ལྷམ་ཀོག་གི་སྙན་ངག《རྒྱ་མཚོ་ཆེན་མོ》དང་དེའི་ཕྲན་དཔྱད།

དེ་རིང་རྒྱ་མཚོ་ཆེན་པོ་འདི་སྨུག་པས་བཟུང་ཡོད།
མཚོ་ཁར་གཡེངས་པའི་གྲུ་སྟེང་ནས།
ངས་རྒྱ་མཚོ་ཆེན་པོའི་མཛེས་སྡུག་མཐོང་གིན།
རང་གི་ཚེ་སྲོག་བོར་ཡོད།
 
རྒྱ་མཚོ་འདིའི་རླབས་ཀྱི་ཟིལ་བ་ན།
ང་ཡི་མ་འོངས་པ་ཡོད།
པོ་ཏཱ་ལའི་མཛེས་སྡུག་དང་རི་རྩེ་ཡི་མཚམས་སྤྲིན་འཁོར།
ད་དུང་སྨུག་པའི་འགྱུ་བག་ཁྲོད་ན།
ཆུ་ཟིལ་གྱི་བརླན་དང་འདྲེས་པའི་ཡངས་པའི་རྩྭ་ཐང་འཁྱིལ།
 
ལུས་པོ་ཧར་གྱིས་འགྲེང་བའི་ཉི་ནུབ་མཚམས་ནས།
ཕྱི་གཙང་ནང་གཙང་གི་མཚོ་མོ་འདི་མཐོང་དུས།
ང་ཡི་སེམས་སུ་བཞུར་བའི་ལོ་ཟླ་འདི།
གཡུ་ཡི་མེ་ལོང་ཞིག་རེད།
               སྙན་ངག་འདི་སྐུ་ཞབས་ལྷམ་ཀོག་གི་བརྩམས་ཆོས་《ཕྲེང་བ་ནག་པོ》རུ་བཀོད་ཡོད།
 
   སྙན་ངག་ནི་ཚད་མའི་གཞུང་དུ་བཤད་པའི་བུམ་པའི་མཚན་ཉིད་ལྟར་སྐྱེས་བུ་བརྒྱ་ཡི་སྣང་ངོར་མཚན་ཉིད་གཅིག་ལས་འདའ་མེད་དུ་གནས་པ་ཞིག་ནི་མ་ཡིན་པར།དེ་ལས་ལྡོག་སྟེ་སྐྱེས་བུ་བརྒྱ་ལ་མཚན་ཉིད་བརྒྱ་རུ་བཞག་ཆོག་པའི་མིའི་སེམས་ཀྱི་སྣང་བརྙན་ཕྱིར་མངོན་བྱེད་ཀྱི་སྒྱུ་རྩལ་རིག་གནས་ཤིག་ཡིན་པའི་ཆ་ནས།ཐུན་མོང་དང་ཐུན་མོང་མ་ཡིན་པའི་གོ་བ་ལེན་ཚུལ་མི་འདྲ་བ་རེ་བྱུང་དང་འབྱུང་ངེས་པའང་བསྙོན་པར་མི་ནུས་མོད།ཚིག་གི་སྡེབ་སྦྱོར་དང་འབུར་དོད་ཀྱི་ཆ།དབྱངས་ཀྱི་ལྡེམ་འགྲོས།ཚོར་བའི་བར་སྟོང་།སྣང་བརྙན་གསར་བཞེངས་སོགས་དང་།ཡང་ན་ཚིག་རྐྱང་བའི་རོ་ལ་འཐམ་པ་དང་།དེ་ལོགས་སུ་བསྐྱུར་ནས་དོན་གྱི་བུ་རམ་ཁོ་ནར་སྲེད་པའི་ཧམ་སེམས་ཅན་དང་།བསམ་བློ་ནང་དུ་མི་ཕྱོགས་པར་མཛེས་ཁྱད་ལ་གོ་བསྡུར་བའི་བློ་མིག་ཡ་བྲལ་བ་དག་གི་སྔུན་ནས་བྱིས་པ་ངན་ཤོར་ཞིག་གི་བབ་ཅོལ་བཞིན་ཡིག་ཚོགས་ཤིག་ལས་མ་འདས་པས།རྨོངས་པའི་དྲན་ཚུལ་ཅི་འབྱུང་ལ་དད་དོད་བྱེད་པར་མི་འཚམ་པའི་གནད་ཀའང་དོན་གྱིས་ཤེས་དགོས་སོ།སྙན་ངག་ནི་མིའི་རྒྱུད་ཀྱི་སེམས་ཁམས་ལ་འབྱར་བའི་དྲི་མའམ།ཚུལ་འཆོས།གཡོ་སྒྱུ།རང་གཅུན་རང་སྡོམ་སོགས་མིའི་གཤིས་ལུགས་དང་མི་འཚམ་པའི་མི་གཙང་བ་དག་བྱབ་བཀྲུ་རྒྱག་བྱེད་དམ་དག་གཙང་དུ་བསྒྱུར་བྱེད་ཀྱི་མཁོ་ཆས་གལ་ཆེན་ཞིག་ཏུ་ངེས་པས།མཁས་པ་དག་གིས་མིའི་སྤྱི་ཚོགས་དང་མེད་དུ་མི་རུང་བར་བཤད་ལ་མཛེས་པའི་མཛེས་པར་བསྙད་པའི་འབབ་སའང་འདི་ལ་ཐུག་འདུག་སྙམ།དེའི་ཕྱིར།སྙན་ངག་པ་སུ་ཡིན་རུང་ཁོའི་ཕྲག་སྟེང་ན་མི་རིགས་དང་སྤྱི་ཚོགས་ཧྲིལ་པོ་ཞིག་གི་འོས་འགན་ལྕི་མོ་ཡོད་ལ།ཁོའི་བསམ་བྱུང་དང་དངོས་བྱུང་ལས་བརྡོལ་བའི་སྙན་ངག་གི་རུས་རྐང་དུའང་སྤྱི་ཚོགས་དེ་དང་མི་རིགས་དེའི་ལས་དབང་དང་ན་ཟུག་འཇགས་མེད་དུ་འཕྱུར་བཞིན་ཡོད་ལ།སྙན་ངག་པ་ལྷམ་ཀོག་དང་ཁོང་གི་སྙན་ངག་དག་ཀྱང་དེ་ལས་མ་འདས།དཔེར་ན།ཁོའི་བརྩམས་པའི་སྙན་ངག་《རྒྱ་མཚོ་ཆེན་པོ》་ལྟ་བུར་མཚོན་ན།ཚིག་གི་ཞུན་བརྡར།དབྱངས་ཀྱི་ལྡེམ་འགྲོས།བརྗོད་བྱའི་སྙིང་བོ་བཅས་ལ་བཙན་སྒྲིག་དང་།ཟོལ་བཅོས།ཕ་རོལ་རྨོངས་པར་བྱེད་པའི་ཐ་སྙད་གསར་བཟོ་སོགས་ཀྱི་ཤུལ་ཙམ་ཡང་མེད་པར།བོད་རང་གི་སྤྱི་སྐད་དང་འཚམ་པའི་རྒྱུན་བཀོལ་གྱི་ཐ་སྙད་ལ་སྙན་ངག་གསར་བའི་འབྲི་སྲོལ་སྤྱད་དེ་ད་ལྟའི་བོད་མི་སྤྱིར་བཏང་བ་ཞིག་གི་ཚུལ་དུ་རང་གི་ཚོར་ཤེས་སུ་གང་འཁྲུངས་པའི་གནས་བབ་དངོས་དེ་གཏན་ཚིགས་དང་མཐུན་པའི་སྒོ་ནས་སྙན་ངག་ལྷ་མོར་བཅོལ་ཡོད་ལ།སྤྱི་ཚོགས་ཧྲིལ་པོ་ཞིག་གི་ན་ཟུག་དེ་ང་རྒྱལ་དང་སྤོབས་པས་གྱེར་བའི་ལྷག་བསམ་གྱི་རང་མདངས་གསལ་བོར་མངོན་ཡོད་པས།སྙན་ངག་གསར་བར་དགའ་མོས་ཡོད་མཁན་ཞིག་ཡིན་ཚེ་ཆེས་བཀླག་རིན་ཡོད་པ་ཞིག་ཏུ་འཁུམས་སོ།སྙན་ངག་པའི་ཚོར་ཤེས་ནི་ཧ་ཅང་སྐྱེན་པོའི་
གློག་ཞགས་དང་།རྣོ་དབལ་སྟོང་གི་ཡང་རྩེར་འཁྱིལ་བའི་འོད་ཐིག་གོར་མོ་ཞིག་སྟེ།སྐད་ཅིག་མ་གཅིག་གི་ཡུན་ལ་ཕྱིའི་སྣོད་ཀྱི་རི་ར་བ་ཁང་ཁྱིམ་ལ་སོགས་པར་ལྡིང་བསྐོར་བྱེད་ནུས་ལ་རྒྱུས་ལོན་བྱེད་ནུས་པའི་ཚན་རིག་པའི་ལག་གི་ཕྲ་མཐོང་མིག་ཤེལ་ལས་ལྷག་པའི་གཞལ་མེད་ཀྱི་རིན་ཐང་ཞིག་མངའ་བས་ན།ཤེས་ལྡན་པ་མང་པོས་གོང་དུ་བཀུར་ཤིང་མཚར་དུ་འཛིན་དགོས་པའི་རྒྱུ་མཚན་ཡང་འདི་ལ་ཐུག་འདུག་པ་མིན་ནམ་སྙམ་པ་ཞིག་ཀྱང་ཞར་དང་ཞོར་ནས་སྐྱེས་བྱུང་།དེ་ཡང་སྙན་ངག་པ་ཁོང་གིས།“དེ་རིང་རྒྱ་མཚོ་ཆེན་པོ་འདི་སྨུག་པས་བཟུང་ཡོད།མཚོ་ཁར་གཡེངས་པའི་གྲུ་སྟེང་ནས།ངས་རྒྱ་མཚོ་ཆེན་པོའི་མཛེས་སྡུག་མཐོང་གིན།རང་གི་ཚེ་སྲོག་བོར་ཡོད”པ་དང་།དེའི་རྐྱེན་ནམ་ཨ་ཟད་ཨུ་ཐུག་པའི་ནང་སེམས་ཀྱི་སྐྱོ་བ་དང་སྡུག་བསྔལ་ཡོད་ཚད་ཤུགས་གླུ་ཚན་པ་དང་པོ་འདི་རུ་དངོས་ཤུགས་གང་རུང་སྒོས་མཚོན་ཡོད་དེ།འགོ་བརྩམས་མ་ཐག་
“དེ་རིང”་ཞེས་ལོ་རྒྱུས་ཀྱི་འདས་དོན་ལ་ཕྱིར་རྟོག་བྱས་རྗེས་ཀྱི་ད་ལྟའི་མི་རབས་འདིའི་རིག་གནས་ཀྱི་སེམས་ཁམས་དང་།རིག་གནས་ཀྱི་གནས་བབ་ལ་ངེས་དོན་གྱིས་དབྱེ་ཞིབ་བྱེད་པར་རེ་སྐུལ་གྱི་ཚུལ་གྱིས་དུས་རབས་འདིའི་དཀྱོགས་མཚམས་ངོས་བཟུང་སྟེ།རིག་གནས་འདི་ཉིད་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྒྱ་མཚོའི་རྣམ་པར་བཀོད་དེ་མཚུངས་ཆོས་མང་པོ་ཞིག་གི་ངོས་ནས་གདེང་འཇོག་དང་རེ་སྨོན་བཅོལ་ཡོད་པ་རེད།“རྒྱ་མཚོ་ཆེན་པོ”་ལྟ་བུའི་གཏིང་ཟབ་ལ་རྒྱ་ཆེ་བའི་རིག་གནས་རིན་ཐང་ཅན་འདི་ཉིད་དུས་རབས་ཀྱི་“སྨུག་པས་བཟུང་ཡོད”་པའི་རྐྱེན་གྱིས་མཚོ་གཏིང་གི་ནོར་བུའི་ཕྱིར་ཏུ་བསྐྱོད་པའི་སེམས་ཤུགས་ཅན་དེ་དག་གིས་གྲུ་གཟིངས་ཀྱི་ཁ་ཕྱོགས་གང་དུ་བསྐོར་དགོས་མིན་མ་ཤེས་པར་དབང་མེད་དུ་“མཚོ་ཁར་གཡེངས་པའི་གྲུ་སྟེང་ནས”གང་ཞིག་ཏུ་བསྣུབ་ལ་ཉེ་བ་མཐོང་དུས།སྙན་ངག་པ་ཁོང་གིས་རང་ཉིད་མི་རིགས་ཤིག་གི་ཚབ་མཚོན་དུ་བཀོད་དེ།ཤེས་པ་རྣལ་ལ་ཕབ་སྟེ་རྒྱ་མཚོ་ནི་མ་གཞི་ནས་གཡོ་མེད་འགུལ་མེད་གྱི་བདག་ཉིད་ཅན་དུ་ཚོར་བ་དང་།“རྒྱ་མཚོ་ཆེན་པོའི་མཛེས་སྡུག་”དང་རིན་ཐང་རེ་རེ་བཞིན་མིག་གིས“མཐོང་གིན”ཕྱི་རོལ་གྱི་དྲག་རླུང་དང་སྨུག་པ་སོགས་ལ་ཡིད་འཇོག་དང་ཞེད་སྣང་ཅི་ཡང་མེད་པའི་མི་རབས་འདི་ཉིད་“རང་གི་ཚེ་སྲོག་བོར་ཡོད་”པའམ་ཤི་བ་ལྟར་གསོན་ཡོད་པའི་བདེན་པ་དག་སྲོང་བོར་སྨྲས་ཏེ།སྨུག་པ་དྭངས་ཐབས་སུ་འབད་དགོས་པའི་རེ་བ་བཏོན་ཡོད་ལ།གལ་སྲིད་“རྒྱ་མཚོ་ཆེན་པོ་འདི་”ད་དུང་ཡང་དུས་ཀྱི་དྲག་རླུང་གིས་དཀྲུགས་ཤིང་།སྨུག་པས་ངོ་གདོང་གཡོགས་པའི་གནས་བབ་ལས་ཐར་ཐབས་མ་བྱས་ན།ལང་ལོང་དུ་འཕྱུར་བའི་“རྒྱ་མཚོ་ཆེན་པོ་འདིའི་”རྦ་“རླབས་ཀྱི་ཟིལ་བ”་སྟེ་ཆུ་ཐིགས་དེ་ཡང་གོད་ཆག་དང་མྱ་ངན་གྱི་ཡིད་བརྙན་འཕར་མ་རུ་ཐབས་ཀྱིས་བསྒྱུར་ཏེ།མི་རབས་འདིའི་“མ་འོངས་པ་”ཡང་མྱ་ངན་དང་མིག་ཆུ་དེའི་ཀློང་ན་ཤི་མིན་གསོན་མིན་གྱི་ངང་དུ་གནས་“ཡོད”་པ་དང་།མེས་པོ་དག་གིས་ང་ཚོར་སྐྱེས་སུ་བཞག་པའི་“པོ་ཏཱ་ལའི་མཛེས་སྡུག་དང”་རིན་ཐང་།ཆོས་ཉིད་ཀྱིས་ང་ཚོར་བསྩལ་བའི་
ཡིད་འོང་གི་“རི་རྩེའི་མཚམས་སྤྲིན་དག”་ཀྱང་མྱ་ངན་དང་མིག་ཆུའི་ཀློང་དུ་སུ་ཞིག་གིས་བཙན་གྱིས་བསྐོར་བ་མ་ཡིན་པར་ངང་ངམ་ཤུགས་ཀྱིས་“འཁོར”་འགྲོ་བའི་སྐྱོ་གར་གྱི་རྣམ་པ་བསྟན་ཡོད།སྐབས་འདིར་“འཁོར་”་ཞེས་པའི་བྱེད་མེད་ལས་ཚིག་བཀོལ་སྟངས་འདི་ནི་ནུས་པ་བླ་ལྷག་ཏུ་ཐོན་པ་ཞིག་སྟེ།ཆོས་ཉིད་ཀྱི་དབང་གིས་དེ་ལྟར་འགྱུར་བར་ངེས་པའི་ཡུལ་དེ་ཉིད་ཀྱི་མ་འོངས་པ་ང་ཚོས་མདུན་དུ་བུལ་གྱིས་བཤམས་ཡོད་པས།འདིའི་སྐད་ཆའི་སྦྱོར་བ་དང་ཚིག་གི་བསྟན་དོན་སོགས་ལ་གཟབ་ནན་དང་ཞིབ་ཚགས་ལྡན་པའང་ཚོར་ཐུབ།ཚན་པ་འདི་ནི་ཁོང་གི་སྙན་ངག་འདིའི་འབབ་ཡུལ་ལམ་བརྗོད་སྙིང་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་ཆོག་རེད་སྙམ་མོ།མ་ཟད།“ད་དུང་སྨུག་པའི་འགྱུ་བག་ཁྲོད་ན”“ཆུ་ཟིལ་གྱི་བརླན་དང་འདྲེས་པའི་ཡངས་པའི་རྩྭ་ཐང་འཁྱིལ་”བའི་ཚུལ་ཡང་གོང་དང་མཚུངས་པས་གླེང་ཟིན་པ་ཞིག་བསྐྱར་བཤད་དུ་སོང་ཡོད་པ་ལྟར་སྣང་མོད།ཏན་ཏན་ཏིག་ཏིག་གིས་དཔྱད་འབྲས་སུ་དེ་ཡང་ཡིད་བརྙན་འབུར་དོད་ཀྱི་ཆ་ལ་ཆེད་དུ་གླེང་བ་ཞིག་མིན་ནམ་སྙམ་པའང་བྱུང་།དེའི་ཕྱིར།འཁུན་སྒྲ་དང་སྡུག་ཡུས་ཁོ་ན་གྱེར་བའི་སྒྱིད་ལུག་གི་གནས་མལ་ལས་“ཧར་གྱིས་འགྲེང་བའི་ཉི་ནུབ་ཀྱི་བར་མཚམས་ནས།”འདས་པ་དང་ད་ལྟའི་ཚུལ་བབ་ལས་འཐོར་བའི་“མིག་ཆུའི་མཚོ་མོ་འདི་ཉིད་”ཀུན་གཞི་རྣམ་ཤེས་ལ་སྣང་བ་ལྟར་དོན་ལ་གནས་པ་“མཐོང་དུས།” “ང་”སྟེ་མི་རབས་འདིའི་“སེམས་སུ་”ཆུ་བོ་བཞིན་“བཞུར་བའི་”མིག་མཐོང་ལག་ཟིན་གྱི“ལོ་ཟླ”འི་གོད་ཆག་“འདི་”ཉིད་“གཡུ་ཡི་མེ་ལོང་ཞིག་རེད”ཅེས་མེ་ལོང་ཞིག་གི་རྣམ་པར་ཐབས་ཀྱིས་འཕོས་སུ་བཅུག་བྱུང་ལ།འདི་ནི་སྙན་ངག་པ་ཞིག་གི་རིགས་ཞེན་གྱི་འདུ་ཤེས་དང་།རིག་གནས་ལ་བཅིངས་པའི་དུངས་སེམས།སྣོད་བཅུད་གཉིས་ཀྱི་འགྱུར་ལྡོག་གི་རྣམ་པ།རིག་གནས་དང་རྒྱ་མཚོ་ཆེན་པོ་ཞིག་གི་མཐུན་ས་དང་རྟེན་འབྲེལ་དུ་གྲུབ་པའི་སྣང་ཚུལ་དག་སྐད་ཆའི་དྭངས་མར་བཞུས་པའི་ཉིང་དགོས་དང་སྟོན་འབྲས་ཡིན་ལ།ཚིག་རྐང་བཅུ་གསུམ་གྱི་རུམ་ལ་བཅུག་པའི་སྡོམ་ཚིག་རེ་རེའི་ལམ་བྲོ་མ་ཡིན་པར་སུ་ཞིག་གིས་བཤད་ནུས་ཨང་།
 
               སྤྱི་ལོ་༢༠༡༡ཟླ་༡༡པའི་ཚེས༤ཉིན་རང་ཤག་ནས་བྲིས་པ་དགེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གི་སྙན་ངག《རྒྱ་མཚོ་ཆེན་མོ》དང་དེའི་ཕྲན་དཔྱད།

2011-11-06 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།