ཁྱི་ཚོགས་ཀྱིས་བསྐོར་བའི་མི་དེ་ལ།
མི་དེའི་སེམས་ན་ནམ་ཡང་མཛེས་པར་སྣང་བ་ནི།
རྔ་མ་གཡུག་ཤེས་པའི་ཁྱི་དེ་ཚོ་རེད།
མི་དེའི་མིག་ལམ་ན་ནམ་ཡང་བཙོག་པར་མངོན་པ་ནི།
ཁྱི་བཞིན་དུ་རྔ་མ་གཡུག་མི་ཤེས་པའམ་ཡང་ན།
ནམ་ཡང་ཁྱི་བྱ་མི་འདོད་པའི་མི་དེ་ཚོ་རེད།
ཁྱི་ཚོགས་ཀྱིས་བསྐོར་བའི་མི་དེས།
མི་ཚོགས་ཀྱི་ཁྲོད་ན་ནམ་ཡང་།
ཁོ་ལས་ཁྱད་དུ་འཕགས་པ་ཞིག་མེད་པར་འདོད་ཡོད།
ཁྱི་ཚོགས་ལྷ་ཚོགས་སུ་མཐོང་བའི་ཁོས།
ཉིན་མོའི་དཀར་ལ་ཡང་མི་རྣམས་མི་གྲལ་དུ་མི་འཇོག་ལ།
ཁྱི་ཚོགས་ཀྱི་དབུས་ན་ནམ་ཡང་སྨྱོ་ཧམ་གྱིས་གཟི་བཞིན་ཡོད།
ཁྱི་གྲལ་ནས་བུད་ཟིན་པའི་མི་རྣམས།
ཁོའི་མིག་ནང་ན་ནམ་ཡང་ཚེར་མ་ཡིན་ལ།
རྔ་གཡོག་མི་བྱེད་པའི་མི་རྣམས་ཁོས་ནམ་ཡང་།
རྐང་འོག་གི་རྩེད་ཆས་རེ་རེར་འདོད་ཡོད།
དེང་སང་ཁྱི་ཚོགས་ལ་གོམས་པའི་མི་དེ།
མི་ཚོགས་ཀྱི་དཔོན་པོ་བྱེད་འདོད་དྲག་ལ།
དེང་སང་གི་འགོ་བ་ཡང་ཁྱི་ཚོགས་ཀྱིས།
ཉིན་མཚན་དབྱེར་མེད་དུ་བསྐོར་ནས་འགྲོ་བཞིན་ཡོད།
ཁྱི་ཚོགས་ཀྱི་དབུས་ནས་མི་དེས་མི་ངོ་མི་ཟིན་ལ།
མི་རྣམས་ཀྱང་ཁྱི་ཚོགས་ཀྱིས་འཆའ་ཉེན་ཤིན་ཏུ་ཆེ་ཡང་།
མི་དེས་ད་དུང་། ཁྱི་ཚོགས་ཀྱི་རྔ་གཡོག་ལས་།
མི་རྣམས་ཀྱི་བདེ་སྡུག་སེམས་ཀྱིས་ཚོར་གྱིན་མེད།
རྩོམ་ཁུངས། ངེད་དྲ་བ།