བདག་གི་བསམ་ཚུལ་སྣ་ཚོགས།
༄༅།།མི་ཚོར་བྱ་བ་མང་བས་རྩོམ་པར་གཞོལ་བ་དཀའ།།དེ་བཞིན་བྲེལ་བ་ཆེ་བས་རིང་པོ་ཀློག་པའང་དཀའ།།དེས་ན་དུས་ཚོད་དང་ནི་དུས་སྐབས་འཚམས་པ་ཡི།།ཆགས་སྡང་རབ་གསལ་རྣམ་འགྱུར་བཅོ་ལྔ་བདག་གིས་སྟོན།།སྔ་དྲོར་མེ་རྒྱག་ཕྱི་དྲོར་མི་གསོད་ནམ་གྱི་གུང་ལ་རྐུན་མ་ལྡང་།།བར་འགར་ཁྱིས་རྨུགས་བར་འགར་རི་ཉིལ་དུས་མིན་བྱ་བ་སྒོ་དྲུང་ཉལ།།སྤྱི་དོན་སྒེར་དོན་རང་དོན་གཞན་དོན་རིམ་བྲལ་ངང་གིས་མིད་པར་འཚངས།།དེའི་ཕྱིར་སྣ་གཅིག་རྩལ་འདོན་མི་ཁོམ་ཡོངས་རྫོགས་མཉམ་དུ་བརྗོད་དགོས་གཏུགས།།འཚོ་བ་ལོ་སར་དགུ་ཐུག་བཞིན་ནོ་འདི་ཡང་ལྡན་ལ་དེ་ཡང་མཆིས།།དོན་དག“དགོ་བོའི་རྭ་ཐེམ”ལྟར་རོ་རང་འདོད་སྒྲིག་དབང་ག་ལ་ཡོད།།གཏམ་བཟང་གཏམ་ངན་གྲོག་དང་གྱོད་སོགས་སྣོད་གཅིག་བླུགས་པའི་རྫས་བཞིན་འཐབ།།དེས་ཀྱང་ཞོ་མར་ཤ་རྩམ་ཇ་ཆང་སྡེབ་གཅིག་རོལ་བའི་ཆོ་ག་འཐད།།འོན་ཀྱང་ཡིག་ཚོགས་ཆེད་དུ་སྤུངས་ནས་ཐུང་ངུ་རིང་པོར་མ་འཐེན་ནོ།།རྩོམ་ཞིག་འབྲི་ཞེས་ཡུན་རིང་བསྒྲིགས་ཤིང་ཡག་དང་ཤོམ་ཡང་མ་བཏོད་དོ།།ཚིག་ཕྱེད་ཅིག་གིས་མཚོན་པ་ཡིན་ན་ལྷག་པ་འབྲུ་གཅིག་མ་བསྣན་ནོ།།དེས་ན་འདི་ནི་ཆུ་ཁའི་ཆུ་བཞིན་ངང་གིས་གྲུབ་པ་དེ་ཡིན་ནོ།།
ཞེས་པའི་ཚིག་གིས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། ཁ་སང་དེ་རིང་གི་མིས་གཏམ་གྱི་གཞིར་བྱེད་པ་ཅི་རིགས་ལས་འགའ་ཞིག་ཟུར་དུ་བཏོན་ཏེ་རང་གི་ལྟ་བས་རྒྱས་འདེབས་པའོ། ། འདི་ལ་རེ་ཞིག་བཅོ་ལྔ་སྟེ། དང་པོ་ཚིག་འཁྲི་ཞེས་པའི་གོ་དོན་གླེང་བ། གཉིས་པ་ཡི་རང་བྱེད་ས་དང་ཡིད་སྨོན་འཆོར་ས་དང་ཡིད་ཆད་སྐྱེ་ས་གསུམ་ཅིག་ཅར་དུ་གླེང་བ། གསུམ་པ་སྒོར་མོའི་དྲང་ཕྱོགས་གླེང་བ། བཞི་བ་ཤགས་དང་གཞན་དག་གླེང་བ། ལྔ་བ་རིགས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་དགོངས་པ་རྙེད་ཐུབ་མིན་གླེང་བ། དྲུག་པ་ཡོན་ཏན་ཆེ་ཞིང་དུས་བཅད་ཀྱི་གླ་ཕོགས་ཀྱང་ཡོད་པ་དེ་ཚོས་དཔའ་ཅུང་ཟད་བསྐྱེད་ན་ཆོག་ཚུལ་གླེང་བ། བདུན་པ་སྲིན་བུའི་གྲངས་ཞེས་པ་དང་སྦྱར་ཏེ་གླེང་བ། བརྒྱད་པ་ཆོས་འབྱུང་རིག་པ་དང་དཔྱད་རྩོམ་སོགས་སྦྲགས་ནས་གླེང་བ། དགུ་བ་གཏམ་རྒྱུད་གསེར་ཐང་གི་རྩོམ་སྐད་གླེང་བ། བཅུ་བ་ཤེས་དགོས་པའི་གལ་གནད་ཁག་ཅིག་གླེང་བ། བཅུ་གཅིག་པ་ནང་མི་ཞིག་ལ་ཡིག་ཚད་གཏོང་བའི་ཐད་ནས་གླེང་བ། བཅུ་གཉིས་པ་གདམས་པ་རོགས་རྩོད་མ་སྟེ་ཅི་མ་ཡིན་ཞིག་གླེང་བ། བཅུ་གསུམ་པ་ནམ་སྨད་ཀྱི་སྡུག་བཤད་ཅེས་པ་སྟེ་གཉིད་མི་ཡོང་ཚུལ་བྱུང་རྒྱལ་དུ་གླེང་བ། བཅུ་བཞི་པ་སྙན་ངག་པ་ཚོ་འདི་འདྲ་ཞིག་ཡིན་ཡང་སྲིད་ཅེས་པ་ཞིག་གླེང་བ། བཅོ་ལྔ་བ་ཕལ་སྐད་ཀྱི་སྐོར་གླེང་བ་བཅས་སོ། །
1 “ཚིག་འཁྲི”ཞེས་པའི་གོ་དོན།
ཐ་སྙད་གཅིག་ཡིན་རུང་མཚང་དུ་མི་འགྲོ་བ་ཞིག་བཀོལ་བསམ་ན་ཐོག་མར་དེ་ཡི་ནང་དོན་གཤིས་ཕྱིན་པ་ཞིག་ངེས་དགོས་ཀྱི་ཡོད། “ངེས”ཞེས་པ་དོན་སྤྱི་མག་མོག་ཙམ་ལ་ནི་མི་ཟེར། རྩོད་སྒྲུབ་རིག་པའི་གཞུང་དུ་བཤད་པའི“སྣང་ཚུལ”དང“གནས་ཚུལ”གཉིས་ཀྱི་ཕྱི་མའི་ཚད་དུ་འཁྱོལ་བ་ཞིག་དགོས།
འོ་ན། “ཚིག་འཁྲི”ཞེས་པའི་དོན་ཅི་རེད། དེ་ལ་མ་མཐའ་ཡང་ལོ་རྒྱུས་ཀྱིའམ“རིམ་བརྒྱུད”ཀྱི་གོ་བ་ཞིག་དང་། ཐ་སྙད་རང་ངོས་ཀྱི་བསྟན་དོན་ཞིག་སྟེ་གཉིས་ཤིག་མཆིས་སོ། ། དང་པོ། དེ་ནི་མཁས་པས་མཁས་པར་བཏགས་ནས་ཡོང་བ་ཞིག་དང་། གྲུབ་མཐས་གྲུབ་མཐར་བརྗོད་ནས་ཡོང་བ་ཞིག་དང་། ལྟ་བས་ལྟ་བར་གཏད་ནས་ཡོང་བ་ཞིག་ལས། ཁ་སང་དེ་རིང་གི་མིའི་གོ་ལུགས་ནང་བཞིན་གྱི་དེ་འདྲ་ཅུང་མིན། དཔེར་ན། ཉམས་ལེན་པ་ཚོས་རྟོག་གེ་པ་དག་ལ“ཚིག་འཁྲི་བྱེད་མཁན”དང“རྟོག་གེ་ཟོལ་མ”དང“རྟོག་གེ་མགོ་མཁྲེགས”སོགས་ཀྱིས་སྤྱོ་ཞིང་། ཅིག་ཤོས་ཀྱིས་ཕྱིར“མུན་སྒོམ་བྱེད་མཁན”སོགས་ཀྱིས་འབར་བ་ཡིན་ནོ། ། སྤྱིར་བཏང་བཀའ་བརྒྱུད་དང་རྙིང་མ་སོགས་ཀྱིས་གྲུབ་མཐའ་གཞན་ལ“ཚིག་འཁྲི”ཞེས་པའི་ཆ་ནས་སྐྱོན་རྒྱག་པ་མང་ཞིང་། གྲུབ་མཐའ་གཞན་དག་ཀྱང་རྫོགས་པ་ཆེན་པོ་སོགས་ལ་“ཚིག་འཁྲི”ཡི་ལྡོག་ཕྱོགས་ཀྱི་ཚིག་གིས་གཏོད་ཅིག་དགའ། གཉིས་པ། “ཚིག་འཁྲི”ནི་དོན་ཉུང་ཞིང་ཚིག་ཤིན་ཏུ་མང་བ་སྟེ། “དོན་གྱི་འབྲས་བུ་མེད་ནའང་ཚིག་གི་ལོ་མ་འབེལ”ཞེས་པ་སོགས་ཀྱིས་ཤེས། གསལ་པོར་བཤད་ན་རིག་པ་མེད་ཅིང་ཡོད་ཀྱང་ཅུང་ཟད་ཙམ་ལས་མེད་ལ“བསྐོར་བའི་རྒྱན”སོགས་ཆེས་མང་བ་དེའོ། ། ཆ་བཞག་ན། “བོད་གངས་ཅན་ཁ་བའི་ལྗོངས་གྱི་བཅུ་ཕྲག་རིག་པའི་གནས་ནི་དངོས་གནས་དྲང་གནས་ངོ་མཚར་བ། ཁྱད་དུ་འཕགས་པ། རྨད་དུ་བྱུང་བ། འགྲན་ཟླ་མེད་པ། མིའི་རིགས་ཀྱི་རིག་པ་ཀུན་ལས་ཆེས་ཕུལ་དང་རྩེ་མོ་དང་དྭངས་མའོ”ཞེས་པ་ནི“ཚིག་འཁྲི”རང་རེད། ཚིག་དེ་འདྲས་ནི་དེབ་ཏུ་ལོངས་པ་དང་དུམ་པ་དུམ་པར་ལོངས་པ་དང་། རི་བོའི་གཏོས་དང་མཉམ་པ་ཞིག་བྱས་པའི་དབང་དུ་བཏང་རུང“ཚིག་འཁྲི”འབའ་ཞིག་ལས་གཞན་ཅི་ཡིན། བྱས་ན་ཅང་མི་ཤེས་པ་དག་གིས་ཚིག་འཁྲི་དང་ཚིག་འཁྲི་མ་ཡིན་པ་ནོར་སླ་བ་དེ་བྱུང་། གོང་གི་དཔེ་བརྗོད་ཀྱི་ཚིག་དེ་འདྲ་གང་སླ་སླར་བསྒྲིག་ཆོག་སྟེ། གཞན་ཞིག་ན་རེ། “ངེད་གྱི་ཞི་མི་སེར་རིལ་ནི་དངོས་གནས་དྲང་གནས་ངོ་མཚར་བ། ཁྱད་དུ་འཕགས་པ། རྨད་དུ་བྱུང་བ། འགྲན་ཟླ་མེད་པ། མིའི་རིགས་ཀྱི་ཁྱད་ནོར་ཀུན་ལས་ཆེས་ཕུལ་དང་རྩེ་མོ་དང་དྭངས་མའོ”ཞེས་ལབ་ཐུབ་པ་འདྲ་བོ་རེད། ཡིན་ནའང་ཚིག་དེའི་ཁྲོད་གཏན་ཚིགས་འདིས་ནི་གཟོད་རྨད་དུ་བྱུང་བ་ཡིན་ལུགས་དང་འགྲན་ཟླ་མེད་པ་རེད་ཚུལ་བསྒྲུབ་ཨེ་འགྲོར་སྙམ་པ་ཞིག་འདུག་གམ། ཡེ་མི་འདུག་པའོ། ། རིག་གནས་བཅུ་ནི་དངོས་གནས་ཡག་པོ་ཡོད་ཀྱང་སྲིད་མོད། གོང་གི་ཚིག་དེས་དེ་རྩ་བ་ནས་མཚོན་ཐུབ་པ་མེད་པའོ། ། དེ་ཅི་ཞིག་གིས་ལན་ཞེ་ན“ཚིག་འཁྲི”ཡིས་སོ། ། “སྒྱུ་རྩལ་རྩོམ་རིག”གི་གནས་སྐབས་ན་དང་ཇ་ཁ་ཆང་ཁའི་དགའ་སྡུག་མཚོན་དུས་སུ་དང་རྩོམ་སོགས་མ་ཡིན་པའི་ཆེ་བ་འདོན་པ་སོགས་ལ་གོང་གི་ཚིག་དེ་ལྟ་བུའང་ངེས་པར་ཡོང་རིགས་ཀྱང་། སྒྲུབ་བྱེད་ཚར་དུ་དངར་བ་དགོས་པའི་རིག་པའི་གཞུང་སོགས་བྱེད་ཀྱི་ཡོད་འདོད་ན་ནི་དེ་ལྟ་བུར“ཚིག་འཁྲི”ཟེར་ཁོ་ཐག་ཡིན་ནོ། ། ཚིག་དེ་འདྲས་ནི་རྩོམ་དང་དེབ་ཇི་འདྲ་རིང་པོ་ཞིག་བྲིས་ཀྱང་སྔར་བཞིན་ཚིག་འཁྲི་རང་ཡིན་ནོ། །
སྔོན་གྱི་མཁས་པ་མང་ཞིག་ཚིག་འཁྲིར་གཡོལ་མཁན་ཡིན་པས། དམིགས་བསལ་གྱི་འགའ་རེ་ཡོད་ན་ལས་སྤྱིར་བཏང་རྩོམ་རིང་པོ་ནི་ཆེས་ཉུང་། “ཡིག་གེར་འཇིགས་ནས་མ་བྲིས་སོ”ཞེས་དང་། “ཚིག་ཚོགས་བསྐྱུང་ཕྱིར་མ་བྲིས་སོ”ཞེས་ག་ས་ག་རུ་མཐོང་ཐུབ། ཁོང་རྣམས་ཀྱིས་ང་ཚོས་ཤེས་པའི་བརྡ་ཚིག་འདི་ཙམ་མ་ཤེས་པ་ག་ལ་ཡིན། སྙིང་ཐག་པ་ནས་ཚིག་འཁྲིར་འཇིགས་ཀྱིན་པ་ཤེས་ཐུབ་བོ། ། ས་པཎ་ནི་བོད་ཀྱི་རིག་གནས་ལྔའམ་བཅུའི་སྲོལ་འབྱེད་པ་མིན་རུང་དེའི་ཞོལ་ཅིག་ཡིན་ཤ་སྟག་མོད། རོལ་མོའི་བསྟན་བཅོས་ནས་བརྡའི་བསྟན་བཅོས་དེ་དག་བར་ཞིབ་ཏུ་གཅིག་ལྟོས་དང་། བསྟན་བཅོས་རེ་ལ་ཤོག་ལྷེ་འགའ་རེ་ལས་ཨེ་ཡོད་སྙམ། ཡིན་ན་ཡང་དེང་གི་ལས་གཞི་ཡིན་ཟེར་ནས་དང“མཐར་ཕྱིན་ཆེད་རྩོམ་མོ”ཟེར་ནས་གཞན་མང་པོ་ཟེར་ནས་དེབ་རྒན་བ་མ་སླ་ངའི་ཚོད་ཙམ་བྱས་པ་ཏག་ཏུ་ས་པཎ་སོགས་ལས་ལྷག་པའི་ཅི་ཞིག་བྲིས་ཡོད་དམ། མེད་ན་ནི་དེ་ཐམས་ཅད་ཀྱང་ཚིག་འཁྲིའོ། ། ཚིག་འཁྲིའོ། །
2 དང་པོར་ཡི་རང་བྱེད། གཉིས་པར་ཡིད་སྨོན་འཆོར། གསུམ་པར་ཡིད་ཆད་སྐྱེ།
དང་པོ། མི་ལ་ལས“སྦྱངས་བརྩོན་རྡོ་རུས་ཐུག་པ”ཞེས་པ་དེ་མཛད་པས། ལྷན་སྐྱེས་ཀྱིས་རྒྱུག་མ་མིན་ཡང་གོམས་དྲགས་ནས་བྱང་མ་རང་ཆགས་ཀྱི་ཡོད། སྔར་དང་ད་ལྟའི་དགེ་བཤེས་སྐད་པ་མང་ཤོས་དེ་འདྲའོ། ། ཁོང་རྣམ་པས་སློབ་དཔོན་ནི་བསྟེན། ཆོས་གྲྭ་ནི་འགྲིམས། འདུ་འཛི་ནི་རིང་དུ་སྤངས། ཚེ་གང་བོར་ལྟོ་སྐྱ་གོས་ཧྲུལ་དུ་བྱས། འཇིག་རྟེན་གྱི་མཛེས་སོ་ཅོག་ཉིང་ཁུར་བྱས་པའི་བུད་མེད་ཚུན་ཆད་དོར་ཏེ་དཀའ་ལས་བཙོན་པ་ལྟ་བུ་ཚར་ཚར་བརྒྱབས་འཕྲོར་འབྲས་བུ་ཡང་དེའི་ཚོད་ཅིག་ལོན་ནོ། ། དེའི་གྲས་སུ་དྲེགས་པ་ཅན་ཤིན་ཏུ་མང་མོད་རྗེས་སུ་ཡི་རང་ཞུ་འོས་པ་ཙམ་ལས་ཡ་མཚན་རེད་ནི་མི་འདོད། ཅིའི་ཕྱིར་ཞེ་ན། འབད་ན་ནི་བྲག་ལ་མིག་དང་གནམ་ལ་སྐས་ཀྱང་བྱེད་ནུས་པའི་ལོ་རྒྱུས་སོ། །
གཉིས་པ། གང་ཟག་རེ་ཟུང་ཞིག་ནི་སི་ཏུ་པཎ་ཆེན་གྱིས“ལ་ལས་ལོ་བརྒྱར་སྦྱངས་པ་གང་། །ལ་ལས་ཡུད་ཙམ་གཅིག་ལ་ཤེས། །ལ་ལས་ཚེགས་ཀྱིས་བསྒྲུབས་པ་ཡང་། །ལ་ལས་བདེ་བླག་ཉིད་དུ་བྱེད། །གསུངས་པ་ནང་བཞིན་དཀའ་ལས་རྟེན་འབྲེལ་ཙམ་ལས་རྒྱག་མི་དགོས་ཁར། ཆང་འཐུང་ཞོར་ལྷ་ཡང་བཞེངས། གླུ་ལེན་ཞོར་རྩོམ་ཡང་རྒྱག བག་མེད་བུ་བཞིན་པང་དུ་ལེན། བུད་མེད་རྒྱན་བཞིན་བརྗེས་ཤིང་བརྗེ། ཁ་ཇ་ཆང་དང་ལུས་མི་ཚོགས་དང་ཉིན་གཅིག་ལའང་མ་བྲལ་ཀྱང་གཞུང་དང་རིག་པ་མང་པོའི་སྒྲོ་འདོགས་གཅོད། གནས་གང་ལའང་གཞན་དྲིང་མི་འཇོག་པའི་རང་ལུགས་འགོད། ཆེས་ཐ་དད་པའི་རྩོམ་གཤིས་སོགས་ཀྱང་གང་སླ་སླར་ཆགས་པར་བྱེད། རྩེད་ཞོར་དགོད་ཞོར་དུའང་གཞན་འགྲན་མེད་པའི་བསྟན་བཅོས་ཅི་རིགས་བྱེད་ནུས་པ་ཞིག་ཡོད་དོ། ། རིགས་དེ་ལ་ནི་འགྲོགས་དཀའ་བའི་ང་རྒྱལ་ཆེ་བ་གཤིས་ཡིན་མོད་ངོ་མཚར་རང་དེ་ལ་ཆེ་ཡི་སྙམ། ཤེས་རབ་ཅན་ཞེས་པ་ཡིན་དག་དེའི་རིགས་རེད་སྙམ། དབྱིན་ཇིའི་འཕེལ་འགྱུར་སྨྲ་བའི་སྟོན་ཆེན་རྡར་ཝིན(Charles Robert Darwin)མཆོག་དང་བོད་ཀྱི་མཁས་པ་ཆེན་པོ་འཇུ་མི་ཕམ་ལགས་ལྟ་བུ་དེར་ཨེ་གཏོགས་འདོད།
གསུམ་པ། གཞན་མང་པོ་ཞིག་ལ་ནི་སྔ་མའི་བརྟུན་པ་དྲག་པོ་དེ་ཡང་མེད། ཕྱི་མའི་ཤེས་རབ་ཕྲ་མོ་དེས་ཀྱང་དབུལ་མོད། ཅི་མི་སྙམ་པར་རྩོམ་ཟེར་བ་ཞིག་ཚར་ཚར་འབྲི་བར་བྱེད། ང་རྒྱལ་དུ་མི་འགྲོ་བའི་ང་རྒྱལ་ཞིག་ཀྱང་ཡོད་མདོག་བྱེད། དྲང་མོར་བཤད་ན། རིགས་དེ་ལ་ནི་སྐབས་རེར་ཅུང་ཡིད་ཆད་དོ། །
3 སྒོར་མོའི་དྲང་ཕྱོགས།
༡ མི་ཚོ་སྐད་ཆ་རིགས་ཤིག་བཤད་པར་ཧ་ཅང་དགའོ། །དེ་ནི། “སྒོར་མོའི་ཕན་ཆད་ནས་སུ་ལ་རོགས་ཅི་བྱས་ཀྱང་ཆོག”ཅེས་པ་དེའོ། ། ནད་པ་ཞིག་ལ་མཚོན་ན་སྒོར་མོ་དགོས་པ་རེད། དེ་མེད་ན་སྨན་པར་སྟོན་མི་ཐུབ། གྲང་ལྟོགས་ཀྱིས་མནར་བའི་མི་ཞིག་ལ་མཚོན་ན་གྱོན་པ་དང་ཟ་མ་དགོས་པ་རེད། སྒོར་མོ་མེད་ན་དེ་དག་གང་ནས་ལོན། མཐའ་ན་ཆུ་ཁོལ་དཀར་ཡོལ་གང་འཐུང་ནའང་སྒོར་མོ་དགོས་པ་མིན་ནམ། ལག་པ་སྟོང་བ་ཞིག་སྟོན་ཞོར། ཁ་ཚིག་སྟོང་བ་ཞིག་བརྗོད་པ་དེས་སུ་ལ་རོགས་ཅི་ཞིག་བྱ་ཐུབ “སྒོར་མོ་ཟེར་ན་སྐད་ཆ་མེད། དེ་མིན་གྱི་རོགས་ཅི་ཡང་བྱེད་ཆོག”ཟེར་བ་དེ་ཚོས་དྲང་མོར་བཤད་ན་རོགས་གཏན་ནས་བྱེད་མི་ཐུབ་ཅེས་ཐག་བཅད་བཞག་པ་འདྲ་བོ་རེད། རྒྱུ་མཚན་ནི། རོགས་ཅི་ཞིག་བྱེད་ནའང་སྒོར་མོ་ཧ་ལམ་བཀོལ་དགོས་པས་ཡིན། གཞན་མ་བཤད། བྱིས་པ་ཞིག་ལ་ཀ་ར་རྡོག་པོ་འགའ་སྟེར་འདོད་ནའང་ཐོག་མར་ཁྱོད་ཀྱི་ཨམ་ཕྲག་ནང་གི་བརྒྱ་ལོར་དམར་པོ་ཞིག་གམ་ལྔ་བཅུ་ལོར་ལྗང་ཁུ་ཞིག་གམ། གང་ལྟར་སྒོར་མོ་གང་རུང་ཞིག་གསིལ་དགོས་པ་ནི་ཁོ་ཐག་ཡིན་པས་སོ། ། སྒོར་མོ་གླེང་ཚེ་ངོ་མདོག་ལོག་པ་དང་སྒོར་མོའི་སྐོར་ཞིག་ལབ་མི་ཉན་པ་དེ་ཚོ་ནི། དྲང་མོར་བཤད་ན་སྒོར་མོར་ཧ་ཅང་དགའ་བའི་གྲས་རེད། མི་དེའི་གྲས་ཀྱིས་ནི་ནམ་ཡང་སོ་སོའི་སྒོར་མོ་གཞན་ཞིག་ལ་གཡར་ཨེ་དགོས་སྙམ་ནས་ཞེད། སོ་སོའི་སྒོར་མོ་ལས་ཅུང་ཟད་ཅིག་གཞན་ལ་འཐིམ་ཨེ་འགྲོ་འདོད་ནས་དོགས་བཞིན་པ་སོགས་ནི། དཔྱད་ན་ལས་སླ་བོར་ཤེས་ཐུབ། སྤྱིར་སོ་སོའི་སྒོར་མོ་བརླག་མི་འདོད་པ་ལ་ཐུགས་ཁག་དེ་ཙམ་མི་འདུག་ཅིང་། ཁྱོད་ཀྱི་སྒོར་མོ་གཞན་ལ་ཅིས་ཀྱང་སྟེར་དགོས་ཞེས་པའི་བཤད་སྲོལ་ཞིག་ཀྱང་ག་ལ་ཡོད། ཡིན་ནའང་། སེར་སྣ་དེ་ལ་འགྲེལ་བཤད་འདྲ་ཆགས་ཆགས་མང་པོ་འཚོལ་བ་ནི་ཡག་པོར་མ་མཐོང་ངོ་། །
༢ མར་པས་མི་ལ་རས་པར་གསེར་ཁྱེར་ཤོག་ཅེས་ཁ་ན་ན་བར་འདེད་དགོས་དོན་ཡང་། གསེར་རམ་སྒོར་མོ་འཕུད་པ་ནི་མིའི་བློས་གཏོང་གི་མཚོན་བྱེད་ཆེ་ཤོས་ཤིག་ཡིན་པས་ཡིན། སྐབས་དེའི་བློས་གཏོང་གིས་ནི་དད་པ་ཡང་མཚོན་ཡོད་དོ། །
༣ གཞན་ལ་རང་གི་བརྩེ་བ་སྤྲོད་འདོད་པའི་མི་ཞིག་ཡིན་ཚེ་བརྩེ་བ་ཉིད་སྒོར་མོར་ཕབ་སྟེ་འམ་སྒོར་མོ་དེས་ཅ་ལག་གང་རུང་ཞིག་ཉོས་ཏེ་མཚོན་པར་བྱེད་པ་ལས་ཐབས་གཞན་ཡོད་དཀའ། དེ་བས་སྒོར་མོ་ནི་མཚོན་བྱ་སྙིང་རྗེ་དང་ལྷག་བསམ་དང་གཏོང་ཕོད་སོགས་ཀྱི་མཚོན་བྱེད་ཀྱང་ཡིན་ནོ། །ཆེད་མངགས་དུས་ཚོད་ཕུད་ནས་གཞན་ལ་རུ་སྤོར་རོགས་བྱེད་པ་སོགས་ཀྱང་དོན་གྱིས་སྒོར་མོ་འཚོལ་ཆོག་ཆོག་གི་དུས་ཚོད་ཕུལ་བ་ཡིན་པས། དེའང་སྒོར་མོ་བྱིན་པ་ཡིན་ནོ། ། ལར་སྒོར་མོ་ཞེས་པའི་མཚོན་བྱེད་ཤོག་ལེབ་དེར་ནི་སུ་ཞིག་དགའ་སྟེ་དགའ་མི་སྲིད་མོད། དེ་ཡི་མཚོན་བྱ་སྟོབས་འབྱོར་དང་ལོངས་སྤྱོད། དབང་ཐང་དང་ཁ་རྗེ། ཤ་ཚ་དང་སྙིང་རྗེ། བློས་གཏོང་དང་མཛའ་གཅུགས་སོགས་ལ་ཏན་ཏན་མི་རྣམས་དགའ་བ་ཡིན་ནོ། ། སྒོར་མོ་ནི་སྐྱུག་བྲོ་བ་དང་མི་དགེ་བའི་མཚོན་བྱེད་དུ་འགྲོ་བའི་སྐབས་མཆིས་པ་ཤིན་ཏུ་བདེན་མོད། གནས་ལུགས་ཕྲན་བུ་དེ་ཙམ་ཞིག་ཤེས་པས་སྒོར་མོར་སྡང་ཁུལ་བྱེད་པ་ནི་སྤྱི་ཚོགས་ཀྱི་རྗེས་མ་ཆོད་པ་དང་། མིའི་འགྲོ་སྟངས་ཚང་པོ་མ་ཤེས་པའི་རྟགས་བསྟན་པ་ཨེ་ཡིན་སྙམ།
4 ཤགས་དང་གཞན་དག
ང་ཚོའི་མི་རིགས་འདི་ཤགས་ལ་དགའ་བའི་མི་རིགས་ཤིག་རེད། འདིའི་ཤགས་ནི་གླུ་ཤགས་སོགས་ཀྱི་ཤགས་ཙམ་ལ་ཟེར་བ་མ་ཡིན། འུད་ཀྱིས་བརྗོད་པ། བསྐོར་ནས་སྨྲ་བ། ཁྱད་དུ་གསོད་པ། ཚིག་མདུང་གིས་རྒྱག་པ་སོགས་ལ་གོ་བར་བྱ། ཕྲན་ལའང་ཤགས་ཀྱི་བག་ཆགས་ཧ་ཅང་ཟབ་ཅིང་། ཤགས་ཀྱི་ནུས་པའང་ཅུང་ཟད་ཡོད་སྙམ་གྱི་ཡོད།
མི་རིགས་འདི་ཤགས་དགའ་ཡིན་པ་ནི་གེ་སར་སྒྲུང་གི་མེ་ལོང་དུའང་ཤར་འདུག་པ་དེ་རེད། མཁས་པ་དག་གི་དགག་པ་དགག་ལན་ཟེར་བ་ཕལ་ཆེ་བ་ཞིག་ཏུ་ཤགས་ཀྱི་ཐད་ལ་བཀོལ་བའི་ཚིག་གིས་རྩོམ་སྤྱིའི་བརྒྱ་ཆའི་ལྔ་བཅུ་ཡན་ཆད་ཟིན་པའང་ཡོད། རྒད་པོ་ཚོས་ནི་གཉེན་དང་གྱོད་སོགས་ཅི་བྱེད་ཀྱང་ཤགས་ནི་མེད་ཐབས་མེད་པ་སྟེ། ཤགས་མེད་པའི་ཚིག་ཅིག་གཞར་ཡང་འཆད་དཀའ་བ་འདྲ། དེ་སྤྱིར་བཏང་ཡག་པོ་རེད་ཀྱང་དྲན་གྱི་ཡོད།
ཡིན་ནའང་ཤགས་དང་རིག་པ་གཉིས་ཧྲིལ་གྱིས་གཅིག་མིན་པ་དང་། ཤགས་དང་རྩོམ་རིག་གཉིས་ལ་འབྲེལ་བ་ཆེན་པོ་ཞིག་མེད་པ་ཅིས་ཀྱང་ངེས་དགོས་ཀྱི་ཡོད།
༡ དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ནང་རྗེས་བརྗོད་མ་ཡིན་པའི་རིག་པ་ག་ཚོད་འདུག ཤགས་ག་ཚོད་འདུག་ཅེས་དང་། ཚ་མདའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་དུ་རྗེས་བརྗོད་མ་ཡིན་པའི་རིག་པ་ག་ཚོད་འདུག ཤགས་ག་ཚོད་འདུག་ཅེས་བསམ་བློ་བཏང་ཨེ་མྱོང་། སོ་སོ་དཔེ་ཆ་དེ་དག་གི་ཤགས་ལ་འཁྲུལ་ནས་བསྡད་འདུག་གམ། རིག་པར་དགའ་འདུག་སོགས་ལ་འདང་བརྒྱབ་ཨེ་མྱོང་། ངས་དེ་སྔོན་མི་འགའ་ལ་ཁོ་རང་ཚོ་དགའ་པོ་ཡོད་ཟེར་བའི་དེབ་དག་ཏུ་རིག་པ་ཅི་དང་ཅི་འདུག་དྲིས་པ་ཡིན། མཐར་ཨེ་མ་རྩོམ་རིང་པོ་རེད་ཅེས་པ་དང་། འབྲོག་པའི་ཕྱུགས་རྫི་ཚུན་ཚད་ཀྱིས་ཤེས་པའི་ཤགས་རེ་ཟུང་དྲངས་བྱུང་། དེ་འདྲ་ཞིག་རང་རྣམ་པ་ལ་ཞེན་དྲགས་སོང་སྙམ་ནས་ཡིད་ཆད་དང་ཕངས་སྣང་ཅིག་ཅར་དུ་སྐྱེས་སོ།།
༢ རྩོམ་རིག་གམ་སྒྱུ་རྩལ་རྩོམ་རིག་དང་ཤགས་གཉིས་ལ་དེ་བས་ཀྱང་འབྲེལ་བ་ཆུང་། ཤགས་མེད་པའི་ཆུང་གྲོགས་རྗེས་དྲན་དང་འདི་ན་སུ་དང་གང་གིས་མྱི་ཤེས་པའི་དོན་བསམ་ཞོར་འཆི་བའང་བརྒལ་ཐུབ་མདོག་ཁ་མོད། ཤགས་མང་བའི་རི་བོ་ཧི་མ་ལ་ཡི་བསྟན་བཅོས་ཀྱིས་ནི་ན་རྒ་འཆི་གསུམ་གྱི་ཆུ་ཀླུང་ལ་འཕྲད་སྐབས་ཤིང་ཕྲན་ཞིག་གི་ཡལ་གའི་གོ་ཡང་ཆོད་དཀའ་སྙམ། འོན་ཀྱང་རིང་ཐུང་གིས་བཤད་ན་རི་བོ་ཧི་མ་ལ་ཡི་བསྟན་བཅོས་ནི་རྩོམ་སྔ་མ་གཉིས་ལས་ལྡབ་མང་པོས་རིང་བ་ཡིན་ནོ།།
5 རིགས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་དགོངས་པ་རྙེད་ཐུབ་བམ།
རྒྱ་གར་གྱི་དབང་དུ་བཏང་ན་བཀའ་བསྡུ་བ་སོགས་ཀྱི་རྩོད་པའི་སྐོར་ཁོ་ན་འཇིགས་ཆེ། དེང་དེ་ལས་འཕྲོས་པའི་དེབ་དང་རྩོམ་སོགས་མང་དུ་འབྱུང་བཞིན་ཡོད་དོ། །
བོད་དུ་ནི། ས་སྐྱ་པའི་ཆོས་དེ་སངས་རྒྱས་ཀྱི་དགོངས་པ་དངོས་ལ་མི་འགྲོ་ཚུལ་བཀའ་བརྒྱུད་པ་དག་གིས་བསྒྲུབས། སླར་བཀའ་བརྒྱུད་པ་མི་དག་ཚུལ་ས་སྐྱ་པས་སྨྲ། ས་པཎ་དང་མི་ལ་སོགས་བཀའ་གདམས་པའི་གནད་མང་པོར་མི་དགྱེས་སྐད། གཅོད་དང་ཞི་བྱེད་ནི་རྒྱུད་སྡེ་རྣལ་མ་མིན་ཚུལ་སྡོམ་གསུམ་རབ་དབྱེ་སོགས་སུ་འབྱུང་། རེད་འདའ་བ་སོགས་དུས་འཁོར་དང་སྦྱོར་བ་ཡན་ལག་དྲུག་གི་འཕྲུལ་འཁོར་སོགས་ལ་ཤིན་ཏུ་མི་རྟོན། གསར་ཁ་ནས་རྫོགས་པ་ཆེན་པོར་སྐྱོན་བརྒྱབ་པ་ཅི་བས་མང་ཞིང་། རྙིང་ཁ་དང་བཅས་པའི་མཁས་པ་མང་པོས་རྗེ་ཙོང་ཁ་པར་འཇུ། ཕར་དགག་ཚུར་དགག་གི་ཡི་གེ་དེ་དག་ཆོས་བརྒྱུད་དམ་གྲུབ་མཐའ་སོ་སོའི་སྟོན་ཆེན་དུ་བརྩི་འོས་པ་དག་གིས་ལུང་རིགས་བརྒྱ་ཕྲག་གི་ལམ་ནས་བྲིས་ཤ་སྟག་ཡིན་ཞེས་གྲགས། ཡིན་ནའང་མིའི་མཐུན་ལམ་ལ་བསམས་ནས་སྐད་ཆ་འཇམ་པོ་བཤད་མཁན་ནམ་བར་བཤོལ་མཁན་རེ་ཡང་མ་བྱུང་བ་མིན་ནོ། ། གང་ལྟར་རང་རང་ལུགས་ལ་རང་རང་དབུ་མ་ཡིན་ཟེར་བ་ལྟར་རང་རང་ལུགས་ལ་རང་རང་གི་དེ་ཁོ་ན་སངས་རྒྱས་ཀྱི་དགོངས་དངོས་དང་གཞན་དག་གི་དེ་ལག་མ་ཆགས་པའམ་དྲི་མ་དང་བཅས་པའམ་ཆ་མ་ཚང་བ་ཡིན་ཚུལ་ཞིག་ཀུན་དགོངས། དེའང་དགག་ལན་སྔ་མ་སྔ་མ་བྱུང་དུས་དགག་ཡུལ་དེ་རང་ཚར་བཅད་དོ་ཞེས་ཁ་ཚོན་གཅོད་ཀྱི་ཡོད་མོད། ལོ་འགའ་རེ་དང་མི་རབས་འགའ་རེའི་རྗེས་ལ་ཚར་བཅད་སོང་ཟེར་མཁན་དེ་དག་ཀྱང་ཚར་བཅད་པ་ཡིན་ཞེས་བསྐྱར་ལན་ཡང་ལན་འབྱུང་གི་ཡོད། འོན་ཀྱང་དེ་དག་ལའང་ནམ་ཞིག་ཚར་བཅད་དོ་ཞེས་པའི་དགག་ལན་འབྱུང་ངེས་པ་སོགས་ཏེ། མི་དང་མི་ཡི་ཁ་མ་ཟད་ན་ཚར་བཅད་ཅེས་པའི་ཚིག་དེའང་ཟད་མཐའ་ཞིག་མེད་པ་ཡིན་འདུག དེ་ལྟར་རིགས་པས་ནི་སྐབས་རེར་ཆོས་བརྒྱུད་དམ་གྲུབ་མཐའ་འདི་དགུང་དུ་བསྟོད་ཅིང་མཚམས་རེར་དེའི་ལྡོག་ཕྱོགས་ཀྱི་དཔལ་སྐྱེད་པར་བྱེད། དེའི་སྟབས་ཀྱིས་ཆོས་བརྒྱུད་དམ་གྲུབ་མཐའ་དེ་ཚོའི་ཁྲོད་ཀྱི་གང་ཞིག་སངས་རྒྱས་ཀྱི་དགོངས་པ་དངོས་ཡིན་ད་དུང་ཐག་མ་ཆོད་ལ་ཕྱིས་ཀྱང་ཤེས་ཁག་པོ་འདུག་སྙམ། རྒྱུ་མཚན་ནི་དོན་དེ་རིགས་པས་ཐག་གཅོད་དགོས་པས་སོ། ། རིགས་པ་གཏོང་མཁན་གྱི་གང་ཟག་ལ་རྣམ་དཔྱོད་ཡག་པོ་ཡོད་ན་རིགས་པ་གང་མཚར་མཚར་ཡོང་བ་དང་། གང་ཟག་ཀླད་རྡིབ་ཅིག་ཡིན་ཚེ་རིགས་པ་ཡང་དེའི་ཚོད་ཅིག་ལས་མི་ཡོང་བ་ཡིན་འདུག
ནམ་མཁའི་ནོར་བུས་བོན་པོའི་སྒོང་སྐྱེས་ཀྱི་ལྟ་བ་དེ་ཡག་པོ་གང་འདྲ་བསྒྲུབས་འདུག སངས་རྒྱས་པས་ལན་ཨེ་ཐོབ་སྙམ། དེ་ལྟར་བཤད་ན་ཡང་མ་རེད། ནམ་མཁའི་ནོར་བུས་སངས་རྒྱས་པའི་ཕྱོགས་བཟུང་སྟེ་རང་ལན་བཏབ་ན་ཐོབ་ཀྱང་སྲིད། རིགས་པ་ཞེས་པ་ཡིན་དག་དེ་འདྲ་ཞིག་ཡིན་པས། ཅིའི་ཕྱིར་ཁག་པོ་འདུག་མི་འདུག་ཨང་།
6 ཡོན་ཏན་ཆེ་ཞིང་དུས་བཅད་ཀྱི་གླ་ཕོགས་ཀྱང་ཡོད་པ་དེ་ཚོས་དཔའ་ཅུང་ཟད་བསྐྱེད་ན་མི་ཆོག་གམ།
སུ་ལ་དབང་ཆ་ཅུང་ཆེན་པོ་ཞིག་དང་སྒོར་མོ་ཅུང་མང་པོ་ཞིག་དང་མགོ་བདེ་བོ་ཞིག་ཡོད་ཚེ་ཡོན་ཏན་ཅང་མེད་ནའང་མི་རྣམས་ཀྱིས་དེ་ཉིད་ཡོན་ཏན་ཆེན་པོ་ཅན་དང་། མཁས་པའི་དབང་པོ་སོགས་སུ་བཀུར་འགྲོ་བ་འདི་ཅི། མཐའ་ན་ངེས་དོན་གྱི་ཡོན་ཏན་ཅན་དག་ཀྱང་དབང་དང་ནོར༼འདིའི་ནོར་ཞེས་པར་དགེ་རྒན་ཆེན་མོ་ཚོའི་མཁོ་མེད་ཀྱི་ལས་གཞི་སྣ་ཚོགས་ཀྱང་གཏོགས༽དང་ཁྲམ་སོགས་ཀྱི་ཐུ་འོག་ལ་སྔ་གཞུག་བརྩད་ནས་གཤར་འགྲོ་བ་འདི་ཅི། རང་གི་བློ་དང་ངོ་བོའི་གནས་ཚུལ་ལ་རྟོན་རྒྱུ་འདི་ཙམ་ཞིག་དཀའ་བ་ཅིའི་ཕྱིར། དངོས་གནས་བྱས་ན། “སེང་གེ་ཁྱི་ཡི་འོག་ཏུ་གྱུར་པ”ནི་ཁྱིས་དབང་ཡོད་བྱས་པ་མིན་པར། སེང་གེ་རང་གིས་མགོ་འབུལ་ལུས་འབུལ་བྱས་པ་ཞིག་རེད་སྙམ། སྤྱིར་ང་ནི་རང་ཚུགས་དང་མི་གཞི་ཞེས་ཁ་ན་ན་བར་གླེང་མཁན་ཞིག་མིན་ལ་ཡིན་ཡང་མི་འདོད་མོད། ཤིན་ཏུ་ཡོན་ཏན་ཅན་དག་གིས་ཡོན་ཏན་ཅུང་ཟད་ཙམ་ལས་མེད་ས་དག་ལ་ཨེ་མ་ཧོ་ཁྱེད་ནི་ཡོན་ཏན་ཅན་ལགས་དང་ཨ་ལ་ལ་ཁྱེད་ནི་རྣམ་དཔྱོད་ཅན་ལགས་ཞེས་སྤྲེལ་ལད་འཁྲབ་པ་མཐོང་ཚེ་ཅུང་དོགས་མི་བདེ་བ་ཞིག་ཏན་ཏན་འདུག
དབུལ་པོ་ཞིག་སྒོར་མོ་དགའ་བར་ཅི་ཁག སྲོག་འཚོ་མ་ཐུབ་པས་རེད། དེ་བས་དེས་སྒོར་མོའི་ཆེད་དུ་མི་ཡང་གསོད་སྲིད། གསོད་བཞིན་པ་ང་ཚོས་གོ་ཡང་མྱོང་ལ་རིག་ཀྱང་མྱོང་། གསོན་པའི་ཆེད་ཁོ་ནའོ། ། ལས་ཀ་དང་ལས་ཁུངས་མེད་པའི་མི་ང་སོགས་ལའང་ཅི་ཁག དེ་ཚོས་སྒོར་མོའི་ཆེད་དུ་སོ་སོ་རང་གིས་ཀྱང་བྱེད་མི་འདོད་པའི་ལས་ཅི་རིགས་རྩོམ་སྲིད། དཔེར་ན་སྨད་འཚོང་མ་ལྟ་བུའོ། ། དཔེར་ན། དགེ་ཆོས་སོགས་ཀྱིས་སྒོར་མོ་རྫུན་མ་བཟོས་པ་ལྟ་བུའོ། ། དཔེར་ན། ནུབ་ཀྱི་རྩོམ་པའི་དབང་ཕྱུག་ཏུ་ཆགས་པ་ཁ་ཤས་ན་ཆུང་དུས་རྐུ་མ་རྐུ་བ་དང་ཇག་པའི་ལས་བྱས་མྱོང་བ་ལྟ་བུའོ། ། ཡིན་ན་ཡང་། གླ་ཕོགས་བརྒྱད་སྟོང་དང་དགུ་སྟོང་དང་ཆིག་ཁྲིའི་ཡན་ལེན་པ་བཞིན་པ་དག་དང་། རུ་ཁག་དང་སྡེ་ཚན་མང་པོར་ཁ་ལོ་སྒྱུར་པ་པོ་དག་གིས་ནི་སྒོར་མོའི་ཆེད་དེ་ཙམ་ཞིག་མིག་མ་ཕྲ་ན་མི་ཆོག་གམ། ཁྱོད་ཚོར་ཟ་བ་དང་གོན་པ་སོགས་ལ་སེམས་ཁྲལ་བྱེད་མི་དགོས་པའི་གདེང་ནི་ཡོད། ངས་འདི་ན་ཁྱོད་ཚོར་གླ་ཕོགས་ཡོད་མི་ཆོག་ཟེར་གྱི་མེད་ལ་གླ་ཕོགས་དེ་ང་སོགས་ལ་སྟེར་དགོས་ཀྱང་ཟེར་གྱི་མེད། གླ་ཕོགས་དེ་ཡོད་པས་ཁྱོད་ཚོས་ཁྱོད་ཚོའི་སྲོག་འཚོ་བ་ལ་འདང་རྒྱག་བྱེད་མི་དགོས་པ་རེད། དེ་ཡིན་ཙང་། ཁྱོད་ཚོ་ནི་ལྟོགས་ན་རྐུ་དྲན་པ་དང་རྒྱགས་ན་ཆོས་དྲན་པ་གཉིས་ཀྱི་ཕྱི་མའི་གྲས་ཡིན་པ་རེད། སྐབས་འདིའི་ཆོས་ཞེས་པ་གནས་ལུགས་དང་དྲང་བདེན་སོགས་ལ་གོ་བར་བྱའོ། །
དེས་ན། ངས་ཁྱེད་ཚོས་ཆོས་ཤིག་སྒྲུབས་དང་ཟེར་བ་ཡིན། དཀར་ནག་གོ་འབྱེད་དང་དགེ་སྡུག་ཤན་འབྱེད་ཀྱི་ཆོས་ཤིག་སྒྲུབས་དང་ཟེར་བ་ཡིན་ནོ། །
7 སྲིན་བུའི་གྲངས།
“འཛམ་གླིང”ཁ་ལ་བཏགས་བཏགས་པ་ཞིག་གིས་ཨ་རི་ན་འཆར་ལྡན་བུ་སྐྱེས“计划生育”ཟེར་བ་ཞིག་མེད་པའང་ཤེས་ཀྱི་མི་འདུག་པའི་ཚིག་ཤོར། ཁོང་གིས་སོ་སོས་མ་ཤེས་པའི་ཚུལ་དེ་གཞན་གྱིས་ཤེས་པ་ཚོར་ནས་སེམས་འཚབས། ཁ་ཡང་འཆུགས་སོ། ། བདག་གིས་ཁོང་ལ་ཇི་སྙེད་པ་ནི་མི་སུས་ཀྱང་ཤེས་མི་ཐུབ་ལ་ཤེས་ཀྱང་མི་དགོས། ཆོས་འཇིག་རྟེན་གྱི་མདོ་འགག་ཇི་ལྟ་བ་དེ་ཤེས་པས་ཆོག་ཅེས་སེམས་གསོ་བཏང་། སྐྱེ་བོ་ལ་ལ་ཞིག་ནི་རང་ཉིད་མཐོང་རྒྱ་ཅན་དུ་བསྒྲུབ་ཆེད། མིང་གྲགས་ཅན་ན་རམ་གྱི་སྐྱེས་ས་སྐྱེས་ཡུལ། སྐྱེས་ལོ་འཆི་སྐར་སོགས་ཀྱང་བློ་ལ་འཛིན་གྱི་འདུག་ལ། འདག་རྫས་དང་ཇེམ་ཙེ་ཚུན་ཆད་ཀྱི་ཚོང་རྟགས་ཐོན་རིམ་བཅས་ནན་ཏུར་ངང་སློབ་ཀྱི་འདུག དངོས་པོ་དེ་དང་དེར་ཆེད་མངགས་དཔྱོད་ན་ནི་ཤེས་ལོས་དགོས་མོད། དེ་ཙམ་ཤེས་པས་མཁས་པར་མི་འགྲོ་ལ། མ་ཤེས་པས་བླུན་པོར་ཅིར་འགྱུར། ཀུན་ཤེས་པ་ཞིག་དུས་ཀྱིས་ཀྱང་ཡོང་གི་མ་རེད། མཁས་མཆོག་ཏཱ་ར་ནཱ་ཐ་སོགས་ཀྱིས་ང་ཚོའི་དུས་སྐབས་ཀྱི་སྐད་འཕྲིན“微信”སོགས་ཤེས་ཐབས་མེད་ཅིང་། ཆེས་མ་འོངས་པའི་དོན་དག་མང་པོ་ཞིག་ད་ལྟ་བའི་ང་ཚོས་ཀྱང་ཧ་གོ་ཐབས་ཐུབ་བྲལ། རྣམ་འགྲེལ་ལས། དེ་ཕྱིར་དེ་ཡིས་བསྒྲུབ་བྱ་རུ།། གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི།། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ།། ངེད་ལ་འགར་ཡང་ཉེར་མཁོ་མེད།། གསུངས་པ་ནང་བཞིན་སྲིན་བུའི་གྲངས་ཤེས་པར་འབད་པ་ནི་ངལ་བའི་རྒྱུ། འཆིང་བའི་རྐྱེན། རྒུད་པའི་སྒོ་བཅས་ཡིན་པ་ཤེས་པར་བྱའོ། །
8 ལོ་བཅུའི་རྗེས་སུ<<རྟུལ་ཕོད>>ཀྱི་དགེ་སྐྱོན་གླེང་བ། *
༠
དྲྭ་གྲོགས“གྱི་ན་བ་མི་ནག་ཚང”བྱ་བ་ཞིག་གིས་རྟུལ་ཕོད་སྐོར་ལ་“སྦྱར་བྱང”དོན་སྙིང་ཅན་ཞིག་སྤེལ་འདུག དེ་ཡི་གནད་བསྡུས་ན་འདི་ལྟ་སྟེ། “བདག་གིས་དེ་རིང་སྟེ2015ལོའི་ཟླ1པོའི་ཚེས6ཉིན། སྐུ་ཞབས་སེང་རྡོར་གྱིས་བརྩམས་པའི<<རྟུལ་ཕོད>>བཀླགས་པ་ཡིན། དེའི་ནང་གི་རྩོམ་ཚང་མ2006དང2007བར་ལམ་དེར་བརྩམས་པ་རྐྱང་རྐྱང་རེད། ད་ལོ་ནས་ཡར་བརྩིས་ན་བགྲང་བྱ10ཐམ་པ་འགོར་འདུག སེང་རྡོར1982ལོར་སྐྱེས་པ་རེད། དེས་ན་ཁོས<<རྟུལ་ཕོད>>ནང་གི་རྩོམ་དག་བྲིས་སྐབས་ལོ24རེད། གོ་ཐོས་ལ། སྐུ་ཞབས་ཁོ་དགོན་པ་དང་སློབ་གྲྭར་ཅུང་ཟད་ཙམ་ལས་བསྡད་མ་མྱོང་སྐད། རང་སྦྱོང་བ་ཞིག་གིས་ལོ24ཐོག་ནས་བསྟན་བཅོས་འདི་འདྲ་རྩོམ་ཐུབ་པ་ནི... ...”ཞེས་པའོ། ། “སྦྱར་བྱང”འདིའི་ཞོལ་སར་ཁོ་བོ་དང་ཁོ་བོའི་རྩོམ་དག་གི་ཆེ་བ་བཏོན་པ་ཡོད་མོད། ཀློག་མཁན་འགའ་རེའི་མིག་ཚ་བར་དོགས་ནས་ཆ་ཚང་བཀོད་མེད། གསལ་བཤད་ཞུ་ཡ་ཞིག་ལ། “གྱི་ན་བ་མི་ནག་ཚང”ལགས་ཀྱི་སྦྱར་བྱང་དུ་གཏགས་ནོར་རེ་ཟུང་དང་ཚིག་སྦྱོར་ལ་མི་བདེ་བ་ཏོག་ཙམ་མཆིས་པས་དོན་ལ་མི་གནོད་པ་གཞིར་བཞག་གིས་ཕྲན་བུ་བཅོས་ཡོད།
༡
དངོས་གནས་མི་ལོ་བཅུ་ཕྲག་ཅིག་འགོར་སོང་བ་རེད་ཨང་། བདག་ན་སོ་ཤིན་ཏུ་གཞོན་དུས་ཤིག་ན་བྱས་པའི་རྩོམ་དག་ལ་དེང་ཞིབ་མོ་རྣམ་འཐག་ཏུ་དཔྱད་ན་ནི། དགེ་འདུན་ཆོས་འཕེལ་གྱིས་ཆགས་ལོ་ཆོས་རྗེ་དང་ཀརྨ་ཆགས་མེད་གཉིས་གཅིག་ཏུ་འཕྱུགས་པ་ལྟ་བུ་དང་། དུང་དཀར་ཚིག་མཛོད་དུ་རྡོ་སྦིས་དགེ་བཤེས་ལ་གསུང་འབུམ་དུ་ཡོད་འཕྱུགས་པ་ལྟ་བུ་དང་། ཚ་བ་མདའ་སྨྱུག་གིས“བྱ་གཞུང་དབྱངས་བྷ་དང་གླག་མིག”ཅེས་མིང་གི་ཁྱད་པར་ལས་མི་ཐ་དད་དུ་འཕྱུགས་པ་ལྟ་བུ་དེ་འདྲ་ཅུང་ཟད་རེ་གདོན་མི་ཟ་བར་ཡོད་མོད། རྩ་བའི་དམ་བཅའ་གང་ཡིན་པ་དག་ནི་ལོ་རེ་ནས་ལོ་རེར་ཇེ་བས་ཇེ་བཙན་དུ་སོང་ཞིང་འགྲོ་བ་ཞིག་འདུག་སྟེ། རྟུལ་ཕོད་སོགས་བྱས་ཏེ་ལོ་འདི་སྙེད་ཕྱིན་ནའང་དེའི་བརྒྱ་སྟོང་གི་ཆར་ཡང་མི་ལོངས་པའི་ཡན་ལག་ཕྲ་མོའི་སྐྱོན་ཙམ་ལ་རང་འདོད་ཀྱིས་རྭ་རྣ་སྣ་གསུམ་བཏགས་ཏེ་ཆེས་ག་ཆད་དུ་སྨྲ་བ་འགའ་རེ་བྱུང་མྱོང་བ་ལས། གང་སུ་ཞིག་གིས་ཀྱང་དེ་ལ་ཚུལ་དང་མཐུན་པའི་སྒོ་ནས་སུན་འབྱིན་པར་བྱས་པ་ནི་ཐེངས་གཅིག་ཀྱང་བྱུང་མྱོང་གཏན་མེད་སྙམ། དེའང་ཡིན་ཏེ། ལྟ་བ་དེ་དག་ཏུ་ངས་ཡིད་དཔྱོད་ཀྱིས་སྨྲས་པ་མང་པོ་མེད་ཅིང་གཙོ་བོ་ཆོས་འབྱུང་གི་རིགས་པར་ཅི་ལྟར་གནས་པ་དེ་ཁོ་ན་ལྟར་དུ་སྨྲས་པས་སོ། །
༢
གཞུང་དང་ལྟ་བ་ལ་ལ་ཞིག་ཁུངས་བཙུན་པའམ་རང་བཟོ་མི་བྱེད་པ་ཁོ་ནས་འཇིག་རྟེན་ལ་ཆེ་བར་འགྱུར་བ་ཡིན། དཔེར་ན་རྗེ་ཙོང་ཁ་པས་ནི“སངས་རྒྱས་ཀྱི་བཀའ་ལས་ཡི་གེ་ན་གཅིག་ཀྱང་གཞན་དུ་མ་བཀྲལ”ཞེས་དང“རང་བཟོའི་དྲི་མ་གཞར་ཡང་མེད”ཅེས་ཐོག་མཐའ་བར་གསུམ་དུ་ཁས་འཆེས་པ་ལྟ་བུའོ། ། ཁོང་གི་རྩོམ་དུ་ཀ་དག་དང་ལྷུན་གྲུབ་སོགས་ཡེ་མི་འབྱུང་བའང་ཐ་སྙད་དེ་དག་ལ་སེར་སྣ་བྱས་པ་མིན་པར་དགོས་པའམ་གོ་རྒྱུ་གཞན་ཞིག་ཡོད་པ་ཡིན་ནོ། ། འགའ་ཞིག་གིས་འོ་ན་རྗེ་ཙོང་ཁ་པས་ལད་ཟློས་རྐྱང་རྐྱང་བྱས་ནས་ཐོན་བཞག་གམ་སོགས་ཟེར་ཐང་མོད། ལད་བཟླས་དང་མ་བཟླས་ནི་རྩོམ་རིག་སྒྱུ་རྩལ་ལྟ་བུ་ཆེས་དམིགས་བསལ་གྱི་གནས་ལ་ལར་སྦྱོར་རིགས་པ་ལས་ལུགས་དང་ལམ་ཡོད་ཚད་ལ་ནི་གཏན་མི་འབྱོར། དེ་ནང་བཞིན་བཀའ་བསྡུ་བ་སོགས་ལས་བརྩམས་པའི་ཆོས་འབྱུང་གི་རིག་པར་ནི་གསར་བཏོད་ཅེས་ཆེ་བ་འདོན་ཁུལ་བྱས་ཚེ་ངེས་པར་མཚང་དུ་འགྱུར་འོང་། རང་གིས་བཤད་པ་དེ་འདྲ་གཞན་མང་པོས་ཀྱང་བཤད་པ་ཞིག་དགོས། དེ་ཡིས་ཁྱོད་ཀྱི་ལྟ་བ་དེར“ཡོངས་ཁྱབ་ཀྱི་རང་བཞིན”ཡོད་པ་གོ་བར་བྱེད་ནུས་པས་སོ། ། སོ་སོའི་འདོད་པའི་ཕྱེད་ཅིག་ལོ་རྒྱུས་ཀྱི་དུས་སྐབས་མང་པོར་ཅིས་ཀྱང་ཐོན་མྱོང་བ་ཞིག་དགོས། དེ་ལས་ལྡོག་ཚེ་ཁྱོད་འབའ་ཞིག་གི་རང་བཟོ་ཡིན་ངེས་པས་ཁུངས་མེད་གནམ་ཡིག་ལྟ་བུ་ནི་རིག་ཚན་ནམ་རིག་པ་དེའི་ལུགས་ལ་དུག་ལས་ཀྱང་གནོད་ཆེ་བས་སོ། ། འདི་སོགས་ཀྱི་ཕྱིར་ན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཁོང་གིས་བྱས་པའི<<ཆོས་འབྱུང་དེབ་སྔོན་གསར་མ>>འི་མགོར་ཅི་ལྟར་བརྩམས་པའི་སྐོར་ལ་ན་རེ། “གཙོ་བོ་སློབ་དཔོན་ཧིར་ཁ་ཝས་བརྩམས་པའི་རྒྱ་གར་གྱི་ནང་པའི་ཆོས་འབྱུང་དང་། ཉི་ཧོང་གི་མཁས་ཆེན་མང་པོའི་དཔྱད་ཞིབ་ཕྱོགས་བསྡུ་བྱས་པའི་ཐེག་ཆེན་ལྟ་གྲུབ་དཔྱད་ཞིབ་པོད་དང་པོ་ནས་བཅུ་བ་བར་བཅས་ལ་ཁུངས་གཙོ་བར་བཅོལ”ཞེས་བརྗོད་ཡོད་པ་ལྟ་བུའོ། །
༣
ཆོས་ལུགས་ཀྱི“བྱུང་འཕེལ”བརྗོད་པའི་རིག་པའམ་རིག་ཚན(学科)དེའི་མིང་བོད་སྐད་དང་མཐུན་པར་བྱས་ན“ཆོས་འབྱུང”ངམ“ཆོས་འབྱུང་རིག་པ”ཟེར་དགོས་ཀྱི་ཡོད། དེ་ལྟའི་རིག་པ་སྔར་ཡང་རྒྱ་ཆེར་དར། དཔེར་ན། རྒྱ་གར་ཆོས་འབྱུང་། རྒྱ་ནག་ཆོས་འབྱུང་། བདུད་འཇོམས་ཆོས་འབྱུང་། ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་། བུ་སྟོན་ཆོས་འབྱུང་། མདོ་སྨད་ཆོས་འབྱུང་། ཧོར་སོག་ཆོས་འབྱུང་ལྟ་བུ་སྟེ་མང་དྲགས་སོ། ། བརྗོད་ཚུལ་ཅུང་མ་འདྲ་བ་ཙམ་ལས“ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”ཞེས་པ་སོགས་ཀྱང་བརྗོད་རྒྱུ་རང་སྔའོ། ། ཆོས་འབྱུང་རིག་པར་རྟག་པར་ཐུག་ཡོང་བའི་གཏན་ཚིགས་ཀྱི་གྲས་ཤིག་རེད། ད་ལྟར་དེ་ལས་ཀྱང་ཚགས་ཇེ་ཞིབ་ཏུ་འགྲོ་བཞིན་ཡོད་དེ། དཔེར་ན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས“ཤེར་ཕྱིན་རྩོམ་རིག”ཅེས་པ་སོགས་ཀྱི་བརྡ་གསར་དུ་བྱས་པ་ལྟ་བུའོ། ། ཅི་ཞིག་ལ“རྩོམ་རིག”ཟེར་གོ་ཚེ་ཧ་ལམ་སྙིང་རླུང་ལྡང་སྲིད་པས་རེ་ཞིག་མ་གོ་བས་དགའ་ཡང་སྲིད་དོ། །
༤
“ཆོས་འབྱུང”ནི་རྩོམ་ལུས་ཀྱི་ཆ་ནས“དཔྱད་རྩོམ”ལ་གཏོགས་ཤིང“དཔྱད་རྩོམ་ནི་བསྒྲིགས་རྩོམ་མོ”ཟེར་བ་ལྟར། དེར“རང་གི་ལྟ་ཚུལ་ཐད་ཀར་བརྗོད་པ་ཆེས་ཉུང་བའམ་ཧ་ལམ་མེད”ཅིང“སྔར་བྱུང་ཟིན་པའི་ལྟ་བ་མང་པོ་གུང་བསྒྲིགས་ནས་‘རྒྱུ་ཆ’རང་ལ་ཁ་གྲག་ཏུ་འཇུག་པ”ནི་དེ་ཡི“རྩ་དོན”ནོ། ། དེ་བས་དཔྱད་རྩོམ་ཡིན་པའི་ཆོས་འབྱུང་གི་རིགས་སུ“བསྐྱར་ཟློས”ནི་ཆེས་མང་བ་ཡིན། “གཞན་ཚིག”ནི་ཆེས་མང་བ་ཡིན། ཁ་འཕྲོར“མཆན”ཡང་ཆེས་མང་བ་ཡིན། སྔ་མ་དེ་གཉིས་མེད་ན་ཕྱི་མ་དེ་ཡོང་དོན་མེད་དོ། ། དེ་ནི་དཔྱད་རྩོམ་དཔྱད་རྩོམ་ཡིན་བྱེད་དམ་རྩོམ་ལུས་དེའི་ཁྱད་ཆོས་ཉག་གཅིག་ཡིན་པས། དེང་ལ་ལས“སྔོན་ཆད་བརྗོད་ཟིན་པ་ཞིག་རེད་ཡ”ཟེར་མ་མགུ་མ་སྤྲོ་ཁུལ་བྱེད་པ་ནི་ཅི་ཞིག་ལ་དཔྱད་རྩོམ་ཟེར་མ་གོ་བས་ལན་སྙམ། ང་ཚོས་དཔྱད་རྩོམ་ག་རེ་ཡིན་པ་མ་ཤེས་པའི་སྟབས་ཀྱིས། དཔྱད་རྩོམ་འབྲི་མཁན་དག་ལ“བོད་ལ་དཔྱད་རྩོམ‘ཚད་ལྡན’འབྲི་ཤེས་མཁན་མང་པོ་མི་འདུག”ཅེས་དང་། “ང་ཚོས་ནུབ་ཕྱོགས་ཀྱི་དཔྱད་རྩོམ་འབྲི་སྟངས་ལ་སློབ་སྦྱོང་བྱ་དགོས”སོགས་ཀྱི་འཁང་ར་སྣ་ཚོགས་འཕེལ་བ་ཡིན་སྙམ། དེས་ཕྱིར་ཁོ་བོས<<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང>>སོགས་སྨྲས་པར་ཆོས་འབྱུང་རིག་པའི་སྒང་ནས་བྱས་ན་མི་བདེ་བ་ཅི་མེད་ཅིང་། མཐར་ཐུག་གི“དཔྱད་འབྲས”ལ་བསམ་བློ་གཏོང་རིགས་པ་ལས་ཚིག་རེ་ཟུང་ཞིག་གསར་བ་ཡིན་མིན་ལའང་གནད་འགག་མི་འདུག་མོད། ཕངས་པ་ཞིག་ནི་ཁོ་བོའི་རྩོམ་དེར་རང་གི་སྐབས་དེའི“ལངས་ཕྱོགས”ཅུང་མངོན་ཐལ་བའི་སྐྱོན་ཞིག་མཆིས་ཤིང་། མཆན་སོགས་ཧ་ལམ་མ་བཏབ་པ་དེས་ཀྱང་ཕྲན་བུ་ཉེས། རང་སྣང་གིས་བྱས་པའི“ཤགས་འགྱེད”བག་ཙམ་མཆིས་པ་སོགས་ཀྱིས་དཔྱད་རྩོམ་གྱི་བྲོ་བ་ཆེན་པོ་ཞིག་མེད་པར་བྱས་འདུག་པ་དེའོ། །
༥
འདིར་ཅུང་ཟད་སྤྲོ་ན། ཆོས་འབྱུང་གི་རིགས་པ་གང་འཚམ་ཞིག་མི་ཐམས་ཅད་ཀྱིས་ཤེས་འོས་སུ་ཆེ། དེས་དྲང་ཕྱོགས་ནས་སྟོན་པའི་གསུང་ཤ་སྟག་ཉུང་ངུ་ཞིག་ཅིས་ཀྱང་ཡོད་ལུགས་སྒྲུབ་པ་ཡིན་ལ་ལྡོག་ཕྱོགས་ནས་ནི་སྟོན་པ་དངོས་ཀྱིས་གསུངས་པའི་ཆོས་ཤིག་ཆེས་རྙེད་དཀའ་ཚུལ་སྟོན་པ་ཞིག་ཀྱང་ཡིན། དེ་བས་དད་ལྡན་དད་མེད་ཀུན་ལ་འདི་ཉིད་ཁོ་ན་གལ་ཆེ་བ་འདྲ། ཆོས་འབྱུང་སྨྲ་བ་དག་གིས་གང་ཤེས་པ་ནི“རང་བཟོ”གཏན་མིན་ལ་ཡིན་ཡང་མི་རུང་། ཁོ་ཚོས་ལོ་རྒྱུས་ཀྱི་ཡིག་ཚང་དང་གནའ་དངོས་ཀྱི་དཔང་རྟགས་དང་རྣ་བརྒྱུད་ཀྱི་བདེན་པ་སོགས་ལ་ཆེས་ལེགས་པར་བརྟགས་ནས་གནས་ཚུལ་དངོས་རྐྱང་རྐྱང་ཕྱོགས་བསྒྲིགས་བྱས་པ་ཞིག་ལགས་ན། མི་ཚང་མ་དེའི་སྨྲ་བ་བོར་དོན་གྱིས་སོང་འདུག དེས་ན་ཤེས་བྱ་དེ་དག་ཕྱི་རབས་པ་སྤྱིའི་ཁ་ངག་བདུད་རྩི་དང་ལྟ་བའི་ཆ་ཤས་ཤིག་ལ་འགྱུར་རུང་བ་ལས། འདི་ཁང་དཀར་གྱིས་བཤད་པ་རེད། འདི་ཆེ་གེ་མོས་བཤད་པ་རེད་ཅེས་ཤེས་བྱ་སྤྱི་མ་ལ་བདག་པོ་སྒེར་པ་འཚོལ་བ་ནི་མ་ལེགས་སོ། །
9 གཏམ་རྒྱུད་གསེར་ཐང་སྐོར་གྱི་བསམ་ཚུལ་ཞིག
སྐུ་ཞབས་པད་མ་འབུམ་གྱིས“དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལྟ་བུ་ཞིག་སྔར་མ་བྱུང་ལ་ཕྱིས་མི་འབྱུང”ཞེས་བཤད་ཡོད་སྐད་གོ་བས། རྣམ་རྟོག་འདི་འདྲ་ཞིག་ཤར་བྱུང་།
ཇོ་ནང་ཏཱ་ར་ན་ཐའི<<རྒྱ་གར་ཆོས་འབྱུང>>དང་དགེ་ཆོས་ཀྱི<<གཏམ་རྒྱུད་གསེར་ཐང>>གཉིས་ཀྱི་རྩོམ་སྐད་ལ་བཟང་ངན་ཨེ་ཡོད་སྙམ། མི་འདྲ་ས་ནི་དགེ་ཆོས་ཀྱིས་མི་ཀུན་གྱི་ཉམས་འོག་ཏུ་ཆུད་སླ་བའི་སྟབས་བདེའི་འཚོ་བ་རྒྱ་ཆེར་བྲིས་པ་དང་། ཏཱ་ར་ན་ཐས་ནི་ཆོས་དང་འབྲེལ་བ་ཁོ་ན་ལས་མ་བྲིས་པའོ། ། འོན་ཀྱང་དེ་ནི་དགེ་ཆོས་ཀྱིས་འབྲི་འགྱུར་དེ་ཁོས་འབྲི་མ་ཤེས་པ་མིན་པར་འབྲི་མ་འདོད་པའོ། ། དེས་ན<<རྒྱ་གར་ཆོས་འབྱུང>>དང<<གཏམ་རྒྱུད་གསེར་ཐང>>གི་ཁྱད་པར་ནི་བརྗོད་བྱའི་ཆ་ན་ཡོད་པ་ལས་ལོགས་སུ་ཨེ་ཡོད་སྙམ། དེ་ལས་གཞན་དུ<<གཏམ་རྒྱུད་གསེར་ཐང>>གི་རྩོམ་སྐད་དེར་རང་གི་ཁྱད་ཆོས་ཡོད་པ་ཕུད་སྔར་གྱི་ལོ་ཙཱ་པ་དག་གི་ལམ་ཡིག་གི་འབྲི་སྟངས་རེད་ཟེར་འདོད་དོ། ། བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་འབྲི་སྟངས་རེད་ཟེར་འདོད་དོ། ། གཙང་སྨྱོན་གྱི་མི་ལ་རས་པའི་རྣམ་ཐར་གྱི་འབྲི་སྟངས་རེད་ཟེར་འདོད་དོ། ། པདྨ་བཀའ་ཐང་གི“མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད”ཅེས་པའི་ཚིག་ཉམས་འདོན་སྟངས་ཁྱད་པར་བ་དག་ཀྱང་གསེར་ཐང་རང་ན་ཁ་བསྒྱུར་ལ་མ་བསྒྱུར་ཙམ་དུ་ཐོན་འདུག་པར་སེམས། གཞན་ཡང་གསེར་ཐང་གི་རྩོམ་སྟངས་ལ་དགའ་བོ་ཡོད་མཁན་དག་གིས<<ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག>>ལའང་བལྟ་དགོས་སོ། ། འདི་ནི་དགེ་ཆོས་ཀྱི་རྩོམ་རྩལ་མི་བཟང་ཟེར་བ་མིན་ལ་གསེར་ཐང་མི་སྙན་ཟེར་བའང་མིན་ནོ། ། ཤིན་ཏུ་བཟང་ཞིང་རབ་ཏུ་སྙན་མོད་ཀྱི། དེ་ག་རེ་བྱས་ནས་བཟང་བ་དང་ཅི་འདྲ་བྱས་ཏེ་སྙན་པ་ལ་བདག་རྣམ་གཞག་འདི་འདྲ་ཞིག་བྱ་འདོད་ཅེས་པའོ། །
10 ཤེས་དགོས་པའི་གལ་གནད་ཁག་ཅིག
བརྡ་སྤྲོད་གཞུང་དུ། མིང་མཐའ་འདྲེན་དུས་བརྗོད་བདེ་ཞེས་ཁ་ཁ་ཞིག་གསུངས་ཡོད། ལར་མིང་མཐའ་ཙམ་དུ་མ་ཟད་ཅི་རིགས་པར་བརྗོད་བདེ་ཞེས་པ་འདི་སླེབས་ཡོང་གི་ཡོད། གོང་དུ“བརྡ་སྤྲོད་གཞུང”ཞེས་འབྲེལ་སྒྲ་མི་མངོན་པར་བྱས་པ་ནི་བརྗོད་བདེའི་དབང་གིས་ཡིན་ལ། གཞན་དུ། “བརྡ་སྤྲོད་ཀྱི་གཞུང”ཞེས་དྲུག་སྒྲ་དངོས་སུ་བྲིས་ཚེ་བརྗོད་བདེ་བའི་དུས་ཀྱང་ཡོད།
རྩོམ་སོགས་ལ་སྦྱར་ན། ད་ལྟ་བ་དང་མ་འོངས་པ་གཉིས་ལ་འབྲི་སྤྱོད་པ་ནི་བརྗོད་བདེའི་དབང་གིས་ཡིན་ཏེ། དཔེར་ན། ངས་རྩོམ་ཞིག་འབྲི་བཞིན་ཡོད། ངས་རྩོམ་ཞིག་འབྲི་བར་བྱ། ཞེས་པ་ལྟ་བུའོ།།
ལ་ལས་མ་འོངས་པར་བྲི་ཞེས་འབྲི་མོད། ཁྱད་པར་དེ་ཙམ་མེད། ང་ཡིས་ནི་སྤྱིར་བཏང་ཁ་ངག་གི་རྒྱ་དང་མཐུན་ཕྱིར་སྔ་ཕྱི་གཉིས་པོར་འབྲི་ཡིས་འཐུས་པ་བྱེད་དགའ།
ཤིང་སོགས་ལ་སྦྱར་ན། འདས་པར་བཙུགས་དང་ད་ལྟར་འཛུགས། མ་འོངས་པར་གཟུག་དང་སྐུལ་ཚིག་ལ་ཚུགས་ཞེས་འབྲི་འོས་ཟེར་མོད། དངོས་སུ་སྐད་ཆའི་ཁྲོད་གཞིགས་ན་འདས་པར་བཙུགས་དང་ད་ལྟ་དང་མ་འོངས་པར་འཛུགས་དང་སྐུལ་ཚིག་ལ་ཚུགས་ཞེས་འོང་བ་ཡིན། གཟུག་ཅིག་གར་ཡང་མེད། བྱས་ཙང་འདིར་ཡང་ཁ་ངག་གི་རྗེས་འདེད་པར་དགའ།
གཏམ་སོགས་ལ་སྦྱར་ན། དུས་གསུམ་པོར་བཤད་གཅིག་གིས་འདང་བར་བྱེད་པ་དེ་ཨ་མདོ་པར་དར་དྲགས། ཨ་མདོ་པས་བྲིས་པའི་སྒྲུང་དུ་ཡང་། བཤད་བཞག་དང་བཤད་ཀྱི་ཡོད། བཤད་དགོས་སོགས་ཟེར་བ་ལས་ཤོད་དང་འཆད་ནི་མང་པོ་མི་མཐོང་། བརྒྱ་ལ་ཤོད་ཅེས་པ་ཞིག་ཡོད་ཚེ་སྐུལ་ཚིག་ཡིན་པར་ཐེ་ཚོམ་མེད། བདག་ནི་སྐབས་རེར་ཡོངས་སུ་ཨ་མདོ་པར་བསྟུན། སྐབས་རེར་ལྷ་ས་པའི་ཚུལ་རྐྱང་རྐྱང་བྱས་པ་ཡིན། འདི་ཙམ་ལ་ཅི་བྱས་ཀྱང་རུང་གིས། གནད་འགག་ཆེན་པོ་མི་འདུག་སྙམ་གྱི་ཡོད།
ང་འབྲོག་པ་ཞིག་གི་ངོས་ནས་འདང་བརྒྱབ་ན། ད་སྔ་ཡིག་ཐོག་ཏུ་མེད་པའི་བརྡ་སྤྲོད་ཀྱི་ཁྱད་ཆོས་མི་ཤེས་སུ་མི་རུང་བ་ཡང་མང་། དཔེར་ན། བལ་དོས་སོགས་ལ་སྦྱར་ན། འདས་པར་བསྡམས། ད་ལྟ་དང་མ་འོངས་པར་སྡོམ། དྲི་བར་དོམ་དང་ཐོམ་ཞེས་གཉིས་ཤིག་ལབ་སྲོལ་ཡོད། ཁྱོད་ཀྱིས་བལ་དོས་བསྡམས་པ་ཨེ་དོམ་ཐལ་དང་ཨེ་ཐོམ་ཐལ་ཞེས་འདྲི་བ་ལས། ཨེ་སྡོམ་ཐལ་ཞེས་དྲིས་ན་ངོ་ཚ་གླིང་ལ་བཞག་པ་ཡིན། དེ་ལས་ཐུ་བའི་མཚང་དཔེ་ཞིག་འཇོག་རྒྱུ་མེད།
ཡང་། དྲིས་ལན་དང་དྲི་ལན། བསྒྲིགས་མཁན་དང་སྒྲིག་མཁན། བརྒྱབ་མཁན་དང་རྒྱག་མཁན་སོགས་ནི་ཅི་བདེར་བཀོལ་ཆོག་པའི་གྲས་ཡིན།
མཁས་པ་ལ་ལས། བོད་སྐད་ཀྱིས་གོ་རེ་ཟོ་ཞེས་པར་རྒྱ་སྐད་ཀྱིས་ཟོ་གོ་རེ་ཞེས་ལབ་དགོས་ཟེར་ནས། སྐད་རིགས་གཉིས་ཀྱི་ལྡོག་པའི་ཆ་དེ་བཤད་པ་ནི་སྤྱིར་བདེན་མོད། རྩོམ་རིག་གི་སྒང་ནས་བརྟགས་ན་དེ་ལའང་ངེས་པ་དེ་ཙམ་མེད། བོད་སྐད་ནང་སྤྱིར་བཏང་རྡོ་ཁབ་ལེན་ཟེར་བ་ལས་ཁབ་ལེན་རྡོ་མི་ཟེར། སུས་ཁབ་ལེན་རྡོ་ཟེར་ན། དེས་བོད་སྐད་ཤེས་ཀྱི་མི་འདུག་ཟེར་ངེས་མོད། ས་པཎ་གྱིས་ནི། “ཁབ་ལེན་རྡོ་ཡིས་ལེན་པར་ཤེས”ཞེས་བྲིས་ཟིན་ལ་དེའི་སྟེང་ནས་ང་ཚོས་མ་བདེ་མ་འབྱོར་བ་ཞིག་གཏན་མཐོང་མི་ཐུབ།
“ཟ་མ་ཟ”ཞེས་པ་སོགས་ལ་དབུས་པས་ལྟོ་ཟ་བ་དང་ལྟོ་བྱིན་པ་དང་ལྟོ་སློང་བ་སོགས་ཀྱི་ཐ་སྙད་བྱེད། ལྷ་སའི་སྒྲུང་རིང་ཡག་ཤོས་དག་ཏུའང་དེ་ལྟར་བྱུང་། ཨ་མདོ་པས་ནི་ཁྱི་ལ་ལྟོ་ཞེས་སྦྱོར་བ་ལས་མི་ལ་དེ་ལྟར་མི་རུང་ཁུལ་བྱེད། དོན་གྱིས་ནི། མི་ཁྱི་གང་ལའང་ལྟོ་ཞེས་སྦྱར་ནས་སྨྲ་རུང་བ་ཡིན། འདི་སོགས་ནི་བརྡ་སྤྲོད་ཀྱི་གལ་གནད་དོ། །
ཡང་གལ་གནད་གཞན་ཞིག་ནི། འབྲོག་པ་ཞིག་གིས་ཨོང་བ་ནི་སྐྱག་པ་རེད་ཅེས་གཟས་ཀྱིས་སྨྲ་བ་དང་། རྒྱ་མི་ཞིག་གིས་དེ་ལྟར་ལབ་པ་གཉིས་གཏན་མི་འདྲ། སྔ་མ་ནི་རིག་འཕྲུལ་གཏོང་བ་སྟེ། ཤགས་རྒྱག་པ་དང་། ཟུར་ཟ་བ་སོགས་ཀྱང་ཡིན། ཕྱི་མ་ནི་ཤ་སྟག་གིས་བརྡ་ལ་རྨོངས་པའོ། །
ཞིབ་ཆ་འདི་དག་ཅུང་ཤེས་ཚེ། དགེ་འདུན་ཆོས་འཕེལ་གྱིས་ཀླུ་སྒྲུབ་དགོངས་རྒྱན་ནང་སྟག་གི་ཆུང་མ་ཞེས་བྲིས་པར་ང་ཚོ་དགོད་མི་བྲོ་བ་དང་། ཕྱི་གླིང་པ་ཞིག་གིས་ལུག་གི་དགའ་རོགས་སོགས་ལབ་པར་མི་རྣམས་རྒྱུ་མ་ཆད་ལ་ཁད་ཅིག་དགོད་དགོས་པའི་རྩ་བ་ཧ་གོ་ཡོང་།
11 ནང་མི་ཞིག་གི་དྲི་བའི་ལན་དུ།
ནུ་བོ་ཀྱེ། ཆེས་དམིགས་བསལ་གྱི་ཐོས་པ་འཚོལ་ཐབས་དང་ཆེས་བློ་ཡུལ་ལས་འདས་པའི་མཁས་པ་སློབ་སྟངས་སོགས་གཏན་མེད་པ་མིན་ལ། གཡུལ་མ་བཤམས་པར་རྒྱལ་པོར་བསྡད་པ། དཀར་རྩི་དམར་རྩི་མ་བྱུགས་ཀྱང་ལྷན་སྐྱེས་ཀྱིས་མཛེས་པ། མ་སྦྱངས་ངང་གིས་རིག་ཀློང་བརྡོལ་བ་སོགས་ངེས་པར་ངེས་པར་ཡོད་མོད། སྤྱིར་བཏང་ཐོག་མར་ངང་རྒྱུད་རིང་པོས་དཀའ་བ་སྤྱད། བར་དུ་བློ་རྩ་བརྟན་པོས་སྒྲོ་འདོགས་བཅད། མཐའ་མར་སྤྱི་བྱེའི་གནས་ལུགས་ཐམས་ཅད་ཉམས་འོག་ཏུ་ཆུད་དགོས་པ་ནི་ཆོས་ཉིད་བདེན་པ་དང་མཐུན་ཤོས་ཡིན། བྱས་ཙང་། སློབ་གྲྭ་སྤུས་དག་པོ་དག་བརྒྱུད་དེ་ཡིག་ཚད་སྣ་ཚོགས་གཏོང་བ་ནི་གལ་ཆེན་པོ་ཞེ་དྲག་ཅིག་འདུག དེའི་གལ་ཆེ་ལུགས་ནི། བསླབ་དེབ་ནི་རྒྱུན་ཤེས་ཟེར་ན་འདྲ། རྨང་གཞིའི་ཤེས་བྱ་ཟེར་ན་འདྲ། མི་ཞིག་ཡིན་ཕྱིན་ཅིས་ཀྱང་ཤེས་དགོས་པའི་ཤེས་བྱའི་ཉིང་ཏིག་འདྲ་བོ་ཆགས་བསྡད་ཡོད་པས་རེད། འོ་ན་མ་མཐའ་ཡང་ཤེས་དགོས་པའི་ཉིང་ཏིག་དེ་འདྲ་ཤེས་ཡོད་མེད་ཀྱི་ཚད་འཇལ་བྱེད་ནི་ཡིག་ཚད་གཏོང་བ་རང་རེད། དེ་ཡིན་དུས་ཡིག་ཚད་གཏོང་བ་སོགས་ལ་ཅིས་ཀྱང་གདོང་གཏོད་པ་ལས། དེ་ལ་འགོམས་ནས་འགྲོ་བ་དང་བསྐོར་ནས་གཡོལ་བ་སོགས་བདག་ལེགས་པོར་མི་མཐོང་། ཡིག་ཚད་གཏོང་བ་སོགས་ཀྱི་ལས་གལ་ཆེན་རིགས་ལ་སྐྱོན་དེ་འདྲ་དང་འདི་འདྲ་འདུག་ཅེས་ང་བཞིན་ཕར་དབྱུགས། དེའི་འཕྲོར་ལུང་མ་བསྟན་གྱི་དེབ་འདྲ་བོ་སྐོར་ཞིག་ཐང་ཆད་ཆད་དུ་བཀླགས་པས། གཅིག་ཐང་ན་ཁ་མང་པོ་དང་དྲན་རྒྱུ་རྒོད་པོ་ཅན་ཞིག་ཡོང་སྲིད་ལས་ཆེ་མོད། དེ་ཙམ་ཞིག་གིས་རྒྱ་ཆེན་ཤེས་བྱའི་གཏེར་མཛོད་ནི་འཐོབ་དཀའ་བ་ཡིན་ནོ། །
12 གདམས་པ་རོགས་རྩོད་མ།
སྨན་བུ་མོ་རྣམས་ཀྱི་ཁྱད་ཆོས་ཆེ་ཤོས་ནི། མདོར་བསྡུས་ན་ལུས་ཐུབ་ཅིང་ཚིག་བཙུན་པའོ། ། འདི་མི་བརྗེད་པར་བྱའོ། ། འོན་ཏེ། ལུས་ཐུབ་ལུགས་དང་ཚིག་བཙུན་ལུགས་ལའང་ཚད་ཅིག་དགོས་པས་འདོད་སྡོམ་ཇོ་མོ་ལྟ་བུ་དང་རི་ཉལ་ཐང་ཉལ་ལྟ་བུའི་མཐའ་གཉིས་པོ་སྤོངས་ཤིག་དང་དེ་ཙམ་གྱིས་ཞལ་ཤིན་ཏུ་དྲོ་བ་ལགས།
ཚེ་གཅིག་བཟའ་ཚང་ཟེར་བ་ཡོང་མིན་སུས་ཀྱང་མི་ཤེས་མོད་གནས་སྐབས་ཀྱི་ལུས་སེམས་འདྲེས་ཡུལ་གང་གི་ཕན་ཆད་ནས་ཨང་དང་པོ་བྱུང་ན་ཕོ་རྣམས་ལ་མིག་ཐད་ཀར་མི་བལྟ་བ། ལུས་ཉེ་བར་མི་འདུད་པ། ཁབ་རྒྱག་པ་སོགས་ཐབས་ཤེས་བྲལ་བའི་སྐབས་ཕུད་སྐྱེས་པ་གཞན་ལ་རེག་ཏུ་མི་འཇུག་པ། དེ་སོགས་མཛངས་མའི་རང་རྟགས་འཁྲུལ་མེད་ཡིན། བདག་ལེགས་སུ་འདོད་པ་ཁྱོད་ཀྱང་བརྩོན་པར་བྱའོ། །
ལར་སྐྱེས་པ་རྣམས་རང་གི་བུད་མེད་ལ་མ་གཏོགས་མོ་རིགས་གཞན་ལ་ནི་སུར་ཡང་བགྲད་ཆོག་ཆོག་གི་རིག་འཆལ་བསྒྲིགས་པར་དགའ་མོད། ངས་ནི་མཛུབ་མོ་ཀེར་ཏེ་ཉུང་ཙམ་བྱ་རོགས། ཅིས་ཀྱང་ཉུང་ཙམ་བྱ་རོགས་ཟེར་ཐུག་ཚད་སྐུལ་གྱི་ཡོད། སྤྱི་ཚོགས་ཐོག་གི་དང་དྲྭ་ལམ་གྱི་ཕོ་འཁྱམས་རིགས་ལ་འབྲེལ་འདྲིས་དེ་ཙམ་མི་བྱ་རྒྱུ། འདིའི་ཐད་ཀྱི་སྲུང་བ་རྡོ་རྗེའི་གོ་ཁྲབ་ཡོད་ན་མེད་ན་དེ་ཡིན།
དེ་མིན། མི་ཚོས་འགྲོགས་ཟིན་ཕན་ཆད་ཚེ་རོགས་ཟེར་བ་ཞིག་ཨེ་ཡོང་ཆེ་ཐང་དུ་འབད་ཁུལ་བྱེད་མོད། ཡོང་བ་ཉུང་ཉུང་ཡིན་པས་འགྲིག་ཐབས་མཐུན་ཐབས་བྲལ་ན་ནི་ཚ་སྣ་དམར་འཇུ་བྱས་བྱས་རང་སྡུག་ཡིན་པའང་གོ་གལ་ཆེའོ། ། བུད་མེད་དག་ད་དུང་ཤེས་པར་བྱ་དགོས་རྒྱུ་ལ། དགའ་བའི་མི་ལ་གཅར་ཐུབ་པ་དང་། གེགས་བར་ཆེ་ལུགས་དང་མི་ཁ་སྡང་ལུགས་ལ་སྐྲག་མི་འགྲོ་བར། སྐད་གདངས་ཆེན་པོས“ང་ནི་ཁྱོད་ལ་དགའ”ཞེས་ཟེར་ཐུབ་པ་བྱོས་དང་། མི་གཞན་དང་རང་བདག་སུར་མཚོན་རུང་དེ་ལས་སྐྱིད་པ་ཡོད་ཅིག་དཀའོ། །
13 ནམ་སྨད་ཀྱི་སྡུག་བཤད།
ད་ལྟ་ང་ལ་གསེར་བྲེ་གང་དང་ཉིན་མཚན་གསུམ་ལ་སད་མི་ཐུབ་པའི་གཉིད་ཅིག་སྟེ་གཉིས་པོར་འདམ་ཀ་བྱ་རུ་བཅུག་ཚེ་ཕྱི་མར་ཐང་ཐང་མི་འདུག ལོ་གཅིག་ལ་ཤ་གཅོད་དམ་བདུན་ཕྲག་གཅིག་ལ་གཉིད་ལོག་འདྲི་ན་ནི་ཤ་གཅོད་པར་འདང་རྒྱག་ཅི་མེད་དོ། ། གཏན་དུ་འཁྲིག་སྤྱོད་སྤང་ངམ་གཉིད་ནི་དུས་ལྟར་ཡོང་བ་ཞིག་དགའ་ཟེར་ནའང་ཕྱི་མར་ན་རག་བྱ་ཁོ་ཐག་ཡིན།ངས་སྐབས་རེར་འཆི་ཁའི་མནར་གཅོད་ཕུད་འཆི་བ་ནི་གཉིད་པ་ལྟ་བུ་ཞིག་ཨེ་ཡིན་སྙམ། ཡིན་ན་ནི་གཏན་དུ་གཉིད་པའི་གཉིད་མོ་ཆེ་དེའང་མྱུར་དུ་ཡོང་མ་ཆོག་པ་མེད་འདྲ། སྐབས་འདི་འདྲར་ངས་རང་ཉིད་གཉིད་ལྡན་ཕག་པ་ཞིག་ཏུ་མ་སྐྱེས་པར་འཁང་ར་བྱེད་འདོད། གལ་སྲིད་གཉིད་ཅེས་པ་སྒོར་མོ་བྱིན་ནས་ཉོ་ཆོག་པ་ཞིག་ཡིན་ཚེ་ངས་སྒོར་ཁུག་སྟོང་བར་འཕུད་ངེས། གྲོགས་པོ་དང་ཤ་ཉེ་ཚོས་ལོ་གསར་སོགས་ཀྱི་དུས་སུ་བསྣམས་ཡོང་བའི་ལེགས་སྐྱེས་ཚང་མ་གཉིད་དམ་སྔུར་བ་རེ་ཡིན་ན་ཅིས་མ་ཆོག་གམ།
ངོ་མ། གཉིད་ཅིག་གི་ཕྱིར་དུ་ང་ཡང་བསྐྱར་གྲྭ་བ་བྱ་དགོས་ནའང་བྱ་ཐུབ་ཅིང་། གཉིད་ཅིག་གི་ཆེད་དུ་ཁོ་བོ་དམྱལ་བ་རྡོ་རྗེ་གདན་དུ་ཚེ་ལོ་དུང་ཕྱུར་དུ་མར་འདུག་དགོས་ནའང་འགྱོད་པ་མེད་སྙམ། མོ་བ་ལྷ་བ་ཞིག་གིས་ཁོའི་གཅིན་པ་ནས་ཅུང་ཟད་འཐུངས་དང་གཉིད་ཡོང་བཀའ་བསྟན་དཔང་ཟེར་ཚེ། ངས་དེ་ལའང་ཚོད་ལྟ་ཞིག་བྱ་སྲིད། ཡིན་ནའང་འཐུང་བའི་འཕྲོར་ནུས་པ་མེད་ན་ངས་ཁོ་རང་གསོད་ངེས་སོ། ། སུ་ཞིག་གིས་ཁྱོད་ཀྱི་ཐོད་པ་དང་འགྲམ་པ་སོགས་སུ་རྨ་ཤུལ་འདུག་པའི་གྲི་ཤན་བྱས་ཚེ་གཉིད་ཡོང་ཟེར་ན་ནི་གན་ཡིག་བྲིས་རྗེས་དེའི་ཁ་ཐོག་ཏུའང་འཇོག་ཆོག
ང་ལ་དངོས་གནས་གཉིད་ཅིག་དགོས་ཀྱི་འདུག གཞན་གྱིས་བསྒུལ་ནའང་སད་མི་ཐུབ་ཅིང་། ཤི་བ་ལྟར་ཁ་ཆུ་ཞིག་ཀྱང་བཞུར་ཏེ་གཉིད་ཡོད་པའི་སྐབས་དེ་ནམ་ཡིན་ནམ། ད་ལྟའི་དབང་དུ་བཏང་ན་ང་ལ་སྙན་ངག་པ་དང་རྩོམ་པ་པོ་དང་མཁས་དབང་ཞེས་པ་སོགས་ཀྱི་མིང་ཞིག་གསོལ་བ་ལས་གཉིད་རྐྱལ་ཞེས་པའི་མཚང་ཞིག་ཐོགས་ན་རྣ་བའི་བུ་རམ་དུ་འགྱུར་ངེས།སྤྱིར་ན་ངས་སུ་ལའང་ཕྱག་འཚལ་མི་འདོད་མོད། གཉིད་ཀྱི་ལྷའམ་གཉིད་སྟེར་ཐུབ་པའི་ལྷ་ཞིག་ཡོད་ཚེ་ངས་དེ་ལ་ཕྱག་དགུ་བརྒྱ་དགུ་བཅུ་གོ་དགུ་འཚལ་དགོས་ཀྱང་འཚལ་ཤག་ཤག་ཡིན། གཉིད་ཐུན་ཞིག་གི་ཆེད་དུ་ངས་རང་གི་མགོ་འཕང་། ཁོག་དཔུང་། ལ་རྒྱ། དད་མོས། ཁ་རྗེ། མཐའ་ན་བླ་སྲོག་དང་བཅས་པ་བཙོང་བ་མ་ཟད་སྟེར་དགོས་ནའང་སྟེར་ཐུབ་པ་འདྲ། གཉིད་གང་ན་ཡོད། གཉིད་གང་ན་ཡོད། གཉིད་གང་ན་ཡོད།
14 སྙན་ངག་པ་ཚོ་འདི་འདྲ་ཞིག་ཡིན་ཡང་སྲིད།
ཁ་སང་། སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་སོ་སོའི་ཝེ་པོ༼微博༽རུ། “ཉིན་ཐོའང་འབྲི་མི་ཤེས་མཁན་དག་གིས་སྙན་ངག་བྲིས་ན་ཅུང་མི་བདེ་བ་ཞིག་རེད། སྙན་ངག་ཆེས་བྲི་སླ་བར་གྱུར་བ་དེ་ཅི་ལན་པ་རེད”ཅེས་པ་ཞིག་སྤེལ་འདུག ཚིག་འདི་ཨེ་བདེན་མི་བདེན་ཉིན་རྟག་པར་སྙན་ངག་ཡིན་ཟེར་སྤུ་སུད་རེ་མ་བྲིས་པར་ཡེ་ནས་སྡོད་མི་བཟོད་པ་དག་གིས་འདང་རྒྱོབས།
སྙན་ངག་ཅེས་པ་ནི་ཧ་ལས་པའི་སྙན་མོ་ཞིག་གམ་ཤིན་ཏུ་བྲོ་བ་ཅན་ཞིག་དགོས་ཀྱི། མ་སྙན་མ་ལེགས་ན་ནི་དེའི་དབྱིབས་སམ་བསྒྲིགས་སྟངས་ཁོ་ནས་ཀྱང་ཡིད་མུག་པར་བྱེད། དེ་ནི་བསྒྲིགས་མཁན་མང་དྲགས་པས་དང་བསྒྲིགས་ཡུན་རིང་དྲགས་པས་ཀྱང་ཡིན་སྲིད། ཅི་འདི་མེད་པར་ནག་ཐིག་འགས་མི་མཉམ་པའམ་ཤིན་ཏུ་མཉམ་པའི་རི་མོ་རེ་བྲིས་ཡོང་ཚེ། བྱིས་རྟགས་སམ་གླེན་མདོག་དེ་མཐོང་ཐུབ།
དེབ་ལ་ལྟ་ཐེངས་རེ་དང་དྲ་བར་འཇུག་ཐེངས་རེ་རེར། སྙན་ངག་ཅེས་པའི་འབུ་སོགས་ས་རུ་ནུར་ཤུལ་གྱི་རྗེས་ལྟ་བུའི་ནག་ཐིག་གམ་ནག་ཤད་དེ་ཚོར་འཕྲད་མི་ཡོང་ངམ་སྙམ་ན་མགོ་ན་བར་བྱེད། སྙིང་མི་དགའ་བར་བྱེད།
མགོ་ཆེ་སུག་ཐུང་། ཕྲག་འདལ་ཨོང་འབུར། རྭ་ཆག་རྔ་རྡུམ་གྱི་དབྱིབས་དེ་དག་མཐོང་ཐེངས་རེར། དེའི་འབྲི་མཁན་དག་ནི། ཇི་འདྲའི་བླུན་ཞིང་རྨོངས་པ་རེ་ལོས་ཡིན་སྙམ་པར་བྱེད། ཇི་འདྲའི་ངང་རྒྱུད་ཐུང་ཞིང་ལེ་ལོ་ཆེ་བ་རེ་ཨེ་ཡིན་སྙམ་པར་བྱེད། ཉིན་གུང་ལོན་རུང་འོག་རླུང་གཏོང་བཞིན་གཉིད་ནས་འདུག་པ་རེ་ཡིན་ངེས་རེད་སྙམ་པར་བྱེད།
སྡུག་མི་ཐེག་ཅིང་ཁ་དཔའ་བ། ཨེ་རེད་སྐྱིད་སྡུག་མེད་ཅིང་། བཟང་ངོ་ངན་ངོ་མི་ཤེས་པ་རྐྱང་རྐྱང་ལོས་ཡིན་སྙམ་པར་བྱེད།
ག་ཤེད་ཅིག་ཏུ་ཞྭ་ཧྲལ་ཧྲུལ་རེ་གྱོན་ནས་གཉིད་ཅིག་བབས་ནས་བསྡད་ལོས་ཡོད་སྙམ། སྐྲ་ནང་ལ་ས་རྡུལ་ཆགས། མིག་སྐྱག་རྭ་གྱོང་དུ་ལོག་ནས་གླལ་མོ་བྱེད་བཞིན་བསྡད་ལོས་ཡོད་སྙམ།
ག་རེ་བྲིས་སོང་ཟེར་ན་ལམ་ལ་འགྲོ་བ་གཅིག་མེད་ཅིང་མ་བྲིས་ཟེར་ན་ནི་རྫོགས་མེད་མཐའ་མེད་སྤུངས་ཟིན་པའི་སྙན་ངག་པའམ་དེ་ཚོའམ་ང་ཚོ་དྲན་ན། རྒྱའི་དྲག་རྩལ་བརྩམས་སྒྲུང་མང་པོར་སྣང་བའི་ཡ་མ་བརླ་དྲུག་ཅིག་ཡོད་པ་དེ་དྲན་ཡོང་། ཕན་ཚུན་གྱི་རྣ་བར་འཇུ། མཆན་འོག་ལ་ཐུག སྐེ་ལ་འཕྲུགས། གཉིད་མ་སད་དང་ཤི་མ་གསོན། འཆལ་མ་བརྡབ་རྐྱང་རྐྱང་གིས་འཚོ་ཁུལ་བྱེད་པ་དེ་ཚོ་དྲན་ཡོང་།
གང་ལྟར། སྐབས་མང་པོ་ཞིག་ལ་སྙན་ངག་པ་ཟེར་ན། སོ་སེར་པོ་ཞིག་དྲན་ཡོང་། མིག་རུལ་བ་ཞིག་དྲན་ཡོང་། ཆང་རྐྱལ་ཞིག་དྲན་ཡོང་། མགོ་གཟེངས་ཤིག་དྲན་ཡོང་། ཆ་འཇོག་མེད་པའི་སྐད་ཆ་ཞིག་དྲན་ཡོང་། བླ་རྩ་མེད་པའི་གཤིས་ཀ་ཞིག་དྲན་ཡོང་། མཐར་གཏུགས་ན། མོ་སྟོན་ཕག་མགོ་དྲན། ར་ལོ་དྲན། ཨ་ང་ཙི་དྲན། སྦྲང་ཐལ་དྲན། ཁུར་མོང་དྲན། རྩྭ་དྲན། ཕག་དྲན། ཁྱི་དྲན། བོང་བུ་ཡང་དྲན་ནོ། །
15 ཕལ་སྐད་ཀྱི་སྐོར།
བོད་ཀྱི་མཁས་པ་མང་པོ་ཞིག་གིས་བསྟན་བཅོས་ཀྱི་སྐད་དང་ཕལ་སྐད་ཅེས་གཉིས་ཤིག་ཡོད་པར་བཞེད། དེ་ལས་ཕྱི་མར་ཁོང་རྣམ་པ་མང་པོ་ཞིག་ཐུགས་མི་དགྱེས་པ་ཡིན་སྐད། སྐབས་རེར་མིང་གི་རྣམ་གྲངས་ལྟ་བུ་དང་སྐབས་རེེར་ནང་གསེས་ཀྱི་དབྱེ་བ་ལྟ་བུར་ལུང་སྐད་དང་ཁ་སྐད་ཅེས་ཀྱང་འབོད།
འོན་ཀྱང་ཞིབ་ཏུ་བརྟགས་ན། མཁས་པ་འདིས་ཕལ་སྐད་ཡིན་རྒྱུ་བྱས་ནས་དབྱུགས་བཞག་པ་གང་ཞིག་མཁས་པ་གཞན་དེས་འཐུ་ཤག་ཤག་བྱེད་པ་འདྲ་པོ། གསུང་རྩོམ་འདིའི་ནང་ཡེ་ནས་མཐོང་མི་ཐུབ་པ་དེ་གསུང་རྩོམ་གཞན་ཞིག་ཏུ་བརྒྱ་ཐོག་སྟོང་བཞག་ཡིན་པ་འདྲ་པོ། གང་ལྟར། མཁས་པ་སོ་སོའི་ངོས་ནས་ཕལ་སྐད་འདི་ཡིན་དང་དེ་མིན་གྱི་ཚད་ཅིག་མཆིས་ན་མ་གཏོགས། ཐུན་མོང་ལ་ནི་གསལ་ཁ་དེ་ཙམ་མེད་ཚོད་དུ་སྣང་།
མཁས་གྲུབ་དགེ་ལེགས་དཔལ་པའི<<སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ>>ལས་བྱུང་བའི་བླུན་པོའི་སྐད་ཅེས་པ་དེས་ཕལ་སྐད་བསྟན་ཡོད་རྒྱུ་བྱས་ཚེ། བསྟན་བཅོས་ཀྱི་སྐད་རྐྱང་བའི་དབང་དུ་བྱས་ན་ནི་ཧ་ལམ་འཐད་མོད། རྩོམ་ལུགས་སྤྱིའི་སྐབས་མང་པོ་ཞིག་ཏུ་དང་ལྷག་པར་སྒྱུ་རྩལ་རྩོམ་རིག་ལ་ཆ་བཞག་ན་ནི་དེ་ཡིས་དེ་ཙམ་མི་ཁྱབ་པའམ་ཡང་ན་གཏན་ནས་མི་ཁྱབ་སྙམ། ཅིས་ཀྱང་ཁྱབ་ཟེར་ན། གཙང་སྨྱོན་གྱི་མི་ལ་རས་པའི་རྣམ་ཐར་གྱི་དང་། སྒྲུང་རབ་ཏུ་བརྩི་བའི་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་དང་། དྲེལ་པའི་མི་ཚེ་ཡི་དང་། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་གྱི་དང་། དཔལ་སྤྲུལ་དང་རྡོ་གྲུབ་སོགས་ཀྱི་གཏམ་ཚོགས་སོགས་ཀྱི་དང་། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་སོགས་ཀྱི་དམོད་བཅོལ་སོགས་ཀྱི་རྩོམ་སྐད་དེ་ཆེས་བླུན་སྐད་ཉིད་དུ་འགྱུར་མོད། མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་ཞེས་པ་དང་། མར་དྲི་རྩམ་དྲི་ཞེས་པ་སོགས་ཀྱིས་ནི་སྤྱིར་བཏང་བླུན་སྐད་དེ་རང་སྟོན་པ་ཡིན་སྙམ། བཀླགས་པ་ཙམ་གྱིས་རྩོམ་པ་པོ་སྒེར་གྱི་ཆགས་སྡང་གསལ་བའི་ཁ་ཚིག ཐུན་མོང་མ་ཡིན་པའི་ཚིག་མཚམས་འཇོག་སྟངས། ཚིག་སྦྱོར་བྱེད་ལུགས་ཀྱི་སྤུ་རིས་ཕྲ་མོ་ཚུན་ཆད་ལྷང་ལ་ཡོང་བ་མ་ཟད་རྩོམ་གྱི་མི་སྣ་རེ་རེས་ཆོས་གང་དང་གང་ལ་བརྡ་ཅི་དང་ཅི་ཡིས་ཚུལ་འདི་དང་དེ་ལྟ་བུས་འབོད་པ་སོགས་ཀྱང་ངེས་པར་མཚོན་དགོས་པའོ། ། དེ་བས། ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་སྨུག་པ་སོགས་སུ་གཞན་མ་བཤད་དེ་སྦྲགས་སྐད་ཀྱང་ཆེས་མང་དུ་བཀོལ་དགོས་པ་བྱུང་བ་ཡིན་སྙམ།
བསྟན་བཅོས་ཀྱི་སྐད་ཞེ་གཅིག་དགོས་ཟེར་ནས། ཀུན་ནས་བསླངས་དང་ཀུན་ཏུ་སྦྱོར་སོགས་སྤྱད་ནས་སྒྲུང་ཞིག་བྲིས་ཚེ་ཡུལ་མི་ཚོའི་ངོར་བྲོ་བ་ཕར་ཞོག་དང་གོ་བ་ཡང་བདེ་བླག་ཨེ་འཕྲོད་སྙམ།
དགེ་འདུན་ཆོས་འཕེལ་གྱིས་མཁས་གྲུབ་རྗེས་བླུན་སྐད་དུ་འབོད་པ་དེ་ཆེས་མང་པོ་བྲིས་ཡོད་པ་གསུང་རྩོམ་བཀླགས་མྱོང་མཁན་ཚོས་ཤེས་ངེས།
འབོར་ཤོབ་ཟེར་བ་འདྲ་པོ། ཨེམ་རྗེ་ཟེར་བ་འདྲ་པོ། བྱས་ཙང་ཟེར་བ་འདྲ་པོ། ག་རེ་ཟེར་བ་འདྲ་པོ་དག་ཆེས་མང་ས་ཞིག་འཚོལ་དགོས་ཚེ། རྒྱལ་བ་རིན་པོ་བཀའ་སློབ་གསུང་རྩོམ་ཁག་ནི་དེའི་རིགས་ཀྱི་གཏེར་མཛོད་ཉག་གཅིག་ཆགས་ཡོད། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ཞུ་བས་གོང་མཚུངས་ཀྱི་བླུན་སྐད་དམ་ཕལ་སྐད་ཆེས་མང་པོ་ཞིག་བརྡ་གཞུང་ནང་ཡར་བཅུག་པའང་མཐོང་། གྲངས་ཀའི་མང་ཉུང་ཙམ་གྱི་ཁྱད་པར་རེ་ཡོད་ན་མ་གཏོགས་ཕལ་སྐད་དམ་བླུན་སྐད་བྲིས་མ་མྱོང་བའི་མཁས་པ་ཞིག་ཧ་ལམ་མེད་པ་འདྲ། བཀའ་གདམས་པའི་བླ་མ་དེ་ཚོ་དང་བཀའ་བརྒྱུད་པའི་རི་ཁྲོད་པ་དེ་ཚོ་དང་རྙིང་མ་པའི་གྲུབ་ཆེན་དེ་ཚོའི་གསུང་འབུམ་ནི་བླུན་སྐད་དམ་ཕལ་སྐད་སྙན་ཤོས་ཡོད་ས་རྐྱང་རྐྱང་ཡིན།
བླུན་སྐད་དམ་ཕལ་སྐད་བྲིས་པ་ཆེས་ཉུང་བའི་མཁས་པ་ཞིག་འཚོལ་དགོས་ན་ནི། རྗེ་ཙོང་ཁ་པ་ཡབ་སྲས་གསུམ་ལས་རྙེད་ཁག་པོ་ཡིན་པ་འདྲ། དེ་ལའང་ཉུང་ཞེས་ཤོད་པ་ལས། མེད་ཅེས་ལབ་ན་མི་འབྱོར།
དེ་ཡི་ཕྱིར་ན། དོན་ཡེ་མི་གོ་ཞིང་བརྒྱ་ལ་ཨུ་ཐུག་ན་ནི་འདོར་བ་ལས་འོས་མེད་མ་གཏོགས། སྤྱིར་བཏང་མཚོན་སྟོབས་ཆེ་ཞིང་ཁ་ངག་གི་སྒྲ་ཇི་བཞིན་ཡོང་བ། སྙིང་ཉེ་བ་དང་ཤ་ཚ་བ་སོགས་ཀྱི་ཁྱད་པར་ཕྲ་མོ་ཚུན་ཆད་བདེ་བླག་ཏུ་སྟོན་བྲ་བའི་སྐད་དང་བརྡར་བླུན་སྐད་ཅེས་དམན་ལྟ་མི་བྱ་བར། འགྲེལ་དང་གོ་དོན་ཆགས་པའི་ཐབས་ལ་འབད་དགོས་སྙམ། སྡེ་མི་རིགས་གཞན་དག་ཀྱང་དེ་ལྟར་བྱེད་ཀྱི་ཡོད་ན་ང་ཚོའང་ཁ་ཁ་ཞིག་ཡིན་མི་སྲིད་སྙམ།
མཇུག་ཏུ་སྨྲས་པ།
འདི་ན་འདོད་ཡོན་ལྔ་བོས་ཉིན་མཚན་མེད་པར་བསྣོལ་ནས་རྒོལ།།
ད་དུང་ཆོས་བརྒྱད་ཐག་པས་བཞི་སྐོར་ལྔ་སྐོར་འཁྱིག་པར་བྱེད།།
སྣང་ལ་མ་ངེས་དགའ་སྡུག་ཁ་སྤུ་འཐོག་བཞིན་ཟད་པ་མེད།།
ཀྱེ་མ་སེམས་པའི་རི་མོ་དཀར་ཁྲ་དམར་ཁྲ་མིང་གདགས་དཀའོ།།
ཞེས་ཐ་སྙད་ཀྱི་ངོར་སྙན་ངག་པ་དང་རྩོམ་པ་པོར་གྲགས་པའི་རྐང་ཚ་པ་སེང་རྡོར་དེས་ཁད་ཀྱིས་སྦྱར།
* <<རྟུལ་ཕོད>>དང་འབྲེལ་བའི་ལོ་ཚིགས་བསྡུས་གསལ།
2006ལོར། མ་ཕྱི་བརྩམས། (རྩོམ་པ་པོ་ལོ24)
2007ལོར། མ་ཕྱིར་ཞུ་དག་བྱས། (རྩོམ་པ་པོ་ལོ25)
2008ལོའི་སྤྱི་ཟླ6པར། ལྟ་བ་དང་འབྲེལ་བ་མེད་པའི་རྩོམ་འགའ་ཁ་སྣོན་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། (རྩོམ་པ་པོ་ལོ26)
2015ལོར། རྩོམ་པ་པོས<<ལོ་བཅུའི་རྗེས་སུ་རྟུལ་ཕོད་ཀྱི་དགེ་སྐྱོན་གླེང་བ>>ཞེས་པའི་བསྐྱར་ཞིབ་རྩོམ་ཡིག་ཅིག་སྤེལ། (རྩོམ་པ་པོ་ལོ33)
རྩོམ་ཁུངས། ངེད་དྲ་བ།