འཁྱོག་བརྗོད་ཀྱི་ལྡ་ལྡི།
སྐྱབས་ཆེན་གྱི་སྙན་ངག་ཅེས་བརྗོད་དུས། ང་ལ་གློག་དམར་ཞིག་གི་འཁྱུག་སྲོལ་གྱི་སྣང་བ་ལས་མི་འདུག
《མི་ཁོམ་པའི་གནས་དང་དེའི་བདག་པོ》ཡི་རྗེས་ནས་ཁོའི་སྙན་ངག་གི་རྩོམ་སྟངས་ལ་འགྱུར་ལྡོག་ཅིག་བྱུང་ཡོད་བསམ། བྱེ་བྲག་གི་ངོས་ནས་བརྗོད་ཚེ་ཚིག་འགྲོས་དང་དོན་གྱི་སྒྲོམ། རྒྱན་གྱི་ཐབས། གཤིས་ཀྱི་ལུགས་སོགས་མང་མོད། འདིར་རེ་རེ་དགྲོལ་བའི་ངལ་བར་མི་བསྟེན། འགྱུར་ལྡོག་དེའི་འགྱུ་ཕྱོགས་ཀྱང་འོད་དྲང་ངེ་བ་ཞིག་གི་འགྲོས་ལྟར་འགྱེད་ཀྱིན་པ་ཞིག་མ་ཡིན་པར། ཡོས་འབྲུ་ཟངས་མཐིལ་ནས་བཀད་པ་ལྟར་གྱི་ཕྱོགས་དང་མཚམས་མང་པོར་བརྐྱངས་འདུག་པ་ཞིག་ཏག་ཏག་རེད་བསམ། དེ་བས། ཁོའི་སྙན་ངག་གི་ཡུལ་དུས་ཀྱི་ཁེབས་ཆེ་བས་ཀློག་པའི་གནས་སྐབས་སུ་རྒྱ་ཡངས་པའི་ཚོར་བ་ཞིག་སྟེར་ཡོང་། ཚོར་བ་འདི་ལྟ་བུ་བསྟབས་ཡོང་བ་ལ་རྒྱུ་ནི་མང་ཙམ་ཡོད་པ་ལས་རྩོམ་པ་པོ་ཁོ་རང་གི་འགྲོ་སྡོད་དང་དཔེ་ཀློག་སོགས་ནི་དངོས་སམ་བརྒྱུད་པའི་རྒྱུ་གང་རུང་ཞིག་ཏུ་བརྩིས་ཆོག དེ་ལས་ཀྱང་གལ་ཆེ་བ་ནི། རྟོག་འགྱུས་བསྐྱེད་པའི་འཕྲུལ་སྣང་གི་སྟོབས་ཤིག་གིས་ཁོའི་སྙན་ངག་གི་མཐོང་ག་ཧྲིལ་གྱིས་བཟུང་ཡོད་པ་དེའོ། །
བདག་གིས་རྒྱུན་པར། སྙན་ངག་པ་ཞིག་ཡིན་ན་མི་ལ་རས་པ་ལྟར་སྣང་ཚད་སྙན་ངག་གི་ཉམས་ཀྱི་ངོས་ནས་འཆར་མཁན་ཞིག་ཡིན་དགོས་སྙམ། དེ་ལ་རྟོག་པ་ཕར་བཏགས་ཀྱང་ཆོག ཡུལ་ཚུར་དྲངས་ཀྱང་ཆོག གང་ལྟར་ཀྱང་རྟོག་ཡུལ་དང་རྟོག་མཁན་གཉིས་ཀྱི་བར་ཐག་ཀ་གདུང་གི་འཕལ་ཁ་ལྟ་བུར་དམ་དགོས་པ་གཞིར་བཞག་གི་ཐོག གཉིས་ཀའི་སྦྲེལ་བྱེད་ལྟ་བུའི་འདོད་ཡོན་གྱི་ཚོགས་ཀྱང་གཟུགས་འགྱུར་དང་ངོས་མང་གི་རྣམ་པས་མངོན་དུ་འཇུག་པའམ་རྩོམ་པ་པོས་རྟོག་པར་བྱེད་པ་གལ་ཆེ། གལ་ཏེ་ཀླད་པའི་ནང་ནས་ལས་སྣོན་དེ་ལྟར་རྒྱག་མ་ཐུབ་ཚེ། གཟུགས་དང་ཤེས་པ། སྙན་ངག་ལྟར་བཤད་ན་ཕྱིའི་ཡིད་བརྙན་དང་ནང་གི་ཚོར་བ་གཉིས་ཀྱི་སྡེབ་མ་འཕྲོད་པས་ན། སྣང་ཚད་སྙན་ངག་གི་ཉམས་ཀྱི་ངོས་ནས་ཡོང་རྒྱུ་ཡང་མི་དཔེ། རྒྱུ་དེའི་བསྐྱེད་འབྲས་སུ། རྩོམ་རིག་གི་རོ་འདྲ་མིན་བྱུང་བ་སྟེ། སྙན་ངག་མེ་ལོང་ལྟར་ན་ཉམས་བརྒྱད་དང་ཡོན་ཏན་བཅུ་ལ་སོགས་པའི་ངོས་ཐད་ནས་འཇོག་གིན་ཡོད་པ་དེ་བཞིན་རེད། འདིའི་ངོས་ཐད་ནས་སྐྱབས་ཆེན་ལ“རྨང་གཞིའི་རྩལ”ཧ་ཅང་བརྟན་པོ་ཞིག་ཡོད་པར་འདོད། ཁོ་རང་གི་སྙན་ངག་དག་འཕྲེད་ཀྱིས་ཀློག་པས་རས་སྣུམ་གྱིས་ཟིན་པ་བཞིན་རྩལ་འདི་ཀུན་ལ་ཁྱབ་པ་མ་ཟད། སྙན་ངག་གཅིག་སྒོག་ཤུན་བཤུས་པ་ཇི་བཞིན་བཀླགས་པས་ཀྱང་རྩལ་འདི་རྒྱ་ཤུག་གི་ཚེར་མ་ནང་བཞིན་འབྲུ་དང་ཚེག་གི་སྐྱིབས་སུ་བསྐུངས་ཡོད་པ་ཚོར། ཕྱོགས་ངེས་ཅན་ནས་བཤད་ན། དེ་དག་གིས་ཁོའི་སྙན་ངག་གི་ཡུལ་དང་དུས་ཀྱི་མུ་བསྲིངས་ཡོད་པས། ཤོང་ཚད་ཀྱང་ཇེ་ཆེར་བཏང་ཡོད། དེ་ཅིའི་ཕྱིར་ཞེ་ན། དགེ་ཆོས་ཀྱིས་འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འོང་། ། གསུངས་པ་བཞིན། འབྲུའམ་ཡིད་བརྙན་དེ་དག་གི་རྐྱ་དེད་ནས་འགྲོ་བཞིན་པའི་སྐབས། ཡུལ་དུས་ངོ་བོ་གསུམ་ཆ་ནས་བསྐལ་བའི་ཐ་སྙད་མང་པོ་འཕྲོ་རིམ་འཕྲོར་ཀློག་པ་པོར་འཕྲད་ནས་ཡོང་། ཐ་སྙད་དེ་དག་ཡུལ་གྱིས་བསྐལ་ལ་དུས་ཀྱིས་ཀྱང་བསྐལ། ངོ་བོའི་སྒོ་ནས་ཀྱང་ཡོངས་སུ་བསྐལ། དེས་སྙན་ངག་གང་དེའི་ཡངས་པའི་རྒྱ་དང་ཆེ་བའི་བོངས་བསྟན་ཡོད། དེ་བཞིན་དུ་སྐབས་རེར་ཀློག་པ་པོས་ཁོའི་སྙན་ངག་ཧ་མི་གོ་བའི་དཀའ་ཁག་ལ་འཕྲད་བཞིན་པ་དེ་ཡང་ཡིད་བརྙན་འདི་དག་གི་ནང་ཁོངས་ཀྱི་འབྲེལ་བ་རྙེད་ཀྱིན་མེད་པ་ལས་ཏན་ཏན་བྱུང་བ་ཞིག་ཏུ་འདོད་ཆོག དོན་དུ་དེ་ནི་སྙན་ངག་ཅིག་ཉམས་སུ་མྱོང་དུས་ཀྱི་སྐས་རིམ་དང་པོ་སྟེ། སྙན་ངག་གྲུབ་བྱེད་ཀྱི་སྡེ་ཚན་ཆེས་ཆུང་བ་དེར་བལྟས་ཀྱང་འགབ། ཨེལ་ཐུའི་རིག་པ་ལྟར་ན་དེ་ལ་ཕྱིའི་དོད་གཟུགས(Objective Correlative)ཞེས་འབོད།
དོད་གཟུགས་དེ་དག་ཚོང་འདུས་མགྲོན་པོ་ནང་བཞིན་སྙན་ངག་གཅིག་གི་ཁོག་པར་བཙངས་ཡོད་པ་དེས། རྒྱ་ནི་ཡངས་པོར་བཏང་ཡོད། དེ་ཙམ་གྱིས་སྙན་ངག་ཀྱང་ཇེ་ཡག་ལ་སོང་ཡོད་པའི་ངེས་པ་ནི་གཏན་ནས་མེད། དེ་ལ་གལ་ཆེ་ཤོས་གཟུགས་དག་ཇི་ལྟར་འབྲེལ་ཆགས་སུ་འཇུག་པ་དང་གཅིག རྩོམ་རིག་དང་མཛེས་རིག མཚན་ཉིད་ཀྱི་རིག་པའི་དོན་ཉམས་གང་ཞིག་སྟོན་བྱེད་ཀྱི་དངོས་རྒྱུ་ལྟ་བུར་ཡག་པོར་བེད་ཆོད་ཡོད་མེད་གཉིས་ལ་རག་ལས། ཚད་གཞི་འདི་ལྟར་སོང་ན། ཁོའི་སྙན་ངག་ནང་དུ་སྐྱོན་ཡོན་གཉིས་ཆ་ནས་འཇོག་རྒྱུ་ཡོད། སྐྱོན་དུ་སོང་བ་ཡིད་བརྙན་འཕྲོ་བརླག་ཏུ་བཏང་བ་དང་བྱུང་རིམ་གྱི་ཁུགས་པ་ལྷོད་ཆེ་བ། ཚོར་བའི་ངར་ཤུགས་ཀྱི་རྗེས་སུ་འབྲངས་ཐལ་བ། དེ་བཞིན་དུ་རྩོམ་མཛེས་མཚན་གསུམ་གྱི་ཐད་ནས་དོན་སྙིང་གིས་དབེན་པ་ལ་སོགས་པས་མཚོན། ཡོན་གྱི་ཆ་ནས“རྣ་བར་སྙན་ཅིང་ཡིད་ཚིམ་པ། བསམ་བློ་བཏང་ན་ཉམས་འཆར་བ་ཞིག”(གུང་ཐང་བསྟན་པའི་སྒྲོན་མེའི་གསུངས།)ཐོན་ཡོད་པའི་སྟེང་ནས་བཞག་ཀྱང་ཆོག་མོད། ཁྱད་ཆོས་དེ་ཙམ་གྱིས་མཚོན་མི་ཐུབ་པའི་སྙན་ངག་ཀྱང་འདུག དེ་བཞིན་དུ་ཟབ་ཚད་ནི་གལ་ཆེ་སྟེ། ཆོས་དེས་ཀྱང་སྙན་ངག་ཡག་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་སྲིད་པས། དེང་གི་བོད་ཀྱི་སྙན་ངག་མང་པོ་ལ་ནི་དཔྱད་པའི་སྤུ་གྲི་གཏད་ཙམ་གྱིས་ཁུར་མོང་རླུང་དང་འཕྲད་པ་ནང་བཞིན་སྙན་ངག་ཡང་རང་ས་ནས་འཐོར་འགྲོ་བ་མང་པོ་ཡོད། དེ་ངེད་ཅག་ལ་གསལ།
ཟངས་ཡངས་ཀྱི་ཆ་དེ་ཉིད་སྙན་ངག་གི་ཡུལ་དུས་དང་འབྲེལ་ལ། བརྗོད་ཐབས་དང་འབྲེལ། རྟོག་འགྱུ་དང་འབྲེལ་ལ། ཐ་སྙད་བར་གྱི་གཏན་ཚིགས་དང་འབྲེལ་བ་སོགས་མང་པོ་ཞིག་གི་ངོས་ནས་འདང་རྒྱག་དགོས་ན་ཡང་། དོན་རྡོག་རྡོག་པོ་ཆ་མེད་དུ་གཏོང་བ(defamiliarization)ཞེས་པའི་ཐབས་འདིའི་སྟེང་བཞག་ཀྱང་འགབ། སྐབས་རེར་འདང་བརྒྱབ་ན་དེ་ག་དྲང་འཁྱོག་བརྗོད་ཀྱི་རྒྱན་ཞེས་པ་ལས་འཁྱོག་བརྗོད་ཀྱི་རྒྱན་དང་ཡང་འདྲ་ཆ་ཆེ། རེད་དེ། འཁྱོག་བརྗོད་ཡིན་ཕྱིན་ཆ་མེད་དུ་བཏང་བ་ཡིན་པས་མ་ཁྱབ་ལ། ཆ་མེད་དུ་བཏང་བས་འཁྱོག་བརྗོད་ཡིན་པས་ཁྱབ་པས་ན། སྐྱབས་ཆེན་གྱི་སྙན་ངག་གི་ནང་ན་ཡོད་པ་དག་ཀྱང་ཆ་མེད་དུ་གཏོང་བ་ཁོ་ན་མ་ཡིན་པར། འཁྱོག་བརྗོད་ཀྱི་རིག་པ་མང་པོ་ཡོད་པ་ཡང་ཤེས་དགོས། དེ་མ་ཟད་དེ་ཉིད་སྒྱུ་རྩལ་ཡིན་ཕྱིན་ཀུན་ལ་ཁྱབ་པའི་རིག་པ་ཞིག་ཡིན་པ་ལས། སྐྱབས་ཆེན་གྱི་སྙན་ངག་ཁོ་ནར་ཡོད་པའི་གཞན་ལྡན་རྣམ་གཅོད་ཀྱི་ཆོས་ཤིག་ཀྱང་མ་ཡིན། དེ་ཡང་ཤེས་དགོས། ཁྱད་ཆོས་འདོན་ལུགས་ནི་གཙོ་བོ་འཁྱོག་པོར་བརྗོད་སྟངས་ལ་རག་ལས་སྟེ། བརྗོད་སྟངས་འདིའི་ངོས་ཐད་ནས་བལྟས་ན་སྐྱབས་ཆེན་གྱི་སྙན་ངག་ལ་སྐད་ཆ་རྗོད་ལུགས་སམ་ཚོར་བ་སྤྲོས་སྟངས་ཐུན་མོང་མ་ཡིན་པ་ཞིག་འདུག་སྙམ། འདིའི་ཁྲོད་དུ་ཤེད་ཤུགས་གཙོ་བོར་འདོན་བཞིན་པ་ནི་གཟུགས་འགྱུར་དང་དངོས་བརྒལ། ཚོར་འདྲེས། བསྡུས་བརྗོད་སོགས་རེད། གལ་ཏེ་སྙན་ངག་དེ་དག་བཟོ་གྲྭ་ཞིག་དང་འདྲ་ན། འཕྲུལ་ཆས་འདི་དག་གིས་ཐ་སྙད་དེ་དག་དབྱིབས་དང་ཁ་དོག་མ་འདྲ་བ་མང་པོར་བཟོ་བཞིན་ཡོད་པ་དེ་རེད། ང་རང་ཡང་ཁོའི་སྙན་ངག་ཀློག་སྐབས་ཅུང་ཟད་མཚར་སྣང་སྐྱེས་དགོས་པ་ནི། འཕྲུལ་ཆས་འདི་དག་གི་མཉམ་འབྲེལ་དང་བཅས་པའི་ཡིད་བརྙན་དང་ཐབས་རྩལ་འདྲ་མིན་བར་གྱི་ཕོག་རྡེབ་ནི་དེ་འདྲའི་གྲ་གྲུ་ཚང་བ་ཞིག་ཡིན་པ་དེ་རེད། དེ་བས། ངས་ཁོའི་སྙན་ངག་གི་ནང་གནས་ཀྱི་གསང་བ་འདི་དག་ལོངས་སུ་སྤྱོད་པ་དང་མཉམ་དུ། བརྟོལ་ཨེ་ཐུབ་ལ་རྒྱུན་པར་ཚོད་ལྟ་བྱེད་ཅིང་ཡོད།
སྐབས་འདིར་ངས་གོང་བཤད་དག་ཁྱེད་ཅག་ལ་ངོ་འཕྲོད་པའི་ཕྱིར་དུ། ཁོའི་སྙན་ངག་གི་ཐོང་ལུག(ལོ་གསུམ་ལོན་པའི་ཕོ་ལུག་སྟེ་ངེད་ཀྱི་སྐད་དུ་ཐོའི་བ་ཟེར།)ཅིག་བཤས་ནས་རུས་ལྤགས་དོན་སྣོད་སོགས་འཕྲལ་ཏེ་འདི་དང་འདི་ཞེས་བཤམས་མི་འདོད། དེ་ནི་ངས་སྙན་ངག་ཀློག་པ་དཀའ་བར་འདོད་ལ། སྙན་ངག་ཡག་པོ་ཞིག་འབྱོངས་པོར་ཀློག་པ་དཀའ་བས་ཀྱང་དཀའ། མ་ཟད། སྙན་ངག་གི་ཚིག་དོན་རྗེན་ནེར་ཀློག་པ་པོར་ངོ་སྤྲད་ཀྱང་ད་རུང་ཡང་སྙན་ངག་གི་དབྱིངས་སུ་བདག་ཅག་གཅུམས་པར་བྱེད་ལ་བྱིན་གྱིས་བརླབས་པར་བྱེད་པའི་སྟོབས་ཤུགས་སམ་ཚོར་བ་ཞིག་ཡོད་པ་དེ་ཅིས་ཀྱང་སྐྱུ་རུ་ར་ལག་མཐིལ་དུ་བླངས་པ་བཞིན་སྟོན་ཐབས་མེད་པས་ཡིན། དེ་ནི་སྨྲ་བསམ་བརྗོད་འདས་དང་དབང་ལྔའི་མྱོང་བས་ཀྱང་ཟིན་དུ་མེད་པ་ཞིག་ཡིན་པས། ཚིག་ཚོགས་ལ་ཡང་ཐབས་མེད།
གོང་གི་དེ་དག་ནི་སྐྱབས་ཆེན་གྱི་སྙན་ངག་དེབ་འདི་དང་འབྲེལ་ཏེ། ཁོའི་སྙན་ངག་སྐོར་ནས་སྐད་ཆ་འགའ་བཤད་པ་ཙམ་ཡིན། ཁོ་རང་ལམ་དཀར་བར་ཤོག
བྱམས་ཕྲུག་གིས༢༠༡༧ལོའི་སྟོན་མཇུག་པེ་ཅིང་གི་
ས་འོག་མེ་འཁོར་ནང་ཕར་འགྲོ་ཚུར་འགྲོའི་བར་ནས་བྲིས་པའོ།།
རྩོམ་ཁུངས། མཆོད་མེ་དྲ་བ།