ཐོལ་རྩོམ་ཁག་ཅིག

ཞོར་ཟས་བཀག་པར་རྒྱབ་སྐྱོར་ཡོད།

_____ དགེ་རྒན་དེ་ལའང་ཁག་མི་འདུག

ཁ་སང་དེ་རིང་། གོང་གི་འདྲ་པར་དེ་དང་དེ་ལ་གསལ་བཤད་མདོར་བསྡུས་ཤིག་བཅས་གང་སར་འཁུར་གྱིན་འདུག གསལ་བཤད་དུ། དགེ་རྒན་ཤ་བོ་རིན་ཆེན་ཟེར་བས་སློབ་ཕྲུག་མང་པོ་ཐོག་ཁང་གི་སྒེའུ་ཁུང་ལས་འཕེན་རྩིས་བྱས་མྱོང་རབས། ཁོ་པའི་ཤེས་བྱ་ཡོན་ཏན་ཞན་རབས། ད་རེས་ཀྱང་ཁོས་སློབ་ཕྲུག་འགའི་ཁ་ནང་སྟབས་ཐུག(方便面)འཛིན་བཅུག་སྟེ་མཉམ་དུ་བསླངས་ཤིང་མང་དུ་བརྙས་རབས་སོགས་བྲིས་འདུག

ཁོས་སློབ་ཕྲུག་དག་སྒེའུ་ཁུང་ལས་འཕེན་རྩིས་བྱས་ཡོད་མེད་དང་། ཁོའི་རིག་གནས་ཆུ་ཚད་ག་འདྲ་ཡིན་སོགས་རེ་ཞིག་ཁུངས་སྐྱེལ་བྱེད་ཐུབ་པའི་བརྙན་དཔང་སོགས་ཅི་ཡང་མེད་པས། བདེན་རྫུན་གང་དུའང་སྨྲ་མི་ཐུབ་མོད། འདྲ་པར་དེར་ཅུང་ཟད་དཔྱད་ན། འདི་འབའ་ཞིག་གི་ཐོག་ནས་དགེ་རྒན་དེས་དེ་འདྲའི་མ་ལེགས་པ་ཞིག་བྱས་ཨེ་ཡོད་སྙམ།

སློབ་ཕྲུག་དེ་དག་གི་ཁྱིམ་བདག་ཚོས། ང་ཚོར་བྱིས་པ་ལ་སྟབས་ཐུག་སོགས་མ་གཏོགས་སྤྲོད་རྒྱུའི་ཆ་རྐྱེན་མེད། འདི་དག་ཟ་རུ་མ་བཅུག་ཚེ་ཁོ་ཚོ་ལྟོགས་ངེས་ཡིན། རྒྱུན་དུ་འདི་ལྟར་ཟ་མ་ཟ་རུ་མ་བཅུག་ཚེ་བྱིས་པར་ཕོ་ནད་འབྱུང་སྲིད་ན། འགན་འདི་དགེ་རྒན་ཁྱོད་ཀྱིས་འཁུར་དགོས་ཞེས་སྐད་ཆ་བཙན་པོ་བཤད་ཐང་། ཡང་ལ་ལས། བྱིས་པ་དེ་ཚོས་སོ་སོའི་སྒོར་མོ་བཀོལ་ནས་ཚོང་ཁང་གི་བཟའ་བཅའ་ཉོས་པ་རེད། དགེ་རྒན་དེའི་སྒོར་མོ་བཀོལ་བ་མ་རེད། དགེ་རྒན་དེ་ཚང་གི་ཟ་མ་ཟོས་པའང་མ་རེད། དེ་བས་ཁོར་གཟེར་རྒྱུ་ཅི་ཡོད་ཟེར་ནའང་ཅི་ཆ། ད་དུང་ཁྲིམས་ལུགས་དང་རང་དབང་དང་ཁེ་དབང་སོགས་ཀྱི་གནམ་རུ་ཀླད་ལ་བསྐོར་ཚེ་དགེ་རྒན་དེའི་ལས་ཀ་འཆོར་སྲིད་ལ། མཐའ་ན་བཙོན་དུ་འགྲོ་དགོས་པའི་སྟེང་ལའང་མི་རྒྱག་མི་སྲིད་སྙམ།

འོན་ཀྱང་གཞན་དཔེ་རང་ལེན་བྱས་ནས་བཤད་ན། ཁོ་བོ་སྟབས་ཐུག་ལ་སུན། དམར་ཁ་ཚ་ལ་སྡང་། ཞོར་ཟས་ཉག་ཉོག་ལ་དགའ་བོ་མེད། ཅིའི་ཕྱིར་ཞེ་ན། དེ་དག་གིས་ནད་རིགས་འདྲ་མིན་སློང་བས་ཡིན། ཟོས་དྲགས་ན་ཚེ་སྲོག་ལ་བར་དུ་གཅོད་པའི་སྲིད་པའང་ཡོད་པས་ཡིན། དེ་དག་འགོག་ཆེད་ངས་སྙིང་གི་བུ་ཆུང་ལོ་གཉིས་ལོངས་ཙམ་པོར་ཡང་གཤེ་གཤེ་ཅུང་ཟད་རེ་གཏོང་གི་ཡོད། ཁོ་རང་ཆུང་དྲགས་ནས་སློང་ས་མི་འགྲོ་བ་མ་གཏོགས་ངས་ཀྱང་སློང་ལས་ཆེ། རྒྱུ་མཚན་ནི་ངས་རང་གི་བུ་ཆུང་ནད་པ་ཞིག་ཏུ་འགྲོར་འཇུག་མི་འདོད་པས་ཡིན། ཚེ་ཐག་རིང་ཙམ་ཡོད་ན་འདོད་པས་ཡིན། མཐར་གཏུགས་ན་ཕ་རྒན་གྱིས་བུ་ལ་ཤ་ཚ་བས་ཡིན། འདི་ལྟར་བསམ་བློ་གཏོང་སྐབས་ངས་དགེ་རྒན་དེའི་བྱ་སྤྱོད་ལ་བདེན་ཆ་ཅུང་ཞིག་ཡོད་པ་མཐོང་གི་འདུག

བྱིས་པ་དེ་ཚོས་སྟབས་ཐུག་དང་དམར་ཁ་ཚ་ཟོས་པས་དགེ་རྒན་དེའི་ཟླ་ཕོགས་ཇེ་ཉུང་ལ་འགྲོའམ། བྱིས་པ་དེ་ཚོས་སྟབས་ཐུག་དང་དམར་ཁ་ཚ་ཟོས་པས་དགེ་རྒན་དེའི་ཁང་བ་ཇེ་ཆུང་དང་གྲོ་ཕྱེ་ཇེ་ཉུང་ལ་འགྲོའམ། འགྲོ་བ་མ་རེད། དེས་ན་དགེ་རྒན་དེས་དགེ་རྒན་ཁོ་རང་གི་ཁེ་ཕན་བསམས་པ་མིན་པར་བྱིས་པ་དེ་ཚོའི་བདེ་ཐང་བསམས་པ་ཞིག་མིན་འགྲོ་དྲན།

པར་ཐོག་གི་རྣམ་པ་དེ་མི་སེམས་ལ་གནོད་པ་ཞིག་དངོས་གནས་རེད་མོད། དེ་ལས་ལྷག་པའི་ཐབས་བཀོད་ཅིག་ཕ་རྒན་ཡིན་པའི་ངས་སོ་སོའི་བུ་ཆུང་ལའང་སྤྱོད་ཤེས་ཀྱི་མེད་ན། དགེ་རྒན་ཁོར་ཁག་ཅི་ཡོད་སྙམ། འཇམ་པོ་རྐྱང་རྐྱང་གི་ལམ་ནས་འགྲོ་དགོས་ཟེར་བ་ནི་སློབ་གསོ་སྨྲ་བ་དག་གི་ཁ་གཡང་ཞིག་ཡིན་མོད། བཤད་སླ་བ་དེ་དག་སྒྲུབ་རང་དཀའ་བ་ཞིག་ཡོད་པས་སྤྱིར་བཏང་གི་དགེ་རྒན་ཞིག་ལ་འཐུས་ཤོར་ཕྲན་བུ་རེ་མི་ཡོང་བ་མི་སྲིད་སྙམ།

དེའི་ཕྱིར། ངས་བལྟས་ན། དགེ་རྒན་དེ་ཁྲིམས་ལུགས་སོགས་དང་འགལ་ཡོད་ཀྱང་སྲིད་མོད། ལྷག་བསམ་དང་འགལ་ཨེ་ཡོད་སྙམ།

ལམ་མདོའི་འགྲུལ་པ་གཏོལ་མེད།

རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དང་། སོ་སོའི་མི་རྒྱུད་ཕྱི་མའི་དོན་དུ། དྲིན་ཆེན་ཕ་མ་ཤུལ་ཆད་དུ་བཏང་། བརྩེ་བའི་བཟའ་ཟླ་ཡུག་ས་ལ་ཕུད། ཤ་ལས་ཆད་པའི་བུ་ཕྲུག་དྭ་བུར་བསྐྱུར་ཏེ་རང་ཤི་རྒྱག་པའམ་ཁྲི་མུན་དུ་འགྲོ་བ་སོགས་ཀྱིས་མི་སྣ་རླབས་ཆེན་ཆགས་ཀྱི་ཡོད་པ་རེད། ལོ་རྒྱུས་ཐོག་གི་མི་རིགས་ཀྱི་དཔའ་བོ(民族英雄)ཟེར་བ་ཕལ་ཆེར་ལམ་འདི་འདྲ་ཞིག་ནས་ཡོང་བ་ཡིན་གཤིས་ཐམས་ཅད་ཀྱིས་དགའ་ཞིང་གུས་པ་ཡིན་ནོ།།

མི་སུར་མཚོན་ནའང་ཁྱོད་རང་ཕ་མ་གཉིས་ཤིག་གམ་དེའི་ཚབ་རུང་བའི་དྲིན་ཆེན་ཞིག་གིས་བསྐྱངས་ཡོང་བར་ཐེ་ཚོམ་མེད་ན་དེ་ལ་ཞབས་ཏོག་འདང་ངེས་བསྒྲུབ་རྒྱུ་ཡང་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཅི་ལ་མིན། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་ཕལ་མོ་ཆེ་དང་གནའ་རྒྱལ་ཚེ་ལོ་ཚུན་ཆད་ཀྱིས་དོན་དེ་རྩལ་དུ་བཏོན་ནས་རྗོད་བཞིན་ཡོད་པ་རེད།

ཕ་མ་རྣམས་ཀྱི་བརྒྱ་ཆའི་དགུ་བཅུ་གོ་དགུ་ལྷག་གི་རེ་བ་ནི། སོ་སོའི་ཕྲུ་གུ་བར་ཆད་མེད་པར་ཚེ་ལོ་མཐར་ཕྱིན་རྒྱུ་དེ་ཡིན་པས། བྱ་བ་རླབས་ཆེན་ཇི་འདྲ་ཞིག་གི་ཕྱིར་དུའང་ཕ་མ་དང་གཏན་བྲལ་བྱེད་རྒྱུ་མེད། དེ་ནི་ཁོང་རྣམ་གྱི་རེ་བ་ཆེ་ཤོས་ཡིན་པས་བརྩི་མི་བརྩི་བུ་ཕྲུག་ལ་ཐུག་ཡོད་པ་རེད། གལ་ཏེ་ཡ་མཚན་ཞིང་དཔོག་དཀའ་བ་ཅི་ཞིག་གི་ཕྱིར་ཁྱོད་ཀྱིས་མི་ཡུལ་དང་གཏན་བྲལ་བྱས་པ་ཡིན་ན། ཕ་མའི་ངོས་ནས“ལ་མཐོན་པོར་འགོ་བའི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་བའི་ཁྱིམ་སྲུང”བརླགས་པ་ཡིན་པས། དེ་ལས་ཆེ་བའི་གྱོང་ཞིག་ག་ལ་ཡོད་དེ་མེད་དོ།།

སོང་ཙང་འདིར་ལམ་གཉིས་མ་གཏོགས་མེད་པ་རེད། གཅིག་ནི། ཕ་མ་ལ་ལྟོས་ཏེ་བུ་ཕྲུག་ཁྲེལ་མེད་ཅིག་ཡིན་ཀྱང་ཡིན་དུ་བཅུག་སྟེ་བྱ་བ་རླབས་ཆེན་གཞན་ཞིག་གི་ཕྱིར་ཚེ་སྲོག་བློས་གཏོང་དགོས་པ་དེ་ཡིན། དེ་ནི་རླབས་ཆེན་གཞན་ཞིག་ཏན་ཏན་ཡིན་ལ་འབྱུང་འགྱུར་ཞིག་མི་རིགས་ཀྱི་དཔའ་བོར་བརྩི་སྲིད་ལ་ལྷ་དང་ལྷ་མོར་ཡང་མི་བཀུར་མི་སྲིད། སྐྱེ་བོ་ཉམ་ཐག་མང་པོ་ཞིག་ལ་གོ་ཡང་ཆོད་ངེས། བྱས་རྗེས་རྡོ་རིང་སུ་བརྐོ་ཞིང་མཚན་སྙན་དེབ་ནང་བྲིས་ཏེ་རྗེས་རབས་པ་དག་གིས་བཀླག་ཀྱང་ཐང་། ལམ་གཅིག་ནི་དེ་རེད།

གཉིས་ནི། ཕ་མ་ལ་སྲི་ཞུ་བསྒྲུབ་རྒྱུ་དེ་བྱ་བ་རླབས་ཆེན་གཞན་གང་གིས་ཀྱང་དོ་ཟླ་མི་ཡོང་བ་ཞིག་ལ་བརྩིས་ཏེ་མི་གཞན་ལ་ལྟོས་པའི་སྡར་མའི་མིང་འཁྱེར་མཁན་ཞིག་གིས་འཚོ་དགོས་པ་རེད། ལམ་འདི་ཉིད་རང་གི་ཕ་མར་ལྟོས་པའི་དྲིན་ལན་ཞིག་དང་ཞབས་ཏོག་ཅིག་དང་རྒྱུ་འབྲས་ཤིག་དང་ཁྲེལ་ཡོད་ཅིག་བཅས་ཡིན་མོད། གཞན་དག་གིས་ནི་དེ་ལྟར་རྒྱུས་ལོན་བྱ་རྒྱུ་མིན། ཡང་དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་ང་ཚོ་སུས་ཀྱང་མག་པའམ་ཆུང་མ་བསུས་ཏེ་འཁོར་བ་བསྐྱང་རྒྱུ་ཡིན་ལ། དེ་ནི་ང་རང་ཚོའི་ཕ་མ་གཉིས་ཤིག་གིས་བསྐུལ་བས་ཀྱང་ཡིན། ཕ་མ་གཉིས་ཀྱིས་ཐོག་མར་མནའ་མའམ་མག་པ་རིག་འདོད་བྱེད་ཅིང་དེ་ནས་ཚ་བུའམ་ཚ་མོ་གཉོར་འདོད་བྱེད། འདི་དུས་ཁྱོ་ཤུག་གཉིས་ཀྱི་གང་རུང་གིས་རང་ཤི་སོགས་བྱས་པ་ཡིན་ན། ཕན་ཚུན་ལ་ལྟོས་པའི་སེམས་མེད་ཅིག་དང་བརྩེ་བྲལ་ཞིག་ལས་ཆགས་རྒྱུ་མིན་ལ། བུ་ཕྲུག་ལ་ལྟོས་པའི་དེ་བས་ཀྱང་སེམས་མེད་ཅིག་དང་བརྩེ་བྲལ་ཞིག་ལས་ཡོང་རྒྱུ་མིན།

དེ་གང་གིས་ཞེ་ན། ཁྱོ་ཤུག་ལ་མཚོན་ན་དང་པོ་ནས་ཚེ་གཅིག་བཟའ་ཚང་བྱེད་དོ་ཞེས་མནའ་བསྐྱལ་ཡོད་པ་མ་གཏོགས་ལྷན་དུ་འདུག་སྟེ་ཏོག་ཙམ་ན་ང་འཆི་བར་བྱེད་ཅེས་སྨྲས་མེད་པས་རེད། དེས་ན་ཕ་མ་ལ་ལྟོས་པའི་དྲིན་ལན་དང་བཟའ་ཟླ་ལ་ལྟོས་པའི་ཁ་དན་དང་ཕྲུ་གུ་ལ་ལྟོས་པའི་གཉོར་སྐྱོང་སོགས་ཀྱི་ཆེད་ངེས་པར་གསོན་ཨེ་ཐུབ་ལ་འབད་འོས་པ་རེད། འདི་ནི་ལམ་གཞན་དེ་རེད།

ལམ་འདི་གཉིས་ཀྱི་གང་ཡིན་ཡང་རླབས་ཆེན་གྱི་ལམ་ཡིན་ལ་གཙོ་ཕལ་བཀར་མི་ཤེས་པའི་ལམ་ཡང་ཡིན། འདི་ལ་ཕོ་འདང་རྒྱག་ཅན་གྱིས་དོན་མི་འགྲུབ་ཅེས་པའི་གཏམ་དཔེ་དེ་བཤད་ནས་སྡོམ་ཚིག་འགོད་རྐྱང་བྱས་ན་མི་འགྲིག འདི་རང་གནད་འགག་ཆེ་ས་ཞིག་དང་གནས་ལུགས་འཁྲུག་ས་ཞིག་ཡིན་པས་ཉུང་མཐའ་ཡང་ལོ་ངོ་གཅིག་གཉིས་ཤིག་ལ་འདང་བརྒྱབ་རྗེས་གཟོད་སེམས་ཐག་བཅད་ན་ལེགས་སྙམ། དེ་མིན། ནམ་ཉི་མ་ཞིག་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་མི་སྐྱེ་གྲང་། 

ཞེས་སྔར་གཞན་གྱི་དྲི་བའི་ལན་དུ་བྱས་པ་ཞིག་ཡང་བསྐྱར་འཕྲི་སྣོན་དང་བཅས་དྲ་ལམ་དུ་སྤེལ་བ་བོ་ནི་སེང་རྡོར་ཡིན།

སྐད་གྲོགས་དང་པོད་གྲོགས་བཏུས་ནས་གང་ལ་འགྲོ།

མའོ་ཙེ་ཏུང་མ་ཤི་བར་མའོ་ཙེ་ཏུང་གི་མཚན་སྙན་སོགས་གནམ་གྱི་ཆ་ལ་བསྡད་ཡོད་རེད། དེ་ནི་མའོ་ཙེ་ཏུང་དང་མའོ་ཙེ་ཏུང་གི་གྲོགས་པོའམ་རྗེས་འབྲང་བ་ཚོས་གནམ་ལ་བཏེགས་བཏེགས་སུ་ཡོད་པས་རེད། དེ་ལྟར་བཏེགས་དགོས་དོན་ནི་མའོ་ཙེ་ཏུང་དང་ཁོ་ཚོའི་བར་ན་ཟས་དྲིན་ཆུ་དྲིན་ལྟ་བུ། གཏམ་དྲིན་སྐྱབས་དྲིན་ལྟ་བུ་ཡོད་པས་རེད། འོན་ཀྱང་མའོ་ཙེ་ཏུང་ཤི་བའི་རྗེས་ལ་ཁོའི་མཚན་སྙན་ཡང་ཧ་ལམ་ཤི་བར་གྱུར། དེ་ནི་མའོ་ཙེ་ཏུང་ཤི་བའི་སྔ་གཞུག་ལ་ཁོའི་གྲོགས་པོའམ་རྗེས་འབྲང་བ་དག་ཀྱང་ཤི་ཚར་པས་རེད། དེ་ཅིའི་ཕྱིར་ཞེ་ན། མི་རབས་གཅིག་གི་མི་དག་ན་ཚོད་སྤྱིར་བཏང་འདྲ་བོ་ཡིན་པས་འཆི་ཚད་ལའང་སྔ་གཞུག་མང་པོ་འཆོར་མི་སྲིད་དོ།། ད་ལྟའི་མི་དག་དང་མའོ་ཙེ་ཏུང་གི་བར་ཐག་ནི་ཤི་གསོན་གྱི་བར་ཐག་རེད། དེས་ཀྱང་མའོ་ཙེ་ཏུང་གི་མཚན་སྙན་ཚད་འདི་འདྲ་ཞིག་ལ་བརྒྱབ་བཞག་པ་རེད་སྙམ། གང་ལྟར་ཆབ་སྲིད་པ་མང་པོའི་ཁ་རྗེ་དབང་ཐང་སོགས་གོང་གི་དེ་འདྲ་ཞེ་གཅིག་རེད། ཆབ་སྲིད་པར་གཏོགས་པའི་རྩོམ་མཁན་སྤྱང་པོ་དག་གི་མཚན་སྙན་སོགས་ཀྱང་དེ་བཞིན་གྱི་རང་བཞིན་རེད་སྙམ། ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོའི་གྲོགས་པོ་དག་གི་ཁ་ཤུགས་སོགས་སྤྱད་ནས་སོ་སོའི་ཁ་རྗེ་དབང་ཐང་སོགས་སྲུང་ཁུལ་ལམ་གསོག་ཁུལ་བྱེད་ཀྱི་ཡོད་ཀྱང་།  མཐའ་མཇུག་མའོ་ཙེ་ཏུང་སོགས་ལ་བྱུང་རྒྱུ་དེ་འབྱུང་བ་གོར་མ་ཆག་སྙམ། དེས་ན་ང་ཚོའི་བརྩམས་ཆོས་ལ་སྐར་མ་རྒྱག་མཁན་གཙོ་བོ་ནི་ད་དུང་སྐྱེས་མེད་པའི་མི་དེ་དག་ཡིན་འོས་སྙམ།  འདང་ཞིག་རྒྱོབ་དང་། རང་ཉིད་དང་ལྷན་དུ་དུར་ཁུང་ལ་འགྲོ་དགོས་པའི་མི་ཁྱུ་ཞིག་གིས་ཁྱོད་ཀྱི་མཚན་སྙན་བསྐལ་བའི་བར་བསྲུང་མི་ཐུབ་པ་ཤེས་སླ་མོ་ཞིག་མིན་ནམ། བྱས་ཙང་གཞན་ངོ་བསྲུང་ཕྱིར་སོ་སོ་སྡུག་ལ་མི་གཏོད་པའི་རེ་བ་ཅི་བས་ཆེའོ།། 

དེང་སང་དགག་དེབ་ཡིན་ཟེར་ནས་ཤོག་འབུམ་བཟོ་མཁན་མང་བ་ལ།

༡ ཁང་ཆེན་གོག་པོ་རྟ་ཞོན་ནས་སོང་ཡང་ཆོག་ས་ཞིག་ཏུ་ལྡུར་འབག་བ་མ་གང་བསྐོལ། དེའི་ཁར་ཤ་ལྷབ་བེ་ལྷུབ་བེ་འཕངས། དེའི་ཟུར་ཞིག་ལ་གོ་རེ་སླ་ངའི་ཁ་ལེབ་འདྲ་བ་མང་དུ་བཞག་ཡོད་ས་ཞིག་དང་།

༢ ཉི་ཁྱམས་སེར་དྭངས་ངེ་བ་ཞིག་ཏུ་གདན་དཀར་མི་གཅིག་ཙམ་འདུག་ཆོག་པ་ཞིག་བཏིང་། ཅོག་ཙེ་ཁ་གང་མ་ཞིག་ཏུ་དཀར་ཡོལ་ནས་འབྲུ་ཅན་ཞིག་ནང་འོ་ཇ་སྐེད་ཅིག་བླུགས། ཤེལ་སྡེར་ཕྱི་གསལ་ནང་གསལ་ཞིག་ཏུ་རྒུན་འབྲུམ་རྡོག་པོ་འགའ་དང་བུ་རམ་ཤས་ཙམ་ཡོད་ས་ཞིག་སྟེ། གཏན་ནས་མི་འདྲ་བ་གཉིས་ཤིག་ཁྱོད་ལ་གདམ་གསེས་བྱེད་དུ་བཅུག་ཚེ་གང་གདམ་ས་རེད།

ལྟོགས་ནས་ཤི་ལ་ཁད་ཅིག་མིན་ཚེ་ཕྱི་མ་གདམ་ངེས་ཡིན། དེས་ཅི་ཞིག་སྟོན་ཞེ་ན། ཨོང་ཤ་འཕེན་ས་ཁོ་ན་ཞིག་གིས་གནས་ཀྱི་གོ་མི་ཆོད་ཅིང་། ཕོ་བ་བརྒྱག་སྤྱད་རྐྱང་བ་ཞིག་གིས་ཟས་ཀྱི་ཚབ་མི་ཡོང་བ་དེ་བསྟན་ཡོད། དཔེ་དེ་རྩོམ་གྱི་ཐོག་སྦྱར་ནས་བཤད་ན། དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་སོགས་ལྟ་བུ་ནི་ཕྱི་མ་ཡིན་ལ། ཀླུ་དགོངས་སོགས་ཀྱི་ལན་ཡིན་སྐད་ཀྱི་རྒྱས་ཆེས་ལོངས་ཆེས་ཕལ་ཆེར་ཞིག་སྔ་མ་ཡིན་ནོ།།

གཅིག་བྱས་ན་སྔ་མ་དེ་དག་ཏུའང་གནས་ལུགས་ཟེར་བ་རེ་ཡོད་ཀྱང་སྲིད་མོད། རྩོམ་སྟངས་སྐྱོ་དྲགས་པ་ནི་ལྡུར་འབག་ཅིག་དང་འདྲ་བོ་འདུག་ལ། རྩོམ་གཤིས་ལྡིབ་དྲགས་པ་ནི་རྒན་པོ་སོ་མེད་ཅིག་གིས་བྱི་བཤད་རྒྱག་པ་དང་ཁྱད་ཆེར་མི་འདུག་ན། རེ་ཞིག་ཁ་མང་གི་དྲིལ་བུས་བསྒྲགས་པའི་འུར་ཙམ་ཡོད་ན་ལས། དུས་ཚོད་ཡོལ་གྱིན་ཡོལ་གྱིན་ཀླུ་དགོངས་སོགས་མུ་མཐུད་གསོན་རྒྱུ་ཡིན་པ་དང་། དེ་དག་གི་ལན་དུ་གྲགས་པ་དག་ཤི་ནས་མིང་ཡང་མི་ཤེས་པ་ཞིག་འབྱུང་རྒྱུ་གོར་མ་ཆག་སྙམ།

མདོ་རྩ་ནི། དགག་ལན་ཞེས་པའང་བཤད་ཅི་ཐུབ་བྱས་པས་མི་ཆོག་པར་བཤད་སྟངས་ཤི་གསོན་ཐག་ཆོད་པ་ཞིག་དང་། ཉན་མཁན་དགའ་སྡུག་གི་མཐར་སྐྱོལ་བ་ཞིག་དགོས་ཀྱི་ཡོད་སྙམ།

སྨྲས་པ། ཀླུ་དགོངས་སོགས་ནི་ཤོག་ལྷེ་འགའ་ཡིན།།དེ་ཚོའི་ལན་དག་རི་བོའི་གཏོས་མཉམ།།འོན་ཀྱང་ཕྱི་མ་འབྱུང་བས་འཇིག་འགྱུར།།སྔ་མ་འཇིག་བྲལ་ནམ་མཁའི་དཀྱིལ་ཡིན།།

མ་རྒས་ལས་ཀྱིས་རང་རྒས་རེད།

རྩོམ་མཁན་རྒན་པ་མང་པོ་ཞིག་གིས་རྩོམ་མི་འབྲི་བའམ་མི་ཕྲིས་པ་དེར་ལ་ལས“རྒས་སོང་བ་རེད”ཅེས་སྐད་ཆ་སྟབས་བདེ་ཞིག་གིས་སྡོམ་ཚིག་འཇོག་གིན་ཡོད་མོད། གང་བྱུང་མང་བྱུང་ཞིག་བྲིས་པས་ཆོག་ན་ཁོང་ཚོ་ཡང་རྒས་མི་སྲིད་མོད། དེ་ཙམ་ཞིག་མ་ཕྲིས་པས་ནི་ཡིན་ཨེ་སྲིད་སྙམ།

ངས་བྱས་ན་ཁོང་ཚོར་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མེད་པ་ཆགས་སོང་བ་མིན་ཁར། ཡི་གེ་མཐུད་ཤེས་ཀྱི་མེད་པ་དེ་བས་ཀྱང་མིན། ཕྱོགས་གཅིག་ནས་རང་ཉིད་རང་གི་འདས་པ་ལས་བརྒལ་མ་ཐུབ་པས་ཡིན་ལས་ཆེ། དེ་འདྲ་ཡིན་ཚེ་ངལ་མི་གསོ་རང་གསོ་ལོས་ཡིན། 

ཕྱོགས་གཉིས་ནས་འབྲི་སྟངས་མང་པོ་ཞིག་སྔོན་གྱི་མི་དག་གིས“དར་བའི་རྩེ་མོར་བསྐྱལ”བཞག་ཡོད་པས་དེ་ལ་ཅི་ལྟར་འབད་ཀྱང་དེ་དང་མཉམ་པའམ། དེ་ལས་ཀྱང་དམན་པ་ཞིག་ལས་ཡོང་མི་སྲིད་ན། ལས་དེ་འདྲར་འཇུག་པར་སྤྲོ་དཀའ་སྙམ། དཔེར་ན་དེང་སང་གི་མི་ཞིག་གིས་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་ལ་ལད་ཟློས་ག་ཚོད་བྱས་ཀྱང་དེའི་གོང་དུ་འཕགས་པ་ཞིག་ཧ་ལམ་དཔེ་མི་སྲིད་པ་འདྲ་བོ་རེད། དེ་ནི་ནག་མོ་ཁོལ་སྙན་ངག་པ་ཆེན་པོ་ཡིན་པ་ཁོ་ནས་མིན་པར་འབྲི་སྟངས་དེར་དེའི་ཕན་གྱི་སྐྱེད་ཅིག་འབུད་རྒྱུ་མེད་པས་རེད་སྙམ། མི་གཅིག་ལ་མགོ་གཅིག་གི་ཕན་ཆད་ཡོད་ཚེ་ལྷག་མ་ཡིན་པ་ནང་བཞིན་སྙན་ངག་སོགས་ལའང་རིགས་འདྲ་མང་པོ་བྱུང་ཚེ་ཕྱི་མ་དག་ངང་གིས་ཕྱལ་ལེ་བ་ཞིག་ཏུ་མི་འགྱུར་རང་འགྱུར་རེད་སྙམ། དེ་བས་སྙན་ངག་པ་རྒན་པ་ཁོང་ཚོས་སྙན་ངག་ཆེན་པོའི་ཚ་བོ་དང་ཕྲུ་གུ་བསྐྲུན་པར་འདང་ཞིག་མི་རྒྱག་ཀ་མེད་བྱུང་ཡོད་ལས་ཆེ།

དེའི་འཕྲོར་ལམ་གཞན་ཞིག་མཆིས་པ་ནི་གསར་བཏོད་རེད། འོན་ཀྱང་གསར་བཏོད་བྱས་བྱས་ཐམས་ཅད་ད་ལྟའི་ཀློག་མཁན་གྱི་ངོར་འཕྲོད་པའི་ངེས་པ་མེད་ལ། མ་འོངས་པ་དང་དེའི་མ་འོངས་པ་སོགས་ཀྱི་ཀློག་མཁན་གྱི་ངོར་འཕྲོད་པའི་ངེས་པའང་མེད་ཅིང་། གལ་ཏེ་དངོས་གནས་ཀློག་མཁན་ཡེ་མ་བྱུང་བ་ཡིན་ན་ནི་འབྲི་འདོད་ཨེ་ཡོད་ཀྱང་མི་ཤེས། “ངས་ནི་རང་གི་ཆེད་དུ་བྲིས་པ་ཡིན”སོགས་གཞན་ཁ་གཅོད་བྱེད་ཀྱི་ཚིག་རེ་སླ་མོ་རེད་དེ། རྩོམ་མཁན་ལ་ཀློག་མཁན་དགོས་རྒྱུ་ཞིག་དང་ཀློག་མཁན་ལའང་རྩོམ་མཁན་མེད་ཐབས་མེད་པ་ཞིག་ཡིན་ས་རེད་འདོད། དེའི་ཕྱིར་གསར་བཏོད་ཡིན་པ་ཙམ་གྱིས་མི་ཆོག་པར་ཀློག་མཁན་མི་ཉུང་བ་ཞིག་ཀྱང་དགོས་པ་གཞིར་བཞག་རེད་སྙམ།

དེས་ན་ཀློག་པ་པོ་མི་དགའ་སའི་རྩོམ་དེ་འདྲ་མུ་མཐུད་ནས་འབྲི་འདོད་དཀའ་ས་རེད་དྲན། རྩོམ་གོ་ཁག་པོ་འབྲི་མཁན་མང་པོ་ཞིག་ཕྱིར་བཤིག་གནང་གི་ཡོད་དོན་ཡང་ཧ་ལམ་དེས་ཨེ་ཡིན་བསམ། འདི་ཡང་སྨྱུག་ཁ་ལྷོད་འགྲོ་སའི་འཕྲང་ཞིག་ཡིན་ངེས།

དེ་མིན། ལ་ལ་ནང་བཞིན་གཞན་རྩོམ་ཡག་ཤོས་དག་གི་ཁ་བྱང་དང་ཚིག་རྒྱ་ཅུང་བཅོས་ཏེ་རང་གིས་ཡིན་ཁུལ་གྱིས་སྤེལ་བ་དེ་འདྲར་བསྡད་ཀྱིན་བསྡད་ཀྱིན་སུན་སྣང་སྐྱེ་ངེས་ཏེ། ཅིའི་ཕྱིར་ཞེ་ན། སྔ་རུང་འཕྱི་རུང་ནམ་ཞིག་གཞན་གྱིས་ཤེས་སྲིད་པའི་ཕྱིར་རོ།། དེ་བས་རྩོམ་མཁན་མང་པོ་ཞིག་རྒས་སོང་ཟེར་ན་འདྲ། འབྲི་མཚམས་བཞག་སོང་ཟེར་ན་འདྲ། བསམ་ཤེས་ཀྱིན་ཤེས་ཀྱིན་མང་པོ་འབྲི་ཐུབ་ཀྱི་མེད་པ་དེར་ཕྱོགས་གཅིག་ནས་ཐུགས་ཁག་དེ་ཙམ་མི་འདུག་སྙམ་གྱི་ཡོད་དོ། །

བསམ་ཚུལ་ཞིག

ལོ་འགའི་གོང་ནས་བཟུང་ང་ཚོར་ཁ་གསལ་ཞིང་གོ་བདེ་བ། ཐོས་པ་ཙམ་གྱིས་རྒྱུ་མ་ཆད་ལ་ཁད་ཅིག་དགོད་དགོས་པའི་འཚང་འབྱིན་ཤགས་འགྱེད་ཀྱི་རྩོམ་སྟངས་ཤིག་རྒྱ་ཆེར་དར། དེ་ལ་ང་ཚོས“རྩོམ་རྩལ”ཞེས་བོས་པ་རེད། དེ་རྩལ་ཞིག་ཧ་ལམ་ཡིན་ས་རེད། གང་ཡིན་ཞེ་ན། སུ་ཡིན་གྱིས་མི་ཕྲིས་པས་སོ། །

འོན་ཀྱང་ད་ལྟར་མཐོང་རྒྱུ་ཡོད་པའི་རྩོམ་སྟངས་དེའི་རྩོམ་དེབ་བྲིན་ཤོས་དག་དང་མའོ་ཙེ་ཏུང་གི་གསུང་རྩོམ་མམ་མའོ་ཙེ་ཏུང་གི་གསུང་རྩོམ་བོད་འགྱུར་མ་བསྡུར་ནས་བལྟས་ཚེ་ཕྱི་མས་སྔ་མའི་འགྲན་ཟླ་ཡོང་དཀའ་བ་ཞིག་འདུག མའོ་ཡིས་ཡན་ལག་བརྒྱད་པའི་རྩོམ་སྟངས་ལ་ངོ་རྒོལ་བྱེད་དོན་ཡང་གཙོ་བོ་གོ་བདེ་ཁ་གསལ་ཡོང་ཕྱིར་ཡིན་པ་རེད།

ཏག་ཏག་མའོ་ཡི་རྩོམ་ནི་ང་ཚོས་འདོད་པའི“རྩལ”དེའི་ཡང་རྩེར་སླེབས་འདུག དགེ་ཆོས་ཀྱི་གཞུག་གི་བོད་ཀྱི་རྩོམ་མཁན་དག་གིས་རྩོམ་སྤྱིར་བཏང་བ་རེ་འབྲི་ཤེས་དོན་ཡང་ཕལ་ཆེར་མའོ་ཡི“དེབ་དམར”བོད་འགྱུར་མའི་དྲིན་མིན་ས་མི་འགྲོ་བ་ལྟ་བུ་རེད། དེ་བས་མའོ་ཡི་དེབ་དམར་ང་ཚོར་དྲིན་ཡང་ཆེ་བ་འདྲ། ཡིན་ནའང་རྩོམ་ཁ་གསལ་གོ་བདེ་འཇུག་སླ་ག་འདྲ་ཞིག་ཡིན་ཡང་དེ་ཙམ་གྱིས་གནས་ལུགས་ཀྱིས་ཚབ་མི་ཡོང་བ་རེད། གལ་ཏེ་ཡོང་ན་མའོ་ཙེ་ཏུང་གི་དེས་ཀྱང་ཡོང་དགོས་འདུག

ཤགས་ནི་ཤགས་རེད། ཁ་སྟབས་ནི་ཁ་སྟབས་རེད། དེ་ལ་འདྲེན་ཤུགས་ཆེ་ཡང་སྲིད། ལས་སླ་པོ་ཞིག་གིས་དེའི་བསླུ་བྲིད་བཟློག་དཀའ་ཡང་སྲིད། སོང་ཙང་རེ་ཞིག་ང་ཚོ་ཚིག་གི་སྨུག་ལོང་ཁྲོད་དུ་མགོ་བོ་འཐོམས། ཁ་མཚར་དང་བདེན་པ་བདམས་ནོར་བྱས། ཟུར་ཟ་དང་རྒྱུ་མཚན་གྱི་གོ་ཕྱོགས་བརྗེས། རྗོད་བྱེད་ཁོ་ནའི་བྲན་འབངས་སུ་གྱུར། ཡིན་ཡང་ད་ཕྱིན་ཆད་ངེས་པར་ལམ་ནོར་ལྡོག་ཤེས་བྱ་དགོས་སྙམ།

རྒྱུ་མཚན་འདིའི་སྟབས་ཀྱིས་ངས་མི་སྐོར་ཞིག་ལ་བསྟོད་པ་འབྲི་མཚམས་བཞག་པ་ཡིན། དེའི་ཁྲོད་དུ་ང་དང་ལྟ་བ་གཅིག་པའམ་ངའི་འདོད་ཕྱོགས་ཀྱི་རྒྱབ་དཔུང་དུ་འགྲོ་བའི་དེབ་རེ་ཟུང་ཡང་གཏོགས། འདི་ཕྲག་དོག་ཅིག་གཏན་ནས་མིན། ས་པཎ་གྱིས་སྡོམ་གསུམ་རབ་དབྱེའི་མཇུག་ལ་འདི་ཕྲག་དོག་ཅིག་མིན་ཞེས་ཡང་ཡང་གསུངས་པ་ངས་དྲན་གྱི་འདུག ངས་འདི་ལྟར་ལབ་དོན་ནི་རང་གིས་རང་མི་བསླུ་བའི་ཕྱིར་དང་རང་གིས་གཞན་མི་བསླུ་བའི་ཕྱིར་ཡིན། གནས་ལུགས་ཞེས་པ་རྩོམ་གྱི་རིང་ཐུང་དང་དེབ་ཀྱི་སྲབ་མཐུག་ལ་འབྲེལ་བ་གཏན་མི་འདུག འདི་མ་ཤེས་ཚེ་ཐབས་སྐྱོ་བོ་ཡིན། ཚིག་སྦྱོར་བདེ་ན་ལོས་བཟང་སྟེ་ཚིག་སྦྱོར་བདེ་མིན་དང་བདེན་པ་ཡིན་མིན་ལ་འབྲེལ་བ་སྤུ་ཙམ་ཡང་མེད། འདི་མ་གོ་ཚེ་ད་དུང་འོ་འཐུང་གི་ཚད་དུ་བསྡད་ཡོད་ལས་ཆེ། མཐའ་ན་ཡིག་ནོར་ཡོད་མེད་དང་གནས་ལུགས་ཡིན་མིན་ཡང་ཆེས་ཁ་ཁ་སོ་སོ་ཡིན།

མདོར་དྲིལ་ན་ང་ཚོ་ངེས་པར་རྣམ་པའི་འཆིང་རྒྱ་ལས་ཐར་དགོས་འདུག་ཟེར་བ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་རྩོམ་ཁག་ཅིག

2015-04-15 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།