔེར་ན། ད་ལོ་ངས“བཅད་གསར་སྙན་ངག་གི་སྤྱི་དོན་མངར་སིལ་འཐུལ་བའི་བྱེ་རིལ”ཞེས་པ་འདི་བརྩམས་མོད། འདིའི་འཕྲོ་ནས་གླེང་དང་མི་གླེང་དོན་དག་གཞན་དུ་ཟད། གསལ་པོར་བཤད་ན། ང་ནི་བཅད་གསར་སྙན་ངག་གི་བསྒྲགས་གཏམ་སྤེལ་བ་པོ་དང་བཅད་གསར་སྙན་ངག་འབྲི་བ་པོ་ཞིག་ལས། བཅད་གསར་སྙན་ངག་ལ་ཆེད་དུ་ཉམས་ཞིབ་བྱེད་མཁན་ནི་མིན། དེའི་སྟབས་ཀྱིས། འཐུས་ཚབ་རྩོམ་པ་པོ་དང་ཚབ་མཚོན་བརྩམས་ཆོས་སོགས་རེ་རེ་བཞིན་མིང་འདོན་བྱེད་རྒྱུ་ང་ལ་དེ་ཙམ་འཁྲི་བ་མིན། དེ་ནི་ལོ་ཚིགས་དང་རེའུ་མིག་ཚུན་ཆད་བཀོལ་ནས་གཞན་དག་བྲི་ཡོང་བ་རེད། ནམ་ཞིག་ལ་ཞེ་ན། ད་ནས་བརྩིས་ པའི་ལོ་ལྔ་བཅུའི་གཞུག་ནས་བྲིས་ནའང་འཕྱི་མེད། ང་ཚོའི་རབས་འདི་ཤི་བའི་རྗེས་སུ་ཡིན་རུང་ཆོག་པ་རེད། ངས་བཅད་གསར་ཕྱོགས་ལ་བྲིས་པའི་རྩོམ་དག་བསྒྲགས་གཏམ་ལ་གཏོགས་ཕྱིར་དོན་དག་གལ་ཆེན་སྐོར་མ་གཏོགས་བྲིས་མེད། དེ་ནི་དགོས་ངེས་ཤིག་ཀྱང་ཡིན། ཡིན་ཡང་རྩོམ་ལུས་ཕྱོགས་ཀྱི་ཆུ་ཚད་ཡོད་མཁན་ཞིག་ལ་མཚོན་ན་ད་ཕྱིན་དྲི་བ་ལྷག་མ་ཡོང་དོན་མེད་པའི་ཚད་ལ་གཏུགས་ཡོད། གཞན་དུ་ན། ཧོར་གཙང་འཇིགས་མེད་ཀྱིས། “ཡང་སྙིང་དེང་རབས་སྙན་ངག་དང་རང་མོས་སྙན་ངག་ཅེས་པའི་གོ་དོན་ལ་འགྲེལ་བཤད་རྒྱག་རྒྱུར་ལྷག་པ་ཡིན”[13]ཞེས་བཤད་ཡོད་པ་ལྟ་བུ་སྟེ། བོང་རྫི་སོགས་ཀྱིས་བྱས་ན། རང་མོས་སྙན་ངག་ཟེར་ཡ་ཞིག་བསྒྲགས་ཏེ་བགྲང་བྱ་མང་པོ་སོང་མོད་ད་དུང་ཡང་དེའི་རྩ་བའི་གོ་དོན་དང་། ཁྱད་ཆོས། རིན་ཐང་། དབྱེ་བ་སོགས་ལ་སུས་ཀྱང་རྒྱུ་མཚན་ལྡན་པའི་འགྲེལ་བཤད་ཅིག་བརྒྱབ་ཐུབ་མེད་པ་རེད། དེའི་དབང་དུ་བྱས་ན། བཙས་མ་ཐག་པའི་བཅད་གསར་སྙན་ངག་ལ་མི་གསལ་བ་དང་མི་གོ་བའི་ཆ་ཅུང་ཟད་རེ་ཡོད་སྲིད་པ་ཞིག་རེད། ཡོད་ཆོག་པ་ཞིག་རེད། ཡོད་འོས་པ་ཞིག་ཀྱང་རེད་དོ། །
ལུང་ཁུངས།
[1] སྙན་གཞུང་ཆེས་ཤིན་ཏུ་མང་པོར་ས་པཎ་གྱིས་དེ་ལྟར་གསུངས་ཡོད་ཅེས་ཧ་ཅང་དོགས་མེད་དུ་དྲངས་འདུག་པས་ན། འདིར་ཡང་དེ་དང་སྒོ་བསྟུན་པ་ཙམ་ལས། ལུང་ཁུངས་དངོས་ལ་དཔྱད་པ་སོང་མེད།
[2][3] <<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ། །>> སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོའི་ཟླ༡༠པར་དཔར། ཤོག་ངོས༢༢༤པ་དང༢༢༥པར་གསལ།
[4][5] <<བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག>>སངས་རྒྱས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༤ལོའི༡༠པར་དཔར། ཤོག་ངོས་༤༡པ།
[6] <<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།>> པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༧ལོའི་ཟླ༡༡པར་དཔར། ཤོག་ངོས༡༦༡པ།
[7] བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་བརྩམས་པའི<<སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན>>ཞེས་བྱ་བ་ལས་དྲངས། དེབ་གཞི། གློག་རྡུལ་pdfཡི་རྣམ་པ་ཅན།
[8]<<སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ་ཞེས་བྱ་བ་བཞུགས་སོ། །>> ཚེ་ཏན་ཞབས་དྲུང་གིས་བརྩམས། དེབ་གཞི། གློག་རྡུལ་pdfཡི་རྣམ་པ་ཅན།
[9][10][11] དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་<<སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ>>ལས་དྲངས། དེབ་གཞི། གློག་རྡུལ་pdfཡི་རྣམ་པ་ཅན།
[12] ལུང་འདིའི་ཕྱེད་ཕྱི་མ་ནི། སེང་རྡོར་གྱིས་བརྩམས་པའི<<བོད་སྐད་ཀྱི་གཏིང>>ཞེས་པ། སེང་རྡོར་དྲ་བ་རྩོམ་སྒྲིག་ཁང་གིས་༢༠༡༣ལོའི་ཟླ༡པོར་དཔར་བ་དེ་རུ་གསལ་ཞིང་ཤོག་ངོས༢༩༡པའོ། ། ཕྱེད་སྔ་མ་ནི་རྩོམ་འདིའི་ལེའུ་བདུན་པའི་ཆ་ཤས་ཤིག་ཡིན།
[13] <<ལྗང་མྱུག>> ཧོར་གཙང་འཇིགས་མེད་ཀྱིས་བརྩམས། ཤོག་ངོས༣༣པ།
གསལ་མཆན།
[A] མི་འགའ་རེས་སྙན་ངག་ལ་གོ་རྒྱུ་ཆེན་པོ་ཡོད་མི་རུང་གལ་ཏེ་ཡོད་ན་འབོལ་རྩོམ་དུ་འགྱུར་ཟེར་སྐད།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།