གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག Copyright © 2005-2024 tibetcm.com All rights reserved. Powered by: tibetitw.com E-mail:tibetcm@126.com QQ:492779202
སྙན་ངག ཇི་ལྟར་བཙལ་ཡང་མི་རྙེད་པ་དེ།
སྲིན་པོ།
ད་བར་དུ ངས་ཁྱེད་ཉིད་ཅི་ཙམ་བཙལ་བ
ང་ཡི་སྐྱོ་གདུང་གི་གཙང་བོ་ལ་འདྲི་རོགས
ང་ཡི་སེམས་ཁོང་གི་རྨ་ཁ་ལ་འདྲི་རོགས
ངས་ནི་དངོས་ནས་ཤེས་ཐབས་བྲལ་སྟེ
ངེད་ཚང་གི་ཁྱིམ་རྒྱུད་ནས་ཁྱེར་འོང་པའི་རྩ་ཆེ་བའི་དངོས་པོ་དག་གི་ཁྲོད་ནས་ཀྱང་རྙེད་ཐབས་བྲལ
མཚན་མོའི་སྲང་མདོ་དང་མུན་ནག་གི་གྲོག་ཤུར་རེ་རེར་བརྒལ་མྱོང་ཡང
ང་རང་ཁྱེད་ཀྱི་བྲག་གཡེང་གི་ཞིང་ཁ་རུ་སླེབས་ཐབས་བྲལ
ད་ནི་ཕ་ཡུལ་གྱི་གཙང་བོ་ལ་དྲིས་དགོས་བྱུང་སོང
རྣ་བ་དྲོག་དྲོག་གིས་ས་སྒང་ན་ཞོགས་པའི་རི་དྭགས་ཀྱི་ཁྱུ་ལ
ཁྱེད་ཀྱི་གནས་ཡུལ་འདྲི་དགོས་བྱུང་སོང
དུས་རབས་འདིར ཁྱེད་ཀྱིས་བདག་ལ་ས་ཁྲ་དང་ལམ་ཆས་གང་ཡང་བཞག་མི་འདུག
སྙན་ངག་ལ་ཕུལ་བ།
ཆེས་མཐོ་བའི་རྒྱལ་ཁྲི
བླ་ན་མེད་པའི་ཁེར་རྐྱང་གི་བཞུགས་གནས
ང་རང་ནང་དུ་ཕེབས་ཆོག་པར་ཞུ
བདག་ནང་དུ་ཕེབས་ཆོག་པའི་ཞུ་བ་ནི་གཡོ་ཟོལ་དང་ལྐོག་ཞུ་མ་ཡིན་ནོ།
གྲོང་གསེབ།
ཁོ་ཚོ་ཅ་ལག་རྙིང་བ་དེ་དག་དང་ལྷན་དུ་ཉི་མར་ལྡེ་ཡོད
མདོག་ཤོར་བའི་གྲོང་གསེབ་ཅིག་ཏུ་ཉི་མར་ལྡེ་བཞིན་ཡོད
གྲོང་གསེབ་ཀྱི་ཆུ་བོ་སྔར་བཞིན་ཁ་རོག་གེར་བཞུར་ནའང
བདག་གི་སྙན་ངག་ནི་ཁོ་ཚོའི་གླེང་གཞི་གཅིག་པུ་ཡིན
ཡ་གླིང་ནུབ་རྒྱུད་ཀྱི་མགྱོགས་བྲིས་ཚན་པ།
གངས་རི་ནི་བྱ་གླག་ཅིག་གི་གཤོག་འགྱུར་ལ་རྔམ་པའི་རི་དྭགས་རིགས་ཤིག་སྟེ
མཚམས་སྤྲིན་གྱི་གསེབ་ནས་གསེར་མདོག་གི་རི་རྒྱུད་བརྒལ་ཏེ
དུས་རབས་ལས་ཁ་ཕྱིར་འཁོར་ནས་སྤང་ཐང་གི་རྫས་དུད་ཀློང་ན་ཞོགས་ཀྱིན་ཡོད
རྔུལ་ཆུའི་བྲབས་པའི་དུས་ཚོད་ཀྱི་རྒྱབ་ཏུ་ཞོགས་ཀྱིན་ཡོད
གངས་རིའི་སྐྱོ་གདུང་ནི་ཡིད་སེམས་ཅིག་ཅར་འཕྲོག་པའི་བར་སྣང་ཡུག་ཅིག་སྟེ
ཉི་མའི་འཁྱག་རོམ་གྱི་རྩིག་པ་གཏོར་ཏེ
མཐའ་མེད་པའི་ཡ་གླིང་གི་ནུབ་རྒྱུད་དུ་བཞུར་གྱིན་འདུག
2015.3.16
___འདས་མཆོད་ཀྱི་གླུ།
སྲིན་པོ།
ལོ་ཟླ་མང་པོ་མང་པོ་ཞིག་ཕྱིན་རྗེས
ངས་ཁྱེད་རང་ལྟ་བུའི་མེ་དཔུང་གི་སྙན་ངག་ཅིག་བྲི་འོས
ས་གཞི་འདིའི་སྟེང་གི་མུན་ནག་གི་སྐད་སྒྲ་མ་ལུས
རིང་དུ་ཡལ་ཚེ
ངས་ཆེས་དྭངས་གཙང་གི་ཉིན་མོ་ཞིག་བཙལ་ཏེ
སླར་ཡང་ཁྱེད་ལ་སྙན་ངག་ཅིག་བྲི་འོས
དེ་ནི་ད་ལྟའི་བར་མིའི་རིགས་ཀྱི་སྨྱོ་ཧམ་ཀྱིས་
མྱ་ངན་ཞུ་བ་ལྟར
བདག་གིས་ཀྱང་ཁྱེད་ལ་མ་སྨིན་པའི་བརྩེ་བ་ཞིག་བཅངས་ཡོད་པས་ཡིན་སྲིད
ཏག་ཏག ཁྱེད་ལ་དུས་ནམ་ཡང་ཐུག་འཕྲད་བྱུང་ཐུབ་སྟེ
དེ་ནི་ད་དུང་ཡང་ཁྱེད་རང་མཚར་སྡུག་གི་མེ་དཔུང་འདིའི་ཁྲོད་གནས་ཡོད་པས་ཡིན
ངས་ཁྱེད་ཀྱི་མེ་ལྕེ་ལ་ཐུག་རེག་བྱེད་སྐབས
ཁྱེད་ཀྱིས་བདག་གི་ལུས་ཡོངས་སུ་བྱིལ་བྱིལ་གནང་སོང
ཀྱེ་མ རླབས་ཆེན་གྱི་སྲས་མོ མེ་དཔུང་གི་རིགས་རྒྱུད
ཁ་བ་འབབ་ཉིན་ཞིག་ལ་ལན་གྲུ་ཡི་མཆོད་རྟེན་དཀར་པོར་བྲིས།
སྲིན་པོ།
ངས་ཁྱེད་རང་མཐོང་མི་ཐུབ
དེ་ནི་ཁ་བ་བབས་པས་མ་ཡིན་པར
ཁྱེད་ཀྱིས་བདག་གི་མཐོང་ལམ་བསྒྲིབས་ཡོད་པས་ཡིན
རི་རྩེ་འདིར
ཐེངས་གཉིས་ཙམ་ལ་སོང་མྱོང
ཐེངས་གཉིས་ཙམ་ལ་ང་ཡིས་ཕྱིར་མིག་ཁྲོད་སེམས་ངལ་ཁུར་ནས་ལོག
དེ་རིང་ཁ་བ་བབས་བྱུང
ངས་ས་གཞིའི་འདིའི་སྟེང་གི་ཁ་བ་ཁྱེར་ནས
ཁྱེད་ལ་མང་ཙམ་སྟེར་འོས
ཁྱེད་ཀྱི་བཀྲེས་ལྐོམ་གྱི་བར་སྣང་ལ་མང་ཙམ་སྟེར་འོས
དེ་རིང་ཁ་བ་བབས་སོང
ཉིན་དེར ངས་ཁྱེད་ཀྱི་རི་ཟོམ་ནས་ཁྱེད་ཀྱི་ལོ་གྲངས་བཀླགས་མྱོང
ཁྱེད་ཀྱི་ས་རྡུལ་གྱི་ཀློང་ནས་ཁྱེད་ཀྱི་ཤེས་རབ་དང་ཉི་འོད་བཙགས་མྱོང
དེ་རིང་ཁ་བ་བབས་སོང
གཞི་ནས་མཐོང་ལམ་སྒྲིབ་སོང
2014/10/11
ང་རང་ཁྱེད་ཀྱི་འཁྲིས་སུ་ལོག་པར་མོས།
__YJལ་ཕུལ།
སྲིན་པོ།
ངས་རི་ཆུ་སྟོང་ཕྲག་ཅིག་བརྗེད་པར་གནང་ཐུབ་ཀྱང
ངས་ཁྱེད་ཀྱི་བརྩེ་འདང་གི་རི་བོའི་ཕ་རོལ་དེ་གཏན་ནས་བརྗེད་ཐབས་མི་འདུག
གནས་དེ་ན་ཉི་མ་དང
འདས་སོང་གི་གྲོང་ཚོ་ཆགས་ཡོད
ངས་བརྗོད་པ་ཁྲི་ཕྲག་ཅིག་ཤོག་ངོར་ཕབ་ཐུབ་ཀྱང
ངས་ཁྱེད་ཀྱི་སྐྱོ་གདུང་གི་མཆི་མའི་མཛེས་ལྗོངས་དེ་གཏན་ནས་འབྲི་ཐབས་མ་བྱུང
གནས་དེ་ན་ངང་སྒུག་དང་
ཕངས་སེམས་ཀྱི་རི་རྒྱུད་ཆགས་ཡོད
2015་1་3ཉིན་བྲིས།
སེམས་པ་ནི་སྣོད་ཅིག་རེད
སྣོད་དེའི་ནང་དུ་ངས་ཁྱེད་རང་གཅིག་པུ་བསྡུས་ཏེ
ཉི་ཤར་དང་ཉི་ནུབ་བར་ཁུར་ནས་སོང
ལྗིད་ཏིག་ཏིག་གི་དུས་སུ
ཅི་ཞིག་སྨིན་མཚམས་བཞག་པ་དང་མཚུངས་ཤིང
ད་ལྟ་སྣོད་དེའི་ཁ་གང་ནས་འདུག
ཡུགས་མོ་ཞིག་གི་འཁྲུངས་སྐར་ལ་ཕུལ་བ།
ཁྱེད་ཀྱིས་ཡུགས་མོ་ཞིག་ཁྲིད་དེ
ཡུལ་དུ་ལོག་དུས སྡེ་མི་ཚོས་ཁྱེད་ཀྱི་ལག་
ཏུ་ལྡེ་མིག་ཅིག་ཡོད་པ་ཤེས་ནས
སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབས
ཡིན་ཡང ནམ་གུང་དུ་ཁྱེད་རང་དུར་
ཁྲོད་དུ་སོང་ནས
བུད་མེད་ཤི་བོ་དག་ལ་འཁྲིག་པ་སྤྱད་རྗེས
ཁྱེད་ལའང་ཟླ་མཚན་བབས་ཤིང
ཕྱིར་ཉིན་ཡུལ་ལ་ལོག་དུས
ཁ་བ་བབས་པས ཁ་བའི་སྟེང་གི་རྐང་རྗེས་དང
ཟླ་མཚན་དག་ཞུ་མི་འདུག
སྒྱུ་མ་མཁན།
__ ༿པེ་ཏོ་ཧྥུན་གྱི་རོལ་མོ་ཞིག་ལ་ཉན་རྗེས༾
དུས་ཚིགས་འདིའི་སྨིན་ཐག་མ་ཆོད་པའི་ཀུ་ཤུ་དག
སྨིན་ནས་ས་ལ་ལྷུང་སོང
དགུན་ངོགས་ཤིག་ལ སྒྱུ་མ་མཁན་དེ
རོལ་མོའི་ཤུབས་སུ་འཛུལ་ནས
གཙང་བོའི་ངོས་ཀྱི་ཆུ་རིས་ལྟ་བུའི་
ལྗང་མདོག་གི་དབྱངས་འགྲོས་དཀྲོལ
དཔྱིད་ཀ་མ་སླེབས་ཀྱང
ངས་གཞི་ནས་ཁྱེད་ཀྱི་རོལ་མོའི་གསེབ་ནས་ཀུ་ཤུ་
ཞིག་མར་ལ་ལྷུང་བ་མཐོང་བྱུང་།
2013.11.28
སྲིན་པོ།
ཉིན་ཞིག ང་རང་ཡུལ་ལ་ལོག་ངེས
ང་དང་མཉམ་དུ་ཁྱེད་ཀྱི་སྟོན་ཁ་དང་ཕྱེ་ལེབ་ཀྱང་ཡུལ་ལ་ལོག་ངེས
ཐང་ཆད་པའི་ཞོགས་པ་ཞིག་ལ ང་རང་ཁྱེད་ཀྱི་རྩ་ཐང་དུ་ལོག་ནས
མཚམས་མེད་པའི་གླུ་གཞས་གཏོང་ཞོར རོལ་མོ་དཀྲོལ་ངེས
ཉིན་ཞིག. ངས་ཀྱང་ཆུང་མ་བླངས་ཏེ
གནས་དེ་ནས་འཚོ་བ་རོལ་ངེས
དུས་དེར མེ་ཏོག་གི་གླུ་གཞས་སྲུང་བའི་གཙང་ངོགས་ནས
གསེར་མདོག་གི་ཟླ་བ་འཕགས་འོང་ངེས
ངས་ཀྱང་དེ་ལྟར་འཚོ་བ་རོལ་རྗེས
ཁ་ཆེམས་ཡི་གེ་བྲིས་ཏེ
མི་རབས་རྗེས་མ་ཚོར་འཕུལ་ངེས
གལ་སྲིད. ང་ཚོའི་ཐོབ་འབྲས་ནི་གསེར་མདོ
ག་གི་ས་གཞི་བཞིན་ནོམ་པོ་ཡོད་ཚེ.
2023.10.25
ཕྱེ་ལེབ་ནད་པ།
བདག་གི་མིག་ཟུང
ཕྱེ་ལེབ་ནད་པ་ཞིག་དང་མཚུངས
གཤོག་པ་རྡེབ་ཙམ་རྡེབ་ཙམ་གྱིས
སྒེའུ་ཁུང་གི་ཉི་འོད་བརྟོལ་ཐུབ་མོད
ཁྱེད་ཀྱི་སེམས་ཁུང་དུ་ལོག་ནས
ལྡིང་སྐོར་ག་ཙམ་བརྒྱབ་པ
བདག་ལའང་གསལ་ཆ་མི་འདུག
དུས་ཚོད།
དུས་ཚོད་ཀྱིས་ཨང་ཀི་རྩིག་གིན་འདུག
གྲོག་མཁར་བཞིན་བརྩིགས་པའི་ཨང་ཀི་དག
མཇུག་མ་རིང་བོ་ཅན་གྱི་དུག་སྦྲུལ་དང་མཚུངས
དུག་སྦྲུལ་དེ་འཁྱུག་ཙམ་འཁྱུག་ཙམ་གྱིས
བདག་གི་ལུས་སྟེང་དུ་ནུར་བགྲོད་བྱ་ནའང
ང་རང་སྐྲག་སྣང་ཅི་ཡང་མེད་པར
དུག་སྦྲུལ་དེའི་ཚང་མལ་བཙལ་བ་ཡིན
དེ་ནི་ཡུན་རིང་བོར་སུན་སྣང་གིས་མནར་བའི་
མཁྲིས་མའི་ཆུ་ཚོད་ནང་གི་ཨང་ཀི་དག་རེད
ཁྱེད་ནི་སྦྲང་རྩི་ལས་མངར་སྟེ
འུ་གཉིས་ཀྱིས་མཆུ་སྦྱོར་གྱི་བར་ནས་སྦྲང་རྩི་ལས་མངར་བའི་དྲི་བསུང་འཐུལ
འདི་ནི་སུ་ཞིག་གིས་འུ་གཉིས་ལ་གནང་བའི་ཉལ་ཐའི་སྐྱེད་ཚལ་དེ་ཡིན་ནམ
ཁྱེད་ཀྱིས་བདག་གི་ལུས་སྟེང་དུ་ཉལ་ཐ་འཛར་གྱིན་འདུག་ཟེར
ཨ ཁྱེད་ཀྱི་མིག་མཐའ་ཡོངས་ལ་ཉལ་ཐའི་མེ་ཏོག་བཞད་ཀྱིན་འདུག
2014/11/1ཉིན་Aསྲང་ལམ་ནས་བྲིས།
མཚན་མོའི་རྣོ་ལྕགས།
རུང་རྒྱས་ཨ་གྲགས་ལགས་སུ།
སྲིན་པོ།
ཁྱེད་ནི་རྡོ་བའི་ངོས་སུ་ཉི་མ་རྐོ་མཁན་དེ་ཡིན་ནམ
ཉི་མའི་ཁུད་ཀྱི་ཆབ་རོམ་འཕོ་མཁན་དེ་ཡིན
བྱ་གླག བྱ་གླག བྱ་གླག་བསད་སོང
ཁྱེད་རང་ངོ་ཤེས་མཁན་ནི
ཏག་ཏག་དབྱངས་གསལ་གྱི་རྒྱལ་ཕྲན་དེ་རེད
ང་རང་གློ་བུར་དུ་མི་གཉིས་སུ་གྱུར་སོང
མི་གཅིག་ས་རུབ་ཁ་ཁྱེད་ཕྱོགས་སུ་བརྒྱུགས་སོང
མི་གཅིག་ད་ལྟ་ཡང་ཕྱིར་ལ་ལོག་མ་བྱུང
ཝེ ཝེ ཝེ ཝེ ཝེ ཝེ ཝེ
ཝེ ཝེ ཝེ ཝེ
ཝེ ཝེ
ཝེ
ཆང་ཁྱེར་ཤོག
8.1ཉིན་བྲིས།
མཛའ་བརྩེ་ལ་ཕུལ།
སྲིན་པོ།
སང་ཉིན འུ་ཚོ་འདས་སོང་གི་
བཤུལ་ལམ་ལས་ཀྱང་རིང་བའི་རི་ཟོམ་ཞིག་ནས
སྔར་བཞིན་འཛོམས་ངེས
སྐབས་དེར འུ་ཚོས་མཉམ་དུ་གླུ་ལེན་དགོས མི་ཞིག་ཀྱང་དྲན་ངེས
ཡིན་ཡང འུ་ཚོས་མི་དེའི་ཆེད་དུ་རྐུབ་སྟེགས་སྟོང་བ་འཇོག་མི་འོས
སང་ཉིན མིག་ཆུའི་སྨུག་ཐ་ཡོངས་སུ་བཀླུབས་པའི་རི་རྒྱུད་དེ་ནས
འུ་ཚོས་སྔར་བཞིན་མི་དེ་དྲན་ཞོར་གླུ་ལེན་དགོས
ཅིའི་ཕྱིར འུ་ཚོ་འདས་སོང་གི་རི་ཟོམ་དེ་ནས་ཕྱིར་ལོག་སྟེ
ད་ལྟའི་སྐྱོ་གདུང་གི་སྲང་ལམ་ཡོངས་སུ་ཉུལ་དགོས་པ་རེད
2014-11-9ཉིནAསྲང་ལམ་ནས།
___དམིགས་བསལ་གྱི་བརྡ་སྤྲོད།
གལ་ཏེ ང་རང་ཤི་སོང་བ་ཡིན་ན
ངའི་ལུས་སྟེང་དུ་ཡོད་པའི་ཁོ་མོའི་སྐྱེད་ཚལ་ཡང
ང་དང་མཉམ་དུ་དུར་སྦས་བྱ་རོགས
ལྗང་མདོག་གི་ནགས་ཚལ་དུ་སོང་ནས
ཉི་འོད་ཀློང་དུ
ང་ནི་ཁོ་མོའི་སྐྱེད་ཚལ་ནས་འཆི་འཕོས་པར་འགྱུར་ངེས
གལ་ཏེ ང་རང་ཤི་སོང་བ་ཡིན་ན
ངའི་སེམས་ཁུང་དུ་ཡོད་པའི་རྨ་ཁ་དག་ལ་བྱིལ་བྱིལ་ཐོངས་དང
དེ་ནི་མི་ཞིག་གིས་ང་ལ་གནང་པའི་དྲན་པའི་བཤུལ་ལམ་ཕྲ་མོ་ཡིན
གལ་ཏེ དེ་ལྟར་མཇལ་འཕྲད་མེད་པར་ཤི་དགོས་ཀྱང
ང་ནི་མི་ཡུལ་འདིར་ཡོང་ནས
བུ་མོ་ཞིག་ལ་རྣམ་དག་གིས་དགའ་མྱོང་བ་དེ་ཡིན
ཟླ་ཚེས་བོར་བའི་ཉིན་ཞིག་ལ།
ང་རང་བདེ་ཐང་ངང་འཚོ་འོས།
___"སྡིག་སྒྲིབ་ཀྱི་ཉིན་ཐོ"ལས།
ད་དུང་ཡང
མ་འོངས་པའི་དུས་སུ
མཇལ་འཕྲད་བྱེད་དགོས་
སའི་གྲོགས་པོ་མང་པོ་ཡོད་པས
ངས་ནི་གཏན་དུ་ཡིད་ཆད་ཀྱིས་འཚོ་བ་སྐྱེལ་མི་འོས
ངས་དུས་རབས་ཀྱི་ནད་ཡམས་སྣ་ཚོགས་ཁུར་ནས་མི་སུ་དང་སུ་ལ་ཡང་འབྲེལ་བ་འཛུགས་མི་འོས
ངས་ནི་བདེ་ཐང་ངང་འཚོ་བ་རོལ་དགོས
མ་ཡུམ་གྱི་གཙང་ཆབ་བཞིན
ཧ་ཅང་དྭངས་གཙང་གིས་བཞུར་འོས
ངས་ནི་ད་དུང་ཡང་འཕྲིན་ཡིག་འབྲི་ཐུབ་དགོས་ཏེ
ད་ལྟ་ནས ངས་ཁོ་ཚོ་སྐྱོ་གདུང་གིས་ཁེངས་པའི་སེམས་ཁོང་ནས་སྐྱེལ་མ་བྱེད་མི་འོས
ངས་ཤེས་རབ་ཀྱི་འཇིངས་སུ་དུར་ས་རྐོ་མི་འོས་ཏེ
ངས་ཁ་ཆེམས་ངོས་སུ་ཟླ་ཚེས་ཀྱང་འབྲི་མི་འོས
ངའི་བརྩེ་དུང་གི་ལྗོན་པ་རྡུལ་དུ་འགྱུར་མི་འོས
ངས་ནི་དུས་རྟག་པར
སྙན་ངག་པ་དེའི་ཡུལ་ལྗོངས་དང་ཕུགས་བསམ་ལྟར་ཧ་ཅང་མཛེས་སྡུག་གིས་འཚོ་དགོས
ངས་མ་འོངས་པའི་དུས་སུ
ཁ་བའི་ངོས་སུ་མ་འོངས་པའི་དགུན་ཟླ་འབྲི་དགོས
མ་འོངས་པའི་ཞོགས་པ་དང་མ་འོངས་པའི་གནས་ཚང་འབྲི་འོས
ཁོད་ཡངས་པའི་རང་བྱུང་ཁམས་ཆེན་མོའི་གླུ་གཞས་གཏོང་སའི་རི་སྒང་འབྲི་འོས
ངས་ངེར་པར་དུ་དེ་ལྟར་སྒྲུབ་འོས་ཚེ
ངས་ངེས་པར་དེ་ལྟར་བསྒྲུབ་ངེས
___"སྡིག་སྒྲིབ་ཀྱི་ཉིན་ཐོ"་ལས།
ཆེས་བག་ཡོད་དང་གུས་ཉམས་ལྡན་པའི་མི་ལགས
ངས་གཞི་ནས་སྲང་ལམ་དེ་བོར་ཟིན
ཆེས་ཐོག་མའི་མཇལ་འཕྲད་དང་ངང་སྒུག་གིས་གཏམས་པའི་སྲང་ལམ་དེ
ད་ལྟ་གནས་གང་ནའང་མི་འདུག
ངས་ཁྱེད་ཀྱི་ཆེས་སྙིང་ཉེ་བའི་མི་དེ་དང་ལྷན་དུ་སྲང་ལམ་དེ་གླེང་མྱོང
ཆེས་ཐོག་མར་གླེན་ཚུགས་དང་རྟོག་བཟོ་ཡི་འཇབ་རྒོལ་འོག
འུ་གཉིས་ཀྱི་གྲིབ་མས་ཕན་ཚུན་བསྣོལ་འདུག་པ་དྲན་ནམ
ཡང་ན བསུང་ངད་རིགས་ཤིག་གིས་བཀང་པའི་དུས་ཚོད་ཀྱི་དབང་རྩ་ཡོངས་སུ
དེ་འདྲའི་སྙིང་ཉེ་བའི་བརྩེ་བ་བཞུར་གྱིན་འདུག
ཡིན་ཡང ད་ལྟ་ཁྱེད་ཀྱིས་བདག་ལ་སྙིང་ནད་ཕོག་འདུག་པ་ཤེས་སམ
x x ལགས
མུན་ནག་གི་གཙང་པོ།
__ ཡང་ན་བུ་མོ་ཞིག་ལ་ཕུལ།
ཉིན་དེར ང་རང་དངོས་གནས་ཤི་སོང་བ་ཡིན་ན
ངས་འགྱོད་གདུང་གི་མཆི་མ་ཉར་སའི་བེམ་པའི་སྟེང་དུ
མུན་ནག་གི་ས་བོན་ལྟ་བུའི་མིག་ཆུ་མི་གཏོར་རོགས
ཆེས་མཇུག་མཐའི་ཉི་ནུབ་ཀྱིས་སྐྱེལ་མའི་ཁྲོད
ང་རང་མི་ཞིག་ལྟར་བདེ་ཐང་ངང་འཆི་རུ་ཆུགས་དང
ཁྱེད་ཀྱིས་མུན་ནག་གི་སེམས་པའི་གནས་ཚང་གཡར་མི་དགོས
ཡང་ན གཏན་དུ་བྲལ་ཟིན་པའི་རྗེས་སུ
ཁྱེད་ཀྱིས་བདག་གི་བེམ་པོ་སྲུང་སྟེ་འདུ་བྲལ་གྱི་སྙིང་བོར་ལེ་བདའ་མི་གནང་རོགས
ངས་མི་ཚེ་འདིར་ལེགས་འགྲུབ་བྱུང་བའི་རྫ་བུམ་དེའི་ཕྱེད་ཀ
མུན་ནག་གི་ཅ་ལག་ཁྲོད་མི་འཇོག་རོགས ཕྱེད་ཀ་མུན་ནག་གིས་མི་བཟོ་རོགས
2014.4.4ཉིན་འབྲོང་ཞོགས་ས་ནས།
__ན་གཞོན་རྩོམ་པ་པོ་ཞིག་ལ་ཕུལ་བ།
ང་ནི་ཁྱེད་ཀྱི་གྲོགས་པོ་ག་ལ་ཡིན
ཡང་ན ཁྱེད་ཀྱང་ང་ཡི་གྲོགས་པོ་ཡིན་མི་སྲིད
ཡིན་ཡང དེ་དག་ཡོད་ཚད་ལ་སྙིང་པོ་མི་འདུག་སྟེ
ས་རུབ་ཅིང་མཁའ་དབྱིངས་ནས་མུན་ནག་གི་ཟླ་བ་འཚེར་འོང་དུས
ཁྱེད་རང་སླར་ཡང་བཙོན་དུ་ལོག་དགོས་པའི་སྐབས་ཤིག་རེད་ཨང
མི་རྣམས་ཀྱིས་ཁྱེད་ཀྱིས་ཟླ་བ་མཐོང་གིན་ཡོད་མེད་དྲིས་བྱུང
ཡིན་ཡང ཁྱེད་ཀྱིས་དུས་ནམ་ཡང་ཟླ་བ་མཐོང་གིན་མེད
ཁྱེད་ཀྱི་ཟླ་བ་ནི་མི་དེ་ཚོས་གླེང་གིན་པའི་མུན་ནག་གི་དབུས་སུ་གནས་པ་དེ་འདྲ་ཞིག་མིན
ཀྭ་ཡེ གྲོགས་པོ
འོ ང་ནི་ཁྱེད་ཀྱི་གྲོགས་པོ་ཡིན་མི་སྲིད
མུན་ནག་གི་ཁྲོད་ནས་མཇལ་འཕྲད་བྱུང་ཞིང
སླར་ཡང་མུན་ནག་གི་ཁྲོད་དུ་ལོག་དགོས་པ་དེ
དེ་ནི་ད་ལྟའི་བར་རང་དབང་ལ་གཡོལ་ཐབས་ཀྱི་བགྲོད་ལམ་ཉག་གཅིག་རེད་ཨང
ད་ལྟ་ང་ཡི་སྦག་བཙོག་ལ་བཅོལ་བའི་སྐད་སྒྲ་འདིས་འདི་ལྟར་སྨྲེང་སྐྱོ་སྒྲོག་གིན་འདུག
བདེན་དེ གཉོམ་གདུང་གདུང་གི་སྐད་སྒྲ་འདི་ཚོས
ས་རུབ་ཁ་རེ་རེར་ཁྱེད་ཉིད་གླེང་བྱུང
ཡིན་ཡང ཁོ་ཚོ་ནི་ཁྱེད་ཀྱི་གྲོགས་པོ་ཡིན་མི་སྲིད་ལ
ཁྱེད་ཀྱང་མིའི་རིགས་ཀྱི་གྲོགས་པོ་ག་ལ་ཡིན
ད་ལྟ་ཁྱེད་ཀྱི་ཆེས་བློས་ཐུབ་ཀྱི་གྲོགས་པོ་ནི
ཁྱེད་ཀྱི་དད་འདུན་དང་ཁྱེད་ཀྱི་ང་རྒྱལ
ཁྱེད་ཀྱི་མིག་རྒྱང་དང་ཁྱེད་ཀྱི་བསམ་བློ
ཁྱེད་ཀྱི་བརྩེ་དུང་དང་ཁྱེད་ཀྱིས་མནར་གཅོག་
མྱོང་གིན་པའི་རང་དབང་གི་འདོད་བློ་དེ་ཡིན
དེ་དག་ནི་ཁྱེད་ཀྱིས་གཏན་ནས་འདོར་ཐབས་བྲལ་བའི་ཆེས་བཟང་བའི་གྲོགས་པོ་མ་ཡིན་ནམ
ཨེ་མ ང་ཡི་རང་དབང་གི་སྲས་པོ་ལགས
༢༠༡༥.༤.༢༠
གཉའ་གོང་ལྷ་བྷེ།
___བར་སྣང་དུ་འཕུར་སོང་བའི་སྙན་ངག་པ་ཞིག་རྗེས་སུ་དྲན་པ།
ངས་གཞི་ནས་ཁྱེད་རང་དུས་རབས་འདི་དང་ས་གཞི་འདི་ལ་མི་དབང་བ་ཤེས་ཡོད།
___སྔོན་འགྲོ།
ས་སྲོད་འདིས ཁྱེད་རང་ཐ་སྙད་ཀྱི་ས་འོག་ཏུ་སྦས་ཟིན
འོད་འཚེར་བའི་རུས་སྒྲོམ་གྱི་ནང་ནས
ཁྲག་དམར་འཛར་བའི་སྐྱ་རེངས་ཞིག་ཡར་འཕགས་བྱུང
དེ་ནི་དགོན་འདབས་འདིའི་ས་འོག་གི་སྡིག་སྒྲིབ་དང་འདྲ་ལ
སྐྱེ་བ་སྔ་ཕྱི་གླེང་བའི་མི་དག
ཉིན་གང་བོར་རྡོ་བའི་སྐུ་བརྙན་གྱི་མདུན་དུ་ཡར་ལངས་ནས
སྲོག་ཆགས་གླིང་ཀའི་གཅན་གཟན་དང་འདྲ
ངས་ཁྱེད་རང་ཐེངས་གཅིག་བཀླགས་པ་དེས
ངས་ཁྱེད་རང་གཏན་དུ་བརྗེད་དུ་བཅུག་སོང
དོན་དངོས་སུ ཁྱེད་ལ་གཤོག་པ་ཐོགས་འདུག་སྟེ ཁྱེད་རང་བྱ་གླག་ཅིག་ལྟར་བར་སྣང་དུ་འཕུར་སོང
ལྕགས་སྒྲོག་བརྒྱབ་ནས་བར་སྣང་དུ་འཕུར་སོང་བ་དེས
ཁྱེད་ཀྱིས་རང་གི་བུ་ཆུང་དང་ཕུགས་བསམ་བཅས་པ་ཁུར་ནས
ནག་ནོག་གི་ས་གཞི་འདི་ཐེངས་གཅིག་དྲན་མྱོང་བས་ཡིན་ནམ
ཡང་ན ཁྱེད་རང་གཏན་ནས་དུས་རབས་འདིར་ཡོང་མྱོང་མེད་པ་འདྲ
2014/12/5ཞོགས་པ་ཞིག་ལ་བླ་བྲང་ནས་ཤར་མར་བྲིས།
གྲོགས་པོ བུད་སོང་ངམ
ཚུལ་འཆོས་དང་ལེ་བདའ་དེ་དག་ཁུར་ནས
མིག་ཟུང་དུ་མཛེས་སྡུག་གི་བུ་ལོན་ཆད་ནས
སླར་ཡང་མུན་ནག་གི་ལྗོངས་སུ་ལོག་སོང་ངམ
གོམ་སྒྲ་མེད་པ་དེ་དག་ཁྱེད་ཚོ་་ཡིན་ནམ
གྲོང་ཁྱེར་དུ་གད་སྙིགས་འཕེན་མཁན་དེ་ཁྱེད་ཨེ་ཡིན
རྡོ་བ་ཁོ་ན་གླེང་ནས ནམ་སྨད་དུ་མུན་ནག་འཐུང་མཁན་དེ་
ཁྱེད་ཚོ་ཡིན་ནམ
ཁྱེད་རང་སུ་ཞིག་ཡིན དཔུང་ཚོགས་བསྒྲིགས་ནས
རལ་གྲི་བརྡར་མཁན་དེ་ཁྱེད་ཡིན་ནམ
འཁོན་སེམས་བཅངས་ནས་རྩ་དོན་འབྲི་
མཁན་དེ་ཁྱེད་ཚོ་ཡིན་ནམ
ཁྱེད་ཚོ་སུ་ཞིག་ཡིན དོན་ངོ་མ་ཁྱེད་ཚོ་སུ་ཡིན
ཞིང་གྲོང་།
__འཇིག་རྟེན་དུ་འཚོ་བཞུགས་མ་ཐུབ་པའི་སྙན་ངག་པ་ཞིག་ལ་ཕུལ།
ཞིང་གྲོང་འདིས་དུས་རྒྱུན་ང་ལ་ཧེ་ཙི་དྲན་དུ་བཅུག
ངས་དུས་རྒྱུན་ཞིང་གྲོང་འདི་ནི་ཧེ་ཙི་མིན་ནམ་སྙམ
ཀེ་ཚེ་མེ་ཏོག་དང་མ་སྨིན་པའི་ཁམ་སྡོང་དཀར་པོ
རྒྱ་ལྕང་གི་ལོ་མ་དང་གན་ཀྱལ་དུ་ལོག་པའི་གྲིབ་བསིལ་དེ་དག དེ་དག་ནི་ཧེ་ཙིའི་སྙན་ངག་ནས་ཁྱེར་ཡོང་བ་མིན་ནམ་སྙམ་སོང
ཞིང་ཁ་འདིར་ཉི་མ་དྲོ་ཞིང ཚ་དུག་ཆེ་དུས
ངས་ཧེ་ཙི་ངལ་དུབ་ཀྱིས་ཁེངས་ཏེ་ཞིང་ཁ་འདིར་འོང་གིན་པ་མཐོང གསེར་མདོག་གི་སྙེ་མོའི་རླབས་ལ་འཇུས་ཏེ
སྟོན་ཁའི་གྲུ་གཟིངས་ལ་བསྡད་དེ་འོང་གིན་པ་མཐོང
འོན་ཏེ ཧེ་ཙིས་སེམས་ངལ་རྨོ་ཤེས་པ་ལས་འབྲུ་རིགས་འདེབས་མི་ཤེས ཆང་འཐུང་ཤེས་པ་ལས་ཀེ་ཚེ་མེ་ཏོག་ལས་སྣུམ་བཙགས་མི་ཤེས སྙན་ངག་འབྲི་ཤེས་པ་ལས་ཁམ་སྡོང་གི་ར་བ་ལས་མི་ཤེས
ཡིན་ཡང ཧེ་ཙི་ནི་མི་རེ་རེའི་སེམས་ཁོང་གི་སྒེའུ་ཁུང་ཞིག་དང་འདྲ་བར གནས་དེ་ནས་མི་རྣམས་ཀྱིས་རྒྱ་མཚོའི་ཉི་ཤར་དང་དཔྱིད་དཔལ་མཐོང་ཐུབ་ཀྱིན་འདུག
ཕྱིར་ལོག་པ།
སྲིན་པོ།
ང་རང་ཕྱིར་འདམ་རྫབ་ཀྱི་ཁྲོད་དུ་ལོག་སོང
ངས་རང་གི་དུ་དྲེག་ཆགས་པའི་མིག་མདངས་ཀྱི་ཁྲོད་ནས ཐ་སྙད་ཀྱི་སྐྱོ་ཤས་ཁུར་ཏེ་ཕྱིར་ལོག་སོང
ཕྱིར་ལོག་པ་ནི་མུན་ནག་གིས་བྲིས་པའི་འཁྲུལ་སྣང་གི་ལྡེབས་རིས་དེ་དང་མཚུངས
སྐྱོ་གདུང་གི་ཟེར་མས་ཉི་འོད་བསྒྲིབས་ཤིང
ངས་ཅི་ཡང་མཐོང་ཐབས་བྲལ
ངས་དུས་རྟག་པར་སྐྱོ་ངལ་གྱི་མེ་ལྕེ་གཉོམ་པས་སྙན་ངག་བྲིས་ཤིང
ངས་ཆང་རག་གི་བཟི་ཁ་ལྷག་མས་སྐྱོ་གདུང་གི་སྙན་ཚིག་གྱེར
ངས་རང་ཉིད་ཀྱི་མིན་པའི་གོམ་སྒྲ་གཞན་དག་ཀྱང་
ཕྱིར་ཁྲིད་དེ མཉམ་དུ་གནས་ཡུལ་བཙལ
ང་རང་ཕྱིར་ལོག་སོང
སྙན་ཚིག་གི་འཁྱག་རོམ་གྱིས་བྲིས་པའི་དབྱར་ཁ་ལ་འགྲོགས་ཏེ ང་རང་ཕྱིར་ལོག་སོང
ཕྱིར་ལོག་པ་ནི་མུན་ནག་གིས་བྲིས་པའི་འཁྲུལ་སྣང་གི་ལྡེབས་རིས་དེ་དང་མཚུངས་ཨང
སྐུ་ན་གཞོན་པའི་སྙན་ངག་པ་ཞིག་ལ་ཕུལ་བ།
སྲིན་པོ།
ཁྱེད་ནི་སྐྱོ་གདུང་ལ་མཛེས་བཟོ་གནང་མཁན་ཞིག་རེད
ཁྱེད་ཀྱིས་སྐྱོ་གདུང་དེ་ལྭ་བ་ཁྲ་ཁྲ་ཞིག་ལྟར་གྱོན་ནས་རྒྱང་ལ་བཞུད་སོང
སླར་ཡང་ས་སྲོད་ཅིག་ལ་རྒྱང་ལ་བཞུད་སོང
ཁྱེད་རང་སོང་བྱིན
རྟོག་གེ་བ་ཞིག་ཀྱང་ཤི་སོང
ཡིན་ཡང ང་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད
ངས་ད་དུང་ཡང་<ཆུ་བོ>ཞེས་པའི་སྙན་ངག་དེ་འབྲི་མཚམས་བཞག་མེད
ཀྭ་ཡེ འུ་གཉིས་ནི་ནར་སོན་གྱིན་པ་མ་ཡིན་པར་
རྒས་བཞིན་པ་དེ་རེད
བདག་གིས་མཚོན་མདོག་ཅན་གྱི་དཔྱིད་ཀ་དེ་མཐོང་ཐབས་མི་འདུག
བདག་གིས་ཞོགས་པ་ཞིག་ལ་བྲིས་པའི་སྐྱོ་གདུང་གི་ཁྱེད་རང་བོར་སོང
ཁྱེད་ནི་སྒྱུ་འཕྲུལ་ལ་ཞེན་པའི་སྨུག་རྒྱུ་ཞིག་རེད
ཕ་ཡུལ་ན་མེད་པའི་རྡོ་བ་དེ་དག་སྐྱུར་ཞོག
ཕ་ཡུལ་ན་མེད་པའི་སྤྲིན་པ་ལྗང་ཁུ་དེ་སྐྱུར་ཞོག
ཁྱེད་རང་མཐོང་བའི་མོད་ལ
བདག་གི་སྙིང་ཆུང་དུམ་བུ་དུམ་བུར་གྱུར་ཏེ
མེ་ཏོག་གི་ལྡུམ་རའི་ཚལ་དུ་ལྷུང་འགྲོ
༢༠༡༥.༥.༡༢
འཆི་བར་རྩོམ་པའི་སྙན་ཚིག
སྲིན་པོ།
ངའི་སྙིང་ཁམས་གངས་རྡུལ་གྱིས་བཀབ་ཅིང
བདག་གི་རུས་སྒྲོམ་གྱི་སྟེང་དུ་བྱང་རླུང་གིས་གཙུབས་པའི་ས་རྡུལ་འཐོར ང་ཡི་ཞེ་ཆགས་ཀྱི་རྡོ་བ་དག་སྙིང་ཁོང་དུ་བབས་ཤིང
གངས་རི་ནི་ཆགས་སྡང་གིས་འབར་བའི་མེ་ལྕེ་དཀར་པོ་དེ་རེད
༢༠༡༥.༥.༡༣ཉིན།
ངས་ཁོ་མོ་བརྗེད་ག་ལ་ཐུབ།
སྲིན་པོ།
ངས་ཁོ་མོ་བརྗེད་ག་ལ་ཐུབ
ངས་ཁོ་མོ་གནའ་བོའི་སྐྱོ་གཞས་ལྟར་ངག་ལ་བཀུག་མྱོང
ངའི་རྡོག་པས་དུས་ནམ་ཡང་ཁོ་མོའི་ཆེད་དུ་གཞས་ཆུང་བཏང་ཞིང རྒྱང་རིང་གི་ལམ་བུ་བརྒལ
ངས་ཁོ་མོ་བརྗེད་ག་ལ་ཐུབ
ཨ་རག་གི་ཉིང་ཁུས་ལུས་ཕུང་སྦྲིད་ཐུབ་ཀྱང
ངའི་ཆང་རག་གི་བཟི་ཁ་དང་དགོད་སྒྲའི་ཁྲོད་དུ
དུས་རྟག་ཏུ་སྐྱོ་སྡུག་བཟི་མེད
ངས་ཁོ་མོ་བརྗེད་ག་ལ་ཐུབ
སུས་ཀྱང་དཀའ་སྡུག་གི་ལོ་ཟླ་བརྗེད་མི་ཐུབ་པ་ནང་བཞིན
ངས་ཀྱང་གཏན་ནས་ཁོ་མོ་བརྗེད་ཐབས་མི་འདུག
༢༠༡༥.༥.༡༢
མཛོད་དགེའི་རྩྭ་ཐང་གི་མགྱོགས་བྲིས།
སྲིན་པོ།
མཛོད་དགེ་ནི་མི་མེད་ཐང་སྟོང་ཞིག་རེད
རྩྭ་ཕྲན་གྱི་ཤུགས་གླུ་དང་གནའ་བོའི་གས་ཁ་ཤོར་བའི་ཇག་གླུ
ས་སེར་གྱི་རྔམ་མཐུག་པའི་བཟི་ཁ་རྒོད་པོ་དེ
རྒྱང་རིང་གི་གནས་སུ མུ་མེད་ཐང་སྟོང་གི་དབུས་སུ
རི་སྤྱང་གི་ཚོགས་དང་ཟླ་འོད་ཀྱི་ཕ་མཐར་བསྲིང་འོང་གིན་འདུག
ཁོ་རེ མཛོད་དགེ་ནི་མི་མེད་ཐང་སྟོང་ཞིག་རེད
ཁ་ཆར་གྱི་གདུག་རྩུབ་དང་མུན་ནག་གི་ཆོ་ངེ
གནས་ཡུལ་བྲལ་ཞིང་སྡོད་ས་བྲལ་བའི་རྩྭ་ཐང
ཁོ་རེ ང་ཡི་རྩྭ་ཐང་མི་མེད་ཐང་སྟོང་དུ་གྱུར་སོང
༢༠༡༥.༤.༤
ཁྱེད་རང་ང་ལ་སེར་སྣ་སྐྱེ་དགོས་དོན་ཅི།
སྲིན་པོ།
ཁྱེད་རང་ང་ལ་སེར་སྣ་སྐྱེ་དགོས་དོན་ཅི་ཡིན
ཐོག་རེག་བྲལ་བའི་ལུས་ཕུང་འདི་ལ
སྐྱེ་མ་ཐག་ནས་མུན་ནག་ཡིན་པ་འདི་ལ
ཁྱེད་རང་སེར་སྣ་སྐྱེ་དགོས་དོན་ཅི་ཡིན
ནམ་ཞིག་ན་ཆགས་སྡང་དང་བྲལ་ཏེ་ས་རྡུལ་ལ་
འཐིམ་འགྲོ་བ་འདི་ལ
ནམ་ཞིག་ན་ཤེལ་ལེབ་ཅིག་ལྟར་སིལ་བུར་འཐོར་
འགྲོ་བ་འདི་ལ
ཁྱེད་ཉིད་འདི་ལ་སེར་སྣ་སྐྱེ་དགོས་དོན་ཅི
ཁྱེད་ཀྱིས་དུས་ནམ་ཡང་འགྲུལ་བཞུད་ཀྱི་ལམ་བུ་ལྡོག་མི་ཐུབ་སྟེ
གཙང་བོ་བཞིན་རི་ཟོམ་དུ་འབབ་པའི་རྒྱང་རིང་དེད་དེ་ལམ་དུ་ཆས
དེ་རིང་ཁྱེད་ཀྱིས་གྲོང་གསེབ་ཅིག་བསྐྱུར་ནས་བུད་སོང
ལྗིད་ཏིག་ཏིག་གི་གྲོང་གསེབ་ཅིག་བསྐྱུར་ནས་བུད་སོང
སྲིང་ཆུང་མ་ལྟ་བུའི་གཞས་ཆུང་ལེན་ཞོར
མཐའ་མེད་པའི་བཀྲེས་ལྐོམ་གྱི་རྒྱ་མཚོ་བརྒལ་ཏེ་བུད་སོང
ང་ཡི་སྙིང་གྲོགས
ཁྱེད་ཉིད་ས་རྡུལ་དང་མཁའ་དབུགས་ལ་སེར་སྣ་སྐྱེ་དགོས་དོན་ཅི
2015.5.27ཉིན་ཐོལ་གྱིས་བྲིས།
རྗེས་སུ་འདྲ་ཚིགས་འདིའི་བདག་པོ་རེ་སྐུལ་ཞུ་རྒྱུ་ཞིག་ནི་ཁྱེད་རང་གིས་དུས་ནམ་ཡིན་ཡང་། པར་དབང་འདི་གཞན་གྱིས་བཀོལ་མི་ཆོག་ཞེས་གསལ་བརྡ་རབ་དབ་རིམ་པ་གཏོང་གིན་འདུག སྤྱིར་དེ་ལྟར་བྱས་ན་འགྲིག་མོལ་ཀྱང་། ད་ནི་ཆ་འཕྲིན་དུས་རབས་ཀྱི་སྐབས་སུ་གཙོ་བོ་སྨྱན་བྱད་གསར་བུའི་སྟེགས་བུ་བརྒྱུད། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་དང་། སྒོས་སུ་ཆ་འཕྲིན་མཉམ་སྤྱོད་བྱེད་རྒྱུ་ནི་སྨྱན་བྱད་གསར་བ་འདིས་མཐར་ཐུག་གི་སྒྲོག་སྤེལ་གྱི་ནུས་པའི་ཤུགས་ཆེ་ཆུང་ལ་རག་ལས་པས། ཁྱེད་རང་གིས་སྒེར་གཅོད་ཀྱི་བསམ་བློ་འདི་དོར་ཏེ་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཡོངས་ལ་རྒྱུ་ཆ་འདི་ལྟ་བུ་མཁོ་འདོན་བྱས་པ་ངོ་མ་དགའ་འོས་པ་རེད།
གལ་ཏེ་གཞན་གྱིས་ཁྱེད་རང་གི་པར་དབང་ལ་ལྐོག་སྤྱད་བྱས་ན་འང་། དེ་ནི་ཁྱེད་ཀྱི་ཆ་འཕྲིན་སྒྲོག་སྤེལ་གྱི་ནུས་པ་ཇེ་མཐོར་འགྲོ་བའི་རྟགས་མཚན་ཤིག་ཡིན། དེ་ལ་དེ་འདྲའི་དོ་སྣང་མི་བྱེད་རོགས།