བོད་ཀྱི་རྩོམ་རིག་དཔྱད་དེབ་དང་དུས་དེབ་དག་ལ་ལྟད་མོ་མི་འདུག
ད་ལྟའི་ཆར། བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་གནས་སྟངས་ཤིན་ཏུ་ནས་སྡུག་ཐུག་ཅིག་ཏུ་ཆགས་འདུག ཞིབ་འཇུག་ཡིན་ནོ་ཅོག་གིས་བོད་ཀྱི་རྩོམ་རིག་ཅེས་པའི་བོད་དང་རྩོམ་རིག་ཅེས་པའི་བརྡར་གོ་བ་ལེན་སྟངས་མ་འདྲ་བས་ཡིན་ཏེ། དོན་དུ། ཞིབ་འཇུག་གི་བཟོ་ལྟ་རུ་མངོན་ཡོང་བའི་ཚོགས་འདུ་དང་དཔྱད་དེབ། གཏམ་བཤད། འཆད་ཁྲིད། དཔྱད་རྩོམ་དག་ཀྱང་ས་ཁུལ་ག་གེ་མོ་དང་དུས་དེབ་ག་གེ་མོ་གླེང་གཞིར་བཞག་པ་ཙམ་ལས། སྤྱི་བམ་པོའི་གནས་སྟངས་དང་ཆོས་ཉིད་ཀྱི་འགྲོས་སོགས་རྒྱ་ཡངས་པོ་དང་། གཞུང་གི་བཤད་སྟོབས་དང་རིག་པའི་སྒྲུབ་སྟོབས། རིས་མེད་ཀྱི་ཤན་སྟོབས་སོགས་ཀྱིས་ཤན་ཏེ་གསལ་དག་ལེར་སྨྲ་ཐུབ་མཁན་དཀའ་ཙམ་འདུག་གཱ
ལྷག་ཏུ་ཡང་ད་སྐབས་སྔ་དུས་ཀྱི་ཤོག་བུའི་རྩོམ་རིག་གི་སྐབས་འཕྲལ་རིན་ཐང་མར་ལྷུང་ཏེ། གློག་རྡུལ་རྩོམ་རིག་རགས་ལས་ཤོར་བའི་ཆུ་བཞིན་ལོ་མང་རིང་དར་ན་ཡང་། འདིའི་སྐོར་ད་རུང་ཞིབ་འཇུག་པ་དག་གི་དཔྱད་བྱའི་ཡུལ་དུ་འཛིན་མི་རུང་བར་བལྟས་ཏེ་ཡོད་ལ། དུས་དེབ་རྩོམ་སྒྲིག་པ་ཚོའི་སྒྱིད་ལུག་དང་གཉའ་རེངས། སྒམ་ཉམས། ན་གཞོན་ཚོའི་ཉམས་དང་དུ་ལེན་མི་རི་བའི་བསམ་སྤྱོད་ཀྱི་རྐྱེན་པས། ཁོ་ཚོས་རང་ཉིད་རྒུད་པའི་ལམ་ཞིག་ཏུ་བརྫངས་ནས་འདུག ། ལྷག་ཏུ་དུས་བསྟུན་ཆེད་སྒྲིག་བཟོས་ཏེ་རྩོམ་རིག་གི་གནས་སྟངས་འཁྲིད་པ་དང་གསབ་པ་སོགས་ནི་མི་ཐུབ། ཕྱོགས་རིས་འཐེན་འཁྱེར་གྱི་སེམས་ནི་ཆེ། མཛེས་སྡུག་གི་ཆ་ལ་ནི་དང་དོད་མི་བྱེད། ཡིག་ནོར་བརྡ་ལོག་བཅོས་མ་ཐུབ། འགྲེམ་སྤེལ་འཁོར་རྒྱུག་སོགས་ལ་མི་མཁས་པ་རྐྱེན་བྱས། མང་པོས་རེ་སྒུག་ནི་ཆེར་བྱེད་བཞིན་མེད་པ་ཞིག་ཏུ་ཆགས་ཤིང་། ལོ་འདི་འགར་བལྟས་ཚེ། རྩོམ་ཅུང་ཟད་བྲིན་པ་དང་ཡག་ཙམ་དུ་ཡོད་པ་དག་ཀྱང་དུས་དེབ་ལས་བསྐྱེད་པ་མིན་པར། སྒེར་དེབ་དང་། ལྷག་ཏུ་དཔེ་རྟགས་མེད་པ། ལྷག་ཏུ་དྲ་ངོས་སོགས་ནས་བསྐྱེད་བྱུང་བ་ཞིག་ཏུ་ཆགས། དུས་དེབ་དག་གི་གོ་ས་ནི་ཤོར་འདུག་བསམ་བསམ་ཞིག་རེད།
ད་ལྟའི་བོད་ཀྱི་རྩོམ་པ་པོ་དག་བོད་ཀྱི་རྩོམ་རིག་ཞིབ་འཇུག་པ་དག་ལ་ངོས་ལེན་ཆེར་མེད་པ་ཡང་ཁག་མི་འདུག་སྟེ། དངོས་གནས་བཤད་ན་ཞིབ་འཇུག་པ་དག་གི་ཆུ་ཚད་ངན་པས་རེད། ད་སྐབས་སྤྱིའི་ཆ་ནས་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དེབ་ཤ་མོ་བརྡོལ་བ་བཞིན་ཡོང་གི་ཡོད་ན་ཡང་། གསལ་བ་དང་དག་པ། རིས་སུ་མ་འཁྱེར་བ། ཆེ་བ་སེང་གེའི་ལྟ་སྟངས། ཆུང་བ་རུས་སྦལ་ནུར་འགྲོས་སྒོས་ཞིབ་གསལ་དག་གསུམ་ཐོན་པ་ཤིན་ཏུ་དཀོན། ཆེས་མ་མཐའ་ཡང་། ད་ལྟའི་ཆར་བོད་ལ་རྩོམ་རིག་ལོ་རྒྱུས་སྐོར་གྱི་དེབ་ཁ་ཤས་ཡོད་ན་ཡང་། གྲ་དག་དང་དཔེ་གཞིར་རུང་བ། ཁྱབ་ཆེ་བ། སློབ་དེབ་ལྟ་བུར་བལྟས་ཀྱང་རུང་བ་གཅིག་ཀྱང་མེད་གཱ
གོང་གི་ཚིག་འདི་དག་ཉེ་ལམ་གྱི་སྣང་ཚུལ་འགའ་ལས་འཕྲོས་ཏེ་འཚིག་པ་ཟ་ཞོར་བྲིས། ཕྱི་ནང་གསལ་བོ་ག་ལེར་འབྲི་ཡོང་།
རྩོམ་ཁུངས། མཆོད་མེ་དྲ་བ།