༄༅༎ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང«མེ་ཏོག་དང་རྨི་ལམ» གྱི་ཉི་འགྱུར་མ་ལ་གཟེངས་རྟགས་ཐོབ།
བོད་ཀྱི་དེང་རབས་བརྩམས་སྒྲུང་རིང་གྲས« མེ་ཏོག་དང་རྨི་ལམ »གྱི་ཉི་ཧོང་སྐད་ཀྱི་འགྱུར་མ་ལ་ཉེ་ལམ་ཉི་ཧོང་ལོ་ཙཱའི་རིག་གནས་སྐབས་༦༡པའི་བྱ་དགའི་གཟེངས་རྟགས་ཐོབ། བརྩམས་ཆོས་དེ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྡིངས་ཀ་རུ་གྲུབ་འབྲས་གཟེངས་སུ་ཐོན་པའི་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་༢༠༡༦ལོར་བརྩམས་གྲུབ་གནང་ཞིང་། ཉི་ཧོང་གི་ཐོ་ཁྱོ་ཕྱི་སྐད་སློབ་ཆེན( Tokyo University of Foreign Studies;東京外国語大学)གྱི་དགེ་རྒན་ཆེན་མོ་ཧོ་ཤིས་ཨི་ཛུ་མིས (Hoshi Izumi; 星泉)སམ་བོད་མིང་ལ་འཆི་མེད་དུ་འབོད་པས་༢༠༢༤ལོའི་ཟླ་༤པར་ཉི་ཧོང་སྐད་དུ་བསྒྱུར་ཏེ་ཞོན་ཅུའུ་དཔེ་སྐྲུན་ཁང(Shunjusha; 春秋社) གི་ཨེ་ཤ་ཡའི་གླིང་གི་རྩོམ་རིག་དཔེ་མཛོད་ཅེས་པའི་དེབ་ཕྲེང་གི་གྲས་སུ་བཞག་སྟེ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།
བྱ་དགའི་གཟེངས་རྟགས་དང «མེ་ཏོག་དང་རྨི་ལམ»གྱི་ཉི་འགྱུར་མའི་དེབ།
«མེ་ཏོག་དང་རྨི་ལམ»ནི་རྩོམ་པ་པོས་༢༠༠༩ལོ་ནས་༢༠༡༦ལོའི་རིང་ལ་གསར་རྩོམ་གནང་བའི་བརྩམས་ཆོས་རྨད་དུ་བྱུང་བ་ཞིག་ཡིན་ལ། རྩོམ་འདིའི་ཁ་བྱང་ནི་བསྡུས་བརྗོད་ཀྱི་རང་བཞིན་ལྡན་པ་ཞིག་སྟེ། མེ་ཏོག་ནི་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་བཞི་ཡི་མཚོན་དོན་དང་། རྨི་ལམ་ནི་གཞོན་ནུ་མ་དེ་དག་གིས་འབྱུང་འགྱུར་ལ་བཟུང་བའི་རེ་ལྟོས་སུ་ངོས་བཟུང་ཆོག་སྙམ། སེམས་ཀྱི་ནམ་མཁའ་རུ་ནག་ནོག་གི་དྲི་མས་མ་གོས་པའི་གྲོང་གསེབ་ཀྱི་གཞོན་ནུ་མ་བཞི་ཡིས་མི་འདོད་བཞིན་དུ་རང་ཡུལ་རྒྱབ་ཏུ་དོར་ནས་གཞན་ཡུལ་གྲོང་ཁྱེར་དུ་གྱར་ཞིང་། རྐྱེན་ངན་དུ་མའི་དབང་གིས་སྐྱབས་མེད་མགོན་མེད་ཀྱི་ངང་དུ་ལུས། གྲོང་དང་གྲོང་གི་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག་ཁྲོད་རྡོག་སྣེ་རུ་ལམ་བུ་གྲངས་མེད་ཅིག་ལྗོན་པའི་གེལ་བ་ནང་བཞིན་ཕྱོགས་བཞིར་འཛིངས་ཡོད་ཀྱང་། ཁོ་ཚོས་རྐང་པ་གང་ལ་བཞག་ཀྱང་ལྷོད་བག་ངལ་གསོ་བསྟེན་པའི་གནས་ཤིག་དང་ཉམས་བདེ་བའི་སེམས་ཁམས་ཤིག་ཅིས་ཀྱང་མ་རྙེད་པས་མཐར་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་འཁྲིག་སྤྱོད་ཀྱི་ལས་ལ་བརྟེན་ནས་འཚོ་གནས་ཀྱི་དཀའ་ཁག་སེལ་བར་བྱས། འཚོ་བའི་ལམ་ཁ་དོག་མོར་གྱུར་བའི་ཁེར་རྐྱང་གི་རྣམ་ཤེས་ཀྱི་ཚོགས་དེ་དག་ནི་འཛད་པའི་མཐའ་མེད་པའི་འདོད་ཡོན་གྱི་ལོངས་སྤྱོད་ལ་རོལ་ཏེ། དེས་སྡུག་བསྔལ་ཅི་རིགས་བསྐྱེད་དེ་ལུས་སེམས་ཀྱིས་མ་ལྕོགས་པར་འཁྱགས་གྲང་གི་ཀློང་ནས་ཁོང་འདར་བརྒྱབ། མདོར་ན་འཚོ་བའི་གནོན་ཤུགས་ཀྱིས་བཙུར་བའི་བསླུ་བྲིད་འོག་ཏུ་ལང་ཚོའི་མེ་ཏོག་ལ་ཆག་གྲུམ་ཤོར་ཞིང་རང་བརྩིའི་བསམ་པར་རྡོག་རྫིས་ཐེབས་པའི་བུད་མེད་ཚོའི་སྐྱ་ཟད་སྔོ་གཏུགས་ཀྱི་ལོ་ཟླ་དང་། འདོད་ཡོན་ལོངས་སྤྱོད་དང་མི་གཤིས་ཀུན་སྤྱོད་ཀྱི་འགྱུར་བག་ལ་སོགས་པའི་འཚོ་བའི་འགལ་འདུ། ཤི་གསོན་གྱི་སྡུག་བསྔལ་དང་ཁེར་རྐྱང་གི་ན་ཟུག འདུ་འབྲལ་གྱི་སྐྱོ་སྣང་བཅས་ནི་སྒྲུང་འདིའི་བརྗོད་བྱ་གཙོ་བོར་གྲུབ་ཡོད།
ཉི་ཧོང་ལོ་ཙཱའི་རིག་གནས་བྱ་དགའི་གཟེངས་རྟགས་དེ་ཉིད་ཉི་ཧོང་ལོ་ཙཱའི་མཐུན་ཚོགས་ཀྱིས་༡༩༦༣ལོར་བཙུགས་པ་དང་། ལོ་རེའི་ནང་དུ་ལོ་ཙཱའི་འཁོས་ཀ་ངེས་ཅན་མངའ་བའི་ལོ་ཙཱ་བ་ལ་གཟིགས་བཟོས་རྟགས་མ་གནང་བཞིན་ཡོད། ཐེངས་འདིར༢༠༢༣ལོའི་ཟླ་༨ཚེས་༡ཉིན་ནས་༢༠༢༤ལོའི་ཟླ་༧ཚེས་༣༡ཉིན་བར་པར་དུ་བསྐྲུན་ཟིན་པའི་དཔེ་དེབ(སྒྱུ་རྩལ་རྩོམ་རིག་དང་བྱིས་པའི་རྩོམ་རིག རིག་རྩལ། སྤྱི་ཚོགས། རང་བྱུང་བཅས་ནི་ཕྱི་རྒྱལ་གྱི་སྐད་ནས་ཉི་ཧོང་གི་སྐད་ལ་བསྒྱུར་བ་དང་། དེ་བཞིན་དུ་ཉི་ཧོང་གི་སྐད་ནས་ཕྱི་རྒྱལ་གྱི་སྐད་ལ་བསྒྱུར་བ)ལ་བྱ་དགའ་དེ་བཞེས་པའི་ཐོབ་ཐང་ཡོད།
ཐེངས་འདིར་བྱ་དགའ་ཐོབ་པའི་ལོ་ཙཱ་བ་རྣམས་ཀྱི་མཉམ་པར།
དཔྱད་འདེམས་ཚོགས་པའི་གཏམ།
ཐེངས་འདིར་བྱ་དགའ་ཐོབ་པའི་བརྩམས་སྒྲུང«མེ་ཏོག་དང་རྨི་ལམ»ཞེས་པ་ནི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱིས་བོད་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་རིང་ཐོག་མ་དེ་ཡིན་ལ། བརྩམས་ཆོས་འདིས་གྲོང་གསེབ་ནས་ཐོན་ཏེ་ལྷ་སའི་གྲོང་དུ་འཆལ་མོར་གྱུར་བའི་བུད་མེད་ཀྱི་ཐུན་མོང་གི་འཚོ་བ་མཚོན་ཡོད། བྱེ་བྲག་ཏུ་བརྗོད་ན། བརྩམས་ཆོས་འདི་རུ་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་དང་། མ་རྩ་ཅན་དང་ཞིང་པ། འབྲོག་པའི་བར་གྱི་ཧེ་བག སློབ་གསོའི་ཧེ་བག དེ་མིན་ཕ་དབང་ལམ་ལུགས། ཕོ་མོའི་ལས་བགོས་དང་ཚོང་ལས་ཀྱི་བསམ་བློའི་འདུ་ཤེས་བཅས་རྒྱབ་ལྗོངས་སུ་བྱས་ཏེ། དེང་རབས་བོད་ཀྱི་སྤྱི་ཚོགས་ཀྱི་ནད་འགྱུར་དེ་མཚན་མོའི་རོལ་རྩེད་ཁང་གི“རྒྱ་སེ་མེ་ཏོག”གི་རྒྱུན་གཏན་གྱི་འཚོ་བ་དང་དོན་རྐྱེན་ཞིབ་བརྗོད་བྱས་པ་བརྒྱུད་ནས་མངོན་ཡོད། ཚིག་གཞན་ཞིག་གི་ངོས་ནས་བརྗོད་ན། འདོད་སྲེད་དེ་འཛད་སྤྱོད་དང་ཚོང་ཟོག་ཅན་དུ་འགྱུར་བའི་གྲོང་ཁྱེར་གྱི་སྤྱི་ཚོགས་ཤིག་གི་ནང་དུ། ཆགས་སྤྱོད་ཀྱི་ལས་ཀ་གཉེར་བ་དེ་ཡང་ལས་རིགས་ཤིག་ཡིན་པའི་ཆ་ནས་གཡོལ་ཐབས་མེད་པར་གསར་དུ་སྐྲུན་པའི་གྲོང་ཁྱེར་གྱི་རྣམ་པ་ཞིག་ཏུ་བརྩིས་ནས་དེ་སྟབས་བདེ་དང་ཞི་འཇགས་ཀྱི་སྒོ་ནས་མཚོན་ཡོད་ཀྱང་། སྐད་ཆ་བཤད་ལ་མཁས་པའི་མི་སྣ་དག་གི་སེམས་ཁམས་དང་། ཤབ་ཤུབ་ཀྱི་སྐད་སྒྲ། རང་བརྩིའི་བསམ་པ་འཕྲོག་པའི་རྒྱུན་ལྡན་གྱི་འཚོ་བ་བཅས་ཀྱང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གླེང་བར་བྱས་ཡོད། དེའང་གཅིག་བྱས་ན་ཕལ་ཆེར་རྩོམ་པ་པོ་འདིའི་དགེ་མཚན་ནི་འགོག་རྒོལ་བྱེད་མཁན་གྱི་སྐད་སྒྲ་དེ་དག་བརྩམས་ཆོས་ཀྱི་ནང་དུ་འཕོས་བར་བྱེད་པའི་ཐབས་ལ་མཁས་པ་དེ་ཡིན་སྲིད་ངེས།
ཚེ་རིང་དབྱངས་སྐྱིད་ནི་ལོ༡༤ལ་སོན་དུས་ད་གཟོད་སློབ་གྲྭར་འགྲོ་ཐུབ་པ་བྱུང་ཞིང་། དེའི་བར་དུ་རྨོ་མོའི་གམ་དུ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་དམངས་གླུ། གཏམ་རྒྱུད་བཅས་ལ་ཉན་ནས་ནར་སོན་པ་ཞིག་ཡིན། རིག་གསར་གྱི་ཟིང་ཆ་ཞི་འཇགས་སུ་བཏང་རྗེས་གཞི་ནས་སློབ་གསོ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར། མོ་རང་ལྷ་སར་སློབ་གྲྭ་ཆེན་མོར་ཕྱིན་རྗེས་སྨྲ་བརྗོད་ཀྱི་མཚོན་ཆ་ཡི་གེ་ལ་བརྟེན་ནས་གཏམ་རྒྱུད་བཤད་པའི་ནུས་པ་དཔྱིས་ཕྱིན་པར་གྱུར་ཏེ་སྒྲུང་གཏམ་འབྲི་འགོ་བརྩམས། དབུལ་ཕོངས་ཀྱི་དབང་གིས་སློབ་གསོ་མྱོང་བའི་གོ་སྐབས་ཕྲོགས་པའི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་གཙོ་བོ་བཞི་ལ་མཚོན་ནའང་། སྐད་ཆ་དེ་ཉམས་ལེན་དང་རང་སྐྱོན་རང་བརྟག་ཡང་ཡང་བྱས་པ་ལས་བྱུང་བ་ཞིག་ཡིན་པར་མ་ཟད། རང་གིས་རང་ལ་དགག་པ་རྒྱག་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། དེ་ནི་ལོ་ཙཱ་བས་བསྟན་པ་བཞིན་དུ་མི་བཞི་བོའི་གཏམ་རྒྱུད་དེ་འབྱུང་ཁུངས་ཀྱི་མིང་ལ་བརྟེན་ནས་བསྡུས་བརྗོད་བྱས་ཆོག་པ་དང་། བ་ལུའི་མེ་ཏོག་ཞེས་པ་ནི་སྐབས་ཐོག་དེའི་དོ་བདག་མི་སྣ་རུ་བཞེངས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན་མི་སྣ་ཚང་མའི་གཏམ་རྒྱུད་ནི་བ་ལུའི་མེ་ཏོག་གི་ཕྱིར་དྲན་གྱི་སྒྲོམ་གཞིའི་ནང་དུ་སྡུད་པའི་ཐབས་ལ་བརྟེན་ཡོད། བ་ལུའི་མེ་ཏོག་གི་མིག་ལ་བརྟེན་ནས་དོན་རྐྱེན་གྱི་འཁོར་སྐྱོད་དང་། འཕེལ་རྒྱས། མཐའ་འབྲས་བཅས་བརྗོད་པའི་བརྩམས་སྒྲུང་གི་རྩལ་དང་ཇུས་ལས་ང་ཚོས་རྩོམ་པ་པོའི་གབ་སྦས་ཀྱི་གཤིས་ཀ་དེ་མཐོང་ཡོང་།
ལོ་ཙཱ་བ་ཧོ་ཤིས་ལགས་ཀྱིས་དེང་རབས་དང་སྐྱོ་གར་ཐལ་དྲགས་པའི་བརྩམས་ཆོས་འདི་ལྟ་བུ་རྩོམ་གྱི་མ་དཔེ་དང་ཉེ་བར་བཅར་བའི་དུས་མཚུངས་སུ་མ་ཡིག་གི་སྐད་དངོས་སུ་ཐོས་ཐུབ་པའི་སྒོ་ནས་ཉི་ཧོང་སྐད་དུ་བསྒྱུར་ཡོད། འགྱུར་རྩོམ་དུ་ཚགས་དམ་པའི་ཞིབ་འབྲི་དང་ཡུལ་སྐད་ཚུད་པའི་མཚོན་ཐབས་སྣ་ཚོགས་སྤྱད་ཡོད་པ་ནི་ཁོ་མོའི་ཞིབ་འཇུག་གི་འབྲས་བུ་རུ་སྣང་ལ། བོད་སྐད་ཞིབ་འཇུག་པ་རྣམས་ཀྱི་གྲོགས་དན་དང་རྒྱབ་སྐྱོར་ཆེན་པོ་ལ་བརྟེན་ཡོད་པའང་སྨྲོས་མ་དགོས་ཀྱང་། བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་མཚོན་ཐབས་དང་སྐད་ཆ་ཤོད་སྟངས་ནི་ཕལ་ཆེར་ལོ་ཙཱ་བ་ཧོ་ཤིས་ལགས་བྱིས་པའི་དུས་ནས་བཟུང་སྟེ། བོད་ཀྱི་གནའ་གཏམ་ལ་ཉམས་ཞིབ་གནང་བའི་མ་ཡུམ་གྱི་སར་གནའ་གཏམ་ལ་ཉན་པའི་འབྲས་བུ་ཡིན་ཀྱང་སྲིད། ང་ཚོས་སྲོལ་རྒྱུན་གྱི་སྟོབས་ཤུགས་དེ་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་དང་ལོ་ཙཱ་བ་ཧོ་ཤིས་གཉིས་ལ་བརྒྱུད་སྤྲོད་བྱེད་པར་གལ་ཆེའི་རང་བཞིན་མི་ཚོར་བ་ཡོང་མི་སྲིད། མཁྱེན་ལྡན་མ་འཆི་མེད་ལགས་ཀྱི་རྩོམ་འབྲིའི་ཐབས་རྩལ་ལ་དཔྱད་འདེམས་པ་ཚོའི་བསྔགས་བརྗོད་ཐོབ་ཡོད།
བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་གི་རྩོམ་སྒྲིག་པ་དང་ལོ་ཙཱ་བ། རྩོམ་འབྲི་བ་བཅས།
ལོ་ཙཱ་བའི་གཏམ།
«མེ་ཏོག་དང་རྨི་ལམ»ཞེས་པ་ནི་མི་རྣམས་ཀྱི་ཡིད་སེམས་འགུལ་བར་བྱེད་པའི་བརྩམས་སྒྲུང་ཞིག་ཡིན་ཏེ། དེ་རུ་སྟོབས་ཤུགས་དང་འོད་ཟེར་གྱིས་བརྟས་ཡོད། ང་ཡི་སྣང་ངོར་དེ་ལ་རྒྱུ་མཚན་འདྲེན་རྒྱུ་ཡོད་དེ། བརྩམས་ཆོས་ཁྲོད་ཀྱི་གཞོན་ནུ་མ་དེ་དག་ལ་རང་ཉིད་ཀྱི་སྐད་ཆ་བཤད་པའི་ནུས་པ་ཡོད་པས་རེད། ཁོ་ཚོས་ཤུགས་དང་ལྡན་པའི་སྐད་ཆར་བརྟེན་ནས་ངན་པར་རྒོལ་བ་དང་། ཉམ་ཆུང་གི་གམ་དུ་ཞི་འཇམ་གྱི་སྒོ་ནས་བཅར་བར་བྱེད། དེའི་རྒྱབ་ཏུ་བོད་མིའི་སྤྱི་ཚོགས་སུ་དུས་ཡུན་རིང་པོར་ཁྱབ་གདལ་གཏིང་ཕྱིན་དུ་སོང་བའི་སྒྲུང་བཤད་པའི་སྟོབས་ཤུགས་དེ་མངོན་ཡོད། སྒྲུང་གི་བཤད་པ་ལ་བརྟེན་ནས་གནད་གལ་ཆེན་སྒྲོག་པར་བྱེད་ཅིང་། སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་ཇི་འདྲ་བྱུང་རུང་ང་ཚོས་འཚོ་བ་ལེགས་པོ་ཇི་ལྟར་སྐྱེལ་དགོས་པའི་སྒྲུང་གི་བཤད་པ་འབོར་མི་སྲིད། བརྩམས་ཆོས་འདིར་བྱུང་བའི་གཞོན་ནུ་མ་དེ་དག་གི་གཏམ་རྒྱུད་ཁྲོད་དུ་འདིའི་སྤོབས་སེམས་ཚོར་ཐུབ།
ལོ་ཙཱ་བ་ཧོ་ཤིས་ཨི་ཛུ་མིས (Hoshi Izumi; 星泉)ལགས།
བརྩམས་ཆོས་འདི་ལོ་ཙཱ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་ཏེ། རྒྱུ་མཚན་ནི་གཏམ་རྒྱུད་ཀྱི་སྟོབས་ཤུགས་བཤད་པའི་བརྩམས་ཆོས་གང་ལེགས་མངོན་པར་བྱས་ཡོད་པས་རེད། རྩོམ་པ་པོས་ཕ་ཡུལ་གྱི་ལུང་སྐད་དང་གོམས་སྲོལ། དེ་བཞིན་མཚན་མོའི་གྲོང་ཁྱེར་གྱི་སྤྲོ་སྐྱིད་ཁང་ན་མ་གཏོགས་བཀོལ་བར་མི་བྱེད་པའི་ཁྱད་ཆོས་གཉིས་ལྡན་གྱི་སྐད་ཆ་མང་པོ་བསྣོལ་མར་འདྲེས་ཡོད་པས། ལོ་ཙཱ་བྱེད་སྐབས་དཀའ་ཁག་སྣ་ཚོགས་ལ་འཕྲད་སོང་། དེ་མིན་ད་རུང་ཚིག་མཛོད་དུ་གསལ་ཁ་དོད་མེད་པའི་ཐ་སྙད་མང་དུ་སྣང་སྟེ། ང་རང་དཀའ་ངལ་ལ་འཕྲད་སྐབས་གྲོགས་དན་བྱེད་མཁན་ནི་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་གྱི་ཕ་ཡུལ་དང་ཐག་ཉེ་བའི་ཕྱི་འགྲིམ་སློབ་མ་སྒྲོལ་དཀར་ཡིན། ངས་མོ་ལ་བཏོན་པའི་རེ་བ་ལྟར་བརྩམས་སྒྲུང་གང་དེ་ཐོག་མར་ཀློག་སྐབས་ཁོ་མོར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ལ། སྐད་ཆའི་ནུས་སྟོབས་ལ་བརྟེན་ནས་བྲིས་པའི་བརྩམས་སྒྲུང་འདི་ལྟ་བུ་མིག་སྔའི་བར་དུ་བཀླག་མ་མྱོང་བར་བཤད། ཁོ་མོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ངའི་གནད་དོན་མང་པོར་ལན་བཏབ་པ་དང་། མོས་གོ་དོན་མ་རྟོགས་ཚེ། ཕ་མ་ཉེ་འབྲེལ་ལ་སོགས་པར་བློ་དྲིས་ནས་རྒྱུས་ལོན་བྱས་ཏེ་ང་ལ་ལན་བཏབ་པ་སོགས་རོགས་པ་མང་དུ་བྱས་ཡོད་ཀྱང་། རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱི་གྲོགས་དན་ལ་བརྟེན་ནས་ངས་ད་གཟོད་བརྩམས་ཆོས་འདིའི་འཇིག་རྟེན་ཉི་ཧོང་གི་སྐད་བརྒྱུད་ནས་བསྐྱར་དུ་མངོན་ཐུབ་པ་ནི་གདོན་མི་ཟའོ།། (གསལ་བཤད། ལོ་ཙཱ་བ་ཧོ་ཤིས་ལགས་ཀྱིས་བྱ་དགའི་གཟེངས་རྟགས་བཞེས་པའི་སྐབས་ཀྱི་གཏམ་བཤད་ལས་ཚན་པ་ཞིག་བཤུས་ཏེ་བསྒྱུར་བ་ཡིན།)
རྩོམ་སྒྲིག་པའི་གཏམ།
དེབ་འདི་ནི་ཉི་ཧོང་གི་ཞོན་ཅུའུ་དཔེ་སྐྲུན་ཁང(Shunjusha; 春秋社)གིས་ད་ལོ་གཙོ་སྒྲིག་བྱས་པའི་དེབ་ཕྲེང་ཨེ་ཤ་ཡའི་གླིང་གི་རྩོམ་རིག་དཔེ་མཛོད་ཅེས་པའི་གྲས་ཀྱི་གཅིག་ཡིན། དེའི་མཇུག་བྱང་དུ་རྩོམ་སྒྲིག་པ་ཨ་ར་ཁིས་ཤོན(Araki Shun; 荒木駿)གྱིས་བརྩམས་ཆོས་ཀྱི་ཡིད་འགུགས་ས་དང་དཔེ་ཀློག་གི་བཀྲག་མདངས་འཚེར་ས་ཞེས་པའི་རྩོམ་ཞིག་བཀོད་པ་འདི་ལྟར་ཏེ།
ཐོག་མར་རྩོམ་འདིའི་མི་སྣ་གཙོ་བོ་བུ་མོ་བཞིའི་བར་དུ་གསོན་ཉམས་ལྡན་པའི་སྒོ་ནས་གླེང་མོལ་བྱས་ཡོད་པ་མ་ཟད། ད་དུང་མི་སྣ་གཞན་དག་གི་བར་དུའང་དེ་ལྟར་གླེང་མོལ་བྱས་ཡོད་པས། འདི་ནི་བརྩམས་ཆོས་གཞན་དག་གང་ལས་ཀྱང་ཡིད་ཀྱི་བརྟན་པ་འཕྲོག་འགྲོ་བ་ཞིག་རེད་སྙམ། འདི་ལས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས། དད་མོས་ཀྱི་འཚོ་བ་སོགས་བོད་ཀྱི་ཐུན་མིན་གྱི་བསམ་བློ། དེ་མིན་བཟའ་བཏུང་གི་འཚོ་བ་སོགས་བོད་མིའི་འཚོ་བའི་དྲི་བཟང་འཐུལ་ཡོང་སྟེ། ང་ལ་བོད་དུ་ཡུལ་སྐོར་བྱེད་སྐབས་ཀྱི་དུས་དེ་དྲན་དུ་བཅུག
བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་ཤིག་ནི་གཏམ་དཔེ་མང་དུ་སྤྱོད་པ་དེ་ཡིན་ལ། བརྩམས་ཆོས་འདིའི་ནང་དུ་བོད་ཀྱི་གཏམ་དཔེ་མང་པོ་སྤྱད་ཡོད་པ་རེ་རེ་བཞིན་ཡར་སྒྲུག་པ་ནི་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད། བོད་དུ་གྲོས་བསྡུར་བྱེད་སྐབས་གཏམ་དཔེ་ནི་གལ་འགངས་ཤིན་ཏུ་ཆེ་བར་བརྟེན། གཏམ་དཔེ་བེད་སྤྱོད་གང་ལེགས་བྱ་རྒྱུ་ནི་གཏམ་བཤད་སྒྱུ་རྩལ་གྱི་བླང་བྱ་ལྟ་བུའོ།། གཞར་ཡང་མི་འགའ་ཞིག་གིས་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་དང་། འཁྲིག་སྦྱོར་གྱི་ལས་ཀ་བྱེད་ཚུལ་དང་དེ་བཞིན་བུ་མོ་དེ་དག་གི་འཚོ་བ་སྐྱེལ་སའི་འཇིག་རྟེན་གྱི་སྤྱི་ཚོགས་རྒྱབ་ལྗོངས་བཅས་ཀྱི་ཕྱོགས་ནས་གླེང་གཞི་བཟོ་མོད། འོན་ཀྱང་ངས་བྱས་ན་དེ་དག་གི་ཁྲོད་ནས་གུས་ཞབས་དང་སེམས་བཟང་གི་སྐད་ཆའི་ཐོག་ནས་མི་རྣམས་ཀྱི་གནས་ཚུལ་ཞིབ་ཏུ་མཚོན་པར་བྱེད་པ་ལས་གང་བྱུང་དུ་ལེགས་ཉེས་དབྱེ་བ་འབྱེད་ཀྱི་མེད། འདི་ནི་བརྩམས་ཆོས་འདིའི་གནད་གཙོ་བོ་ཞིག་ཡིན། དེབ་འདིའི་སྤྱི་ཚོགས་རྒྱབ་ལྗོངས་ཀྱི་སྐོར་ལ་ལོ་ཙཱ་བ་ཧོ་ཤིས་ཀྱིས་དེབ་འདིའི་མཇུག་གི་འགྲེལ་བརྗོད་རྩོམ་ཡིག་ཏུ་གསལ་བོར་བྲིས་ཡོད་འདུག་པས། དེར་གཟིགས་པར་འཚལ།
ཕྱོགས་གཞན་ཞིག་ནས་དེ་མོ་དབང་རིང་ལུགས་ཀྱི་རྩོམ་རིག་ཏུ་བརྩིས་ནས་བཀླགས་པའི་ཚེ་ན། མི་འཚམ་པའི་སྣང་བ་ཞིག་སྦྱིན་ཡོང་།(འདིའང་ལོ་ཙཱ་བའི་འགྲེལ་བརྗོད་རྩོམ་ཡིག་ཏུ་གསལ་བ་ལྟར་རོ།། ཁྱེད་རང་གིས་ལྟ་ཀློག་གནང་རྗེས་བསམ་གཞིགས་གཏོང་དགོས་པས་འདིར་ཞིབ་ཕྲའི་སྒོ་ནས་འབྲི་བར་མི་བྱའོ།།) དེ་ནི་རང་བྱུང་གི་ཞིབ་འབྲི་ཞིག་མིན་པ་ལྟར་སྣང་ནའང་། འོན་ཀྱང་དེ་ནི་ང་ཚོས་བོད་ཀྱི་བྱ་དངོས་ལ་ལྟ་སྟངས་མི་འདྲ་བ་བཟུང་བ་ལས་བྱུང་བ་ཞིག་རེད་སྙམ། ངས་བསམ་ན་ཡུལ་གྲུ་འདིའི་རྟག་བརྟན་ཐེར་ཟུག་གི་འདུ་ཤེས་ཀྱིས་གནད་དོན་དེ་སྔར་ལས་དཀའ་བར་བཏང་། ཕྱོགས་གཞན་ཞིག་ནས་བལྟས་ན་འཛམ་གླིང་ནུབ་ཕྱོགས་ཀྱི་མོ་དབང་རིང་ལུགས་ཁོ་ན་ལ་ཉན་དགོས་པ་ཙམ་མ་ཡིན་པར། ས་ཁུལ་སོ་སོའི་རིག་གནས་དང་ལོ་རྒྱུས་ཀྱི་ཁྱད་པར་གྱི་དབང་གིས་བྱུང་བའི་མོ་དབང་རིང་ལུགས་པ་སྣ་ཚོགས་ཀྱི་སྐད་ཆར་ཡང་ཉན་དགོས་པ་མ་ཡིན་ནམ་སྙམ། (ངས་ནུབ་ཕྱོགས་བུད་མེད་དབང་ཆའི་རིང་ལུགས་ལ་ཡོངས་ཁྱབ་རང་བཞིན་མི་འདུག་ཅེས་བཤད་པ་མིན།) ངས་མུ་མཐུད་དུ་ཨེ་ཤ་ཡའི་གླིང་གི་རྩོམ་རིག་དཔེ་མཛོད་དུ་གཙོ་རྒྱུགས་མིན་པའི་ཡུལ་གྲུ་སོ་སོའི་སྐད་སྒྲ་དེ་ཡར་སྒྲུག་ནས་འགྲོ་ཐུབ་ན་ཅི་མ་རུང་སྙམ། (གསལ་བཤད། རྩོམ་སྒྲིག་པ་ཨ་ར་ཁིས་ལགས་ཀྱིས་བྲིས་པའི་དེབ་འདིའི་མཇུག་བྱང་ལས་ཚན་པ་ཞིག་བཤུས་ཏེ་བསྒྱུར་བ་ཡིན།)
ཉི་ཧོང་སྐད་ཀྱིས་བྲིས་པའི་«མེ་ཏོག་དང་རྨི་ལམ»གྱི་ཕྲན་དཔྱད་འགའ།
ལོ་ཙཱ་བའི་མཚམས་སྦྱོར་མདོར་བསྡུས།
ཧོ་ཤིས་ཨི་ཛུ་མིས(Hoshi Izumi; 星泉)ནི་༡༩༦༧ལོར་ཉི་ཧོང་གི་ཆིས་བྷ་བྱ་བའི་ཡུལ་དུ་སྐྱེས། ༡༩༩༧ལོར་ཐོ་ཁྱོ་སློབ་གྲྭ་ཆེན་མོ(University of Tokyo; 東京大学)འི་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་ཐོ་ཁྱོ་ཕྱི་སྐད་སློབ་ཆེན་གྱི་དགེ་རྒན་ཆེན་མོའི( Tokyo University of Foreign Studies; 東京外国語大学)འགན་བཞེས་ཞོར། སློབ་གྲྭ་དེ་གའི་ཨེ་ཤ་ཡའི་གླིང་དང་ཨ་ཧྥེ་རི་ཁ་གླིང་གི་སྐད་རིགས་རིག་གནས་ཞིབ་འཇུག་གླིང་དུ་བོད་ཀྱི་སྐད་དང་རྩོམ་རིག གློག་བརྙན་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད། བརྩམས་དེབ་ལ«བོད་ཡིག་གི་བརྡ་སྤྲོད་གསལ་བའི་མེ་ལོང»དང་། «བོད་སྐད་ཀྱི་བྱ་ཚིག་ཚིག་མཛོད»དང་། «རྒྱལ་རབས་གསལ་བའི་མེ་ལོང»གི་བརྡ་སྤྲོད་སྐོར་གྱི་དཔྱད་ཞིབ་བཅས་ཡོད། གཞན་ད་དུང«བོད་ཀྱི་འབྲོག་ལས་རིག་གནས་ཀྱི་ཚིག་མཛོད»(ཉི་བོད་ཤན་སྦྱར)ཅེས་པ་མཉམ་སྒྲིག་བྱས་ཡོད། འགྱུར་དེབ་ལྔ་ཡོད་དེ། ལྷ་བྱམས་རྒྱལ་གྱི«བོད་ཀྱི་གཅེས་ཕྲུག»དང་། «ལམ་གྱི་ཉི་འོད» སྤེན་པ་ཚེ་དབང་ཡེ་ཤེས་ཀྱི«ལྷ་བྱ་ཁྲུང་ཁྲུང་དཀར་མོ། གཤོག་རྩལ་ང་ལ་གཡོར་དང»(དབྱིན་ཡིག་ནས་ཉི་ཧོང་སྐད་དུ་བསྒྱུར) ཚེ་རིང་དབྱངས་སྐྱིད་ཀྱི«མེ་ཏོག་དང་རྨི་ལམ » «མི་རོ་རྩེ་སྒྲུང»བཅས་སོ།། མི་གཞན་དང་མཉམ་དུ་བསྒྱུར་པའི་བརྩམས་ཆོས་ལ་དོན་གྲུབ་རྒྱལ་གྱི«འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག»དང་། པད་མ་ཚེ་བརྟན་གྱི«དྲི་མེད་ཀུན་ལྡན་འཚོལ་བ»དང་། སྟག་འབུམ་རྒྱལ་གྱི«ཧཱ་པ་གསོས་པའི་ཟིན་ཐོ»དང་། ཚེ་རིང་དོན་གྲུབ་ཀྱི«ཝ་ནག་ལུང་པ»དང«བོད་ཀྱི་འདྲེ་སྒྲུང་ངོ་མཚར་གཏམ་ཚོགས»བཅས་ཡོད། ད་ལྟ་བོད་ཀྱི་རྩོམ་རིག་དང་གློག་བརྙན་སྐོར་གྱི་དུས་དེབ«གསེར་ཉ»འི་གཙོ་སྒྲིག་པའི་འགན་སོགས་གཅིག་ལྕོགས་སུ་བཞེས་མུས་སུ་མཆི།
དེ་སྔ་དཔར་དུ་བསྐྲུན་པའི་ཁོ་མོའི་བརྩམས་ཆོས་འགའ། བརྩམས་ཆོས་ཀྱི་སྦྲེལ་ཐག https://sernya.aa-ken.jp
ཧོ་ཤིས་ཨི་ཛུ་མིས་ལགས་ཀྱིས་མི་ཚེ་ཧྲིལ་པོ་བོད་ཀྱི་སྐད་བརྡ་ཉམས་ཞིབ་དང་རྩོམ་རིག་ལོ་ཙཱ་བགྱིད་པའི་ལས་ལ་བསྟིམས་དང་སྟིམ་བཞིན་ཡོད་ལ། ཁོ་མོའི་དཔྱད་འབྲས་ཀྱི་ཁུར་གྱིས་དུད་པའི་དཔྱད་རྩོམ་དང་རྩོམ་རིག་ལོ་ཙཱའི་དེབ་དེ་དག་ནི་ཆེད་ལས་ཀྱི་ཤེས་ཡོན་ལྡན་པའི་རྩོམ་མཆོག་ཏུ་མཐོང་ངོ་།། ལོ་མང་རིང་ལ་བོད་ཀྱི་སྐད་དང་ཡི་གེ་ལ་སོགས་ལ་ཉམས་ཞིབ་གནད་དུ་ཐིངས་བ་བྱས་ཏེ་མཛད་རྗེས་བླ་མེད་བཞག་ཡོད།སྔོན་ཆད་མོས་བོད་ཀྱི་ལྷ་སའི་སྐད་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དེ་དག་ཉི་ཧོང་གི་དུས་དེབ«བརྡ་སྤྲོད་ཞིབ་འཇུག»སོགས་སུ་སྤེལ་ཞིང་། «ལྷ་སའི་སྐད་ཀྱི་བྱ་ཚིག “བྱ་ཚིག་+chun”གྱི་གོ་དོན་དང་སྤྱོད་སྟངས»ཞེས་པ་ཐོ་ཁྱོ་སློབ་གྲྭ་ཆེན་མོའི་བརྡ་སྤྲོད་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས་སུ་སྤེལ་ཡོད།
དེའི་རྗེས་སུ་བོད་ཀྱི་རྩོམ་རིག་གི་བརྡ་སྤྲོད་དང་། དེང་རབས་བོད་ཀྱི་ཡིག་སྐད་ཀྱི་བརྡ་སྤྲོད། བོད་ཀྱི་རྩོམ་རིག་གི་སྐད་ཀྱི་བརྗོད་ལུགས་ཆགས་ཚུལ་སོགས་ལ་དཔྱད་ཞིབ་བགྱིས་ཏེ་གནའ་ནས་ད་ལྟའི་བར་དུ་བརྒྱུད་པའི་སྐད་ཆའི་ལོ་རྒྱུས་ཀྱི་ཁྲོད་དུ་དེང་རབས་བོད་མིས་བེད་སྤྱོད་གཏོང་བཞིན་པའི་བརྡ་སྤྲོད་ཀྱི་སྒྲིག་གཞི་འདི་ལྟར་ཆགས་པའི་གནད་གང་ཡིན་པ་ངོས་འཛིན་བྱས་ཡོད། ཁོ་མོས«བོད་ཡིག་གི་བརྡ་སྤྲོད་གསལ་བའི་མེ་ལོང»དུ་དུས་རབས་བཅུ་བཞི་པའི་ནང་གི་བོད་ཡིག་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་ཐོན་པར་བྱས་ཡོད། དེས་ནི་བོད་སྐད་ཀྱི་དུས་རིམ་ཇི་ལྟར་དགར་བར་ཕན་པ་མང་ཙམ་བསྐྲུན་ཡོད་ལ། བོད་ཀྱི་བརྡ་སྤྲོད་ཞིབ་འཇུག་ཀྱང་འཛམ་གླིང་གི་རིག་གཞུང་ཉམས་ཞིབ་ཀྱི་འགྲོས་ལྟར་རྩིང་རགས་ཅན་ནས་ཞིབ་ཚགས་ཅན་དུ་འགྱུར་བར་ནུས་པ་གལ་ཆེན་ཐོན་འདུག་སྙམ། གཞན་ད་རུང་བོད་ཀྱི་གནའ་རབས་སྐད་ཡིག་དང་དེང་རབས་སྐད་ཡིག་གཉིས་གཤིབ་བསྡུར་བགྱིད་པའི་ལས་ལ་འཇུག་བཞིན་ཡོད་དེ། བོད་ཀྱི་བརྡ་སྤྲོད་ལ་ཉམས་ཞིབ་བྱེད་པར་གནའ་རབས་ཡིག་ཚགས་ལ་ལྟ་ཀློག་བྱེད་རྒྱུ་ཁོ་ན་ཙམ་གྱིས་མི་ཆོག་པར། དེང་རབས་ཀྱི་ཡུལ་དངོས་རྟོག་དཔྱོད་བྱ་བར་ཡང་མཐོང་ཆེན་བྱེད་དགོས་པ་བསྟན་ཡོད།
༢༠༠༤ལོའི་བར་དུ་ཁོ་མོས«ཉི་ཧོང་བོད་ཀྱི་རྩོམ་རིག་ཚོགས་པ»བཙུགས་ནས་ད་ལྟའི་བར་དུ་དུས་དེབ«གསེར་ཉ»ཐེངས་བདུན་ལ་བཏོན་ཞིང་། ཚོགས་པའི་ངོས་ཐད་ནས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་དང་། པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས། ཚེ་རིང་དོན་གྲུབ་ཀྱི་ཝ་ནག་ལུང་པ། སྟག་འབུམ་རྒྱལ་གྱི་ཧཱ་པ་གསོས་པའི་ཟིན་ཐོ། ལྷ་བྱམས་རྒྱལ་གྱི་བོད་ཀྱི་གཅེས་ཕྲུག ལམ་གྱི་ཉི་འོད། བོད་ཀྱི་བུད་མེད་སྙན་ངག་པའི་སྙན་ངག་གཅེས་བསྡུས། ཚེ་རིང་དབྱངས་སྐྱིད་ཀྱི་མེ་ཏོག་དང་རྨི་ལམ། བོད་ཀྱི་འདྲེ་སྒྲུང་སྐོར་གྱི་བརྩམས་ཆོས་ཕྱོགས་བསྒྲིགས་ལ་སོགས་བོད་ཀྱི་དེང་རབས་རྩོམ་རིག་གི་བརྩམས་ཆོས་དག་ཉི་ཧོང་སྐད་དུ་བསྒྱུར་ཏེ་ཉི་ཧོང་གི་ཀློག་པ་པོའི་ཁྲོད་དུ་ངོ་སྤྲོད་བྱེད་འགོ་ཚུགས་ཡོད། དེ་ནས་བཟུང་སྟེ་ཉི་ཧོང་གི་ཀློག་པ་པོ་དང་དཔྱད་བརྗོད་པའི་སྡེ་རུ་བོད་ཀྱི་དེང་རབས་རྩོམ་རིག་གི་བརྩམས་ཆོས་དག་ལ་དཔྱད་བརྗོད་སྤེལ་མཁན་མང་དུ་བྱུང་། གཞན་བོད་ཀྱི་གློག་བརྙན་གྱི་འཁྲབ་ཚིག་ཉི་ཡིག་ཏུ་བསྒྱུར་ཏེ་གློག་བརྙན་ཁང་གི་བརྙན་ཡོལ་ཆེན་མོར་བསྟན་པ་དང་། གློག་བརྙན་གྱི་དཔྱད་གླེང་སོགས་སྤེལ་ཏེ་ཕྱོགས་བསྡུས་སྒོ་ནས་བོད་ཀྱི་རིག་གནས་ཤུགས་ཆེན་པོས་ཕྱི་རུ་བསྒྲགས་ཏེ། ཉི་ཧོང་གི་སྤྱི་ཚོགས་སུ་བོད་ཀྱི་དེང་རབས་ཀྱི་འཚོ་བ་ལ་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཅིང་། ཉི་ཧོང་གི་མིའི་སྣང་ངོ་རུ་གཞི་ནས་གྲུབ་པའི་བོད་ཀྱི་གདོད་མའི་རྣམ་པ་དེ་ལ་འཕོ་འགྱུར་བྱུང་ཡོད། ཁོ་མོ་ལྟ་བུའི་བོད་ཀྱི་སྐད་བརྡ་ཉམས་ཞིབ་དང་རྩོམ་རིག་ལོ་ཙཱའི་ཐོག་ལ་ལེགས་བྱས་བླ་མེད་བཞག་པའི་གནས་ཚུལ་ལ་འོ་སྐོལ་རྣམས་ཀྱིས་རྒྱུས་མངའ་ཡོད་པར་བྱས་ཏེ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སོགས་ལ་ཕྱོགས་བསྡུས་ཀྱིས་ཉམས་ཞིབ་དང་ཁ་གསབ་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཉིད་དུ་མཐོང་ངོ་། །
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།