སྣང་བ་གདོང་འདེད་ཀྱི་ཚོམས།

༈ འཛམ་གླིང་འཛམ་གླིང་མ་གསུངས། ངོ་ཚའོ། །

ང་ཚོའི་གྲས་ཀྱི་མི་ལ་ལས་ང་ཚོའི་ཅི་དང་གང་འཛམ་གླིང་ལ་རབ་ཏུ་དར་བའམ་འཛམ་གླིང་གིས་ཧྲིལ་གྱིས་དང་ལེན་བྱས་སོང་སོགས་སྨྲ་དགའོ། །
འོ་ན་འཛམ་གླིང་ཞེས་པར་རྒྱལ་ཁབ་ག་ཚོད་མཆིས་སམ། སློབ་གླིང་ག་ཚོད་མཆིས་སམ། ཚན་རིག་པ་སོགས་ག་ཚོད་མཆིས་སམ། དེ་དག་ཁྲོད་ཀྱི་བརྒྱ་ཆའི་ག་ཚོད་ཅིག་ལ་ང་ཚོའི་དེ་དར་ཡོད་དམ། ག་ཚོད་ཅིག་གིས་ང་ཚོའི་དེ་དང་ལེན་བྱས་ཡོད་དམ། འདི་ལྟར་འདང་རྒྱོབས་དང་ང་ཚོའི་ཅི་དང་གང་འཛམ་གླིང་ལ་རབ་ཏུ་དར་བའམ་འཛམ་གླིང་གིས་ཧྲིལ་གྱིས་དང་ལེན་བྱས་སོང་སོགས་བརྗོད་མི་ཕོད།

ཡིན་དག་ང་ཚོའི་དེར་ཆ་ཤས་བླངས་པ་ཙམ་རེད། དེས་ན་ཆ་ཤས་ཙམ་བླངས་པ་ལ་མིང་ཆེན་པོ་དེ་འདྲ་བཏགས་ནས་ཅི་བྱེད། ང་ཚོའི་བློ་ཡུལ་དུ་ས་ཁྱོན་གྱི་འཛམ་གླིང་དང་གྲངས་ཀའི་འཛམ་གླིང་དེ་དངོས་གནས་མི་ཆུད་པ་ཡིན་ནམ། ཡང་ན་གཞན་ཞིག་ཡིན།

ང་ཚོའི་ཆོས་ལུགས་སོགས་ལའང་རང་རང་གི་ཁྱད་ཆོས་ནི་ངེས་པར་ཡོད་བདེན། ཡིན་ནའང་དེ་ལ་ཞུགས་མཁན་གྱི་མིའི་གྲངས། དེ་ཁྱབ་ཡུལ་རྒྱལ་ཁོངས། དེ་སྐད་གཞན་ལ་འགྱུར་ཚད། དེར་ཞུགས་པའི་གནའ་དེང་གི་རིག་ཚན་སྣ་ཚོགས་ཀྱི་མཁས་དབང་སོགས་ཀྱི་མང་ཉུང་སོགས་བསྡུར་ན་ནི་ཆོས་ལུགས་གཞན་ལ་ལའི་འཁྲིས་སུ་ང་ཚོའི་དེ་དངོས་གནས་དྲང་གནས་ས་བཅད་མ་སྟོངས་ཙམ་དུ་ཡོད་པ་ཅིས་མི་ཤེས།

འདི་ཤེས་ཀྱི་མེད་པ་ལ་ལས་ཚན་རིག་པ་རེ་ཟུང་ཞིག་དང་གྲགས་སློབ་རེ་ཟུང་ཞིག་ཏུ་སོ་སོའི་ལུགས་ཀྱི་ཆོས་ཁྲིད་འདྲ་ཡོད་པ་གོ་ནས་འཛམ་གླིང་ཧྲིལ་པོར་ཡང་ཚན་རིག་པ་རེ་ཟུང་བོ་དེ་དང་གྲགས་སློབ་གཅིག་གཉིས་པོ་དེ་ལས་མེད་པ་ལྟ་བུ་ཞིག་སྒྲོག་བཞིན་པར་གུས་མེད་བྱས་པ་མིན་མོད་ཁ་སྣ་བསྐྱོར་ནས་དགོད་རྒྱུར་གཏུགས་སོ། །

ཁྱེད་རྣམས་ཞིབ་ཏུ་རྟོག་དང་། ང་ཚོའི་ཆོས་ཀྱི་སློབ་ཁྲིད་ཅུང་ཟད་ཡོད་སའི་རྒྱལ་སྤྱིའི་གྲུ་ཟུར་དེ་དག་ཏུའང་ཕལ་ཆེ་བར་གཞན་ཚོའི་ཆོས་ཀྱི་སློབ་ཁྲིད་ཀྱང་ཡོད་པའོ། ། མི་འདྲ་ས་ནི་ང་ཚོའི་དེ་གསར་དུ་དང་གཞན་དག་གི་དེ་སྔོན་ནས་ཡོད་པའོ། ། ད་དུང་མི་འདྲ་ས་ཞིག་ནི་གཞན་གྱི་དེ་གཙོ་བོ་དང་ང་ཚོའི་དེ་ཕལ་བ་ཆགས་པའང་མཐོང་དུ་ཡོད།

དེས་ན་རང་རེས་སྔར་བཞིན་ཆོས་གཞན་དར་དྲགས་པ་ནི་གོ་སླ་བས་དང་ང་ཚོའི་དེ་འཕེལ་དལ་བ་ནི་ཟབ་ཆེས་པས་ཡིན་ཞེས་བརྗོད་པ་ཁོ་ན་བཟང་ངམ་སྙམ། ད་ཚོད་ང་ཚོའི་འདི་གཞན་ཆོས་ཀྱི་ཁ་མལ་ན་ཡོད་ཚེ་ཡང་ང་ཚོས་མང་བ་ནི་དགེ་མཚན་དང་ཉུང་བ་ནི་ཞན་ཆ་རུ་སྒྲོག་པར་ཐེ་ཚོམ་མེད་མོད། སྡེ་གཞན་གྱིས་ནི་རེ་ཞིག་དེ་ལྟར་སྨྲ་ཡི་མེད་པ་འདྲ་བས། ཟབ་ཅེས་པ་ཁོ་ནར་བློ་རྩེར་གཏོད་ཅེས་པ་འདི་ངའི་སེམས་གཏམ་ཡིན་ནོ། །

ད་ཚོད་ངས་བཀའ་བསྡུ་བའི་སྐོར་སོགས་རྩལ་དུ་བཏོན་ནས་ལབ་ཀྱི་མེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། རིགས་པ་དེ་སོགས་ང་ཚོའི་ཆོས་ལུགས་ལ་རབ་ཏུ་ཕོག་པས་ཡིན། ཤིན་ཏུ་འཕོག་པར་བྱས་པས་ང་ལ་ཅི་ཞིག་འཐོབ་བམ། སངས་རྒྱས་ཆོས་ལུགས་ནི་ངའི་བྱིས་པའི་དུས་བག་ཉལ་གྱི་ཞིང་ཁམས་སྐྲུན་པ་པོ་ཡིན། གཞོན་ནུའི་སྐབས་ཀྱི་བསམ་གཞིགས་ཀྱི་གཤོག་རྩལ་སློབ་པ་པོ་ཡིན། ད་ལྟའི་དུས་དང་མ་འོངས་པའི་དུས་ལའང་ཆོས་ལུགས་འདིས་ང་ལ་རིགས་པ་ཧ་ཅང་མང་པོ་སྩོལ་ངེས་པར་ཡིད་ཆེས་རྙེད་ཡོད།

ཡིན་ནའང་ལུགས་འདིའི་དགེ་མཚན་སྒྲོག་འདོད་ཀྱང་སྒྲོག་མི་ཤེས་པ་དེ་དག་ལ་ང་ཧ་ཅང་མི་དད་དོ། ། རྒྱུ་མཚན་ནི། ཁོ་པ་ཚོས་ངོ་བོའི་གནས་ཚུལ་མཐོང་གི་མེད་པས་ཡིན། བཅུ་ཐམ་པར་ཁྲི་ཞེས་འདོགས་པར་སྤྲོ་བས་ཡིན། གོམ་གང་ལ་དཔག་ཚད་བཅུ་གཉིས་ཞེས་འུད་པར་དབྱིངས་ཞུགས་ཡོད་པས་ཡིན།

                                                                                                               ༢༠༡༤ ༡༠ ༡༢
༈ དེང་གི་མི་རྣམས་ཀྱི་དད་པ་ནི་ཁེ་མཚར་ཞིག་རེད།

ཆོས་ལུགས་སོ་སོས་རང་རང་གི་སྟོན་པ་དང་བསྟན་པ་དཔང་པོ་བྱས་ཏེ་ཟེར་ཡག་ལ། གང་ལ་དད་པ་བྱས་ན་བྱེད་ཡུལ་གྱི་ལྷའམ་སྟོན་པ་དེ་ཁོ་ནས་བསླུ་བར་མི་འགྱུར་ཞིང་། ཐར་བ་མཚན་ཉིད་པ་འཐོབ་ཤ་སྟག་ཅེས་སོ།། དེ་བས་དད་ཡུལ་དེ་ཁོ་ན་ལྷ་ཚད་མའམ་སྟོན་མཆོག་བདེན་པ་ཡིན་ལས། ལོགས་སུ་ནི་ཚད་མ་གཉིས་པ་ཞིག་གམ་སྟོན་པ་གཞན་ཞིག་ནམ་ཡང་མི་གྲུབ་ཅེས་སོ།།

ཡིན་ནའང་། དེང་སང་གི་མི་ཕལ་ཆེ་བས་བཙལ་བའམ་སྒྲུབ་པའི་དད་པ་ནི་གཞན་ཞིག་སྟེ། སྟོན་དང་བསྟན་པའི་ཁྱད་པར་ལེགས་པར་མ་ཤེས་ཀྱང་ཆོག་པ། བྱེད་པོས་འཇིག་རྟེན་བཀོད་ལུགས་སོགས་ནི་གཏམ་རྒྱུད་ཙམ་དང་ཞིས་ཅིན་ཕིན་ཡང་ནམ་ཞིག་གི་ཚེ་སོ་སོའི་ཨ་མར་གྱུར་མྱོང་སོགས་སྨྲ་བ་ནི་བཤད་ཚུལ་ཙམ་དུ་འཛིན་པའོ།། དེ་བས། དེང་གི་མི་དག་ནི་དངོས་གནས་བྱས་ན་ཆོས་གང་གི་ལུགས་ཀྱི་དད་ལྡན་དུའང་མི་འགྲོ་བ་འདྲ།
ཡིན་ནའང་ཁོ་ཚོས་དད་པ་ཞིག་མེད་ན་མི་འགྲིག་ཟེར་ཅིང་། དད་པ་གང་འདྲ་ཞིག་ཡོད་དགོས་པའང་ཁོ་ཚོ་རང་རང་གིས་ཐག་གིས་བཅད་འདུག དེ་ཡོད་དགོས་དོན་ཡང་རང་ཉིད་དང་རང་གི་བུ་ཕྲུག་སོགས་བཟང་སྤྱོད་དང་འགལ་བར་ཨེ་འགྱུར་ལ་སྐྲག་ཅིང་། རྟག་པར་སེམས་ནང་སྟོང་ཧང་ཧང་ཨེ་བྱེད་དུ་འཇིགས་སོགས་ཟེར་རོ།།

དེས་ན་ཁོ་ཚོའི་དད་པ་ཞེས་པ་ནི་སེམས་ནང་སྟོང་ཧང་ཧང་མི་བྱེད་ཆེད་འཇོག་རྒྱུ་ཞིག་ཡོད་ན་དེ་ཁོ་ནས་ཆོག་གི་ཡོད་ཅིང་། འཇོག་རྒྱུ་དེ་རང་ཅི་ཞིག་ཡིན་པ་ལའང་ཁྱད་མེད་པ་འདྲ། གཙོ་བོ་དེ་ལ་བརྟེན་ནས་གནས་སྐབས་སུ་བློ་ཁོག་བདེ་ཤིག་ཤིག་དང་སྣང་བ་སྤྲོ་ལྷང་ལྷང་ཡོང་བ་ཡིན་ན་འགྲིག་ཅིང་། མཐར་ཐུག་འཆི་བའི་དུས་སེམས་ནང་བཞག་པའམ་བཞུགས་པ་དེས་སྐྱོབ་བོ་སྙམ་དུ་འཇིགས་མི་དགོས་པ་ཞིག་ཡོད་ཚེ། དད་པ་བྱས་པའི་གོ་ཆོད་བཞག་པ་ཡིན་ས་རེད།

འཇིགས་ལ་མི་འཇིགས་ཤིང་སྐྱོ་ལ་མི་སྐྱོ་བ། ན་ཚར་སྐད་ངན་མི་སྒྲོག་ཅིང་འཆི་ཁར་མིག་ཙམ་ཡང་མི་རྡེབ་པ་སོགས་ནི་ཆོས་ལུགས་ཆེན་པོ་དག་གི་དད་ལྡན་ལས་ཀྱང་ཆོས་ལུགས་ཆུང་ཕྲན་དག་གི་དད་ལྡན་ལ་ཡོད་ཅིང་ལྷ་དབང་ཕྱུག་གི་ལིང་ག་དང་གནའ་བོའི་ཨེ་ཅིབ་ཀྱི་གསེར་བེའུ་ལ་དད་པ་བྱེད་མཁན་དག་ལ་དེ་བས་ཀྱང་ཡོད་ན། ས་རྡོ་རི་བྲག་སོགས་ཀྱང་སེམས་ཀྱི་རྟེན་དང་ཡིད་ཀྱི་མགོན་དུ་བརྩིས་ཏེ་ཆོ་ག་རྩོམ་ཞིང་གསོལ་བ་འདེབས་ཆོག་པ་མིན་ནམ། དེ་ལ་བརྟེན་ནས་ཀྱང་མགོ་བོ་བཅད་ཀྱང་དད་པ་མི་འགྱུར་བ། ཀུན་སྤྱོད་ལ་བག་ཕྱེ་ལས་ཀྱང་ཞིབ་པའི་སྐྱེས་བུ་མི་འབྱུང་བ་མིན་ནོ།།

འོན་ཀྱང་དེ་ནི་སྟོན་པ་སངས་རྒྱས་སོགས་ཀྱིས་གསུངས་པའི་དད་པའི་ངོ་བོ་མ་རེད་ལ་དད་པའི་དགོས་པའང་མ་རེད་དོ།། འཆི་བ་སོགས་ལ་མི་འཇིགས་པ་ནི་ཆོས་ཀྱི་དགྲ་དང་དེར་མགོ་ལ་མེ་ཤོར་བ་ལྟར་འཇིགས་པ་ནི་གཟོད་དམ་པའི་ཆོས་སོ།།

མི་གླན་ནེ་གླེན་ནེ། སེམས་ནང་དུ་ལྷའམ་འདྲེ་ཞིག་བསྡད་བསྡད་དུ་ཡོད་པ། དེའི་ཆེད་དུ་བསང་གསོལ་སྤོས་སྒྲོན་ཚར་ཚར་བྱེད་དགོས་པ། ཆུ་འཇིག་རླུང་འཇིག་འདྲ་བྱུང་དུས་འབོད་རྐྱང་ཞིག་ཡོད་པ། དེ་སོགས་ལ་ཞེད་ནས་རྒྱུ་འབྲས་ཞིབ་ཏུ་བརྩི་དགོས་པ་བཅས་ནི་སྟོན་པ་སངས་རྒྱས་སོགས་ཀྱི་ལུགས་ཀྱི་དད་པ་མ་རེད་ལ། དེ་འདྲའི་དད་པ་ནི་ཡོད་པ་ལས་མེད་པ་བཟང་ངོ་། ། རྒྱུ་མཚན་ནི། སྟོན་པ་སངས་རྒྱས་སོགས་ཀྱིས་དངོས་སུ་བཀག་པའི་རྨོངས་དད་ཡིན་པས་སོ།།

                                                                                                                                        ༢༠༡༤ ༡༠ ༡༢

༈ རྩོམ་རིག་གི་གྲུ་ག་ནས་མཐོང་བ།

ཁྱེད་ཚང་གི་མག་པ་དང་མནའ་མ་བྱེད་བསམ་པ་མིན་ན། ཕོ་གཤིས་བཟང་དང་མོ་ཁྲེལ་ཡོད་ཡིན་མིན་དྲིས་ནས་ཅི་བྱེད། མི་བཟང་ཞེས་པ་སེམས་དཔའ་ཆེན་པོ་གན་ངྷི་ལྟ་བུ་ཞིག་ཡིན་དགོས་ལས་ཆེ་མོད། དེ་སྙན་ངག་པ་ཞིག་མིན་ལ་དེས་སྙན་ངག་པའི་གོ་ཡང་མི་ཆོད། མི་བཟང་པོ་ཡིན་པའི་ཁ་ངོར་བལྟས་ནས་སྙན་ངག་པ་སོགས་སུ་བརྩིས་པ་སྔར་མ་བྱུང་ལ་ཕྱིས་མི་འབྱུང་སྙམ། སྙན་ངག་ལ་སྙན་ངག་རྐྱང་བའི་ངོས་ནས་བལྟ་དགོས་པ་ལས་དེ་འབྲི་མཁན་གྱིས་དུ་བ་འཐེན་མིན་དང་མཱ་ཅང(麻将)རྒྱག་མིན་ལ་འབྲེལ་བ་ཅི་ཡོད་སྙམ། སྙན་ངག་སྤུས་ཞན་འབྲི་ཞོར་གསེར་གྱི་མཆོད་རྟེན་སྟོང་རྩ་བཞེངས་ཀྱང་སྙན་ངག་སྤུས་ཞན་ཡིན་པའི་དོན་དངོས་ལ་འགྱུར་བ་ཐེབས་མི་སྲིད་པ་དང་། སྙན་ངག་ལེགས་པོ་འབྲི་མཁན་ཞིག་གིས་སོ་སོའི་སློབ་དཔོན་བསད་བཞག་ཡིན་ནའང་དེའི་སྙན་ངག་ལ་ནི་ནམ་ཡང་གཞོམ་གཞིག་ཡོད་མི་སྲིད་སྙམ།

སྒྲུང་དང་སྙན་ངག་སོགས་ལ་ཁལ་མང་པོ་འགེལ་ཆོག་གི་རེད། དེས་དེ་འཁུར་ཡང་ཐུབ་ལས་ཆེ། འོན་ཀྱང་གལ་ཆེ་བ་ནི་ཀློག་སྤྲོ་བོ་ཞིག་ཡོང་རྒྱུ་དེ་རེད་སྙམ། མགོ་འཐོམས་པའི་དུས་དེབ་ཁང་དག་རྒྱ་ཤན་ཉི་ཚེ་བས་མནར་དྲགས་ཏེ་ཡི་གེ་སྒྲིག་སྟངས་ཀྱི་ཆ་ནས“རང་གྲུབ་ཚན་པ”ཅན་དུ་ཡོད་ན་སྒྲུང་རྣལ་མ་དང་། དེ་ལས་ལྡོག་ཚེ་རྣལ་མ་མིན་པ། དབུ་ཁྱུད་དང་བཞི་ཤད་སོགས་ཡོད་ན་དེང་སྒྲུང་དུ་མི་འགྲོ་བ་དང་། དེ་དག་མེད་ཚེ་ཅི་བྱས་ཀྱང་ཧ་ལམ་འགྲིག་འགྲོ་བ་ལྟ་བུ། མཆོད་བརྗོད་སོགས་ཡོད་ཚེ་རྙིང་བ་དང་མེད་ཚེ་གསར་བར་བརྩི་བ་སོགས་རྣམ་པའི་འདམ་རྫབ་ཏུ་ལྷུང་བ་ཐལ་ཞིག་ཆེ་མོད། ད་ཚོད་མནའ་སྐྱེལ་ཆོག་པ་ཞིག་ནི། སྒྱུ་རྩལ་ཞེས་པ་དེ་འདྲའི་གུ་དོག་པོ་ཞིག་གཏན་མ་རེད་དོ། །

སྙན་ངག་རྩོམ་པ་དང་ཚོང་རྒྱག་པ་གཉིས་ཀྱི་བར་ཐག་རིང་ན་ཐང་། སྒྲུང་འབྲི་བ་དང་ཕག་བཤའ་བ་གཉིས་ཀྱང་མཉམ་གཅིག་ཏུ་མི་ཡོང་ན་ཐང་། ལྷུག་རྩོམ་སྤེལ་བ་དང་ཤིང་གཤགས་པ་ནི་རིགས་ཐ་དད་ཅིག་ཡིན་ཡང་སྲིད་ལ་མིན་ཡང་སྲིད། འོན་ཀྱང་རྩ་བའི་རྒྱུ་རྐྱེན་གཅིག་པ་སྟེ་རིམ་བསགས་ཀྱི་རྩོམ་རྩལ་དང་སྐབས་ཐོག་གི་འཆར་སྒོ་འབའ་ཞིག་ལས་འབྱུང་དགོས་པའི་སྒྲུང་དང་སྙན་ངག་དང་ལྷུག་རྩོམ་སོགས་ལ་དེ་འདྲའི་ཤར་ནུབ་ལྟ་བུའི་བར་ཐག་ཅིག་ཨེ་ཡོད་དམ། གཅིག་བྲིས་ན་གཅིག་བསྐྱུར་དགོས་པ་དེ་འདྲ་ཞིག་ཡིན་ནམ། གཅིག་འཇོན་ན་གཅིག་མི་འཇོན་པ་དེ་འདྲ་ཞིག་ཡིན་ནམ། དེ་ལྟར་མིན་པ་ཤར་ནུབ་ཀྱི་རྩོམ་མཁན་གྲགས་ཅན་མང་པོའི་རྣམ་ཐར་ལས་ཀྱང་ཤེས། ད་ལྟར་གྱི་རང་གི་ཉམས་མྱོང་ལས་ཀྱང་ཅུང་ཟད་གོ་ན། རྩོམ་ལུས་དེ་ཚོའི་བར་ན་འགལ་བ་ཡ་མཚན་ཞིག་འདུག་ནི་བསམས་མ་ཐུབ་ལ། དེ་ལྟར་བསམས་ཤིང་ལབ་མཁན་ཚོའི་ཀུན་སློང་དུ་ཅིས་ཀྱང་འདྲེ་ཆུང་ཆུང་ཞིག་གིས་འཕང་འཁེལ་གྱི་ཨེ་ཡོད་འདོད་དོ། །   

                                                                                                                    ༢༠༡༤ ༡༠ ༡༢
༈ ནུབ་ཀྱི་ཆོས་ལུགས་དང་སྒྲུང་།

ཡེ་ཤུའི་ཆོས་ལུགས་ནི་བརྩམས་སྒྲུང་རེད། སངས་རྒྱས་ཆོས་ལུགས་ནི་དཔྱད་རྩོམ་རེད། མི་འདྲ་ས་དེའོ། ། སྔ་མས་སྒྱུ་རྩལ་ལ་བརྟེན་ཏེ་བསྐོར་ནས་མཚོན་པར་བྱེད་པ་དང་། ཕྱི་མས་གཏན་ཚིགས་དག་བཀོད་ནས་ཐད་ཀར་སྟོན་པར་བྱེད། ཁྱད་པར་ཆེ་ས་ཡང་དེ་རེད་སྙམ།

ནུབ་ཀྱི་མི་དག་སྐད་ཆ་མི་བཤད་ན་མ་གཏོགས་སྒྲུང་ངམ་གཏམ་རྒྱུད་ལ་སྦྱར་ནས་བཤད་པ་ཞིག་འདུག བྱིས་པ་དག་མིག་ཆུང་ལྡིར་ནས་སྒྲུང་བཤད་པ་མ་ཟད། མི་རྒན་རྣམས་ཀྱང་ཕྲག་པ་འགུལ། ཁ་སྣས་བཟོ་ལྟ་བྱས་ནས་སྒྲུང་ཕྲན་མང་པོ་འགྲོ་ཞོར་ཟ་ཞོར་འཁྲབ་ཚར་བ་བྱེད་དོ། ། དེ་ལས་ལྡོག་སྟེ། རང་རེས་ནི་གཏམ་དཔེ་ཤར་ཤར་འཐེན་པ་སོགས་གང་ལའང་ཚིགས་སུ་བཅད་པ་རེ་མི་ཐོན་རྒྱུ་མི་སྲིད་པའི་ཚོད་ཡིན། ཤིན་ཏུ་མི་འདྲ་བའི་གོམས་གཤིས་འདི་གཉིས་གཅིག་ཐང་ན་རང་རང་གི་ཆོས་ལུགས་ལ་རག་ལས་ཡོད་པ་འདྲ། ཆོས་ལུགས་སུ་སྒྲུང་མང་ན་མི་དག་ཀྱང་སྒྲུང་ལ་དབྱིངས་ཞུགས་སླ་བ་དང་། ཆོས་ལུགས་སུ་ཚིགས་སུ་བཅད་པ་མང་ན་མི་དག་ཀྱང་ཚིགས་བཅད་ལ་མཁས་པ་ཡིན་པ་འདྲ།

རྒྱལ་ཁབ་ལ་ལར་སྒྲུང་མཁན་གྲགས་ཆེན་མང་པོ་བྱུང་བ་དང་ལ་ལར་དེ་ཙམ་མ་བྱུང་བ་སོགས་བྱིས་པའི་དུས་ཀྱི་ཀློག་བྱ་ལའང་འབྲེལ་བ་ཡོད་སྲིད་སྙམ། ང་ཚོར་ཡང་བྱིས་པ་ཚོར་གནའ་བཤད་སློབ་པའི་སྲོལ་ཙམ་མཆིས་མོད་དེའི་གོ་ས་ཤིན་ཏུ་དམའ་བ་ཡིན། འོན་ཀྱང་ནུབ་ཕྱོགས་པ་མང་པོར་སྒྲུང་ལས་ལོགས་སུ་ཆོས་ཞེས་ཞིག་མེད་པས་དེ་ཡི་གོ་ས་རབ་ཏུ་མཐོའོ། །

ང་ཚོས་སྒྲུང་ཞེས་པ་བྱེད་དཀའ་མོ་ཞིག་ཏུ་ལྟ་བ་མ་ཟད། དཀའ་ཡང་དཀའ་འདུག དེ་ལ་བྱང་ཆ་ཐོན་པའི་མི་ཡང་ཤིན་ཏུ་ཉུང་། སྤྱིར་བཏང་ནུབ་ཕྱོགས་པ་དེ་ཚོས་སྒྲུང་བཤད་པ་ནི་ང་ཚོས་གླུ་ལེན་པ་ནང་བཞིན་གྱི་གནོན་ཤུགས་སོགས་རྩ་བ་ནས་མེད་པ་ཞིག་ཡིན་འདུག དེ་སོགས་ནི་ཧ་ལམ་ཆོས་ལུགས་ཀྱིས་རེད་སྙམ།

                                                                                                                ༢༠༡༤ ༡༠ ༡༢

༈ ཐོལ་རྩོམ་གྲུ་བཞི་ལམ་འཁྱེར་མ།
༡ ངས་ཁྱོད་ཚོར་ཞུ་བ་བྱས་པ་ཡིན་ནོ།།
ཁྱོད་ཚོས་ས་སྐྱ་ལེགས་བཤད་དང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལྟ་བུ་ཞིག་འབྲི་ཐུབ་པ་ཡིན་ན་ཁྱོད་ཚོར་ཆེས་རྩ་བའི་བརྡ་སྤྲོད་ཀྱི་བྱང་ཚད་ཅིག་ཡོད་སོང་བ་རེད། དེ་ནི་མེད་ཐབས་མེད་པའོ། ། བྱང་ཚད་དེ་འདྲ་ཞིག་ཀྱང་མེད་པ་ཚོས་སྙན་ངག་ཅེས་ཁ་ཁ་ཞིག་རྩོམ་རྒྱུ་ཟེར་བ་ནི་སོ་སོས་བརྡ་ཙམ་ཡང་མི་འཕྲོད་པ་དེ་ཁ་བར་ལག་བར་ནས་གསང་འདོད་ཁུལ་རེད། ད་དུང་ངོ་ཚ་མི་ཤེས་པར་སྙན་ངག་ལ་གོ་རྒྱུ་ཡོད་མི་ཉན་སོགས་ལབ་པ་ནི་སྤྱིར་གོ་རྒྱུ་ཡོད་པ་ཞིག་རང་གིས་འབྲི་མི་ཤེས་པ་དེ་ཁས་བླངས་བཞག་པ་ཞིག་རེད། དྲང་མོར་བཤད་ན། དེང་གི་སྙན་ངག་པ་ཡིན་ཟེར་བའི་སྐྱ་སེར་མང་པོ་ཞིག་གིས་ས་སྐྱ་ལེགས་བཤད་དང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལྟ་བུ་ཞིག་འཆི་དགོས་ཀྱང་འབྲི་ཨེ་ཐུབ་སྙམ། དེ་ཅིས་ལན་པ་རེད་ཅེ་ན། སུམ་རྟགས་དག་གསུམ་མ་ཤེས་པས་རེད། མི་བདེན་སྙམ་ན། ཁོ་ཚོར་ཆེད་མངགས་གོ་རྒྱུ་ཅན་ཞིག་འབྲི་རུ་ཆུགས་དང་མིག་ལ་ས་སྟོན་གནམ་སྟོན་བྱས་མ་བཞག་ན་ང་ཕྱིན་ཆད་རྐང་རྗེན་དུ་འགྲོ་ཆོག སྙན་ངག་མ་ངག་རེ་ཞིག་ཞོག་དང་། ཁྱོད་ཚོས་ཚིག་ཟུར་རེས་ཀྱང་གནད་འབྱིན་པ། མཚམས་ཕྱེད་པ། རྒྱུན་མཐུད་པ། ལྷག་ཆད་མི་འབྱུང་བ་སོགས་ཀྱི་རྩོམ་ཞིག་རྒྱོབ་དང་། ཚིག་འདི་གོ་ན་སྙིང་ལ་ཙག་ཤད་རྒྱག་གི་ཨེ་འདུག རྣ་འགྲམ་དམར་ལིང་ལིང་བྱེད་ཀྱི་ཨེ་འདུག ད་ནི་འཕྲལ་ལེ་འཕྲུལ་ལེ་བཤད་ནས་ཉི་མ་མ་གཏོང་རོགས། ཅིས་ཀྱང་མགོ་ནས་བཟུང་སྟེ་སློབ་སྦྱོང་རྣལ་མ་ཞིག་བྱོས་དང་། ངས་ཁྱོད་ཚོར་ཞུ་བ་བྱས་པ་ཡིན་ནོ། །

༢ ཡོད་ཚད་རྣམ་རྟོག་གིས་རེད། ཐམས་ཅད་ཡོན་ཚད་ཀྱིས་རེད།
“རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར”བ་རེད། སངས་རྒྱས་ཁོ་ནར་རྣམ་རྟོག་རྩ་བ་ནས་ཡོད་པ་མ་རེད། མེད་པ་ཡོད་པར་སྒྲོ་འདོགས་པ། རྫུན་པ་བདེན་པར་ཁ་སྒྱུར་པའི་རྣམ་པར་རྟོག་པ་འདི་ཁོ་ན་གཞོམ་སླད་སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཆོས་གསུངས་པ་རེད། གཟོད་མ་ནས་ཞི་བ་དེ་གསུངས་པ་རེད། བདེན་པར་མ་གྲུབ་པ་དེ་གསུངས་པ་རེད། དེ་བས་ནམ་ཞིག་རྣམ་རྟོག་དང་ཡོངས་སུ་བྲལ་ཚེ་སངས་རྒྱས་པའོ། །མི་ང་ཚོ་སྤྱིར་བཏང་གི་གཉེན་འཛིན་དགྲར་འཛིན་གྱི་རྣམ་རྟོག་དང་རེ་ཞིག་ཁ་བྲལ་ཐབས་མེད་པ་བདེན། དེ་ནི་ང་ཚོས་དབུ་ཚད་སོགས་ལེགས་པར་མ་ཤེས་པ་འབའ་ཞིག་གིས་རེད། འོན་ཀྱང་རགས་པ་ལྷ་འདྲེ་ལྟ་བུའང་སེམས་ཀྱི་ཕྱི་རོལ་དུ་འཕུད་མི་ཤེས་པ་ནི་སོ་སོའི་ཡོན་ཚད་ཀྱིས་ཀྱང་རེད། མཐའ་ན་ཚན་རིག་གི་རིགས་འདེད་དང་རྩོད་སྒྲུབ་ཀྱི་རྣམ་གཞག་ཙམ་ཡང་གོ་མྱོང་མེད་པའི་རྟགས་བསྟན་པ་རང་རེད། ཀྱེ་མ། ང་ཚོས་ཤ་ཟ་ཧོར་མོ་ལྟ་བུའི་ལྷ་ཕྲན་ཞིག་ཀྱང་མེད་ལུགས་དང་མི་གྲུབ་ཚུལ་མི་ཤེས་ན། ཤུགས་ལྡན་ནམ་དོལ་རྒྱལ་ལྟ་བུ་ཆོས་བརྒྱུད་ཆེན་པོ་ཞིག་གི་བསྟན་སྲུང་ལ་ངོ་ཡ་ཅི་ལྟར་བྱ་དགོས་པ་རེད། ཁ་གཏད་ག་རེ་བྱས་ནས་འཇལ་དགོས་པ་རེད། དངོས་གནས། སྐུ་མདུན་ཁོང་འོ་བརྒྱལ་ཞེ་དྲག་མྱངས་སོང་ངོ་། །

༣ ཞིབ་ཏུ་དཔྱོད་དང་ཁྱོད་ལའང་དམོད་བཞག་ཡོད་པ་དང་འདྲ།
གང་ལ་ལས་མི་ལ་གཉིད་མ་ཡོང་བ་དང་མགོ་ན་སོ་ན་རེ་ཡོད་པ་གོ་ནའང་སུ་ཞིག་གིས་དམོད་བཞག་པ་རེད་ཅེས་ལུང་བསྟན་རྒྱག་གི་ཡོད་སྐད། དེས་ན་མི་ཤི་ཁྱིམ་སྟོང་དུ་བུད་པའི་ཇོ་བོ་ཉི་དབང་མགོན་པོ་ལ་སུ་ཞིག་གིས་གཏོར་ཁ་བསྐོར་སོང་བ་རེད། སྐྱེས་མ་ཐག་ནས་མ་མེད་དྭ་ཕྲུག་ཏུ་གྱུར་པའི་སྟོན་པ་སངས་རྒྱས་ལ་སྔགས་རྒན་སུས་མནན་པ་བརྒྱབ་བཞག་པ་རེད། འཇིགས་པ་ཆེ་རིགས་ཆེ་ཚད་ཀྱིས་མི་ཚེ་ཧྲིལ་པོར་དབུགས་ལེན་ཁོམ་ཞིག་ཀྱང་ཐོབ་མྱོང་མེད་པའི་སློབ་དཔོན་པད་མ་འབྱུང་གནས་ལ་ག་རེ་མ་ཉན་པ་རེད། ནུབ་ཀྱི་རྩོམ་པའི་ཆེ་རྒུ་དག་ལས་ལ་ལ་ཞིག་ལྕེབས། ལ་ལ་ཞིག་སྨྱོས། ལ་ལ་ཞིག་ལོང་བར་གྱུར། ལ་ལ་ཞིག་འོན་པ་ཆགས། ལ་ལ་ཞིག་རང་ཤ་རང་གིས་ཟ་དགོས་པའི་ཚོད་དུ་ཐོན་མྱོང་བ་དེའང་ང་ཚོའི་མོ་སྟོན་ཕག་མགོ་འདྲ་བ་ཞིག་གིས་རྔ་གོར་ཞིག་ལ་དབྱུག་ཕྲན་ཞིག་གིས་གཏགས་པས་མ་འགྲིག་པ་ཨེ་རེད། སྤྱིར་གླེན་པ་ཁ་ནག་ཅིག་མིན་ན། མི་ཐམས་ཅད་ཀྱི་ལས་དབང་དེ་འདྲའི་འཇིགས་སུ་རུང་བ། ལྟར་མི་བཟོད་པ། མཆི་མ་དཀུ་བ་རྐྱང་རྐྱང་ཡིན་པ་ཅིས་མི་ཤེས། སྟོན་པས་བདེན་པ་བཞི་སོགས་གསུང་དགོས་དོན་ཡང་དེས་མིན་ནམ། རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་གསུང་དགོས་དོན་ཡང་དེས་ཡིན་ནོ། ། འོ་ན་རྩོམ་མཁན་དག་ཧ་ཅང་ཁ་ཁ་ཞིག་ཡིན་པར་སྣང་བ་ཅིས་རེད་ཅེ་ན། ཁོང་རྣམ་པ་མིའི་མིག་ལམ་དང་སེམས་སྟེང་དུ་གསལ་དྲགས་པ་ཁོ་ནས་སོ། ། ཞིབ་ཏུ་དཔྱོད་དང་ང་ལ་ཡོད་པའི་མགོ་ན་སོ་ན་འདིའི་ཚབ་ཏུ་ཁྱོད་ལའང་ལན་ཆགས་བུ་ལོན་རི་ལྟར་མཐོང་རྒྱུ་ཡོད་ངེས་པས། སོ་སོ་འཆི་མེད་རྒས་མེད་རེད་ཅིག་མ་འདོད་དོ། །

༤ འཛམ་གླིང་རྒྱན་དྲུག་ཡིན་ནམ་རྒྱ་གར་རྒྱན་དྲུག་ཡིན།
སློབ་དཔོན་ཀླུ་སྒྲུབ་སོགས་ནི་གང་དུ་འཁྲུངས་པའི་ཡུལ་དེ་དང་དེར་ཤིན་ཏུ་ཆེན་པོ་ཆགས་ཤིང་། ཡུལ་དེ་སོགས་དང་ཐག་མི་རིང་ས་དག་ཏུའང་ཁོང་རྣམ་པའི་མཚན་སྙན་གྱིས་དངོས་གནས་ཁྱབ་མྱོང་བ་རེད་སྙམ། དཔེར་ན་བོད་ཀྱི་ཡུལ་ལྟ་བུའོ།། ཡིན་ནའང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སོགས་ཟེར་བ་ནི་རྒྱ་བོད་ཀྱི་མི་ཉུང་ཤོས་ཤིག་གིས་དགའ་ཞེན་གྱིས་བཏགས་པ་ལས། ཡུལ་གླིང་གཞན་ལ་ནི་ཧ་ལམ་མ་གྲགས་ཤིང་དེ་ལྟར་འབོད་ཀྱང་མི་འབོད་པ་འདྲའོ།། བདག་གིས་ཀྱང་སྤོ་བོ་ལགས་ཀྱིས་ཀླུ་སྒྲུབ་སོགས་ཆེ་རབས་གཉན་རབས་གླེང་བའི་རྒྱབ་གཉེར་ནས་ཀླུ་སྒྲུབ་སོགས་ལ་བདེན་མཐའ་གཞན་ཞིག་གསལ་རྒྱུ་ཡོད་འདྲ་ཞེས་སྔར་ཞིག་ལབ་མྱོང་མོད། ང་སོགས་ཀྱི་རྣམ་རྟོག་ཉི་ཚེ་བ་འདི་འཛམ་གླིང་ཐུན་མོང་གི་འདོད་པའམ་མིའི་རིགས་ཡོངས་ཁྱབ་ཀྱི་ཁས་ལེན་ཞིག་ཏུ་ནི་གཏན་ནས་གྱུར་ཐུབ་མེད་ཅིང་། ནམ་ཡང་འགྱུར་མི་སྲིད་ཀྱང་སྲིད་སྙམ། གལ་ཏེ་ཀླུ་སྒྲུབ་སོགས་ཏེ་རྒྱ་གར་གྱི་མི་འགའ་ཁོ་ན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཡིན་ན་ཨེ་ཡན་སི་ཐན་དང་ཤིག་སེ་པེ་ཡར་སོགས་མིའི་རིགས་སྤྱིའི་ཁ་ལ་གླུ་བཞིན་བྱེད་པ་དག་ཅི་ཞིག་ཡིན་ནམ། ཅི་ཡང་མིན་ནམ། དེ་ཡང་ཀླུ་སྒྲུབ་སོགས་ལ་དགའ་མཁན་མི་སྒེར་པའི་ཁྲོད་ཧེ་རྒིར་གྱི་བསམ་བློ་ལྟ་བུའང་ཀླུ་སྒྲུབ་སོགས་ལས་ཆད་དམ་སྙམ་དུ་རྟོག་མཁན་ཡོད་ནའང་། མིའི་རིགས་ཀྱི་སྐྱེས་བུ་ཆེན་པོར་ཡིན་ཐག་བཅད་ཅིང་མིང་ཐོ་རུ་བཏབ་ཅིང་གྲངས་མིག་ཏུ་ཕབ་པ་དག་ཏུ་ཀླུ་སྒྲུབ་སོགས་ཀྱི་མཚན་ཤིན་ཏུ་མཐོང་དཀའ་ཞིང་། “ཅིས་ཀྱང་ཀློག་དགོས་པ་བརྒྱ”དང“ངེས་པར་བལྟ་དགོས་པ་ལྔ་བཅུ”ཞེས་པ་སོགས་སུ་དེ་བས་ཀྱང་རྩ་ཤེས་དང་རྣམ་འགྲེལ་སོགས་བཅུག་ཡོད་པ་ཉུང་བའམ་མེད་པ་སྙམ། སྤྱིར་ཡང་རྒྱ་གར་དང་བོད་ཀྱི་མི་འདི་ཤིན་ཏུ་ཆེ་བཤད་ལ་དགའ་བ་ཞིག་འདུག་སྟེ། འཛམ་གླིང་གི་ས་ཁྲའི་ཟུར་གྱི་ཆེ་ཆུང་གྲི་ལྟག་ཙམ་ལས་མེད་ས་ཞིག་ལ་མཛུབ་མོ་བཙུགས་ནས“ཉི་འོག་གི་རྒྱལ་ཁམས་ལ་ཟློ་བ”སོགས་ཀྱང་སྨྲས་མྱོང་བ་ལྟ་བུའོ།།

                                                                                                                       ༢༠༡༤ ༡༠ ༡༢

༈ ལག་སྣེའི་ཟིན་བཏུས།

འཇིག་རྟེན་རྙིང་བར་རྩོམ་མང་ཞིག་ལ་བསྟན་བཅོས་ཟེར། དེའི་ངོ་བོའི་ཚད་གཞི་ནི“དྲུག་བྲལ་གསུམ”དུ་གཏན་ལ་ཕབ་ཡོད། ཚད་གཞི་དེས་དེང་གི་རྩོམ་ལ་བརྟགས་ན་མང་ཞིག“དྲུག་ལྡན་གསུམ་བྲལ”འདྲ་བོ་ཆགས་ཚར་ཡོད། དེ་ལ་ཅི་མི་སྐྱོན་མོད། བསྟན་བཅོས་ཕལ་ཞིག་ལ་ཚིག་ངོས་སུའང་ཚད་གཞི་མ་འདྲ་བ་ཞིག་ཡོད། དང་པོ་ལ་གཉིས། གཉིས་པ་ལ་གཉིས་སོགས་ཀྱིས་རྒྱས་འདེབས་པ་དེའོ། ། དེའི་ཁྱད་ཆོས་ནི། གཅིག་ཚགས་དམ་པ། གཉིས་ཚིག་འཁྲི་སྤོང་བ། གསུམ་མགོ་མཇུག་ཡོད་པ། བཞི་གནད་གསལ་བ་བཅས་ཤིག་ཡིན། འཆད་བྱ་ལས་ཅུང་ཟད་ཕར་བརྒལ་ནའང་འཕྲོས་དོན་ཞེས་མིང་གཞན་ཞིག་འདོགས་པར་བྱེད། དེང་བསྟན་བཅོས་ཀྱི་ཚད་གཞི་ཡིས་རྩོམ་འབྲི་ཤེས་མཁན་ཤིན་ཏུ་ཉུང་ངོ་། །

བོད་ཀྱི་དབང་དུ་བྱས་པའི་དོན་གྱི་སྙན་ངག་དང་ཚིག་གི་སྙན་ངག་ཅེས་པ་འདི་འདྲར་དབྱེ་སྟེ། རྡོ་སྦིས་དགེ་བཤེས་དང་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ལྟ་བུ་དོན་གྱི་དང་ཞང་ཞུང་ཆོས་དབང་གྲགས་པ་དང་སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་སྙན་ངག་ལྟ་བུ་ཚིག་གི་སྟེ། ཚིག་གི་ཞེས་དམན་པར་གཅོད་པ་དང་དོན་གྱི་ཞེས་གཟེངས་བསྟོད་པ་དེ་འདྲ་ཡང་མིན། གཅིག་དེ་དོན་རྐྱང་རྐྱང་དང་ཅིག་ཤོས་ཚིག་ཁོ་ན་ཡིན་ཟེར་བའང་མིན། ཅི་ཡིན་ཞེ་ན། དབྱེ་སྒོ་སྟེ་མཁས་པ་རྣམས་ཀྱི་བསམ་པའོ། ། འདི་མ་ཤེས་པས་དེང་མི་ལ་ལས་དགེ་ཆོས་སོགས་ཀྱིས་བྲིས་པའི་ཁ་གསལ་གོ་བདེ་ཤགས་མང་གནད་སྣུན་གྱི་རིགས་ལ་ཚིག་གི་སྙན་ངག་དང་ཚིག་གི་རོལ་རྩེད་འབོད་པ་ནི་ནོར་བ་རྔམས་པོ་ཆེའོ། །

དཔྱོད་ལ་འཇུག་སྐབས། དོན་ལ་ལ་ཞིག་སྐྱེ་འགག་གཉིས་ཐད་ནས་མག་མོག་རབ་རིབ་ཅིག་རེད་ལ། དེ་ལ་སྡོམ་ཚིག་ཀྱང་མག་མོག་རབ་རིབ་ཅིག་ལས་འཇོག་ཏུ་མ་ཡོད་མོད། འགའ་རེས་ཅིས་ཀྱང་གསལ་པོ་ཤོད་ཟེར་འབར་རོ། ། ཁོ་ཚོར་སྤྱོད་ཁང་དང་རླངས་འཁོར། ཤིང་རྟ་དང་ནུ་མ་ལྟ་བུའི་མཐོང་རེག་འཛིན་དུ་ཡོད་པ་ཞིག་ལབ་དགོས་པ་ཡིན་ཐང་མོད། བློ་རྣལ་དུ་གནས་པ་དག་མི་ནུས་སོ། །

ང་ནི། ཀུ་ཤུ་རྟགས་ཅན་གྱི་ཁ་པར་མང་པོ་བཀད་སོང་ཟེར་བའི་གཏམ་གསར་ལྡོམ་པོ་དེ་རིགས་ལ་ཡིད་གཏན་ནས་མི་ཆེས། དེ་ལྟར་བསྒྲགས་མཁན་དག་གིས་ཀུ་ཤུ་རེ་བཀད་དུས་སྒྲ་ཆེ་རབས། འོད་འཁྱུགས་རབས། མེ་ལྷུང་རབས། མི་རྨས་རབས་སོགས་ཧ་ལམ་དམག་འཁྲུག་གི་སྣང་བརྙན་འདྲ་བོ་ཞིག་བརྡ་སྤྲོད་ཀྱི་འདུག་མོད། དེ་ལྟར་ཡིན་ཚེ་སྤྱི་གཉེར་ཁང་དེས་ཀུ་ཤུའི་ཁ་པར་བཟོས་པ་མིན་པར་ཀུ་ཤུའི་འགད་རྫས་བཟོས་པ་རང་རེད། དེས་ན་ཁ་པར་བྱས་ཏེ་བཙོང་བ་ལས་འགད་རྫས་བྱས་ཏེ་བཙོང་ན་ལྷག་ཏུ་ཆོད་མི་ཆེ་འམ། ཕྱིར་ཞིང་གཡུལ་འགྱེད་མཚམས་མི་ཆད་པའི་ཡུལ་ལུང་དེ་རིགས་སུ་འདྲེན་རིགས་པ་ལ། འདི་ཙམ་ཞིག་ཀུ་རེ་ཡིན་མོད། ཐོན་རྫས་རྫུན་མ་མ་ཉོ་དང་། ཁྱོད་རང་ཀུ་ཤུས་གསད་ཚེ་ང་ཡིས་སྲོག་སྐྱིན་འཇལ་ངེས།

བདེན་པ་བཙལ་སྟངས་མང་པོ་ཡོད་པའི་ཁྲོད་ཀྱི་གཅིག་ནི། དོན་དག་གཅིག་ཉིད་དུས་རབས་ནས་དུས་རབས་སུ་ཁ་མང་པོས་ཐེངས་རྫོགས་མེད་དུ་ཤོད་པ་དེའོ། ། དཔེར་ན་ཐེག་ཆེན་བཀའ་ཡིན་མིན་གྱི་གནད་དོན་ལྟ་བུ་སྟེ། གནའ་ཉན་ཐོས་སྡེ་བའི་དུས་ཀྱི་མི་ནས་བཟུང་ད་ལྟར་གྱི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་བར་བརྩད་ཅིང་རྩོད་དོ། ། ཚིག་གི་རྒྱས་བསྡུས་དང་ཟབ་ལོས་སོགས་ཅུང་མི་འདྲ་བ་ལས་རྩོད་རྒྱུ་དང་རྩོད་སྟངས་ནི་གཅིག་པ་གཅིག་རྐྱང་ངོ་། ། འདི་ལ་བསྐྱར་ཟློས་ཡིན་མིན་གྱི་སྐད་ཆ་དེ་ཡང་མི་མཛའ། ཇི་ལྟར་ཁ་མང་པོས་ཐེངས་མང་པོར་བཟླས་པ་དེའི་ཚོད་ཀྱིས་ཇེ་གསལ་ཇེ་དག་ཏུ་ཡོང་གི་ཡོད་པར་བརྩིའོ། །

མྱང་ཚ་དཀར་རྒྱན་ནི་མི་ལ་རས་པའི་ཨ་མ་རེད། ཕྱི་མ་དེ་སྔ་མ་ལས་བྱུང་བ་རེད། སྔ་མ་འབྱུང་ཁུངས་དང་ཕྱི་མ་བྱུང་བའི་ཆོས་རེད། མྱང་ཚ་དཀར་རྒྱན་མེད་ན་མི་ལ་རས་པ་ཡོད་ཐབས་ཀྱང་བྲལ། ཁོང་མ་བུ་གཉིས་ཀྱི་ཁ་སྒོ་སྐྱེ་འབྲས་དང་གཤིས་ལུགས་བྱ་སྤྱོད་སོགས་ལ་འདྲ་ས་ཡང་མང་ངེས། ཡིན་ནའང་། དེའི་རྐྱེན་གྱིས་མི་ལ་རས་པ་དང་མྱང་ཚ་དཀར་རྒྱན་གཉིས་གཅིག་པ་རེད་ཟེར་མཁན་ཡོད་མི་སྲིད། དཔེ་བཞག་ན། རྩོམ་ལུས་གསར་རྙིང་གི་འབྲེལ་བ་ཡང་དེ་ལྟ་བུ་ཞིག་རེད། མ་བུའི་བར་གྱི་འབྲེལ་བའོ། ། འབྱུང་ཁུངས་དང་བྱུང་བའི་ཆོས་ཀྱི་འབྲེལ་བའོ། ། མྱང་ཚ་དཀར་རྒྱན་དང་མི་ལ་རས་པ་གཉིས་ཀྱི་ལྟ་བ་དང་རྟོགས་པ་དང་འཆར་སྒོ་སོགས་ཡེ་མི་འདྲ་བ་ནང་བཞིན། སྲོལ་རྒྱུན་གྱི་རྩོམ་ལུས་དང་དེ་ལས་བྱུང་བའམ་གྱེས་པའི་རྩོམ་ལུས་གསར་བ་གཉིས་ཀྱི་ཁྱད་ཆོས་དང་ཤན་སྟོབས་སོགས་ཀྱང་རྦད་དེ་འདྲ་ཡི་མེད་དོ། །

གཞུང་སོགས་མ་ཡིན་པའི་རྩོམ་ནི་མ་མཐའ་ཡང་ཁ་གསལ་བཀོལ་བདེ། བབ་ཆགས་ཉམས་ཅན་ཞིག་དགོས་ཀྱི། དེ་ཡང་མི་ནུས་ན་རེ་ཞིག་དེ་ཡོང་བྱེད་ཀྱི་ཐོས་བསམ་ལ་འབད་རིགས་པ་ལས། ཚིག་ཚོགས་སྤུངས་ནས་རྩོམ་ཡིན་སྒྲོག་པ་ལ་དགོས་པ་ཅང་ཨེ་ཡོད་སྙམ། འདི་ནི་གནས་ལུགས་ཕྲ་མོ་ཕྲ་མོ་ཞིག་རེད། ཡིན་ན་ཡང་གནས་ལུགས་ཕྲ་མོ་འདི་ཙམ་ཤེས་པ་ལའང་མི་ལོ་ཅུང་མང་པོ་ཞིག་དགོས་པ་ནི་མྱོང་བས་ཤེས། ལ་ལ་ཚིག་ཚོགས་སྤུངས་པར་ཤིན་ཏུ་དགའ། དེ་ལ་རྩོམ་རིང་པོ་འབོད། སྤྱིར་ན་ཐུང་ངུ་མང་པོ་མཉམ་དུ་སྦྲེལ་ན་རིང་པོ་རེད། དེ་ལས་གཞན་དུ་རིང་པོ་ཞེས་ཁ་ཁ་ཞིག་མེད་ཅིང་། ཕར་བལྟས་ཚོད་ལ་ཤིན་ཏུ་རིང་བའི་རྩོམ་དེ་དག་ཀྱང་། དོན་གྱིས་ནི་ཐུང་ངུ་ཚིག་དུམ་རེ་རེ་བསགས་ནས་གྲུབ་པ་རྐྱང་ཡིན་མོད། འདི་ཡང་ལས་སླ་པོར་ཤེས་པ་ཞིག་ཨེ་ཡིན་སྙམ། ད་ལྟ་ང་ཚོར་རྩོམ་འབྲི་མཁན་མང་པོ་འདུག་མོད། དེ་ཅི་ཡིན་དང་། དེ་ཅིའི་ཕྱིར་འབྲི་དགོས་པ་སོགས་ལ་བསམ་བློང་གཏོང་ཕོད་མཁན་མང་པོ་ཨེ་ཡོད་སྙམ། དུས་དེབ་ཏུ་བཀོད་པ་ཙམ་དང་དཔེ་དེབ་ཏུ་བཟོས་པ་ཙམ་གྱིས་རྩོམ་ཡིན་པར་རློམ་གྱི་འདུག་མོད། ང་ནི་བསྡད་ཀྱིན་བསྡད་ཀྱིན་འདང་རྒྱག་ཏུ་ཚུད་ཀྱི་ཡོད།

ཆོས་ལུགས་ཡག་པོ་འདུག་ཅེས་པའི་ནང་དོན་ཙམ་ཡོད་ཚེ་རྩོམ་སྤུས་ངན་གཏན་ཚིགས་ཆལ་ཆོལ་གང་གི་ཚོགས་ལའང་མི་འགྲོ་བ་ཞིག་ཡིན་རུང་མི་ཚོས་དེ་ལ་བསྔགས་པ་རྗོད་རྐྱང་བྱེད་ཅིང་། ཆོས་ལུགས་དེ་ཙམ་རེད་ཅེས་པའི་ནང་དོན་མཆིས་ན་ནི་རྩོམ་རབ་བརྒྱའི་ཡང་རབ་ཅིག་ཡོད་ཀྱང་སྐྱེ་བོ་དག་མ་གོ་མ་ཤེས་ཁུལ་བྱེད་པ་ཡིས་མཐར་གཏུགས་ན་ཅི་ཞིག་མཚོན་ནམ། ཧ་ལམ་འདི་མཚོན་པ་ཡིན་སྙམ། མི་རབས་དེར་གཟུ་བོར་གནས་པ་ཟད་ཅིང་རིག་པ་བདེན་པའི་དོན་ནི་ཆེས་ཟུར་ཞིག་ཏུ་ཕུད་ཡོད་པའོ།།

རྫུན་དང་ཕྲག་དོག་སོགས“གཏན་དུ་སྤངས་ཚར།” “དྲི་མ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས།” “ནམ་ཡང་དཔེ་མི་སྲིད”ཅེས་པ་སོགས་ནི“ཞལ་རས་ལ་ཉི་མ་སྟོང་གི་འོད་ཟེར་འབར”ཞེས་པ་ལྟ་བུའི་སྨྲ་བའི་རྣམ་གྲངས་གཞན་ཞིག་ཡིན། འཚོ་བ་དངོས་ཀྱི་ཁྲོད་ན་ནི་ཡོད་མ་སེམས། འཁོར་བ་སྤྱིའི་དབང་དུ་བཏང་ནའང་ཆེས་སྙིང་ཉེ་ཤོས་ཡིན་སྐད་ཀྱི་ཁྱོ་ཤུག་གི་བར་དུའང་རྒྱབ་འགལ་ཆུང་ངུ་མང་པོ་དང་རྫུན་རྩག་རྩིག་ཅི་རིགས་མཆིས་ཤ་སྟག་ན། འབྲེལ་བ་དེ་ལས་རིང་བའི་མི་དག་གི་བར་བློ་དཀར་རྐྱང་རྐྱང་བྱེད་དགོས་པར་འདོད་པ་ནི་ཧམ་སེམས་ཤིག་རེད་སྙམ། གྲོགས་པོ་དང་དགའ་རོགས་འཚོལ་བར་ཆ་བཞག་ན། རྫུན་མང་པོ་མི་ཤོད་པ། ལྟོས་བཅས་ཀྱིས་ཕྲག་དོག་ཅུང་སྲབ་པ། སྲོག་ལ་ཐུག་པ་ལྟ་བུ་འབྱུང་བ་མིན་ན་རྐུ་གཏན་ནས་མི་བྱེད་པ་ཞིག་རྙེད་ཚེ་འགྲིག་ཡོད། དེའི་ཡན་ཞིག་འཚོལ་འདོད་པ་ནི“སངས་རྒྱས”འཚོལ་བ་ཡིན་པས་འཇིག་རྟེན་འདིར་ལྟ་ཞོག་འཇིག་རྟེན་གཞན་དུའང་ཨེ་རྙེད་མི་ཤེས་སོ།།
༡༠
ལ་ལས་རྒྱ་བླ་ཆེ་གེ་མོ་ཡ་མཚན་ཡིན་ལུགས་བརྗོད་སྐབས་གང་དེའི་འཁོར་དུ་རྒྱ་རྒྱ་མོ་ཧ་ཅང་མང་རབས་ཤིག་འདྲེན་དགའ། གང་དེས་ཆོས་སོགས་འཁྲིད་སྐབས་མི་འབུམ་ཕྲག་རེ་ཟུང་འདུ་བ་ཡོད་ཅེས་ཧ་ཅང་ངོམ་སོར་འཁྱེར་མོད། མི་མང་པོས་བསྐོར་ན་ཡ་མཚན་དུ་འགྲོ་ཚེ་ཤང་ཀང(香港)ལ་སྐད་གྲགས་ཆོད་པའི་རྡོ་རྗེ་འཆང་ཞེས་པ་དེར་རྒྱ་བླ་བོད་བླ་སུས་ཀྱང་འགྲན་ཨེ་ཐུབ་སྙམ། ཁོའི་རྗེས་ཞུགས་ཀྱི་མི་ནི་གྲོག་ཚང་དང་སྐར་ཚོགས་དང་རྩྭ་ལྡུམ་བཞིན་འབེལ་བས་སོ། ། མེ་ཁོལ་ལྗག་སོན(Michael Jackson)སོགས་ཀྱི་གླུ་ལེན་ཆེད་ཚོགས་ལ་འདུ་བའི་མིའི་གྲངས་དང་བསྡུར་ན་འུ་ཅག་གི་བླ་མ་ཚོར་དབང་སོགས་ཞུ་བའི་གྲངས་ནི་རྒྱ་མཚོའི་གམ་གྱི་ཆུ་འཁྱིལ་ལས་མ་འདས་སྙམ་མོ།།

                                                                                                                                          ༢༠༡༤ ༡༠ ༡༢

༈ བླ་གྲྭ་མང་པོས་ཡེ་ཤུའི་འཁྲུངས་སྐར་རོལ་གྱིན་པ་མཐོང་ནས་བྲིས།

ཁྱོད་ཚོ་དེར་མི་དགའ་བ་མིན་ནམ། ཁྱོད་ཚོས་དེ་མི་རོལ་བ་མིན་ནམ། ཁྱོད་ཚོས་དེའི་ཆེད་དུ་གཞན་ལ་ཁ་རྡུང་གཏོང་གི་ཡོད་པ་མིན་ནམ། ད་ཅི་རེད། གཞན་སུ་ལས་ཀྱང་སྔ་བ་བྱས་ཏེ་རང་གཞན་གཉིས་ཀྱི་ཚབ་བྱས་ཏེ་གང་ལ་རྒྱུག་གི་ཡོད་དམ། སྡོད་དང་། དངོས་གནས་མི་སྲོན་ནམ། ཟ་འཕྲུག་ལངས་སོང་ངམ། ཁ་ནང་ལ་ཅིག་གིས་སློག་པ་ལྟར་སྐད་ཆ་སྒོར་ཕྱུང་སོང་ངམ། རང་གི་ཁའི་ཤེད་ལ་རང་གིས་མི་འདང་ངམ། ཁ་དེ་གཞན་ལ་ཐོགས་ཡོད་པ་ལྟ་བུ་ཞིག་རེད་དམ། རང་གི་ལག་པའི་ཤེད་ལ་རང་གིས་མི་འདང་ངམ། ལག་པ་དེ་གཞན་ལ་སྐྱེས་ཡོད་པ་ལྟ་བུ་ཞིག་རེད་དམ། རྒྱུད་རང་དབང་མེད་པར་ཅིག་གིས་བརླབས་བཞག་གམ། མཐུ་རྩལ་ལྟ་བུ་ཞིག་གིས་གང་ལ་ཁྲིད་ནས་བུད་འགྲོ་འམ། དེས་ན་སོས་དལ་དུས་ཁ་དཔའ་འཐེན་ནས་ཅི་བྱེད། ད་ཚང་མ་བྱ་ལ་འགྱུར་རྒྱུ་ཡིན་ནམ། ད་ཚང་མས་སྒུམ་བུ་འཐུ་རྒྱུ་ཡིན་ནམ། ཁྱོད་ཚོས་རྒྱུན་དུ་བཤད་པའི་རང་ཚུགས་ཟེར་བ་དེ་རིང་ས་འོག་ལ་བུད་སོང་ངམ།

གནད་འགག་གི་སྐབས་སུ་མྱི་ཁ་འཁོར་མྱོང་མཁན་ཚོས་ནི་རང་ཚུགས་ཕྲན་བུ་ཟིན་གྱི་འདུག་མོད། སོས་དལ་དུས་མི་འདི་དང་དེ་ཡེ་ཤུའི་ཆོས་ལུགས་པ་རེད་ཅེས་མྱི་ཁ་གཏོང་མཁན་མྱོང་མཁན་ཚོས་ད་རེས་ལུས་ཀྱི་རྟགས་བརྗེས། ཁ་ཡི་ཚིག་བརྗེས་ཏེ་རྒྱ་གྲམ་གྱི་རྩར་འདུས་བྱུང་བ་འདི་ཅི་ཡིན་ནམ།

ཆོས་སྤེལ་དུ་ཡོང་མཁན་ལ་རིགས་གཉིས་ཏེ། དང་པོ་ནི། ཆོས་ཀྱི་གཞུང་དོན་དཔྱིས་ཕྱིན་པར་ཤེས་ཤིང་དེ་ཉིད་གཞན་ལ་གོ་རུ་འཇུག་པ་ཙམ་ལས་ཀྱི་གཙོ་བོར་བྱེད་པའོ།། གཉིས་པ་ནི། ཆོས་ཀྱི་གཞུང་དོན་མི་ཤེས་ཤིང་ཆོས་ཚོགས་ལས་སྒོར་མོ་བླངས་ཏེ་བས་མཐའི་ཡིག་རྨོངས་པ་ཚོར་བསླུ་བྲིད་བྱས་ཏེ་དད་པ་ཡོད་ཅིག་ཐབས་བརྒྱ་ཇུས་སྟོང་གིས་ཁས་ལེན་དུ་འཇུག་པའོ།། ཕྱི་མ་དེ་ཚོས་དོན་ཆུང་ངུ་ཞིག་ཀྱང་ཆེ་རུ་སྐྱེད་པར་བྱེད། དཔེར་ན། ཁོ་ཚོ་དང་ལྷན་དུ་ཇ་ཞིག་འཐུང་བའམ། པར་ཞིག་བརྒྱབ་པ་ཚུན་ཆད་ཀྱིས་ཁྱོད་རང་དད་ལྡན་དུ་སྒྲོ་འདོགས་པའི་ཉེན་ཁ་ཡོད། ངོ་བོའི་ཆ་ནས་བཤད་ན་ཁོ་ཚོས་དད་མེད་དད་ལྡན་དུ་བསྒྱུར་ཐུབ་པ་ལྟ་ཞོག ཁོ་ཚོ་རང་ཉིད་ཀྱང་དད་ལྡན་དུ་འགྲོ་མིན་བརྗོད་ཁག་པོ་ཡིན་ནོ། ། བོད་མི་ཆོས་ལ་ཞུགས་མཁན་ནམ་དེར་ཆ་ཤས་ལེན་མཁན་དག་ལའང་རིགས་གཉིས་ཤིག་མཆིས། དང་པོ་ནི། བརྟག་པ་སྔོན་སོང་གིས་འཇུག་པའི་སྐོར་དེ་དཔེར་ན་བྷ་བུ་མཐར་ཕྱིན་ལགས་ལྟ་བུ་རེད། གཉིས་པ་ནི། ཆོས་ཀྱི་གཞུང་སོགས་ཅི་ཡིན་མི་གོ་ཡང་ལུགས་སྲོལ་ཅི་མ་ཡིན་མང་པོར་དད་པ་འཇོག་ཁུལ་བྱེད་པའོ། ། ཕྱི་མ་འདི་དར་ཆེ་ཞིང་གཅིག་ཐང་ན་ཧ་ལས་པའི་ཚོད་དུ་ཐོན་ཡོད།

ང་ཚོའི་ཕ་ཆོས་མ་ཆོས་དངོས་ནི་ལོ་ཁྲི་ཕྲག་ཡན་ཆད་ཀྱི་ལོ་རྒྱུས་ལྡན་པའི་བོན་པོའི་ཆོས་ལུགས་རང་རེད། དེ་ང་ཚོས་ཞྭ་དང་གོས་བརྗེས་པ་བཞིན་དུ་བརྗེས་བཞག་པ་རེད། དེ་ནས་ཕྱི་རྒྱལ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ནང་བྱ་བརྒྱ་འུར་རྡོས་དེད་པ་ནང་བཞིན་འཛུལ་བཞག་པ་རེད། ཆོས་ལུགས་དེ་བྱུང་ནས་ལོ་སྟོང་ཕྲག་རེ་གཉིས་ཙམ་ལས་སོང་མེད་པས་རང་གི་བོན་དང་བསྡུར་ན་ནི་ཆོས་ལུགས་གསར་བ་རེད། ད་ཡང་ཐབས་མེད་པར་བརྗེ་དགོས་ན་ནི་བརྗེ་ཆོག་གི་རེད། འོན་ཀྱང་འཇུག་ཡུལ་གྱི་ཆོས་ལུགས་དེ་ཤེས་པ་གཞིར་བཞག་གིས་འཇུག་དགོས་པ་རེད། དེས་ན་ཐོག་མ་ནས་མི་ཤེས་མི་གོ་བ་ཞིག་གི་ལུགས་སྲོལ་ཕྲ་མོ་ཚུན་ཆད་བརྩི་བ་ལ་མི་བརྩོན་པར། ཆོས་ལུགས་གང་དེའི་འཇིག་རྟེན་གྲུབ་དོན་གྱི་ལྟ་བ། ཚེ་སྲོག་ལ་ཁུངས་སྐྱེལ་བྱེད་སྟངས་སྣ་ཚོགས། འཆི་འཕོ་བ་སོགས་ཀྱི་རྣམ་གཞག་མ་ལུས་ཁོང་དུ་ཆུད་པ་བྱས་རྗེས། འཐད་ན་ནི་གདོད་ཆོ་གར་ཞུགས་ཤིག ། དུས་ཆེན་ལ་རོལ་ཅིག དེ་ལྟར་མ་བྱུང་ཚུན་ཆད་གྱ་ཚོམ་རང་ཡིན་པས་རྨོངས་དད་ལས་མ་འདས་སོ། །

དམིགས་བསལ་གྱི་བསམ་བློ་པ་དང་སྒྱུ་རྩལ་པ་སྐོར་ཞིག་ལ་མཚོན་ན་ནི་ཆོས་ལུགས་འདི་དང་དེར་ཞུགས་དང་མ་ཞུགས་ཀྱི་སྐད་ཆ་ལབ་ཁག་པོ་ཡིན་ས་རེད། དཔེར་ན། ཨེ་ཡན་སི་ཐན(Albert Einstein)གྱིས་སྐབས་རེར་སངས་རྒྱས་ཆོས་ལུགས་ལ་བསྟོད་བསྔགས་བརྗོད་ཡོད་པ་དང་སྐབས་རེར་འཇིག་རྟེན་བྱེད་པོ་ཡོད་ལུགས་ཁ་གསལ་གྱིས་བསྒྲུབས་ཡོད་པ་ལྟ་བུ་རེད། རྡོ་སྦིས་དགེ་བཤེས་ཀྱིས་དགེ་འདུན་ཆོས་འཕེལ་ལ། ཁྱོད་ནི་གསར་མིན་རྙིང་མིན་ཕྱི་མིན་ནང་མིན་ཞིག་རེད་ཅེས་གསུངས་མྱོང་བ་རེད། དེ་ནི་དགེ་ཆོས་ཀྱི་སྐྱོན་མིན་པར། དགེ་ཆོས་དང་འདྲ་བ་དག་གི་ནང་སེམས་ཀྱི་གྲུབ་སྟངས་ཤིག་རེད་སྙམ།

ང་ནི་ཡེ་ཤུའི་ཆོས་ལུགས་ལ་ཀུན་སློང་གཙང་མས་རྟོག་མཁན་ཞིག་ཡིན། ཡིན་ཡང་དེའི་ཆེད་དུ་འུར་རྒྱག་མཁན་ཞིག་མིན། ངས་དེ་སྒྲུང་ཞིག་ཡིན་པ་མ་ཤེས་པ་མིན་པར་ཏག་ཏག་སྒྲུང་དེ་རང་གི་རྐྱེན་གྱིས་དགའ་དགོས་པ་བྱུང་། སྒྲུང་དེར་ང་ཚོའི་བོད་ཡིག་གི་སྒྲུང་ལ་གོ་བ་ལེན་པ་བཞིན་ལེན་མི་རུང་ཞིང་། དེ་ཡག་པོ་གོ་དགོས་ན་ནི་ཚིག་འགྲེལ་ཙམ་གྱིས་མི་ཆོག་པར། སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་དགོས་པ་ཡིན། ཡིན་ཡང་ངས་ཡེ་ཤུ་པ་ཡིན་ཟེར་བའི་བོད་མི་ཚོར་ཅིས་ཀྱང་དབུ་ཚད་སྔགས་སོགས་ཤེས་པ་བྱོས་ཟེར་གྱི་ཡོད། སངས་རྒྱས་ཆོས་ལུགས་སྤོང་དགོས་ན་དེ་མི་སྤོང་ཐུ་མེད་ཀྱི་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། ཐོག་མར་དེ་རྙེད་པ་བྱོས་ཟེར་གྱི་ཡོད། དེ་ནས་ཆོས་ལུགས་གཞན་དང་སྡུར་བ་བྱོས་ཟེར་གྱི་ཡོད། ད་གདོད་བརྗེ་དགོས་མིན་ལྟོས་ཟེར་གྱི་ཡོད་དོ།།

                                                                                                                        ༢༠༡༤ ༡༠ ༡༢
༈ དྲན་ཐོ་རྩག་རྩིག་མ།

ཚིག་རྩ་ཆེན་ཞིག་དྲན་གསོ་བྱེད་སྐབས་དྲན་གསོ་བྱེད་མི་ཐུབ་ཅིང་ཁུངས་གང་དུ་ཡོད་པའང་མི་ཤེས་པ་ནི་སྡུག་བསྔལ་ཞིག་རེད། དེ་ལས་ཀྱང་ཆེ་བའི་སྡུག་བསྔལ་ཞིག་ནི། རང་ལ་བཀའ་དྲིན་ཆེ་བའི་མི་ཞིག་གི་ཁ་རིས་ངོ་མདོག་བློ་ཡུལ་ནས་མག་མོག་ཏུ་གྱུར་པའོ། ། ངས་ཆེས་དྲན་པ། ང་ཆེས་དགའ་སའམ་དད་ས་ནི་ངའི་ཀློག་གི་དགེ་རྒན་པདྨ་རྒྱལ་མཚན་ཞུ་བ་དེ་ཡིན། ཁོང་ནི་ངའི་སྤོ་བོའང་ཡིན། ང་རང་ལོ་བཅུ་གསུམ་ཡིན་པ་དེ་འདྲ་ཞིག་ལ་ཁོང་སྐུ་གཤེགས་པས། ད་ལྟ་ནི་ཁོང་གི་ཁ་རིས་ངོ་མདོག་སོགས་མག་མོག་ཅིག་ལས་དྲན་མི་ཐུབ་ཅིང་། སྐབས་རེར་མག་མོག་ཅིག་ཀྱང་དྲན་མི་ཤེས་པར་གྱུར། ཇི་ལྟར་དྲན་མི་ཤེས་པར་གྱུར་པ་དེ་ལྟར་དྲན་ན་འདོད་ཅིང་། དྲན་ཙམ་བྱས་ཏེ་ཡང་མི་དྲན་པར་གྱུར་པ་ན་རང་གིས་རང་ལ་ཚིག་པ་ཟའོ། །

རིགས་པ་འདོན་པ་ནི་ཁ་བའི་ཐོག་ངེས་པར་འགྲོ་དགོས་པ་དང་དེ་ལ་རྐང་རྗེས་གཏན་ནས་འཕབ་མི་ཆོག་པའི་རོལ་རྩེད་ཅིག་རྩེ་བ་དང་མཚུངས་སོ། ། དེ་ལ་ཐབས་གཅིག་ལས་མེད་པ་སྟེ་གཅིག་པོ་ནི་ཁ་བ་འབབ་བཞིན་པའི་སྒང་ཁ་བའི་ཐོག་འགྲོ་བའོ། ། དེ་ལྟར་བྱས་ན་ཁ་བའི་ནང་སོང་བའི་གོ་ཡང་ཆོད་ལ་རྐང་རྗེས་ཀྱང་དེ་མ་ཐག་བསྒྲིབ་པར་འགྱུར་རོ། །

མཁས་པ་དག་གིས་གསུངས་པ་ཅི་མ་བདེན། འཚོ་ཚིས་དང་བརྩེ་དུངས། རིག་པ་དང་བདེ་ཐང་ཚང་མ་རླུང་ཆེན་དཀྱིལ་དུ་མེ་བུས་པ་དང་རྐང་སྒ་རིལ་ལ་ཞོན་པ་དང་ཨ་ན་མ་ན་རེད། མེ་མི་འཆི་བར་འདོད་ན་མཚམས་མེད་པར་བུད་ཤིང་བསྣོན་དགོས་པ་དང་། རྐང་སྒ་རིལ་མི་འགྱེལ་བར་འདོད་ན་མཚམས་མེད་པར་རྐང་པ་འགུལ་དགོས་པའོ། ། དེ་བས་རང་ལ་ངལ་གསོ་བྱེད་ཁོམ་ཞིག་ཡེ་ནས་མི་འདུག་པ་ཤེས་སོང་། དེ་བས་སོ་སོ་མི་ཁོམ་པའི་གནས་སུ་སྐྱེས་འདུག་པའང་ཤེས་སོང་།

བརྗོད་བྱ་རིགས་གཅིག་དང་རྩོམ་ལུས་སྣ་གཅིག་ལ་མོས་པའི་དུས་ལམ་གཅིག་ལ་ཞུགས་ནས་རྒྱུག་རྐྱང་བྱེད་པ་དང་འདྲ་བས། དམིགས་ཡུལ་གསལ་ཞིང་འཇུག་བདེ་བ་ཞིག་ཡོད། སྔར་གྱི་ང་ནི་དེ་འདྲའོ། ། མཁས་པའི་གཞུང་། སྒྲུང་གསར་རྙིང་། སྙན་ངག་སོགས་ལ་སྐབས་གཅིག་ཏུ་ཚད་གཅིག་གིས་དགའ་བར་གྱུར་ཚེ་ཤིན་ཏུ་བསྔལ་ལོ། ། དུས་གཅིག་ལ་ལམ་མང་པོར་འཇུག་དགོས་པ་དང་འདྲའོ། ། ད་ལྟའི་བདག་ནི་དེ་ལྟའོ། །

ཕྲན་གྱིས་དྲ་ལམ་ལ་བརྟག་གཉིས་ལས་བྱུང་བའི་ཚིག་ཅིག་དང་བུ་མོ་ཞིག་གི་འདྲ་པར་མཉམ་དུ་སྤེལ་བ་ན། ལ་ལས་པར་དང་ཚིག་གི་བར་ན་འབྲེལ་བ་ཅི་མི་འདུག་ཟེར་ནས་སྤྲོ་ཡི་མི་འདུག ཉི་མའི་ཁོར་ཡུག་ལ་སྤྲིན་ཞིག་བྱུང་ན་དེ་དང་ཉི་མའི་བར་ན་འབྲེལ་བ་ཅི་ཡོད་དམ། ཁྱོད་ཀྱིས་རྒྱ་སྲང་ཉུལ་ནས་འགྲོ་སྐབས་གྲྭ་བ་སྨྱོན་པ་ཞིག་གིས་གར་འཁྲབ་བཞིན་ཡོད་ན་དེ་དང་ཁྱོད་ཀྱི་བར་དུ་འབྲེལ་བ་ཅི་ཞིག་ཡོད། ཆར་བ་ཤག་ཤག་འབབ་དུས་ཤིག་ལ་ཁྱེད་ཚང་གི་མནའ་མས་རྩམ་པ་ཟ་འདོད་ཚེ་དེ་དང་ཆར་བའི་བར་ན་འབྲེལ་བ་ག་རེ་ཡོད། ཕར་བལྟས་ཚོད་ལ་དེ་དག་གི་བར་ན་འབྲེལ་བ་ཞིག་ཡེ་མེད་ཀྱང་། འབྲེལ་བ་ཅི་ལ་མེད། མ་མཐའ་ཡང་གནམ་ས་གཉིས་ཀྱི་འབྲེལ་བ་ལྟ་བུ་ཞིག་ཡོད་ཁོ་ཐག་ཡིན་ནོ། །

ང་ནི་རང་རྩོམ་གཞན་རྩོམ་ལ་འདྲ་བར་དགའ་བོ་མེད་ཁར། རང་རྩོམ་རང་རྩོམ་ལ་འདྲ་བར་ཡང་དགའ་བོ་མེད། དེ་བས་ངས་རྩོམ་ཁུལ་བྱས་པ་དག་ལ་ཁྱད་ཆོས་གཞན་ཡོད་མེད་ལ་མ་ལྟོས་པར་རྩོམ་རེ་རེ་ནི་མི་རེ་རེ་ནང་བཞིན་སོ་སོའི་གདོང་པ་དང་རྣམ་འགྱུར་དང་གཤིས་ཀ་སོགས་ཡོད་སྙམ་གྱི་ཡོད་དོ།། སོང་ཙང་རྩོམ་གྱི་ཁ་གྲངས་ཀྱང་ལྟོས་བཅས་ཀྱིས་ཅུང་ཟད་ཉུང་བ་ཡིན་ནོ།།
                                                                                                                              ༢༠༡༤ ༡༠ ༡༢

༈ ཚིག་སྐྱོན་ནས་འཛིན་པ་ལའང་ཚད་ཅིག་དགོས།

ཚིག་སྐྱོན་ནས་འཛིན་པ་ལའང་ཚད་ཅིག་དགོས་ས་རེད། བརྡ་གཅིག་ལ་འཇུག་ཡུལ་མང་པོ་ཡོད་པའང་གོ་བར་བྱ་དགོས་སྙམ། དེ་ལས་ལྡོག་ཚེ། སྐད་ཆ་ཐམས་ཅད་ལབ་མི་བདེ་བ་ལྟ་བུ་ཞིག་ཐོན་ཡོང་བས་ཅི་ལ་དྲག

ད་སྐད་ནི་མ་བཤད། གནའ་སྐད་རང་ལའང་བྱ་འཚོལ་བྱེའུ་འཚོལ་གྱིས་འཇུས་ན་ནི་འཐམ་ས་མང་པོ་ཡོད་དོ། །
དཔེར་ན། ༡ དོགས་པ་ཟ། ༢ གདོན་མི་ཟ། ༣ གོར་མ་ཆག ༤ སྙད་རྐོ་བ། ༥ དབང་ཟ་བ། ༦ སེམས་གསོད་པ་སོགས་ལ་གཅིག་སོམས་དང་།

༡ “དོགས་པ”ཞེས་པ་གོ་རེའམ་ཤ་རྡོག་ཅིག་མིན་པས། དེ་ཅི་ལྟར་བྱས་ནས“ཟ”དགོས་པ་རེད།

༢ “གདོན་མི་ཟ”ཟེར་ན་ཅི། འདྲེ་དང“གདོན”སོགས་སུས“ཟ”ཐུབ་བམ།

༣ “གོར་མ་ཆག”ཅེས་པ་ཡང་ཅི། “གོར་མ”ནི་རྡོ་བའི་དོན། “ཆག”ནི་དངོས་པོ་མཁྲེགས་པོ་ཞིག་དུམ་བུ་གཉིས་སམ་འགར་ལྷུང་བའི་དོན་ནོ། །

༤ “དབང”ནི“དབང་ཆ”སྟེ། དེ་ཁའམ་སོ་ཡིས་ག་རེ་བྱས་ནས“ཟ”དགོས།

༥ “རྐོ”ནི་ཐང་རྒོད་སོགས་ཅི་ཞིག་གིས་སློག་པའི་དོན་ཡིན་ན། “སྙད་རྐོ་བ”ཟེར་ནའང་རེད་དམ།

༦ “གསོད”ནི་སྲོག་གཅོད་པ་ལ་འཇུག་པས། “སེམས”རང་ཅི་ལྟར་བྱས་ཏེ་གསོད་དམ་སོགས་ལབ་ཡོང་ནའང་མ་ཆོག་པ་མེད་མོད། གོང་གི་བརྡ་འདི་དག་གྲགས་འཇུག་གཉིས་ཐད་ནས་མཚོན་སྟོབས་ཆེ་ཤོས་དང་། འཚོ་བའི་ནང་བཀོལ་ཐེངས་མང་ཤོས་ཆགས་ཡོད་ན། རྩད་པ་དང་རྩེད་མོར་དཔྱོད་པའི་དགོས་པའང་ཆེར་མ་མཆིས་སྙམ།

གསན་པར་རིགས་ལ“གསན་པའི་རིགས”ཞེས་བྲིས་པ་ལྟ་བུ་དང་། “ཞལ་སྔ་ནས་ཀྱི”ཞེས་པ་ལྟ་བུ་དང་། “ཁོང་ལ་སྙན་ངག་གསན”ཞེས་པ་ལྟ་བུ་སྟེ་སྤྱིར་བཏང་སུམ་རྟགས་ཀྱི་གཞུང་ལས་ཆེད་མངགས་གླེངས་པ་མེད་ནའང་གནའ་ནས་ད་བར་བྱང་བྱང་བར་བཀོལ་ཡོང་བ་དེ་འདྲ་ཤིན་ཏུ་མང་ངོ་། །

ལ་ལ་ལྟར་ཚིག་སྐྱོན་འབའ་ཞིག་འཚོལ་བ་ཡིན་ན་ནི། “སྦྲང་ཆར”ཞེས་པའི་བརྡ་དེའང་ཧ་ཅང་ཁག་པོ་ཡིན། དེ་ཡི་འགྲེལ་དུ། “རྩི་ཤིང་ལོ་ཏོག་སོགས་གསོ་བྱེད་སྦྲང་རྩི་ལྟ་བུའི་གྲུ་ཆར”ཞེས་བྱུང་མོད། དུས་ནམ་ཞིག་ལ་མི་སུ་ཞིག་གིས་སྦྲང་མ་ཁྲ་སིལ་སིལ་དག་ལས་སྦྲང་རྩི་བླངས། སྦྲང་རྩི་སེར་ཐང་ཐང་དག་གིས་རྩི་ཤིང་གསོས་པ་ཞིག་མཐོང་ངམ་ཐོས་སམ་ཞེས་འདྲིའོ། །

“གྲུ་ཆར”ཞེ་ན་ཡང་ཅི། གྲུ་ག་ཞིག་ནས་འབབ་པའི་དོན་ཡིན་ནམ། དེ་ཡི་འགྲེལ་དུ། “ཆར་འཇམ་པོ”དང“དལ་གྱིས་འབབ་པའི་ཆར”ཞེས་བྱུང་ཡང་། གྲུ་ཡི་ཐོག་ན་འཇམ་དང་དལ་གྱི་ཤུལ་ཙམ་མི་འདུག་ལ། ཆར་གྱི་ཐོག་ཏུ་དེ་བས་ཀྱང་མི་རྙེད་དོ། །

སྨྲས་པ། བརྡ་ཁྱོད་གོ་བ་བདེ་བླག་ཏུ། །འཕྲོད་ཕྱིར་ངང་བྱུང་བྱས་ཀྱང་བྱས། །དེ་ཡང་གྲགས་འཇུག་གཉིས་འཐད་ཅིག །དགོས་མོད་ལྷག་པར་གྲགས་གལ་ཆེ། །གཞན་དུ་རྩོད་སྤོང་ཟད་མི་ཚར། །ཅིའི་ཕྱིར་ཞེ་ན་བརྡ་ཀུན་རྩ། །འདོད་པ་ལས་ནི་རྒྱལ་བྱས་ནའོ། །

                                                                                                                               ༢༠༡༤ ༡༠ ༡༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བ་གདོང་འདེད་ཀྱི་ཚོམས།

2014-12-29 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།